སྐྱབས་རྗེ་ཨ་གྷ་བླ་མ་རིན་པོ་ཆེའི་རྣམ་ཐར་མདོར་བསྡུས།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2022-04-24 23:37:32     རྩོམ་པ་པོ།   རྐང་ཚའི་འཕྲིན་ལས།    ཀློག་ཐེངས།  

微信图片_20220424233836.jpg

ཨ་གྷ་བླ་མ་ཚང་ནི་རབ་བྱུང་བཅུ་དྲུག་པའི་མེ་ཕོ་བྱི་བ་སྟེ།སྤྱི་ལོ་༡༩༣༦ལོ་མཚོ་སྔོན་མོའི་རུ་མང་སྡེ་བའི་ཡབ་གུ་རུ་ཆོས་གྲུབ་དང་ཡུམ་བཀྲ་ཤིས་མཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།རྗེས་སུ་ཁམས་གྲགས་པ་དར་རྒྱས་ཞེས་པའི་བྱ་བཏང་རི་པའི་སྐྱེས་ཆེན་དམ་པ་ཞིག་གི་སྤྲུལ་སྐུར་ངོས་འཛིན་མཛད་དེ་ཁམས་ཕྱོགས་ནས་སྤྲུལ་སྐུ་ཞུ་བར་ཕེབས་ཀྱང་སྐབས་དེར་རུ་མང་དགོན་གྲོང་གཉིས་ཀྱི་རྒན་པ་རྣམས་ཀྱིས་ད་ལྟ་རུ་མང་དགོན་པ་འདིར་བླ་མ་ཨ་ལགས་རྫི་དཀར་རིན་པོ་ཆེ་གཅིག་བུ་ལས་མི་བཞུགས་པས་མ་འོངས་པར་དགོན་པ་འདིའི་བདག་པོར་དགོས་ཞེསསྤྲུལ་སྐུའི་བླུ་ཁ་མ་བསྐོར།

དུས་དེ་ནས་བཟུང་སྤྲུལ་སྐུ་ཁོང་རུ་མང་དགོན་པར་བཞུགས་ཤིང་གནད་འབྱོར་གྱི་དབང་ཕྱུག་དམ་པ་སྐྱབས་རྗེ་རྫི་དཀར་རིན་པོ་ཆེ་ལས་རབ་ཏུ་བྱུང་ཞིང་མཚན་ལ་འཇམ་དབྱངས་བཤད་སྒྲུབ་རྒྱ་མཚོ་གསོལ།དེ་ནས་བཟུང་སྐྱབས་རྗེ་ཨ་ལགས་རྫི་དཀར་ཚང་ཁོང་གི་གཟིགས་སྐྱོང་གནང་བའི་འོག་སྤྲུལ་སྐུ་ཁོང་གི་ཁུ་བོ་ཡི་གེ་འབྲི་ཀློག་དང་འདོན་ཆ་ཕྱག་ལེན་གྱི་ཡོངས་འཛིན་དུ་བསྟེན་ནས་རུ་མང་དགོན་པར་བཞུགས།ཁོང་ཆུང་དུས་དཔེ་ཆ་བློ་འཛིན་སོགས་ལ་ཐུགས་རིག་དེ་འདྲ་མི་གསལ་བའི་ཚུལ་དུ་བཞུགས་པས་ཨ་ལགས་རྫི་དཀར་ཚང་གིས་ཨ་ར་པ་ཙ་མང་བོ་འདོན་དགོས་གསུངས་པས་ཁོང་གིས་ཉིན་རེར་ཨ་ར་པ་ཙ་མང་བོ་གསུངས་ཤིང་གྲངས་ཀ་འཛིན་བྱེད་ལ་ལུག་གི་རིལ་མ་ཤིང་ཟེའུ་ཞིག་གི་ནང་བསགས་ནས་རིལ་མ་ཤིང་ཟེའུ་མང་བོ་འཕོ་རྒྱུ་འདུག་ཟེར།

དེ་ལྟར་ཨ་ར་པ་ཙ་མང་བོ་གསུངས་པས་རིག་པ་ཧ་ཅང་གསལ་བོར་གྱུར་ཅིང་བློ་འཛིན་ལ་དཀའ་ཚེག་མེད་པར་གྱུར།དེ་རྗེས་ཞྭ་སེར་བསྟན་པའི་མཛེས་རྒྱན།རྗེ་ཞྭ་དམར་པཎ་ཌི་ཏའི་གདན་ས་ཆེན་པོ་མདོ་སྨད་དྷཱི་ཚ་དགོན་ཆེན་ལ་ཕེབས་ཏེ་དགེ་བའི་བཤེས་གཉེན་ཆེན་མོ་རྨོག་རུའི་མཐའ་ཡས་ཚང་གཙོས་དགེ་བའི་བཤེས་གཉེན་མང་བོ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ཅིང་།འགོ་བསྡུས་གྲྭ་ནས་བཟུང་གཞུང་ཆེན་མང་བོར་སྦྱོང་བ་རྡོ་རུས་ཐུག་པ་གནང་ཞིང་ཚོགས་ཆོས་གྲྭར་ཆད་མེད་གནངས།རིམ་བཞིན་ཆོས་སྡེ་དེར་གོང་རྒན་པ་སོགས་ཀྱིས་ཞལ་མཐུན་པར་རུ་མང་སྤྲུལ་སྐུ་རིག་པ་གསལ་ཞིང་བརྩོན་པ་ལྡན་པས་དཔེ་ཆ་བ་བཟང་བོ་ཞིག་ཡོང་རྒྱུ་རེད་ཅེས་ཆོས་གྲྭའི་འཛིན་གྲྭ་གོང་འོག་ཀུན་ཏུ་གྲགས་པའི་སྐབས་བྱུང་།

རབ་བྱུང་བཅུ་དྲུག་པའི་ཤིང་མོོ་ལུག་སྟེ།སྤྱི་ལོ་༡༩༥༥ལོར་དགེ་བའི་བཤེས་གཉེན་ཤེར་སྦྱིནཚང་གི་མདུན་སར་བསྙེན་རྫོགས་ཀྱི་སྡོམ་མ་བཞེས་ཞིང་ཚུལ་ཁྲིམས་མིག་འབྲས་བཞིན་དུ་བསྲུངས།བོད་རབ་བྱུང་བཅུ་དྲུག་པའི་ས་ཁྱི།སྤྱི་ལོ་༡༩༥༨ལོར་མང་ཚོགས་འུར་ཟིང་གི་སྐབས་བསླབ་པ་སློབ་གཉེར་ལ་མཚམས་མི་འཇོག་ཐབས་མེད་བྱུང་སྟེ།ཕྱིར་ཕ་ཡུལ་ལ་ཡོང་སྐབས་རྐང་ཚ་རྫོང་དུ་དམག་གིས་བཟུང་ནས་ལོ་བཅོ་ལྔའི་ཁྲིམས་ཐག་བཅད་ཅིང་བཙོན་དུ་ཁྲིད།བཙོན་ཁང་དུ་ཁོང་ཨ་ལགས་རྫི་དཀར་རིན་པོ་ཆེར་མཇལ་ཞིང་ཁོང་གིས་བསླབ་བྱ་གནང་ཞིང་ཁྱོད་ཚོ་ན་གཞོན་ཚོས་འབད་པ་བྱོས།ཐུགས་སྨོན་སྐྱེད་དང་བསྟན་པ་སླར་ཡང་གསལ་བའི་དུས་བཟང་བོ་རེར་མཇལ་ཐུབ་གསུངས།བཙོན་ཁང་དུ་ངལ་རྩོལ་ལ་ཞུགས་ཤིང་འོ་རྒྱལ་བློས་མི་དཔོགས་པ་མང་བོ་མྱང་ཡང་བོད་མང་ཚོགས་དང་སངས་རྒྱས་ཀྱི་བསྟན་པའི་དོན་ཐུགས་ལ་བཅགས་ནས་ཐུགས་སྟོབས་བསྐྱེད།

སྤྱི་ལོ་༡༩༦༢ལོར་དམིགས་བསལ་བཙོན་གྲོལ་བཏང་ནས་ཕྱིར་རང་ཡུལ་ལ་ཕེབས།སྤྱི་ལོ་༡༩༦༥ལོར་རུ་མང་སྡེ་བའི་དམངས་སྒྲུབ་དགེ་རྒན་དུ་བསྐོས།སྤྱི་ལོ་༡༩༦༦ལོར་རིག་གནས་གསར་བརྗེའི་ལུས་འགུལ་གྱི་འགོ་བརྩམས་པ་ནས་བཟུང་སླར་ཡང་ཉེས་འགེལ་གྱི་ཞྭ་མོ་བསྐོན་ཏེ་ལོ་བཅུ་གཉིས་ཀྱི་རིང་ལ་འཐབ་རྩོད་དང་ལྟ་རྟོག་འོག་དབྱར་དུས་སུ་ཕྱུག་ཟོག་འཚོས་ཤིང་དགུན་དུས་སུ་ཆུ་མཛོད་རྐོ་བ་སོགས་ངལ་རྩོལ་སྣ་ཚོགས་གནང་དགོས་བྱུང་ཡང་སྡོམ་དམ་ཚིག་བསྲུངས་ཤིང་སྡིག་གཅོད་ཀྱི་ལས་ལ་འཛེམ་ཅི་ཐུབ་གནང་ཞོར་གསང་སྟབས་ཀྱིས་ཁ་ཏོན་དགེ་སྦྱོར་སོགས་གནང་།

སྤྱི་ལོ་༡༩༧༩མི་རིགས་ཆོས་ལུགས་སྲིད་ཇུས་དངོས་འབབ་བྱས་པས་མ་ཉེས་ཁ་གཡོག་གི་ཞྭ་མོ་ཕུད་ཅིང་མཚན་སྙན་སླར་གསོ་བྱས།སྤྱིར་ཁོང་ཉིད་བྱང་བཏང་རི་ཁྲོད་པའི་མཛད་པ་སྐྱོང་བར་ཐུགས་འདུན་ཡོད་མོད་རུ་མང་དགེ་སློང་ཡོན་ཏན་རྒྱ་མཚོས་དགོན་པ་ཕྱག་འདེབས་མཛད་པའི་གཞི་བཙུགས་ཤིང་ཁོང་དང་སྡེ་བའི་མང་ཚོགས་ཀྱི་རེ་ཞུ་ལྟར་སྐྱབས་རྗེ་ཨ་གྷ་བླ་མ་རིན་པོ་ཆེ་དགོན་པར་ཕེབས་ཤིང་སླར་ཡང་དགོན་བདག་ཁྲི་བའི་འགན་བཞེས་ཤིང་རྟེན་བཞེངས་ཀྱི་འགོ་བརྩམས།དྷཱི་ཚ་དགོན་པར་དགོན་འགོ་ཕུལ་ཞིང་དེ་ཀར་ཡང་སྔར་གྱི་གྲལ་མཚམས་བཞུགས་གདན་ཕུལ་ཞིང་འཛིན་གྲྭའི་དམ་བཅའ་སྟོན་མོ་སོགས་ལ་ཞུགས།རང་དགོན་དུ་རིམ་བཞིན་འདུ་ཁང་།མཆོད་རྟེན་བརྒྱད་པ།བྱམས་ཁང་ཆེན་མོ་སོགས་ཕྱི་ནང་གི་རྟེན་བརྟེན་པ་ལེགས་པར་བཞེངས།རྟེན་བཞེགས་གང་གི་སྐབས་སུའང་མང་ཚོགས་ལ་ཆོས་ཀྱི་བཤད་པ་གནང་བ་ལ་བརྟེན་ནས་མང་ཚོགས་ཀྱིས་རང་བསམ་སྒོས་དད་པས་ཕུལ་བའི་རྐྱང་བ་ལ་བརྟེན་པ་ལས་དུད་ཁྱིམ་རེ་རེར་འགན་བཞག་གི་རིམ་པ་གཏན་ནས་བྱ་བར་མ་བཅུག་པར་དད་རྫས་ཕྲན་བུ་ཙམ་ཡང་ཆུད་ཟས་སུ་མི་གཏོང་།

ཁོང་ཉིད་ལ་འབྱོར་བ་གང་འཛོམས་རྣམས་དགོན་པའི་རྟེན་བཞེངས་ལ་ཕུད་ཅིང་རྒྱས་སྤྲོས་དང་མཚན་སྙན་སོགས་ལ་གཏན་ནས་ཐུགས་མི་དགྱེས་ལ།དོན་ཉུང་བྱ་ཉུང་དང་གཉོམ་ཆུང་ཚུལ་མཐུན་གྱི་མཛད་པ་སྐྱོང་ཞིང་དུས་རྒྱུན་གྲྭ་ཚང་ལ་ཡང་དེ་ལྟར་བསླབ་ལ་གནང་།དགོན་པར་ཆོས་ཐོགས་སྔར་ཡོད་རྣམས་དང་།དུས་འབྲེལ་གསོ་སྦྱོང་སྒོས་གཞི་གསུམ་སོགས་ཆོས་མཛད་ཉམས་ལེན་གྱི་རིམ་པ་གཙོ་བོར་འཛིན།ད་དུང་ཁོང་གིས་དགེ་འདུན་པ་ཡོངས་དང་མང་ཚོགས་ལ་དུས་རྒྱུན་དུ་སྐྱབས་འགྲོའི་ཁྲིད་དང་།མདོ་སྡེ་པདྨ་དཀར་པོ་སོགས་ཀྱིས་མཚོན་པའི་དཔེ་ཁྲིད་དང་།བཤད་ཁྲིད་སོགས་བུམ་པ་གང་བྱོའི་ཚུལ་གྱིས་བཀའ་དྲིན་བླ་ན་མེད་པ་བསྐྱངས་ཤིང་དགོན་པ་འདིའི་རྒན་པ་རྣམས་ཉམས་ལེན་དང་གཞོན་པ་རྣམས་སློབ་གཉེར་ལ་གཞོལ་ཅི་ཐུབ་བྱེད་པ་སོགས་སྲོལ་བཟང་མང་བོ་བཙུགས།

རྒྱུན་དུ་གསག་སྦྱང་དང་དཔེ་གཟིགས་ཁོ་ན་གནང་ཞིང་།མིང་དང་གོ་གནས་གྲགས་འབྱོར་རིགས་ལ་གཏན་ནས་ཐུགས་མི་དགྱེས་པས་ཤེས་པར་སྨྲ་བའི་མཁས་པ་དང་བླ་སྤྲུལ་གང་མང་གི་ཐུགས་རྒྱལ་བཅགས་ཤིང་གུས་པ་ལྷུར་ལེན་པར་གྱུར།དུས་རྒྱུན་པར་ཐུགས་ཆུང་གི་ཚུལ་དུ་བཞུགས་ཤིང་གནད་འགག་རེའི་སྐབས་པཎ་ཆེན་བཅུ་བ་ཆེན་པོའི་ཐུགས་སྟོབས་ལྷུར་བཞེས་ཤིང་མི་འཇིགས་ཐུགས་སྤོབས་ལ་མངའ་བརྙེས།ལོ་གཅིག་གི་དུས་ཚིགས་ཕལ་ཆེ་བར་མཚམས་ལ་བཞུགས།

ཕྱིས་སུ་དགོན་པ་ཅུང་ཙམ་ཇེ་རྒྱས་སུ་སོང་དུས་དགོན་པའི་བྱ་བ་ཆེ་ཕྲ་ཀུན་ལ་ཐུགས་བཀོད་ལེགས་པར་མཛད་ཅིང་།དགོན་པ་ནས་སྤྱི་ལེ་སུམ་ཅུ་ཡས་མས་ཀྱི་ས་ན་གནས་དབེན་པ་བཞུགས་ཁྲིའི་མཚམས་ཁང་ངམ་དུང་དཀར་རི་ཁྲོད་ཅེས་པའི་མཚམས་ཁང་བཟང་བོ་ཞིག་ཡོད་པ་དེར་ཕེབས་ནས་མཚམས་བསྙེན་པར་ལོ་དུ་མར་བཞུགས།བྱམས་ཁང་ཆེན་མོ་ལེགས་གྲུབ་བྱུང་རྗེས་བྱམས་སྐུ་རབ་གནས་བླ་མར་མཁས་ཤིང་གྲུབ་པའི་དབང་ཕྱུག་རྗེ་ཤར་གདོང་རིན་པོ་ཆེ་གདན་དྲངས་ཤིང་ཆོས་འབྲེལ་ཞུས།་རྗེ་ཤར་གདོང་རིན་པོ་ཆེས་ཁོང་གི་མཛད་པ་སྐྱོང་ལུགས་ཆ་ཚང་ལ་གཟིགས་པས་སྙུགས་མའི་དུས་ལ་འདི་འདྲ་དཀོན་གསུངས་ནས་བསྟོད་བསྔགས་མཛད།

གདུལ་བྱ་རྟག་འཛིན་རྣམས་ཆོས་ལ་བསྐུལ་ཕྱིར་༢༠༠༢ ལོའི༢ པའི་ཚེས༡༠ ཉིན་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་ཤིང་ཡི་དམ་ལྷའི་ཞལ་གཟིགས་གནང་ཚུལ་སོགས་བསམ་གྱིས་མི་ཁྱབ་པའི་རྟགས་མང་བོ་བྱུང་བ་རྣམས་གསང་བའི་མཛད་རྣམ་ཡིན་པས་འདིར་བརྗོད་པར་འཇིགས་སོ།།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།