གངས་ལྗོངས་མཁས་པའི་དབང་བོ་བསེ་ཚང་བློ་བཟང་དཔལ་ལྡན་མཆོག

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2021-09-03 07:57:21     རྩོམ་པ་པོ།   མི་གསལ།    ཀློག་ཐེངས།  

微信图片_20210903075747.jpg

༄༅།།གངས་ལྗོངས་བསྟན་པ་ཡང་དར་སྐབས་ཀྱི་བསྟན་པའི་གདུང་འཚོབ་ཟླ་མེད་པ། སྙིགས་དུས་ཀྱི་འབྲོམ་སྟོན་གཉིས་པའི་རྣམ་ཐར་བདག་གིར་མཛད་ཅིང་མཁས་བཙུན་བཟང་གསུམ་དང་འཆད་རྩོད་རྩོམ་གསུམ་སོགས་མཁས་དང་གྲུབ་པའི་ཡོན་ཏན་གྱི་དྲི་བསུང་ཕྱོགས་སུ་དཀྲིགས་པའི་ཆོས་ཀྱི་རྗེ་མ་ཧཱ་པཎྚི་ཏ་༧རྗེ་བཙུན་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ་མཆོག་ནི་སྤྱི་ལོ་༡༩༣༧ལོར་རེབ་གོང་ཐེ་བུ་རུ་སྐུ་འཁྲུངས་ཤིང་། དགུང་ལོ་གསུམ་གྱི་སྟེང་༧ ཀུན་གཟིགས་པཎ་ཆེན་དགུ་བ་ཆེན་པོའི་ལུང་བསྟན་བཞིན་བསེ་སྐུ་ཕྲེང་ལྔ་བའི་ཡང་སྲིད་དུ་ངོས་འཛིན་མཛད། 

 སྔ་རྗེས་སུ་དགེ་བའི་བཤེས་གཉེན་ཆེན་པོ་ཀུན་དགའ་རྒྱ་མཚོ་དཔལ་བཟང་པོ་དང་། གངས་ལྗོངས་ལྷ་མིའི་རྣམ་འདྲེན་དམ་པ་༧ གོང་ས་རྒྱལ་བའི་དབང་པོ་བཅུ་བཞི་བ་ཆེན་པོ། པཎ་ཆེན་བཅུ་བ་རྗེ་བཙུན་༧ བློ་བཟང་འཇིགས་མེད་ལྷུན་གྲུབ་འཕྲིན་ལས་ཆོས་ཀྱི་རྒྱལ་མཚན། མ་ཧཱ་པཎྚི་ཏ་རྗེ་འཇིགས་མེད་རིག་པའི་བློ་གྲོས། རྩ་བའི་བླ་མ་སྐྱབས་རྗེ་ཨ་རོལ་རིན་པོ་ཆེ་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན། ཤར་བདུན་པ་ཆེན་པོ་བློ་བཟང་འཕྲིན་ལས་ལུང་རྟོགས་རྒྱ་མཚོ། འབྲས་སྤུངས་དགེ་བཤེས་དབལ་ཤུལ་འཇམ་དབྱངས་རྒྱ་མཚོ། རབ་འབྱམས་པ་མགྲོན་ལུང་འཇམ་དབྱངས་གྲགས་པ། དུས་ཞབས་པ་མཁས་དབང་སྟག་ལྷ།  བཀྲ་ཤིས་འཁྱིལ་གྱི་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྗེ་དགེ་འདུན་རྒྱ་མཚོ་དཔལ་བཟང་པོ།  ཁ་གྱའི་སྒོམ་རྭའི་ཨ་ཁུ་རིན་པོ་ཆེ་རྗེ་ནི་རུའི་བསྟན་པ་ཚང་།  གཡེར་གཤོང་འཇམ་དབྱངས་དགེ་འདུན་རྒྱ་མཚོ་སོགས་དགེ་བའི་བཤེས་གཉེན་བཅུ་ཕྲག་གཉིས་སུ་ཉེ་བའི་ཞབས་ལ་གཏུགས་ཏེ་ཚད་མ་དང་དབུ་ཕར་མཛོད་འདུལ་སོགས་མདོ་ཕྱོགས་བཀའ་པོཏ་ལྔ་དང་།  སྔགས་རྒྱུད་སྡེ་བཞིའི་དབང་ལུང་དང་ཁྲིད་རྗེས་གནང་།  རྒྱུད་སྡེ་འོག་མའི་མཚན་བཅས་མཚན་མེད། བླ་མེད་ཀྱི་བསྐྱེད་རྫོགས་སོགས་རྒྱུད་སྡེ་རབ་འབྱམས་ཀྱི་ཁྲིད་དང་མན་ངག །  ལམ་སྒྲོན་དང་བྱང་ཆུབ་ལམ་རིམ་ཆེན་མོ་སོགས་བཀའ་གདམས་གསར་རྙིང་གི་བློ་སྦྱོང་མཐའ་ཡས་པའི་སྐོར།   འཕགས་བོད་ཀྱི་མཁས་གྲུབ་ལྔ་བཅུར་ཉེ་བའི་བསྟན་བཅོས་དང་གསུང་འབུམ་གྱི་བཀླག་ལུང་བཀའ་རྒྱ་མ་སོགས་གདམས་པ་མཐའ་དག་བུམ་པ་གང་བྱོའི་ཚུལ་དུ་གསན་ཏེ་སྙིགས་དུས་ཀྱི་བསྟན་པའི་བདག་པོ་འགྲན་ཟླ་མེད་པར་བཞེངས།  གཞན་སྒྲ་སྙན་རྩིས་གསུམ་དང་སུམ་རྟགས་དག་གསུམ་སོགས་ཀྱིས་མཚོན་ཐུན་མོང་རིག་གནས་ལ་ཡང་སྔོན་གྱི་བག་ཆགས་ཀྱི་ཤུགས་ཀྱིས་ཐོས་བསམ་སྒོམ་པ་མཐིལ་ཕྱིན་པ་གནང་སྟེ་འཆད་རྩོད་རྩོམ་གསུམ་ལ་གངས་རིའི་ལྗོངས་ཀྱི་མཁས་པ་དང་གྲུབ་པ་སུས་ཀྱང་བསྒྲུན་པའི་དཔེ་ཟླ་དང་བྲལ་བར་གྱུར།  བར་སྐབས་དུས་འགྱུར་འཐོར་རླུང་དྲག་པོའི་སེང་རས་ཀྱིས་ཐུན་མོང་གཞན་དོན་གྱི་མཛད་འཕྲིན་ཅུང་ཟད་བསྒྲིབས་པར་གྱུར་ནའང་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པའི་རང་མདངས་ཆེས་ཆེར་མངོན་ཏེ་བསྟན་པ་དང་འགྲོ་བའི་རྩ་ལག་དམ་པར་བཞེངས།  

   ཁོང་གི་སྐུ་ཚེ་གང་བོར་མཚོ་སྔོན་གྱི་རེབ་གོང་རོང་བོ་དགོན་ཆེན་གྱིས་གཙོས་གྱ་ས་འགར་རྩེ་དགོན་དང་། སེང་གེ་གཤོང་ཡ་འགོ་མ་འགོ །ཐོ་ཀྱ་དགོན། སྤེན་དཀར་ཐང་དགོན་པ། ཡི་སྒར་དགོན། གཉན་ཐོག་དགོན། རྩེ་ཁོག་ཁེ་རུས་བཀྲ་ཤིས་ཆོས་གླིང་དགོན། བིས་མདོའི་དགོན་ཆེན། རྐང་ཚའི་གསེར་ཁ་དགོན། བྱ་ཁྱུང་དགོན་ཐེག་ཆེན་ཡོན་ཏན་དར་རྒྱས་གླིང་། དཔའ་ལུང་སྟག་དགོན་པ། བྲག་ལུང་དགོན་དགའ་ལྡན་བཀྲ་ཤིས་ཆོས་གླིང་། ཀྱ་ཀྱའི་དགོན་ཐེག་ཆེན་ཆོས་གླིང་། ཟལ་མོ་དགེ་ལྡན་བཤད་སྒྲུབ་ཆོས་འཁོར་གླིང་། མཐུ་བ་དགོན། མདོ་བ་འབྲོག་དགོན་པ།  སི་ཁྲོན་གྱི་ཐང་སྐོར་སོག་ཚང་དགོན། ལྷ་མོ་ཀིརྟི་དགོན། དྲན་པ་དགོན། རྒྱ་དགེ་དགོན། ལུང་བཟང་རི་ཁྲོད།  ཀན་སུའུའི་གཏེར་ལུང་དགོན། གཙོས་དགའ་ལྡན་ཆོས་གླིང་། ཁ་གྱ་སྨད་དགོན་པ། ཁ་གྱ་སྟོད་དགོན་པ། མཛོད་དགེ་སྒར་རྙིང་དགོན། ཆོས་རྫོང་རྙིང་མ་དང་གསར་མའི་དགོན་གོང་འོག་གཉིས།  ཀླུ་ཆུའི་ཤིས་ཚང་སྒར་གསར། ཅོ་ནེ་དགོན་ཆེན་ཏིང་འཛིན་དར་རྒྱས་གླིང་། ཧོར་གཙང་ཀིརྟི་དགོན། ཡི་གེ་ཐང་དགོན་པ། འགོ་བ་ཐང་སྔགས་སྒར། ཤོ་བ་དགོན་པ། ཁང་ཐོག་དགོན་གོང་ཞོལ་གཉིས།  བཀྲ་ཤིས་སྒར།  རོང་ངར་དགོན།  གནམ་ལྷ་དགོན་སོགས་ཆོས་སྡེ་ལྔ་བཅུར་ཉེ་བར་དབང་ལུང་མན་ངག་གི་གདམས་པ་ཆུ་བོའི་རྒྱུན་ལྟར་གནང་བས་བསྟན་པའི་འཕེལ་འགྲིབ་ཀྱི་དབང་གིས་ཆོས་རྒྱུན་ཆད་ལ་ཉེ་བ་དག་སླར་ཡང་སོར་ཆུད་པར་མཛད་པ་དང་། སྔར་ཡོད་རྣམས་གོང་འཕེལ་དུ་མཛད་པ་ལས་རྗེས་འཛིན་ནུས་པའི་བུ་སློབ་ནམ་མཁའི་སྐར་ཚོགས་ལྟར་བསྐྲུན་པར་མཛད།

  མི་རིགས་ཀྱི་རིག་གནས་ལྟག་ཆུ་ཟད་པའི་རྗིང་བུ་ལྟར་གྱུར་བ་ན་ཐུགས་སྟོབས་རྒྱ་ཆེར་བཞེས་ཏེ་སློབ་གསོའི་གར་སྟེགས་སུ་ཕེབས་ནས་སྔ་ཕྱིར་ཀྲུང་དབྱང་མི་རིགས་སློབ་ཆེན་གྱིས་གཙོས་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དང་ནུབ་བྱང་མི་རིགས་སློབ་ཆེན། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་གླིང་། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཞིབ་འཇུག་གླིང་། མི་རིགས་དཔེ་སྐྲུན་ཁང་། བིས་མདོའི་པཎ་ཆེན་ཚད་མའི་སློབ་གླིང་། ཀན་ལྷོའི་མི་རིགས་སློབ་གྲྭ་དང་ཀན་ལྷོ་ཁུལ་བོད་རིགས་སློབ་འབྲིང་། རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་། ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་སོགས་སློབ་གྲྭ་སོགས་སུ་སྤྱི་ཚོགས་གསར་བའི་མི་རིགས་སློབ་གསོའི་ལས་དོན་ལ་བགྲང་བྱ་བཞི་བཅུ་ཉེ་བར་སློབ་ཁྲིད་དང་ཕྱག་ལས་གནང་བས་ས་གནས་མི་རིགས་རང་གི་སྐད་ཡིག་དང་རིག་གནས་འཕེལ་རྒྱས་ལ་སྲོག་མཐུད་པ་ལྟར་སོང་བས། དེང་དུས་མཚོ་སྔོན་དང་ཀན་སུའུ་ས་ཆའི་མི་རིགས་སློབ་གསོིའི་རྐང་འཛིན་དུ་གྱུར་པའི་དགེ་རྒན་རྣམས་ལས་ཕལ་ཆེར་ཁོང་གི་གསུང་གི་སྲས་སུ་མ་གྱུར་པ་མེད། དུས་རབས་གསར་རྙིང་གི་བརྗེ་མཚམས་སུ་བླ་མ་སྤྱི་ལྟར་དགོན་སྡེ་འབའ་ཞིག་ཏུ་འཆད་ཉན་མཛད་པ་ཙམ་མིན་པར་མི་རིགས་སློབ་གསོ་ལ་གཞན་འགྲན་མེད་པའི་ཕྱག་རྗེས་ཟབ་ཅིང་རྒྱ་ཆེ་བ་བཞག་པ་འདི་འདྲ་ནི་གངས་རིའི་ལྗོངས་སུ་ཁོང་ལྟ་བུ་གཅིག་གཉིས་ཙམ་ལས་མེད་པ་ནི་ཀུན་གྱིས་མཁྱེན་གསལ་ལྟར་རོ། ། 

    ཁོང་རིན་པོ་ཆེས་སྔ་ཕྱིར་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ལས་འཛིན་དང་། ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློང་གླིང་གི་རྒྱུན་ཞིབ་འཇུག་པ། ཀན་སུའུ་ཞིང་ཆེན་སྲིད་གྲོས་ཀྱི་རྒྱུན་ཨུ། ཀན་སུའུ་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀན་སུའུ་ཞིང་ཆེན་དམངས་སྲོལ་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་གཞོན་པ། ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་གི་སློབ་གཙོ་གཞོན་པ་དང་བོད་སྐད་ཡིག་རྩོམ་རིགས་ཀྱི་སློབ་དཔོན་ཆེན་མོ། ཀན་ལྷོ་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སོགས་ཀྱི་འགན་བཞེས་མྱོང་བ་དང་། སྔ་ཕྱིར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོག་ཐོབ་དང་། ཀྲུང་གོ་བོད་རིག་པའི་ཞིབ་འཇུག་གི་ཇོ་མོ་གླང་མའི་གཟེངས་རྟགས། ཀན་སུའུ་ཞིང་ཆེན་གྲངས་ཉུང་མི་རིགས་ས་ཁུལ་གྱི་ཕུལ་བྱུང་ཤེས་ཡོན་པའི་གཟེངས་རྟགས། ཀན་སུའུ་ཞིང་ཆེན་སྐབས་དང་པོའི་དགེ་རྒན་གྲགས་ཅན་གྱི་གཟེངས་བསྟོད་དང་།   ཁོང་གི་གསུང་རྩོམ་རྣམས་ལས་ཚངས་སྲས་བཞད་སྒྲ་ལ་བྱང་ཕྱོགས་ཞིང་ཆེན་དང་གྲོང་ཁྱེར། ས་ཁུལ་བཅོ་ལྔའི་ཕུལ་བྱུང་དཔེ་དེབ་ཀྱི་བྱ་དགའ། ཀན་སུའུ་ཞིང་ཆེན་སྤྱི་ཚོགས་ཚན་རིག་གི་ཕུལ་བྱུང་གྲུབ་འབྲས་བྱ་དགའ་དང་ཀན་སུའུ་ཞིང་ཆེན་མཐོ་རིམ་སློབ་གྲྭའི་ཕུལ་བྱུང་སློབ་དེབ་ཀྱི་བྱ་དགའ། བསེ་ཚང་གསུང་འབུམ་ལ་སློབ་གསོ་པུའུ་ཡི་སྐབས་དྲུག་པའི་རྒྱལ་ཡོངས་མཐོ་རིམ་སློབ་གྲྭའི་ཚན་རིག་ཞིབ་འཇུག་གི་ཕུལ་བྱུང་གྲུབ་འབྲས་ཨང་གཉིས་པའི་བྱ་དགའ་ཐོབ། 

 ༢༠༡༩ལོར་ཀྲུང་གོ་ཀྲུང་དབྱང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཀྲུང་དབྱང་དམག་ཨུ་ནས་མཉམ་འབྲེལ་གྱིས་རྒྱལ་ཁབ་བཙུགས་ནས་ལོ་བདུན་ཅུ་ལོན་པའི་གཟི་བརྗིད་མཚན་སྙན་སྩལ།   དམ་པ་གང་ཉིད་སྐུ་ཚེ་གང་བོར་ཆེན་པོ་བོད་ཀྱི་ཆོས་དང་རིག་གཞུང་གི་དོན་དུ་ཐུགས་ཁུར་ཆེས་བཞེས་ཀྱི་གཞན་ཕན་རླབས་ཆེན་གྱི་མཛད་པ་ཐུགས་ལ་བཏེགས་ཏེ་དགུང་གྲངས་གྱ་བཞི་བཞེས་ཐོག་འགྲོ་བ་སེམས་ཅན་གྱི་ལས་དང་བསོད་ནམས་གདུལ་བྱ་རྟག་འཛིན་ཅན་རྣམས་ལ་མི་རྟག་པའི་སྣང་ཚུལ་སྟོན་བཞིན་༢༠༢༡ལོའི་ཧོར་ཟླ་༧པའི་ཚེས་༢༦ལ་རེ་ཞིག་གཟུགས་སྐུའི་བཀོད་པ་བསྡུས་པའི་ཚུལ་མཛད་དོ།།


赛仓如意法坛ལས་བཤུས།

བརྒྱུད་འགོད།