ལྷ་སའི་ཇོ་བོ་མགྲོན་ལ་བོས་པ།

    སྤེལ་དུས།  2022-06-10 12:15:21         ཀློག་ཐེངས།  


-----

          སྔོན་ཀོང་པོ་འབེན་བྱ་བའི་གླེན་པ་ཞིག་ཡོད་པ་དབུས་སུ་ཇོ་བོ་རིན་པོ་ཆེ་མཇལ་དུ་ཕྱིན། ཇོ་བོའི་མདུན་ན་ལྷ་གཉེར་སོགས་གཞན་སུ་ཡང་མེད་སྐབས་ཤིག་ལ་དྲུང་དུ་སོང་ནས། མཆོད་པའི་ཞལ་ཟས་དང་མར་མེ་རྣམས་མཐོང་བས་ཞལ་ཟས་ཀྱི་ཟན་འདི་རྣམས་མར་མེའི་མར་ཁུ་ལ་བསྒྲེས་ནས་ཇོ་བོ་རིན་པོ་ཆེས་གསོལ་བ་ཡིན་པར་འདུག མར་ཁུ་རྣམས་མི་འཁྱག་པའི་ཆེད་དུ་མེ་སྦར་བར་ཡིན་པར་འདུག ཇོ་བོ་ཇི་ལྟར་གསོལ་བ་ལྟར་ང་ཡང་ཟ་དགོས་སྙམ། ཞལ་ཟས་ཀྱི་རྩམ་པ་མར་མེའི་མར་ཁུ་ལ་བསྒྲེས་ནས་ཟོས། ཇོ་བོའི་ཞལ་ལ་བལྟས་ཏེ། ལྷ་བཤོས་ཁྱི་ཡིས་ཁྱེར་ཀྱང་འཛུམ་མོལ་མོལ། མར་མེ་རླུང་གིས་བསྐྱོད་ཀྱང་འཛུམ་མོལ་མོལ་བྱེད་པ་བླ་མ་བཟང་། ང་རང་གི་ལྷམ་འདི་ཁྱོད་ལ་བཅོལ་བ་ཡིན་པས་ཉར་ཚགས་གྱིས་དང་། ངས་ཁྱོད་ལ་བསྐོར་བ་ཞིག་བྱེད་འོང་ཟེར། ལྷམ་ཕུད་དེ་ཇོ་བོའི་དྲུང་དུ་བཞག ཁོ་རང་བར་སྐོར་ལ་སོང་བའི་ཤུལ་དུ་ལྷ་གཉེར་འོང་ནས་ལྷམ་དེ་ཕྱི་རོལ་དུ་དོར་བར་བརྩམས་པས།

 ཇོ་བོ་རིན་པོ་ཆེ་གསུང་བྱོན་ཏེ། དེ་ཀོང་པོ་འབེན་གྱིས་ང་ལ་བཅོལ་བ་ཡིན་པས་མ་དོར་གསུངས། སླར་ཁོ་འོང་ནས་ལྷམ་བླངས་ཏེ་བླ་མ་བཟང་པོ་བྱས་པ་ཁྱོད་ཡིན། སང་ཕོད་ངེད་རང་ཚོའི་ཡུལ་ལ་ཤོག་དང་། ངས་ཕག་རྒན་བཤས་ནས་ཤ་བཙོ། ནས་རྒན་བཙོས་ནས་ཆང་བསྙལ་ཏེ་བསྒུག་འདུག་ཟེར་བས། ཇོ་བོའི་ཞལ་ནས་འོང་གསུངས།དེར་ཁོ་རང་ཁྱིམ་དུ་ཕྱིན་ནས་ཆུང་མ་ལ། ངས་ཇོ་བོ་རིན་པོ་མགྲོན་དུ་བོས་ཡོད། ཁོང་ནམ་འབྱོན་མི་ཤེས་པས་ཁྱོད་ཀྱིས་རྒྱུན་དུ་ཁོང་ཨེ་འབྱོན་ལྟ་བ་མ་བརྗེད་ཟེར་སྐད། དེར་སང་ཕོད་ཙམ་ན་ཉིན་གཅིག་ཁོའི་ཆུང་མ་ཆུ་ལེན་དུ་ཕྱིན་པས་ཆུ་ནང་དུ་ཇོ་བོའི་སྐུའི་གཟུགས་བརྙན་མངོན་སུམ་དུ་ཤར་ནས་འདུག ཆུང་མ་འཕྲལ་ལ་ཁྱིམ་དུ་རྒྱུག་ནས་ཆུ་ནང་ཕ་ཀི་ན་ཅིག་འདུག དེ་ཁྱོད་ཀྱིས་བོས་པས་མགྲོན་པོ་དེ་མིན་ནམ་བྱས་པས། ཁོ་འཕྲལ་དུ་རྒྱུག་ནས་བལྟས་པས་ཆུ་ནང་དུ་ཇོ་བོ་རིན་པོ་ཆེ་ཤར་བ་མཐོང་ནས། ཇོ་བོ་དུ་ནང་དུ་ལྷུངས་པ་ཡིན་སྙམ་སྟེ་ཆུ་ནང་དུ་ལྕེབས་ནས་ཇོ་བོའི་སྐུ་ལ་འཇུས་པས་དངོས་སུ་བཟུང་སྟེ་ཁྲིད་འོང་རྒྱུ་ཞིག་བྱུང་། ཁྱིམ་དུ་ཁྲིད་ནས་འོང་བས་ལམ་བར་ན་རྡོ་ཆེན་པོ་ཞིག་ཡོད་པའི་དྲུང་དུ་སླེབ་ཚེ། ང་རང་མི་ནག་གི་ཁྱིམ་དུ་མི་འགྲོ་གསུངས་ནས་འབྱོན་དུ་མ་འདོད་པར་བྲག་ལ་ཐིམ་སོང་། དེར་ཇོ་བོ་རང་བྱོན་དུ་ཤར་བ་ལ་རྡོ་ལེ་ཇོ་བོ་དང་། ཆུ་ནང་དུ་ཇོ་བོའི་གཟུགས་སྐུ་ཤར་བ་ལ་ཆུ་ཇོ་བོ་ཟེར་ཏེ། ད་ལྟ་ཡང་བྱིན་རླབས་ལྷ་སའི་ཇོ་བོ་དང་མཉམ་ཟེར་ནས་ཀུན་གྱིས་ཕྱག་མཆོད་སོགས་བྱེད་པ་ཞིག་ཡོད་པ་ཡིན། 

ནང་ཆོས་གླིང་།འཕྲིན་སྟེགས་ལས་བཤུས།

བརྒྱུད་འགོད།