དབལ་མང་པཎྜི་ཏ་སྐུ་ཕྲེང་རིམ་བྱོན་གྱི་མཚན་ཐོ།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2021-10-13 15:11:01         ཀློག་ཐེངས།  

དབལ་མང་སྐུ་ཕྲེང་དང་བོ་བློ་བཟང་དོན་གྲུབ། 1696-1757 སོག་པོའི་དབལ་མང་གི་ནང་ཚན་ཨ་གནམ་ཞེས་པའི་རུས་སུ་འཁྲུངས། བཀྲ་ཤིས་འཁྱིལ་གསར་ཚུགས་ཀྱི་གྲྭ་རྒྱུན་ཡིན། བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཁྲི་བ་དང་སོག་པོ་ཨུརྒེ་གྲྭ་ཚང་གི་ཁྲིར་བཞུགས། ཀུན་མཁྱེན་འཇིགས་མེད་དབང་བོ་དབུས་སུ་ཕེབས་སྐབས་ཀྱི་རྒྱལ་ཚབ་ལ་དབང་བསྐུར། 

དབལ་མང་སྐུ་ཕྲེང་གཉིས་པ་དཀོན་མཆོག་རྒྱལ་མཚན།1764-1853བླ་བྲང་བཀྲ་ཤིས་འཁྱིལ་གྱི་རྒྱུད་པའི་ཁྲི་བ་དང་ཚོགས་ཆེན་ཁྲི་བར་བཞུགས། ཀུན་མཁྱེན་བར་མའི་ཡང་སྲིད་འཚོལ་ཕྱིར་དབུས་ལ་ཕེབས་ཤིང་དགའ་ལྡན་ཁྲི་ལའང་མ་བཞུགས་པར་བླ་མའི་སྐུ་དོན་བསྒྲུབས་ཏེ་མདོ་སྨད་དུ་བྱོན། དེ་བཞིན་ཨ་མཆོག་དགོན་དང་རབ་རྒྱས་དགོན། བསྟན་འཕེལ་གླིང་བཅས་ཀྱི་ཁྲིར་བཞུགས། མདོ་སྨད་ཀྱི་ཕྱོགས་ཕྱོགས་སུ་སྒྲུབ་སྡེ་མང་དུ་ཚུགས། གསུང་འབུམ་པོད་བཅུ་གཅིག་བཞུགས། 

དབལ་མང་སྐུ་ཕྲེང་གསུམ་པ་འཇམ་དབྱངས་བསྟན་འཛིན་རྒྱ་མཚོ།  1859-1919 ཀླུ་ཆུའི་ཤིས་ཚང་དུ་འཁྲུངས། ཚོགས་ཆེན་ཁྲི་ལ་ལན་གཉིས་དང་ཀྱཻ་རྡོར་གྱི་ཁྲི་ལ་བཞུགས། དགུང་ལོ་ཞེ་ལྔ་བར་བླ་བྲང་གི་སྲིད་སྐྱོང་མཁན་པོར་བཞུགས། ཀུན་མཁྱེན་སྐལ་བཟང་ཐུབ་བསྟན་དབང་ཕྱུག་དགོངས་པ་ཆོས་དབྱིངས་སུ་བསྡུས་པའི་ཚུལ་མཛད་སྐབས་རྒྱལ་ཚབ་ཏུ་དབང་བསྐུར། 

དབལ་མང་སྐུ་ཕྲེང་བཞི་བ་འཇིགས་མེད་ཚུལ་ཁྲིམས་རྣམ་རྒྱལ། 1918-1957 ཁམས་ལི་ཐང་དུ་ཀུན་མཁྱེན་བསྟན་པའི་རྒྱལ་མཚན་གྱི་སྐུ་མཆེད་དུ་འཁྲུངས། བླ་བྲང་རྒྱུད་སྟོད་གྲྭ་ཚང་གསར་ཚུགས་ཀྱི་ཁྲི་བར་བཞུགས། བླ་བྲང་གི་ཕྱག་མཛོད་ཆེན་མོར་བཞུགས། ཀུན་མཁྱེན་བསྟན་པའི་རྒྱལ་མཚན་མཆོག་དགོངས་པ་རྫོགས་རྗེས་གསེར་ཁྲི་རྣམ་བཞིནདང་ཁྲི་གདན་ཟུར་ཐུན་མོང་ནས་རྒྱལ་ཚབ་ཏུ་མངའ་གསོལ་བ་ལྟར་ཞལ་གྱིས་བཞེས་ཤིང་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་བླ་བྲང་དུ་གདན་དྲངས་ཏེ་ཀུན་མཁྱེན་དྲུག་པ་ཆེན་མོ་ངོས་འཛིན་གནང་། 1952ལོར་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་སློབ་གཉེར་གནང་ཞིང་སི་ཁྲོན་དང་ཀན་སུའུ། མཚོ་སྔོན་བཅས་ཞང་ཆེན་གསུམ་གྱི་མཐའ་ཁུལ་སྲིད་གཞུང་ལས་དོན་ཨུ་ཡོན་ལྷན་ཁང་གི་གཙོ་འགན་བཞེས། རྨ་ཆུ་རྫོང་སྲིད་གཞུང་གི་གཙོ་འགན་བཞེས། 

དབལ་མང་སྐུ་ཕྲེང་ལྔ་བ་བློ་བཟང་དཔལ་ལྡན་རྒྱ་མཚོ། 1977-ད་ལྟ་མཛད་འཕྲིན་རྒྱས་པའི་སྐབས་ལགས་སོ། །༽ཀན་ལྷོ་མཛོད་དགེ་རུ་འཁྲུངས། བླ་བྲང་ཀྱཻ་རྡོར་གྲྭ་དང་རྨ་ཆུ་དངུལ་རྭ་དགོན་གྱི་ཁྲི་བ་མཛད། 

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།