༧མཚུངས་མེད་སྐྱབས་མགོན་སྐུ་ཕྲེང་ལྔ་བའི་ཡོངས་འཛིན་རིན་པོ་ཆེའི་གསོལ་འདེབས་རྣམ་ཐར་མདོར་བསྡུས་སྐལ་ལྡན་ རྗེས་འཛིན་བཞུགས་སོ། །

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2021-06-08 22:52:04     རྩོམ་པ་པོ།   ངག་དབང་ཚུལ་ཁྲིམས།    ཀློག་ཐེངས།  

微信图片_20210609071406.jpg

༄༅། ། ན་མོ་གུ་རུ་མཉྫུ་གྷོ་ཥ་ཡ། བླ་མ་འཇམ་དབྱངས་ཞི་ཁྲོའི་ལྷ་ཚོགས་དང་། །ཚེ་ལྷ་གསུམ་དང་ལྷག་པའི་ལྷ་རྣམས་ཀྱིས། །དགྱེས་པའི་གར་གྱིས་གནས་འདིར་བྱིན་ཕོབས་ལ། །ཤིས་བརྗོད་དབྱངས་ཀྱི་ཨུཏྤལ་མེ་ཏོག་འཐོར། །རྨད་བྱུང་མཚན་དཔེས་སྤྲས་པའི་ཡོན་ཏན་སྐུ། །ཡན་ལག་དྲུག་ཅུའི་དབྱངས་ལྡན་རབ་གསལ་གསུང་། །དྲི་མེད་ཟླ་བྲལ་མཁྱེན་པ་རྒྱས་པའི་ཐུགས། །མཆོག་གསུམ་འདུས་པའི་ཞལ་གཟིགས་ཤིས་པ་སྩོལ། །དགེ་ལེགས་ཡོན་ཏན་གཟི་འོད་འབུམ་བཀྲ་ཞིང་། །རབ་གསལ་མཁྱེན་དང་བརྩེ་བའི་འགྲོས་གཉིས་པ། །ཐུབ་བསྟན་པད་ཚལ་རྒྱས་མཛད་ཆོས་ཀྱི་རྗེ། །མཁས་གྲུབ་ཉིན་བྱེད་དབང་བོར་གསོལ་བ་འདེབས། །སྐྱབས་མགོན་སྐུ་ཕྲེང་ལྔ་བ་ཡབ་སྲས་གཉིས། །རྐྱེན་ངན་དབང་གིས་སོ་སོར་བཞུགས་པའི་ཚེ། །ཡབ་ཀྱི་རྣམ་ཐར་ང་ལ་སྤྲོད་དགོས་གསུངས། །རྡོ་རྗེ་ཚིག་འདི་བདག་གི་སྙིང་དབུས་བཞུགས། ། འཇམ་དབྱངས་བླ་མའི་རྣམ་ཐར་རྒྱ་མཚོ་ལས། །བློ་དམན་བདག་གི་དད་པ་སྤེལ་བའི་ཕྱིར། །སྐྲ་ཡི་ཉག་མ་གཅིག་གི་རྩེ་མོའི་ཆུ། །ཙམ་ཞིག་བརྗོད་པས་འགྲོ་བའི་མུན་པ་སེལ། །ཤིང་ཕོ་རྟ་ལ་དར་ལྔའི་རྒྱན་སྤྲས་ཚེ། ། ཡབ་ཀྱི་མཚན་ནི་བློ་བཟང་ཚེ་རིང་དང་། །ཡུམ་གྱི་མཚན་ནི་སྒྲོལ་མཚོ་ཞེས་བྱ་བར། །སྣོད་ཀྱི་སྐྱོན་གསུམ་སྤངས་པའི་སྲས་གཅིག་འཁྲུངས། །བྱིས་པའི་དུས་ནས་དགེ་བཅུའི་ལས་ལ་སྤྲོ། །དགུང་ལོ་བདུན་ནས་སྟག་ཚང་ལྷ་མོ་ཞེས། །ཆོས་ཀྱི་རྒྱལ་མཚན་སྲིད་རྩེར་སྒྲེང་བའི་དགོན། །རྨད་བྱུང་ཐོས་བསམ་གླིང་གི་ཆོས་གྲྭར་ཞུགས། །རབ་བྱུང་རྔ་བ་བློ་བཟང་ཤེས་རབ་དང་། །མཁན་ཆེན་འཇིགས་མེད་རྒྱ་མཚོས་གཙོ་བྱས་པའི་། །བཤེས་གཉེན་དུ་མའི་ཐུགས་ཀྱི་ཡོན་ཏན་རྣམས། །ལེགས་པར་གསན་ནས་གཞན་ལ་རྒྱ་ཆེར་སྤེལ། །མགོན་པོ་གང་གིས་གཞན་དོན་བསྒྲུབ་པའི་ཕྱིར། །རྒྱལ་བའི་གསུང་གི་མཛད་པ་ཁུར་དུ་བཞེས། ། རླབས་ཆེན་རྒྱ་ཆེན་ཚོགས་གཉིས་བསགས་པའི་གྲངས། །མཁས་གྲུབ་བྱེ་བའི་ཚོགས་ཀྱིས་བརྗོད་མི་ནུས། །སྔོན་བསགས་བསོད་ནམས་རྒྱ་ཆེན་ལས་འཁྲུངས་པའི། །མདོ་སྔགས་ཟུང་འབྲེལ་གཡས་འཁྱིལ་དུང་གི་སྒྲ། །འགགས་མེད་རབ་གསལ་ཕྱོགས་བཅུར་སྒྲོག་པའི་མཐུས། །ལུས་ཅན་རྣ་བའི་རེ་བ་བསྐོང་བར་ཤོག །རིགས་བརྒྱའི་ཁྱབ་བདག་འཁོར་ལོའི་མགོན་པོ་གང་། །རྒྱལ་བ་ཐམས་ཅད་མ་ལུས་འདུས་བའི་སྐུ། །ཁྱོད་གསུང་སྙན་བརྒྱུད་གདམས་ངག་བདུད་རྩིའི་རྒྱུན། །སྐལ་ལྡན་སྙིང་གི་བུམ་བཟང་གང་བར་ཤོག །འགྲོ་ཀུན་ཐར་བའི་ལམ་ལ་ཁྲིད་པའི་ཕྱིར། །བཀའ་པོད་ལྔ་དང་གསང་ཆེན་རྒྱུད་སྡེ་བཞིའི། །དགོངས་དོན་འཆད་ལ་མཁྱེན་པའི་ཟླ་བྲལ་བའི། །ལུས་ཅན་ཕན་བདེའི་ས་ལ་འགོད་པར་ཤོག །སྨན་དང་སྒྲ་རྩིས་སྙན་དངགས་སུམ་རྟགས་དང་། །ལཉྫ་ཝརྟུ་ཧོར་ཡིག་སྔགས་ཏི་དང་། །འབྲི་ཚ་ཡིག་བྱང་དཀར་ནག་ཆེ་འབྲིང་ཆུང་། །ཐིག་རྩ་སྣ་ཚོགས་ཚོན་གྱི་བཀྱེས་ཚུལ་བཞེས། །བསྟན་འགྲོའི་ཕན་བདེ་སྤྱི་དང་བྱེ་བྲག་ཏུ། །དྷྭ་ཛ་སིང་ཧའི་མདོ་སྔགས་ཟུང་འབྲེལ་བསྟན། །ཉི་ཟླའི་དཔལ་ལྟར་རྒྱས་པའི་མཛད་ཆེན་དང་། །དེའི་ཚེ་སྲུང་མའི་ཚོགས་རྣམས་བྲན་དུ་འཁོལ། །དེ་ལྟར་ཐུགས་ཀྱིས་ལན་མང་མ་གཟིགས་ན། །སྣོད་ཀྱི་སྡུག་བསྔལ་ལྕགས་བསྲེགས་ས་གཞི་དང་། །བཅུད་ཀྱི་སྡུག་བསྔལ་ཚ་གྲང་བཀྲེས་སྐོམ་སོགས།  །ལྷག་བསམ་རྣམ་པར་དཀར་བའི་དར་ཆེན་ཕྱར། །བརྩོན་འགྲུས་ལྷོད་པ་མེད་པའི་རླུང་གིས་བསྐྱོད། །ཐོས་བསམ་སྒོམ་པའི་གྲུ་གཟིངས་ལེགས་བསྡམས་ནས། །ལུས་ཅན་འཁོར་བའི་མཚོ་ལས་སྒྲོལ་བར་ཤོག །ཡོན་ཏན་གྲུ་གཟིངས་རྒྱལ་བའི་རིན་ཆེན་མཆོག །མཚུངས་མེད་བླ་མས་མཚན་ལམ་གསལ་བར་རྨིས། ། བདག་གཞན་མ་ལུས་སྨོན་ཚིག་བརྗོད་པ་བཞིན། །འཁོར་མཚོའི་ཕ་རོལ་ཕྱིན་པར་ཞལ་ནས་གསུངས། །ཕན་བདེ་འབྱུང་གནས་རྒྱལ་བ་སྲས་བཅས་རྣམས། །མངོན་སུམ་བྱོན་ནས་ཡང་ཡང་ཞལ་གཟིགས་གནང་། །བདེན་ཚིག་སྨྲ་ཞིང་ཚུལ་ཁྲིམས་མིག་འབྲས་ལྟར། །བསྲུངས་པའི་ཕན་ཡོན་རྒྱུན་པར་ཞལ་ནས་གསུངས། །མཚུངས་མེད་བླ་མས་རླབས་ཆེན་མཛད་པ་དང་། །བདག་གཞན་དུས་གསུམ་རྣམ་དཀར་གང་བསགས་པ། །ཐམས་ཅད་གཅིག་བསྡུས་ཚད་མེད་གང་གཱའི་རྒྱུན། །མྱར་ཏུ་བཟང་སྤྱོད་གཞུང་ལྟར་བསྔོས་ཞེས་གསུངས། །དུས་ངན་འགྲོ་བའི་སྡུག་བསྔལ་སྣ་ཚོགས་དང་། །ཉི་ཟླའི་བགྲོད་ལམ་སྒྲ་ཅན་གནས་པའི་ཚེ། །རང་ལོ་རེ་བདུན་རྒྱལ་ཀུན་བགྲོད་གཅིག་ལམ། །སྐུ་གསུམ་ལམ་འཁྱེར་མྱུར་ཏུ་ངོས་སྤྲོད་གསུངས། །ལོ་དེར་དོན་ལྡན་འབྲེལ་བའི་རྒྱུ་སྐར་ལ། །གཟིགས་ནས་ས་ཀའི་ཚེས་པས་ཉིན་ཕྱེད་དེར། །ཕ་ཡི་ཁྱིམ་ལ་བུ་ནི་ཇི་བཞིན་དུ། །དགའ་སྤྲོའི་སྒོ་ནས་བགྲོད་དགོས་ཐུགས་ལ་དགོངས། །ལྕགས་ཕོ་བྱི་ལོའི་བརྒྱད་པའི་ཚེས་བདུན་གྱི། །ཉིན་ཕྱེད་དུས་སུ་མྱ་ངན་འདའ་ཚུལ་བསྟན། །རགས་པ་འབྱུང་བཞི་སྟོང་གསུམ་རིམ་གྱིས་ཐིམ། །ཐམས་ཅད་སྟོང་བ་འོད་གསལ་ཆོས་སྐུའི་ངང་། །ཉིན་ཞག་བདུན་ལ་ཉལ་སྟབས་ཚུལ་དུ་བཞུགས། །ཐུགས་དམ་གྲོལ་ཞེས་ཡང་ཡང་སྙན་གསན་ཕུལ། །རིམ་བཞིན་བྱང་སེམས་དཀར་དམར་བབས་པ་དང་། །ཐུགས་དམ་གྲོལ་བའི་རྟགས་མཚན་སྣ་ཚོགས་སྣང་། །ཆིབས་སུ་རྟ་དཀར་སྟེང་དུ་སྤྱན་དྲངས་ཚེ། །སྤྲིན་འཁྲིགས་ཆར་བབ་སྙན་པའི་འབྲུག་སྒྲས་སྐྱེལ། །གློག་གི་ཞགས་པས་དུར་བདག་དབང་དུ་བསྡུས། །མྱུར་མགྱོགས་རླུང་གི་ཤུགས་ལྟར་མདུན་ནས་བསུ། །ས་ཡི་སྲུང་བཞི་ཚང་བའི་དཀར་མོ་ཞེས། །དག་ཞིང་བགྲོད་པའི་གདོང་ལམ་མཁའ་ལ་འཕྱོ།།གླང་ཆེན་རྒྱན་ཆས་སྤྲས་འདྲའི་དུར་ཁྲོད་དབུས། །འགྲོ་མགོན་གཙུག་གི་ནོར་བུས་རབ་ཏུ་བརྒྱན། །དུར་ཁྲོད་གནས་ནས་ཞག་བདུན་གདུང་ལ་བཞུགས། །འབྲུག་གི་དུས་སུ་ཤར་དང་ཤར་ལྷོའི་ཕྱོགས། །སྐུ་ཡི་ཤ་ཁྲག་རུས་པ་ཚོགས་སུ་སྣང་། །ཕྱོགས་དེར་སྐྱེས་པ་སྤྲུལ་སྐུའི་འགྲོ་དོན་མཛད། །དེ་ལྟར་ཕྱག་འཚལ་ཀུན་བཟང་མཆོད་སྤྲིན་འབུལ། །སྡིག་ལྟུང་བཤགས་ཤིང་དགེ་ལ་རྗེས་ཡི་རང་། །ཟབ་རྒྱས་ཆོས་འཁོར་བསྐོར་ཕྱིར་བརྟན་པར་བཞུགས། །དུས་གསུམ་དགེ་ཚོགས་བཟང་སྤྱོད་གཞུང་ལྟར་བསྔོ། ། འཇམ་དབྱངས་བླ་མའི་ཐུགས་ཀར་པད་ཟླའི་སྟེང་། །མཚན་གྱི་སྔགས་དང་ཨ་ར་པ་ཙ་ཡི། །སྔགས་འཕྲེང་ཁ་དོག་དམར་སེར་གཟི་འོད་འཕྲོ། །རང་གཞན་སྒྲིབ་གཉིས་སྤྲིན་གྱི་ཕུང་བོའི་ཚོགས། །ལན་གཅིག་ཙམ་ཞིག་བཟླས་པས་སྐྱོན་དང་བྲལ། །དགེ་སེམས་སྟོབས་ཀྱིས་སྔགས་འཕྲེང་མང་བཟླས་ན། །བདག་དང་མཁའ་མཉམ་འགྲོ་བ་མ་ལུས་པར། །བློ་གྲོས་ཟབ་གསལ་མྱུར་བ་རྒྱ་ཆེ་བའི། །གཟུངས་སྤོབས་ཤེས་རབ་སྣང་བ་ཐོབ་པར་ཤོག །ཨོཾ་ཨཱཿགུ་རུ་གུ་ན་པྲ་ཏོ་ཀ་སརྦ་སི་དྡྷི་ཧཱུཾ་ཧཱུཾ། ཨོཾ་ཨ་ར་པཙན་དྷཱིཿ འདི་ཡི་དགེ་བས་བདག་གཞན་མ་ལུས་པ། །བླ་མ་འཇམ་དབྱངས་ཞི་ཁྲོས་རྗེས་བཟུང་སྟེ། །མདོ་སྔགས་ཟུང་འབྲེལ་ལམ་བཟང་མཐར་ཕྱིན་ནས།།ཀུན་ཏུ་གཟིགས་པའི་གོ་འཕང་མྱུར་ཐོབ་ཤོག །ས་གཞི་སྤོས་ཀྱིས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །རྗེ་བཙུན་བླ་མ་དམ་པ་ཁྱེད་རྣམས་ཀྱི། །ཆོས་སྐུའི་མཁའ་ལ་མཁྱེན་བརྩེའི་ཆུ་འཛིན་འཁྲིགས། །ཇི་ལྟར་འཚམ་པའི་གདུལ་བྱའི་འཛིན་མ་ལ། །ཟབ་རྒྱས་ཆོས་ཀྱི་ཆར་བ་དབབ་དུ་གསོལ། །རྗེ་བཙུན་བླ་མ་སྐུ་ཚེ་རབ་བརྟན་ཅིང་། །རྣམ་དཀར་འཕྲིན་ལས་ཕྱོགས་བཅུར་རྒྱས་པ་དང་། །བློ་བཟང་བསྟན་པའི་སྒྲོན་མེས་ས་གསུམ་གྱི། །འགྲོ་བའི་མུན་སེལ་རྟག་ཏུ་གནས་གྱུར་ཅིག །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །མྱུར་མཛད་མགོན་པོ་མ་ཧཱ་ཀ་ལ་སོགས། །བསྟན་སྲུང་རྒྱ་མཚོའི་ཚོགས་ཀྱིས་མངོན་སུམ་དུ། །འཇམ་དབྱངས་བླ་མའི་ཐུགས་ཀྱི་བཞེད་དོན་རྣམས།  གེགས་མེད་ལྷུན་གྱིས་འགྲུབ་པའི་གྲོགས་མཛོད་ཅིག །བཤེས་གཉེན་འཁྲུངས་དང་གཤེགས་ཡུལ་གཉུག་མར་གནས། །གཟི་ཆེན་སྨུག་པོ་གཏེར་བདག་དུང་གཙུག་སོགས། །དཀར་ནག་འཕྲིན་ལས་མངའ་བ་ཁྱེད་རྣམས་ཡིད། །ཆོས་ཀྱིས་ཚིམས་ནས་རྫོགས་བྱང་མྱུར་ཐོབ་ཤོག །མདོར་ན་བདག་སོགས་ཚེ་རབས་ཐམས་ཅད་དུ། །འཇམ་དབྱངས་བླ་མས་འབྲལ་མེད་རྗེས་བཟུང་ནས། །དག་ཞིང་སྤྱི་དང་ཀུན་གཟིགས་ཞིང་མཆོག་ཏུ། །སྲས་ཀྱི་ཐུ་བོར་འགྱུར་བར་བྱིན་གྱིས་རློབས། །ས་ལམ་རྩ་བ་བཤེས་གཉེན་ཚུལ་བཞིན་དུ། །བསྟེན་པའི་ཁུར་འཛིན་རྟག་ངུའི་མཛད་བཟང་ལྟར། །བདག་ཅག་རྣམས་ཀྱིས་བཀའ་བཞིན་སྒྲུབ་ལ་བརྩོན།།འཇམ་དབྱངས་བླ་མས་འབྲལ་མེད་རྗེས་འཛིན་གསུངས། །བསྟན་འགྲོའི་ཕན་བདེ་སྤྱི་དང་ཁྱད་པར་དུ། །དྷྭ་ཛ་སིང་ཧའི་མདོ་སྔགས་ཟུང་འབྲེལ་བསྟན། །ཉི་ཟླའི་དཔལ་ལྟར་རྒྱས་པའི་འཕྲིན་ལས་ཀུན། །ཡི་དམ་རྡོ་རྗེ་འཇིགས་བྱེད་གཉེར་གཏད་གསུངས། །རྨད་བྱུང་མཚན་ལྡན་རྩ་བའི་བླ་མ་དང་། །དབྱེར་མེད་འཇམ་དབྱངས་ཞི་ཁྲོའི་མཐུ་སྟོབས་ཀྱིས། །ངན་སོང་གསུམ་སོགས་ཉམ་ཐག་འགྲོ་བ་ཀུན། །སྒྲོལ་ལ་སྐུ་གསུམ་གོ་འཕང་མྱུར་ཐོབ་ཤོག །འདིས་མཚོན་དགེ་བས་མ་རྒན་འགྲོ་བ་དང་། །ཤ་ཁྲག་ཟོས་པའི་དུད་འགྲོ་མ་ལུས་པས། །ས་བཅུ་ལམ་ལྔའི་བགྲོད་པ་མཐར་ཕྱིན་ནས། །འཇམ་དབྱངས་བླ་མའི་གོ་འཕང་མྱུར་ཐོབ་ཤོག ། འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། །ཀུན་ཏུ་བཟང་བོ་དེ་ཡང་དེ་བཞིན་དུ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཕྱིར། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས། །བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་དེས། །བདག་གི་དགེ་བའི་རྩ་བ་འདི་ཀུན་ཀྱང་། །བཟང་བོ་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི། །མཚུངས་མེད་སྐུ་འཕྲེང་ལྔ་བའི་གསུང་བཞིན་དུ། །རྣམ་ཐར་མདོར་བསྡུས་སྐལ་ལྡན་རྗེས་འཛིན་འདི། །མཁན་ཆེན་ཤི་ལའི་ངག་ནས་རྩོམ་པའི་འབྲས། །འགྲོ་བ་ཀུན་ཀྱང་རྣམ་མཁྱེན་མྱུར་ཐོབ་ཤོག །

ལྷ་མོ་ཀིརྟི་དགོན་གྱི་གྲྭ་རིགས་དགེ་སློང་ངག་དབང་འཕྲིན་ལས་ཀྱིས་ཡི་གེ་བགྱིས། རྒན་པོ་གདུགས་དཀར་དོན་གྲུབ་ཀྱིས་ཤོག་བུའི་མཐུན་རྐྱེན་སྒྲུབ།

རྩོམ་སྒྲིག་པ། ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།