མཁན་པོ་བློ་བཟང་འཇིགས་མེད་རྒྱ་མཚོའི་མཛད་རྣམ་མདོར་བསྡུས།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2022-05-14 17:30:50     རྩོམ་པ་པོ།   རི་ཁྲོད་ངག་དབང་བསྟན་འཛིན    ཀློག་ཐེངས།  

༄༅། །དེ་ཡང་མཁན་རིན་པོ་ཆེ་བློ་བཟང་འཇིགས་མེད་རྒྱ་མཚོའམ་མཁན་པོ་འཇིགས་རྒྱམ་ཚང་ནི་ལྷན་སྐྱེས་ཀྱི་ཤེས་རབ་མེ་ལྟར་འབར་ཞིང་། མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ཀློང་དུ་གྱུར་བས་སྐབས་དེའི་སྟག་ཚང་ལྷ་མོ་དགོན་པའི་མཁས་རྒུའི་ཏོག་ཏུ་གྱུར་བ་ཞིག་ཡིན་པ་ཡོངས་སུ་གྲགས་མོད། ཉིད་ཀྱི་གསུང་པོད་གཅིག་ལོང་ཙམ་སྐྱབས་མགོན་ལྔ་བའི་ཡོངས་འཛིན་ཡོན་ཏན་རབ་རྒྱས་པས་ཉར་བ་དུས་འགྱུར་ཁྲོད་འབྱུང་བཞིའི་ཀློང་དུ་ཐིམ་ཟིན་པས། ཁོ་བོས་ངལ་བ་ཁྱད་བསད་ཀྱིས་རྩད་བཅད་ཀྱང་ཡིད་ཕངས་པ་ཞིག་ལ་ད་སྐབས་ལྷག་པ་ཡོད་པ་ནི་རྒན་པོ་ཚོའི་ངག་ན་མཚར་ཉམས་དོད་པོའི་ཚིགས་བཅད་ཁ་ཤས་ལས་མི་འདུག དེ་ཡང་ཉིད་ཀྱི་ཞལ་ནས། ང་དང་བོ་བྲག་ལུང་ནང་གི་ཀྲབ་ཁ་ཡིན། །ང་དེ་ནས་ལྷ་མོ་དགོན་པར་ཚོགས་ལ་ཞུགས། །ཞེས་གསུངས་པ་ལས་འཁྲུངས་གཞིས་འཕགས་དབུས་བྲག་ལུང་ནང་ཡིན་པར་དཔོག་ཐུབ་པ་ཙམ་ལས་ཡབ་ཡུམ་གྱི་མཚན་སོགས་ཤེས་ཐབས་བྲལ། 

དགུང་ལོ་དོན་བཞིར་བཞུགས་པའི་ངག་རྒྱུན་དང་ཡང་སྤྲུལ་༡༩༤༣ལོར་འཁྲུངས་པའི་རིགས་འདེད་ཀྱིས་ཁོང་ཕྱི་ལོ་༡༨༦༨ལོར་འཁྲུངས་པར་གཏན་ཁེལ་ཆོག་སྙམ། ཐོག་མར་རབ་ཏུ་བྱུང་བ་ཡང་གཞན་གྱིས་སྐུལ་བ་ལ་མ་ལྟོས་པར་སྔོན་གྱི་བག་ཆགས་སད་པའི་ནང་རྐྱེན་གྱིས་སྐུལ་བར་བཤད་དེ།  དགུང་ལོ་ཉི་ཤུར་སོན་པའི་ཉིན་ཞིག་ཕྱུགས་འཚོ་བར་ཕེབས་སྐབས་དེའུ་འབུར་ཞིག་གི་འགོར་ངལ་གསོས་པའི་ཚེ་རྩྭ་འབུ་ཞིག་འཇག་མའི་རྩེར་འཛེགས་པ་ཡང་དང་བསྐྱར་དུ་མར་ལྷུང་ཀྱང་མཐར་འཇག་མའི་རྩེར་སླེབས་པས།  ཐུགས་ལ་ང་རང་ལོ་ཅུང་ཙམ་ཆེ་ཡང་འབུ་འདི་བཞིན་བརྩོན་པ་མ་བཏང་ན་དམ་པའི་ཆོས་སྒོར་ཞུགས་ནས་དལ་བའི་རྟེན་ལ་སྙིང་བོ་ལོན་ཐུབ་སྙམ་དུ་དགོངས།  དེ་ཀ་ནས་ཞབས་ཐང་ལ་ལྷ་མོ་དགོན་དུ་ཕེབས་ནས་ཚོགས་ཞུགས་གནང་། 

མདོ་སྔགས་རིག་གནས་ཀྱིས་བསྡུས་པའི་སྦྱང་བར་བྱ་བའི་གནས་ཐམས་ཅད་ལ་གཞན་དྲིང་མི་འཇོག་པའི་མཁས་པ་ཆེན་པོ་འདི་ལྟ་བུ་ལ་གཞན་དང་ཐུན་མོང་མ་ཡིན་པའི་ཐུགས་གཉེར་གྱི་བརྒྱུད་རིམ་བསྟན་པའི་རྒྱན་དུ་ཆེ་བ་ཞིག་ཡོད་པར་སྨྲས་མ་དགོས་མོད། དམ་པ་ཉིད་ཞི་བའི་དབྱིངས་སུ་གཞོལ་ནས་མི་ལོ་བརྒྱར་ཉེ་བའི་དེ་རིང་གི་དུས་སུ་གསལ་བོ་ཤེས་མཁན་ཞིག་མི་འདུག  འོན་ཏེ་རྒན་རབས་ཚོའི་ངག་ན་གང་ཡོད་ཁོ་བོས་འབད་པས་བཙལ་བ་རྣམས་རིམ་པར་བཀོད་ན།

བར་སྐབས་ཤིག་ནས་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཐུགས་གཉེར་ལ་བྱོན། དེ་རུ་སྙན་ངག་མེ་ལོང་མའི་ཁྲིད་ཅིག་ལ་ཕེབས་སྐབས་ཁོང་གིས་ཉིན་རེ་བཞིན་བྲིས་པའི་དཔེར་བརྗོད་རྣམས་ཚིག་དོན་གྱི་ཉམས་ཕུན་སུམ་ཚོགས་པས། དགེ་རྒན་གྱི་ཐུགས་ལ་གསར་སློབ་ཞིག་ལ་འདི་འདྲ་ཡོང་དཀའ་བས་བཤུ་འབྲི་བྱས་པ་ཨེ་ཡིན་དགོངས། ཉིན་ཞིག་དགེ་རྒན་གྱིས་ཁྱོད་སྡོད་དང་ང་ཚོས་དྲོས་ཇ་འཐུང་གསུངས། ཇ་བཞེས་སྐབས་དགེ་རྒན་གྱིས་ཁྱོད་ཀྱི་རྩོམ་ཡག་པོ་འདུག  ངའི་བྱི་ལ་འདི་ལ་བསྟོད་པ་ཞིག་ཕྲིས་གསུངས་པར་འཕྲལ་དུ།  ཡར་ཐར་ལམ་བགྲོད་པའི་སུག་བཞི་ཐུང་།།མར་དམྱལ་བར་འདྲུད་པའི་མཇུག་མ་རིང་། །སོགས་བྱི་ལའི་རང་གཤིས་མཚོན་པའི་ཚིག་འགའ་བྲིས་ནས་ཕུལ་བར་ངས་ཁྱོད་ཀྱིས་བཤུ་འབྲི་བྱས་པར་སྙམ་མོད། དེ་འདྲ་རེད་མི་འདུག་གསུངས་ནས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་བར་བཤད།

མ་ཧཱ་པཎ་ཊི་ཏ་ལྷ་མོ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོས་ཀྱང་། མཁན་པོ་འཇིགས་རྒྱམ་དང་འཇམ་དབྱངས་ཕྲུག་གཉིས་བླ་བྲང་དུ་ཡོད་ན་རབ་ཕྲུག་དང་ཕུག་ཕྲུག་ལྟ་བུ་ཡོང་ཞེས་གསུངས་ཟེར།

ཁོང་གིས་གྲྭ་བ་ཚོར་བྲིས་སློབ་སྐབས་ཐོག་མར་ཉིན་འགའ་ལ་སྨྱུ་གུ་འཛུབ་བར་ནས་ཡུན་རིང་བོར་འཕུར་དུ་བཅུག་པ་སོགས་བསླབ་པར་བྱ་བའི་གནས་གང་ལའང་ཞིབ་ཕྲའི་བརྒྱུད་རིམ་ལྡན་པའི་སྒོས་སློབ་མ་འཁྲིད་པ་ལ་ཤིན་ཏུ་མཁས་པར་གྲགས།

ཚོགས་ཆེན་དབུ་མཛད་ཀྱི་ཤོག་སྒྲིལ་རྙིང་བ་ཁོང་གི་ཕྱག་བྲིས་ཡིན་པ་མཁན་ཟུར་ཨ་ཁུ་བློ་བཟང་རྒྱ་མཚོས། ཤོག་སྒྲིལ་རྙིང་བ་འདིའི་འདོན་སྒྲིག་ཅུང་ཟད་རེ་འཁྲུག་པ་མཁན་པོ་ཁོང་དབུ་མཛད་ལ་མ་བཞུགས་པས་ཚོགས་འདོན་ལ་དེ་ཙམ་རྒྱུས་མེད་པས་ཡིན་ཚུལ་སོགས་རྒྱུ་མཚན་དང་བཅས་གསུང་ཞེས་མཁན་ཟུར་ཨ་ཁུ་འཇམ་དཔལ་ཚང་གིས་གསུངས།

གཞུང་ཆེན་བཀའ་པོད་ལྔ་ལ་གསན་བསམ་མཐར་ཕྱིན་ནས་ལྷ་རམས་དམ་བཅའ་བཞག

ཕྱི་ལོ་༡༩༢༧ལོར་ཆོས་སྡེ་ཆེན་པོ་སྟག་ཚང་ལྷ་མོ་དགོན་པའི་ཚོགས་ཆེན་ཁྲིར་མངའ་གསོལ་ཞིང་། མཁན་པོ་ལོ་གསུམ་གྱི་རིང་ལ་རྒྱུགས་རྩི་བཞག་སོགས་འཆད་ཉན་ཕྱོགས་ཀུན་ནས་དར་རྒྱས་སུ་འགྲོ་བར་བཀའ་དྲིན་བླ་ལྷག་ཏུ་བསྐྱངས།  རྩི་བཞག་ལ་ཕེབས་རན་ཚེ་ན་བཟའ་བརྗེས་པའི་ཞར་ལའང་མཐའ་དཔྱོད་ཤོག་གྲངས་འགའ་ཐུགས་འཛིན་གནང་ཐུབ་པར་གླེང།

དམ་པ་འདིའི་ལྷན་སྐྱེས་ཀྱི་རྣམ་དཔྱོད་ནི་ཕལ་བའི་བློ་ཡུལ་ལས་འགོངས་པ་ཞིག་སྟེ། གྲོང་དུ་སྲུང་བ་ལ་ཕེབས་སྐབས་འདོན་པ་གདངས་དབྱངས་དང་བཅས་ཆད་ལྷག་མེད་པར་གསུང་བའི་ཞར་ལ་ཕྱག་གཡོན་པས་རྔ་རྡུང་ཞིང་གཡས་པས་ཤོག་གྲངས་མང་བོ་བྲིས་ཀྱང་ཆད་ལྷག་གཅིག་ཀྱང་མེད་པ་ཀུན་ལ་གྲགས།

སྔར་ཐུགས་རྒྱུས་མེད་པའི་ཆོ་ག་དབུ་མེད་ཀྱིས་བྲིས་པ་སྔགས་པ་ཚོ་དང་མཉམ་དུ་གསུང་སྐབས། དབུ་ནས་ཐིག་ཕྲེང་རེ་སོང་མཚམས་ནས་འོག་མ་རྣམས་ཐུགས་ལ་ཆུད་ནས་ཤོག་བུ་རྫོགས་ཆོག་པ་སོགས་ཀྱིས། མི་ཚེ་གཏོ་ཆོག་ལ་ཟད་པ་རྣམས་ཀྱི་ཁེངས་པ་རྨང་ནས་བསྙིལ།ཁོང་ལ་ནམ་རྒྱུན་འདྲིས་ཤིང་གཅེས་པའི་ར་མ་དང་། ཁྱི་ཕྲུག བྱི་ལ་ཞིག་སྟེ་གསུམ་ཡོད། དགོན་པའི་སྒྲིག་ལ་ཁྱི་དང་བཞོ་བཟུང་མི་ཆོག་པས་དགེ་བསྐོས་གླིང་ཉུལ་ནས་ནང་དུ་ཕེབས་སྐབས་ཁོང་གི་གཟིམ་ཐུལ་ཁ་ཕྱེ་ན་དེའི་ནང་དུ་འཛུལ་ནས།  དགེ་བསྐོས་ཕྱིར་མ་ཕེབས་བར་དུ་དེར་སྦས་ནས་འདུག་པ་དང་།  ཁོང་གི་རྩེད་མཚར་གྱིས་ཁྱི་དང་བྱི་ལའི་བར་ལ་ཆངས་བུ་ཞིག་བཞག་ནས་རྩོད་བཅུག་སྐབས། རྩོད་པ་ཛ་དྲག་ཏུ་ཕྱིན་ཚེ་ར་མ་ལ་རྩོད་པ་འདུམ་འཇུག་པ་སོགས་མི་ལ་མིས་ལབ་པ་ལྟ་བུ་ཞིག་ཡོད་ཚུལ་དང་།  དེ་མིན་ད་དུང་ཉིན་བཞིན་ཟས་ཆངས་སྟེར་ནས་གསོས་ཞིང་ཁོང་བསྐོར་བ་ལ་ཕེབས་སྐབས་སྐུ་རྗེས་སུ་འཕུར་མ་འགྲོས་ཀྱིས་བསྐོར་བ་ལ་འགྲོ་བའི་ཁྭ་ཏ་གཉིས་ཀྱང་ཡོད་ཟེར།   དུད་འགྲོ་དང་འདབ་ཆགས་སོགས་ལ་འདི་ལྟར་འདྲིས་ཤིང་དབང་བ་ནི་ཐུགས་རྒྱུད་ལ་བྱང་ཆུབ་ཀྱི་སེམས་རིན་པོ་འབྱོངས་པའི་རྟགས་སུ་གསུངས་ཏེ། རྒྱལ་སྲས་ཐོགས་མེད་བཟང་བོའི་རྣམ་ཐར་ལས། ངང་བ་གཅིག་ཡོད་པ་ཡང་སེམས་དཔའ་ཆེན་པོ་བསྐོར་བ་མཛད་པའི་དུས་སུ་ཁོ་ཡང་བསྐོར་བ་བྱེད་དེ། བཞུགས་པའི་དུས་སུ་ཁོ་ཡང་སྡོད།   ཅེས་དང་།  མཁན་ཆེན་བྱང་ཆུབ་རྩེ་མོའི་གསུང་གིས།  དུད་འགྲོ་དེ་ཀུན་གྱི་བྱེད་ལུགས་དེ་རང་ངོ་མཚར་ཆེ། བྱང་ཆུབ་ཀྱི་སེམས་འདི་འབྱོངས་ཙ་ན་གང་ཡང་དབང་དུ་འདུ་བ་ཅིག་ཡིན་པར་འདུག་གསུང་།   ཞེས་གསུངས།

ཁོང་ནི་སློབ་མ་རྣམས་གང་ལ་གང་འོས་པའི་ཞི་དྲག་ཐབས་མཁས་ཀྱིས་སྐྱོང་གནང་བ་ཞིག་ལགས་པས།   ཉིད་ལ་མི་དྭངས་བ་ཟེར་བའི་གྲྭ་བ་ཞིག་ཡོད་པ་རྣམ་རིག་མི་གསལ་བས་མིང་ཡང་དེ་ལྟར་བཏགས་པར་བཤད། དེ་ལ་ནམ་རྒྱུན་རྩེད་མཚར་གྱིས་བཞེད་མོ་སློང་བའི་བྱེད་ཐབས་འབའ་ཞིག་གིས་བསྐྱང་བ་སྟེ།  དེ་ཡང་ཉིན་ཞིག་མི་དྭངས་པ་ལ་ཁྱོད་དགེ་རྒན་བྱེད་ཨེ་འདོད་འདོད་ན་ང་ཡང་དགེ་ཕྲུག་བྱེད་འདོད་པས་དེ་ལྟར་བྱ་གསུང་བར།  ཁོའི་ཡང་འདོད་ཐོག་ཏུ་ཁེལ་བས་ཉིན་དེར་མཁན་པོ་ཉིད་ཀྱིས་མེ་འབུད་ཇ་བཀོལ་སོགས་གྲྭ་བའི་ལས་གང་ཡོད་སྒྲུབ།  ཕྱི་ཉིན་སྔ་བར་བཞེངས་ཏེ་ཇ་ཁོལ་རྗེས་མི་དྭངས་པའི་སྔས་འགྲམ་ནས་དགེ་རྒན་ཚང་ཡར་བཞེངས་དང་ཇ་ཁོལ་འདུག་ཅེས་པར་ཡ་ཡ་ཟེར་བཞིན་དལ་མོར་ལངས།  སློབ་མ་རྣམས་དཔེ་ཁྲིད་དུ་ཕེབས་པ་ན་མཁན་པོ་ཚང་གིས་སྒོ་ཡོལ་ཡར་བཏེགས་ཏེ་ཕེབས་དང་དགེ་རྒན་ཚང་བཞུགས་འདུག་ཅེས་ཚེ།  ད་གཟོད་ཁོས་དགེ་རྒན་བྱེད་རྒྱུ་སླ་མོ་ཞིག་མིན་པ་ཤེས་ཏེ་དྲ་མ་ནས་མཆོངས་ཏེ་བྲོས་པར་བཤད།  དགེ་རྒན་གྱིས་ཆེ་ཚུགས་དོད་ནས་འདུག་རྒྱུ་ཡང་སླ་མོ་མིན་པ་ངག་གིས་བརྡ་སྤྲད་ན་དེ་འདྲའི་ངོས་འཛིན་གཏིང་ཟབ་ཞིག་ཐོབ་དཀའ་ཡང་། བརྡ་སྤྲོད་མ་དགོས་པར་འདི་ལྟར་ཉམས་སུ་མྱོང་བཅུག་པ་ནི་དེང་སྐབས་བཤད་པའི་སློབ་གསོའི་ཐབས་ལམ་ཟེར་བ་ཡང་འདི་འདྲ་ལས་མ་འདས་སོ། །

དེ་མིན་ཉིད་ཀྱི་སློབ་མ་ཧྲག་པོའི་གྲས་ཏེ་རྒྱ་ནག་པ་སྐུ་ཕྲེང་གསུམ་པ་བློ་བཟང་ཐུབ་བསྟན་ཉི་མ་ཚང་དང་།  ཨ་ཁུ་ཐུབ་བསྟན་ཚང་།  ཡོངས་འཛིན་ཡོན་ཏན་རབ་རྒྱས་ཚང་།  དབོན་པོ་བསྟན་འཛིན་སེང་གེ་སོགས་ལ་ནི་གསུང་མང་བོ་མི་འབྱོན་པར་སྒམ་ཚུགས་ཀྱིས་བཞུགས་པ་ཞིག་ཡིན་པར་བཤད།

བཀྲ་ཤིས་འཁྱིལ་གྱི་དགེ་བའི་བཤེས་གཉེན་ཆེན་པོ་ཧོར་ཚང་མཁར་མོ་རྒྱ་ཚང་ཡང་འདིར་ཕེབས་ནས་ཉིད་ཀྱི་ཤག་ནས་ཡུན་རིང་བཞུགས་པར་བཤད། ཧོར་ཚང་ཚང་ནི་དཔེ་ཆ་བའི་གཤིས་ཀྱིས་གཞན་གྱི་སྐད་ཆ་ལ་ཁྱབ་པ་གཅོད་རྒྱུར་དགྱེས་པ་ཞིག་ལགས་པས།  ཉིན་ཞིག་མི་དྭངས་པ་ལ་ཁྱོད་ཟྭ་འཐུ་རུ་སོང་དང་ཨ་ཁུ་ཧོར་ཚང་ལ་ཐུག་ན་འདི་ལྟར་སྨྲོས་ཞེས་མངགས།  དགེ་བཤེས་ཚང་བསྐོར་བར་ཕེབས་ལམ་ནས་ཁོ་ལ་ཅི་བྱེད་ཀྱིན་ཡོད་ཅེས་པར།  བཟའ་རྒྱུའི་ཟྭ་ཚོད་འཐུ་ཡི་ཡོད་ཟེར།  དགེ་བཤེས་ཚང་གིས།  ཨ་མ་སྐོབ་རྒན་རྩྭ་ཟོས་ནི་ཟོག་མ་རེད་མོད་གསུང་ཚེ།  ཁོས།  འཁོར་གསུམ།  རྗེ་བཙུན་མི་ལ་ཆོས་ཅན། ཟོག་ཡིན་པར་ཐལ།  ཟྭ་བཞེས་པའི་ཕྱིར་ཞེས་ཁྱབ་འགྲིག་འཕངས།  དགེ་བཤེས་ཚང་གིས་ཧ་ཧ་ད་ཐེངས་ཁྱོད་རྒྱལ་སོང་གསུང་ནས་ཕེབས། རྟ་མགྲིན་ལྷ་ཁང་གསར་དུ་བཞེངས་སྐབས་གསེར་ཁྲིའི་ནང་བའི་གཉེར་གཡོག་ཐུབ་པ་ཟེར་བས་ལས་པ་རྣམས་ལ་ཐོབ་འོས་པའི་ཟ་མ་དང་གླ་ཆ་ཡག་པོ་མ་སྟེར་བས།   ལས་མི་རྣམས་ཀྱིས་རྡུང་བའི་གྱང་ཡང་དེ་དང་འདྲ་བར་སྟོད་ཞེང་ཆེ་ལ་སྨད་ཆུང་བ་མི་རིང་བར་འགྱེལ་སླ་བ་ཞིག་ཡིན་པས་དེ་ལ་ཟུར་ཟའི་ཚིག་འགའ་བརྩམས་པ་འདི་ལྟར། 

གནམ་ངོ་ཐང་ན་སྐར་མ་འབུད་མ། །

ཉི་མ་དྲོ་ན་རྒྱུན་བུ་གྱོང་མ། །

མགོ་ཆེ་རྟིང་ཕྲ་སྔ་སའི་ལོག་མ། །

ཁ་ནས་བརྡུང་ན་རྐུབ་ནས་འགད་མ། །

འགོ་བ་མང་ན་སྡེ་བ་འཐོར་མ། །

ཕ་རོལ་ཚུ་རོལ་ཉི་ཤུ་རྩ་གཅིག །

ཅེས་སྒྲོལ་མའི་གདངས་འགྲོས་ལྟར་གྱེར་རྒྱུའི་ཚིག་རྐང་ཉེར་གཅིག་ཡོད་འདུག་ཀྱང་ད་སྐབས་འདི་ཙམ་ལས་ཤེས་མཁན་མི་འདུག

ཡང་གྲྭ་ཤག་སོ་སོར་མར་རྒྱ་མ་གང་རེ་བསྡུས་ནས་འབར་མའི་ཁང་བཟང་མར་གྱིས་བརྒྱན་དགོས་པ་ལ་ཤོག་བུའི་འགྲོ་སོང་མང་དུ་བཏང་བ་ཐུགས་མ་བབས་ནས་བྲིས་པ་ནི།

རྒྱ་རེ་རྒྱ་རེ་བསྡུས་པའི་བཞི་བརྒྱ་བོ། །

ཅི་ཡིན་འདི་ཡིན་མེད་པ་མཐོལ་ལོ་བཤགས། །

འབར་མའི་ཁང་བཟང་ཕྱི་སྟོང་ནང་སྟོང་རེད། །

ཁང་བཟང་ཤོག་བུས་བརྒྱན་པ་མཐོལ་ལོ་བཤགས། །ཞེས་པའོ། །

སྐུ་འབུམ་དུ་མཆོད་མཇལ་ཕེབས་སྐབས་དགོན་པའི་སྒོ་ཆེན་གྱི་ལོགས་སུ་མགར་བ་དག་གིས་སློབ་དཔོན་གྱི་སྐུ་ཞིག་མགར་ལུགས་འོ་བརྒྱལ་བ་གཟིགས་ནས་བྲིས་པ་འདི་ལྟར།

ཀ་སྐུ་འབུམ་ཚོང་ར་རུག་ག །

ཁ་ཁུར་བོ་ཁུར་ནི་འགྱོ་དུས། །

ག་གུ་རུ་སྙིང་ནས་དྲན་པས། །

ང་ངོ་མ་ངུ་རྒྱུ་ཡོང་ཐལ། །

ཅ་ཅིག་ག་བཙོང་རྒྱུ་མེད་ཀི །

ཆ་ཆིག་གེ་ལས་ངན་ཟིག་རེད། །

ཇ་རྩམ་པ་གཉིས་ཀ་ཆད་ཐལ། །

ཉ་ཉྭ་ཐུར་དཀའ་ལས་རང་རེད། །

འདི་མན་མ་རྙེད།

མཁན་པོ་ཉིད་ཀྱི་གསུང་ད་ལྟ་མགོ་མཇུག་ཚང་བ་ཞིག་ལྷག་ཡོད་པ་ནི།  མི་དྭངས་པ་ཚོགས་ལངས་སྐབས་ཁོའི་བློ་འཛིན་དང་འཚམས་པའི་ཚིག་བཀྲ་ཞིག་བརྩམས་ཡོད་པ་འདི་གཅིག་བུ་རེད།   དེ་ནི་འདི་ལྟར།  དེ་ཡང་ཇི་སྐད་དུ།  རྗེ་བདག་ཉིད་ཆེན་པོ་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་མཆོག་གཉིས་ལྟ་བུའི་མཁས་མང་རྒྱ་མཚོའི་དབུས་སུ་རང་ཅག་གཉིས་ཀྱིས་རྒྱལ་བའི་གསུང་རབ་ཀྱི་དགོངས་དོན་ལ་འབེལ་གཏམ་ལེགས་བཤད་ཅུང་ཟད་ཅིག་བགྱིས་པའི་དགེ་བའི་རྩ་བའི་མཐུ་ལ་བརྟེན་ནས། ཡོངས་འཛིན་དམ་པ་རྣམས་ཀྱི་སྐུ་ཚེ་སྲིད་མཐར་བརྟན་པ་དང་ཚུལ་དེ་ལ་བརྟེན་ནས། ཐུབ་བསྟན་སྤྱི་དང་བྱེ་བྲག་ཏུ་འཇམ་མགོན་ཙོང་ཁ་བ་ཆེན་པོའི་བསྟན་པའི་ལུགས་བཟང་འདི་ཉིད། ས་གསུམ་གྱི་འགྲོ་བ་ཡོངས་ཀྱི་མ་རིག་པའི་མུན་པ་མཐའ་དག་སེལ་བའི་ཕྱིར་དུས་རྟག་ཏུ་གནས་པར་འགྱུར་བ་ཡིན་པར་ཐལ། དེ་ལྟར་ཡིན་ན། །ཞེས་པའི་ཚུལ་དང་བོ་དེ་ཉིད་འཆད་པར་བྱེད་པ་ལ། རྗེ་བཙུན་བླ་མའི་སྐུ་ཚེ་རབ་བརྟན་ཅིང་། །ཞེས་པའི་གཞུང་འདི་བྱུང་། ཚུས་གཉིས་པ་དེ་ཉིད་འཆད་པར་བྱེད་པ་ལ། རྣམ་དཀར་འཕྲིན་ལས་ཕྱོགས་བཅུར་རྒྱས་པ་དང་། །ཞེས་པའི་གཞུང་འདི་བྱུང་། ཚུལ་གསུམ་པ་དེ་ཉིད་འཆད་པར་བྱེད་པ་ལ། བློ་བཟང་བསྟན་པའི་སྒྲོན་མེ་ས་གསུམ་གྱིས། །འགྲོ་བའི་མུན་སེལ་རྟག་ཏུ་གནས་གྱུར་ཅིག །ཅེས་པའི་གཞུང་འདི་བྱུང་བ་ཡིན་པའི་ཕྱིར། ཞེས་དང་། བླ་མ་ཐར་བའི་ལམ་སྟོན་མཆོད། །དམ་ཆོས་ཐར་ལམ་གསལ་བྱེད་མཆོད། །    དགེ་འདུན་ཐར་བའི་ཟླ་གྲོགས་མཆོད།  །ཅེས་པའོ། །སྐུ་ཚེའི་མཇུག་ཏུ་དབེན་པར་སྒྲུབ་པ་སྙིང་བོར་བྱེད་པའི་ཐུགས་བཞེད་ཀྱིས་དགོན་པའི་མེ་མཚམས་ཕྱོགས་ཀྱི་སྟོབས་ལྡན་ལུང་བའི་ཕུ་ནས་སྒོམ་སྒྲུབ་མཛད་ཀྱིན་བཞུགས། མཐར་འབམ་གྱི་སྙུན་གཞི་ལྕི་རུ་སོང་བས་ཨ་ཁུ་ཐུབ་བསྟན་ཚང་གི་ཤག་ཏུ་གདན་དྲངས་ནས་སྙུན་གཡོག་ཚུལ་བཞིན་སྒྲུབ།  དགུང་ལོ་དོན་བཞི་བཞེས་པ་ཕྱི་ལོ༡༩༤༢ལོར་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས།  ཉིད་ཀྱི་སློབ་མའི་ཁྱུ་མཆོག་ཨ་ཁུ་ཐུབ་བསྟན་ཚང་ནི་མདོ་རྒྱུད་རབ་འབྱམས་ལ་མི་འཕྲོག་པའི་སྤོབས་པ་བརྙེས་ཞིང་།  ཤའི་རིགས་གཏན་ནས་མི་མཆོད་ཅིང་སྐུའི་ཉེར་སྤྱད་ཐམས་ཅད་ལ་ཚུལ་ཁྲིམས་རྣམ་པར་དག་པའི་དྲི་ངད་ཀྱིས་ཁྱབ་པ་ཞིག་ཡིན།  མཁན་ཟུར་རིན་པོ་ཆེ་ཨ་ཁུ་རབ་རྒྱས་ཞིང་གཤེགས་ཚང་གིས་དུས་ཟིང་སྐབས་གཞུང་བཞེས་བྱས་པའི་ཁྲོད་ནས་ཨ་ཁུ་ཐུབ་བསྟན་ཚང་གི་ཞལ་འདོན་བྱམས་ཆོས་སྡེ་ལྔའི་དཔེ་ཁོང་གི་ཕྱག་ཏུ་ཡོང་བ་སྐབས་དེར་ད་དུང་ཚུལ་ཁྲིམས་ཀྱིས་ཁྱབ་འདུག་ཅེས་དངོས་སུ་གསུང་བར་བཤད།

དེ་ལྟར་ཁོ་བོ་ལ་བཀའ་དྲིན་གཞལ་མཐའ་བྲལ་བའི་བླ་མ་རིན་པོ་ཆེ་ཡོན་ཏན་འཇིགས་མེད་རྒྱ་མཚོ་མཆོག་དགུང་གྲངས་བརྒྱད་ཅུར་ཉེ་བའི་སྐུའི་གྱ་སྟོན་དང་འབྲེལ་ཉིད་ཀྱི་སྐུ་གོང་མའི་རྣམ་ཐར་ཡང་ནུས་ཤུགས་རྩལ་སྤྲུགས་ཀྱིས་བཙལ་མོད་འདི་ཙམ་ལས་མ་རྙེད་དོ། །ཞེས་པ་འདི་ཡང་བླ་མ་རིན་པོ་ཆེ་ཉིད་ཀྱི་སྐུའི་ཡང་ཚར་གྱུར་བ་རི་ཁྲོད་ངག་དབང་བསྟན་འཛིན་གྱིས་བྲིས་པ་ཛཡནྟུ།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།