རྗེ་དགེ་འདུན་རྒྱ་མཚོ་དཔལ་བཟང་བོའི་ཞལ་སྔ་ནས་ཀྱི་རྣམ་ཐར་ས་བོན་འཚོལ་བཞིན་ཡོད།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ     སྤེལ་དུས།  2021-02-05 10:25:12     རྩོམ་པ་པོ།   ཤེས་རབ་་བསྟན་དར་གྱིས་སྒྲིག    ཀློག་ཐེངས།  

རྗེ་དགེ་འདུན་རྒྱ་མཚོ་མཆོག་མཛོད་དགེ་སྒར་སར་ཕེབས་ནས་འཕྲིན་ལས་སྤེལ་ཚུལ།

༄༅། །མདོ་སྔགས་རིག་གནས་དང་བཅས་པའི་ཕ་མཐར་སོན་ཞིང་།ཡང་དར་བསྟན་པའི་རྒྱལ་མཚན་མཁའ་རུ་སྒྲེང་བའི་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ།༧ མཚན་བརྗོད་པར་དཀའ་བ། ༧དོན་གྱི་སླད་དུ་མཚན་ནས་སྨོས་ཏེ། ༧རྗེ་བཙུན་དགེ་ འདུན་རྒྱ་མཚོ་དཔལ་བཟང་བོའི་ཞལ་སྔ་ནས་ཀྱི་རྣམ་ཐར་གྱི་ས་བོན་ཙམ་བསྡུ་བའི་ཆེད་དུ་ངེད་དགེ་ལུགས་དྲ་བའི་ཆེད་དུ་རྣམ་ཐར་ས་བོན་བཀོད་དང་འགོད་བཞིན་ཡོད་ཁྱེད་རྣམ་པས་ལོ་ཟླ་ཚེས་གང་ཞིག་ལ་རང་རང་གི་དགོན་པ་དང་ས་གནས་ལ་ཕེབས་པ། བཀའ་ཆོས་སམ།དཔེ་ཁྲིད་གནང་བ་གསལ་བོར་བྲིས་ནས་བསྐུར་ན་འདིར་འགོད་ངེས་ཡིན།

1932རབ་རྒྱལ་ཆུ་སྤྲེལ་ལོར་མདོ་སྨད་ཀྱི་སོག་པོའི་རྒྱུད་དུ་ཡབ་དཀོན་མཆོག་སྐྱབས་དང་ཡུམ་ལྷ་མོ་གཉིས་ཀྱི་སྲས་སུ་འཁྲུངས།

1937དགུང་ལོ་ལྔར་སོན་པའི་ཚེ་པཎ་ཆེན་སྐུ་ཕྲེང་དགུ་བ་རྗེ་བཙུན་ཆོས་ཀྱི་ཉི་མ་མཆོག་བླ་བྲང་བཀྲ་ཤིས་འཁྱིལ་དུ་དུས་འཁོར་དབང་ཆེན་གནང་བར་མཇལ། བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ནས་རྗེ་བཙུན་འཇིགས་མེད་འཕྲིན་ལས་རྒྱ་མཚོ་དཔལ་བཟང་བོ་ལས་རབ་བྱུང་དང་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་བཞེས། དགེ་བའི་བཤེས་གཉེན་སངས་རྒྱས་རྒྱ་མཚོ་བ་གནས་ཀྱི་སློབ་དཔོན་དང་ཀློག་གི་སློབ་དཔོན་དུ་བསྟེན་ཏེ་ཅི་གསུང་བཀའ་བཞིན་བསྒྲུབས།

1980 ལྕགས་ཕོ་སྤྲེལ་ལོར་རྗེ་འཇམ་དབྱངས་བློ་བཟང་བསྟན་དར་དང་། རྗེ་བཙུན་དགེ་འདུན་རྒྱ་མཚོ་དང་། རྗེ་བཙུན་འཇམ་དབྱངས་རྒྱ་མཚོ་ཞལ་སྔ་ནས་གསུམ་གྱིས་ཟླ་གཅིག་ལྷག་ལ་བླ་བྲང་གི་དཔེ་རྙིང་འཐོར་བ་དག་ལེགས་སྒྲིག་གནང་།(རྗེ་འཇམ་དབྱངས་བློ་བཟང་བསྟན་དར་གྱི་རྣམ་ཐར)

1987ལོར་པཎ་ཆེན་རིན་པོ་ཆེའི་ཐུགས་དགོངས་ལྟར་ནང་བསྟན་མཐོ་རིམ་སློབ་གླིང་དུ་དགེ་རྒན་གནང་།

མེ་ཡོས་ལོ་སྤྱི་ལོ་༼1987༽ལོར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོརྗེ་དགེ་འདུན་རྒྱ་མཚོ་མཆོག་ལ་རྗེ་བསྟན་པའི་སྒྲོན་མེས་ཕྱག་གིས་བཏབ་པའི་མཛོད་དགེ་སྒར་སར་དགོན་པས་ཆོས་འབྲེལ་ཐོག་མར་ཞུས་ཏེ། ཁོང་གིས་སྐྱབས་ཁྲིད་རྒྱས་པར་གནང་། (ཡིག་གཏག་པ་མཛོད་དགེ་འཇིགས་མེད་རྒྱ་མཚོའམ་སྒྱིས་སྨྱུག་དགའ་ནས། 2021ལོའི་ཟླ་2བའི་ཚེས་1ཉིན།  འབྲེལ་ཡོད་རྒྱུ་ཆ། མཛོད་དགེ་སྒར་སར་ཕྱོགས་ཀྱི་མཐོང་ཐོས་མྱོང་གསུམ་ཞེས་པའི་དཔེ་དེབ། )

1989ལོ་རྡོ་རམས་པའི་དམ་བཅའ་བཞག གདན་ས་བཀྲ་ཤིས་འཁྱིལ་བའི་རྒྱུད་པའི་ཁྲི་བར་བཞུགས།

1991ནས་1993ལོའི་བར་རྗེ་གུང་ཐང་བསྟན་པའི་དབང་ཕྱུག་གི་ཁྲི་ཚབ་ཏུ་བཞུགས།

1993ལོའི་ཟླ་དྲུག་པར་གདན་ས་བཀྲ་ཤིས་འཁྱིལ་བའི་ཚོགས་ཆེན་ཁྲི་བར་བཞུགས།

1996ལོའི་ཟླ་དྲུག་པར་གདན་ས་བཀྲ་ཤིས་འཁྱིལ་བའི་ཚོགས་ཆེན་ཁྲི་ཟུར་གནང་།

རབ་བྱུང་བཅུ་བདུན་པའི་འཛིན་བྱེད་ཅེས་པ་མེ་ཕོ་བྱི་བ་༼1996༽ལོར་དམ་པ་ཁོང་ཕེབས་ནས་རང་དགོན་མཛོད་དགེ་སྒར་སར་དུ་ཕེབས་ནས་འགྲེལ་བ་བཞི་སྦྲགས་ཀྱི་བཤད་ལུང་གནང་། ད་དུང་ལོ་དེར་འཇམ་དཔལ་ཞལ་ལུང་དང་། བླ་མ་རྒྱུན་མཆོད་ཀྱི་ཁྲིད་སོགས་གནང་། ལམ་རིམ་བསྡུས་དོན། བློ་སྦྱོང་ཚིག་བརྒྱད་མའི་བཤད་ལུང་། གསོལ་འདེབས་དབང་གི་རྒྱལ་བོའི་ཕྲེང་མཛེས། འཇམ་དབྱངས་གང་བློ་མ། དམིགས་བརྩེ་མ། ཨ་ར་པ་ཙ། ཀུན་མཁྱེན་སྐུ་ཕྲེང་དྲུག་མཆོག་གི་གསོལ་འདེབས། རབ་འབྱམས་གསུང་རབ་མ་སོགས་ཀྱི་ལུང་གནང་།(ཡིག་གཏག་པ་མཛོད་དགེ་འཇིགས་མེད་རྒྱ་མཚོའམ་སྒྱིས་སྨྱུག་དགའ་ནས།2021ལོའི་ཟླ་2བའི་ཚེས་1ཉིན།  འབྲེལ་ཡོད་རྒྱུ་ཆ། མཛོད་དགེ་སྒར་སར་ཕྱོགས་ཀྱི་མཐོང་ཐོས་མྱོང་གསུམ་ཞེས་པའི་དཔེ་དེབ། ) 

1996ལོར།རྗེ་འདི་བ་འཛིན་བྱེད་ཅེས་པ་མེ་བྱི་ལོ་སྟེ་ ཤིང་བཟའ་དགོན་བཀྲ་ཤིས་བདེ་ལེགས་འཁྱིལ་བའི་གླིང་གི་ཁྲིར་བཞུགས་ནས་ལོ་གསུམ་ལ་བསྐྱངས། ཁོང་གིས་དགོན་འདིར་མཚན་ཉིད་གསར་འཛུགས་དང་ཁྲིར་བཞུགས་ནས་ཐོག་མར་གྲྭ་ཚང་ཡོངས་རྫོགས་འཛིན་གྲྭ་གསུམ་དུ་བགོས།  ཨ་ལགས་རིན་པོ་ཆེའི་རྩོད་ཡིག་ལྟར་ལོ་གསུམ་རེ་སོང་མཚམས་འཛིན་གྲྭ་འཕར་རྒྱུ་སོགས་ཐུགས་བཀོད་ཞིབ་རྒྱས་གནང་བས་ད་ལྟ་བསྡུས་གྲྭ་འཛིན་གྲྭ་གཉིས། རྟགས་རིགས་འཛིན་གྲྭ། གཞུང་སར། སྐབས་དང་བོ། ཕར་ཕྱིན་འཛིན་གྲྭ། དབུ་མ་འཛིན་གྲྭ། མཛོད་འཛིན་གྲྭ་བཀའ་རམས་བཅས་འཛིན་གྲྭ་དགུ་ཁ་ཚང་འདུག ཁོང་གིས་འདིར་དབང་རྗེས་གནང་། ཁྲིད་བཤད་ལུང་། དཔེ་ཁྲིད་བཅས་གནང་ནས་གཟིགས་སྐྱོང་ཚད་མེད་མཛད། གདན་ས་འདིར་དུས་གཅིག་ལ་བསྒྲུབ་བྱ་ཉི་ཤུ་ལྷག་ལ་བསྙེན་རྫོགས་བསྒྲུབས་ནས་བསྟན་པ་རྫོགས་པར་མཇལ་བའི་སྐལ་བ་ཅན་དུ་བྱས། མ་ཟད་འཇིགས་བྱེད་བསྙེན་ཆེན་ལ་བཞུགས་ཐུབ་ནི་ཡོད་ན་བཟང་གསུངས་པས་ཨ་ཁུ་དགེ་ལེགས་དང་ཚུལ་ཁྲིམས། འཇིགས་མེད། དཀོན་མཆོག་བཅས་འཇིགས་བསྙེན་ཆེན་པོར་བཞུགས། དུས་ཚུགས་རེར་འཇིགས་བྱེད་དཔའ་གཅིག་གི་མཚམས་ལ་བཞུགས་ནས་ལུས་བཞིའི་སྦྱིན་སྲེག་ལྡུག་རྒྱུའི་གསུང་བཀོད་དང་སྒྲིག་ལམ་རྟིང་བསྐུལ་ནན་མོར་གནང་བར་མ་ཟད་ཁྲི་བ་དང་དགེ་རྒན་མངགས་གཏོང་ཐད་ལའང་ཐུགས་ཁུར་བླ་ལྷག་གནང་ངོ་།། (ཤིང་བཟའ་ལུང་རྟོགས་ཀྱིས་བྲིས)

དབང་ཕྱུག་ཅེས་པ་མེ་མོ་གླང་གི་༼1997༽ལོར་ཁོང་ཡང་བསྐྱར་མཛོད་དགེ་སྒར་སར་དུ་ཕེབས་ནས་ལོ་གྱོན་མའི་རྗེས་གནང་དང་། ལྷ་མོ་རིག་བྱེད་མའི་རྗེས་གནང་། ཐེག་ཆེན་གསོ་སྦྱོང་གི་ལུང་སོགས་གནང་། (ཡིག་གཏག་པ་མཛོད་དགེ་འཇིགས་མེད་རྒྱ་མཚོའམ་སྒྱིས་སྨྱུག་དགའ་ནས། 2021ལོའི་ཟླ་2བའི་ཚེས་1ཉིན།  འབྲེལ་ཡོད་རྒྱུ་ཆ། མཛོད་དགེ་སྒར་སར་ཕྱོགས་ཀྱི་མཐོང་ཐོས་མྱོང་གསུམ་ཞེས་པའི་དཔེ་དེབ། )

2000ལོའི་ཟླ5བའི་ཚེས18ཉིན་ཀླུ་ཚང་དགོན་དུ་ཕེབས་ཏེ་19ནས་འཇིགས་བྱེད་དབང་སྟ་གོན་དང20ཉིན་འཇིགས་བྱེད་དཔའ་བོ་གཅིག་པའི་དབང་། 21ཉིན་ནས་དཔལ་གསང་བ་འདུས་པའི་དབང་། 22ཉིན་ནས5ཚེས3བར་འགྲེལ་བ་བཞི་སྦྲགས་ཀྱི་བཤད་ལུང་ཞིབ་ཏུ་གནང་ནས་རྗེས་སུ་འགྲེལ་དབང་། ཟ་བྱེད་མཁའ་འགྲོའི་སྦྱིན་སྲེག་གི་ཁྲིད་གནང་། (ཀླུ་ཚང་དགོན་ཤེས་རབ་བསྟན་དར)

སྤྱི་ལོ་༢༠༠༠ལོའི་དགུན་ཁར་བདག་དང་གྲོགས་པོ་འགའ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ།   རྗེ་དགེ་འདུན་རྒྱ་མཚོ་མཆོག་གི་སྐུ་མདུན་དུ་ཕྱིན་ནས་ནང་བསྟན་སློབ་གྲྭའི་སྐབས་བཅུ་གཅིག་པའི་མཐར་ཕྱིན་བསྡུས་རྩོམ་<<ཡང་དར་ཆོས་ཀྱི་རྒྱལ་མཚན་>>ཞེས་པའི་དཔེ་དེབ་སྟེང་བཀའ་རྩོམ་ཞིག་གནང་རྒྱུ་ཞུས་པར་ཐུགས་དགྱེས་པས་ཞལ་བཞེས་མཛད་ནས།ཁྱེད་ཚོའི་བྱ་བ་དེ་ཧ་ཅང་བཟང་། དེང་སྐབས་སྤྱི་ཚོགས་སློབ་གྲྭ་སོ་སོ་ན་མི་སྐྱ་ཕོ་མོ་ཚོས་རིག་གནས་ལ་སྦྱོང་བརྩོན་དང་དཔེ་དེབ་མང་བོ་འགྲེམས་སྤེལ་བྱེད་བཞིན་པའི་སྒང་ན་རང་ཅག་གྲྭ་བ་ཚོས་ཅིའི་ཕྱིར་ཐོས་བསམ་དང་དར་སྤེལ་མི་བྱེད།ད་ལྟ་ངས་འཇམ་དབྱངས་བླ་མ་བསྟན་པའི་དབང་ཕྱུག་མཆོག་གི་རྣམ་ཐར་འབྲི་བཞིན་པས་ཁོམ་ལོང་ཆེར་མེད་མོད།ཡིན་ནའང་འབྲི་ཅི་ཐུབ་བྱེད།ཅེས་སོགས་བསྔགས་བརྗོད་བླ་ན་མེད་པ་གནང་།     ཕྱིར་ལོའི་སློབ་མགོ་ཚུགས་མ་ཐག་ང་ཚོ་སླར་ཡང་སྐུ་མདུན་དུ་ཕྱིན་པར་ང་ཚོ་ལ་<<བསླབ་བྱ་ནོར་བུའི་འཕྲེང་བ་>>ཞེས་པའི་བཀའ་རྩོམ་ཞིག་གནང་བྱུང་།   བཀའ་རྩོམ་དེ་འདིར་ཆ་ཚང་འགོད་པ་ལ། ༄༅།     །བསླབ་བྱ་ནོར་བུའི་འཕྲེང་བ་ཞེས་བྱ་བ།ཨོཾ་སྭ་སྟི།ཆོས་གྱི་ཀ་བ་བརྟན་པོ་འཛུགས་འདོད་པས།།ལྷག་བསམ་ཁ་བའི་རི་བོ་ཇི་བཞིན་དུ།།བསྐྱེད་ནས་ག་ལེར་སྐྱབས་འགྲོའི་གཞི་ཟིན་ན།།ཨེ་མ་ང་རང་རྣམས་ནི་སྐྱིད་མགོ་ཚུགས།།དོན་མེད་ཅ་ཅོ་བྱ་བ་ངན་པའི་རྒྱུར།།མཐོང་ནས་ཆ་ལུགས་ཆོས་བཞིན་འདུལ་བཞིན་བྱེད།།དུས་སུ་ཇ་མཆོད་རྒྱུན་དུ་ཆོས་ཕྱོགས་ལ།།མཚོ་ཡི་ཉ་མོ་མཚོ་ལ་རོལ་བཞིན་བྱ།།ལན་གཅིག་ཏ་ཐ་ག་ཏའི་བསྟན་པ་ལ།།མཇལ་ཡང་ཐ་ཆད་བྱ་བ་མང་ཆེ་ན།།བདེ་སྐྱིད་ད་ལྟ་བཞིན་དུ་མྱོང་འདོད་ཀྱང་།།མི་འདོད་ན་རག་མྱོང་ལ་ཆ་ཅི་ཡོད།།ཐར་འདོད་པ་ན་སྲིད་པའི་སྐྱོན་མཚང་དང་།།སྲིད་པའི་ཕ་རོལ་ཞི་བའི་བདེ་བ་གཉིས།།བསམ་ནས་བ་གླང་ཟས་ལ་རོལ་བ་བཞིན།།བྱེད་རྒྱུ་མ་མང་གནད་ཀྱི་དོན་མ་འབོར།།གཅེས་འཛིན་ཙ་ཏུར་བདུད་ཀྱི་ཆོ་འཕྲུལ་དུ།།མཐོང་ནས་ཚ་ཟེར་འོད་ཀྱིས་མུན་པ་བཞིན།།བཅོམ་ཚེ་ཛ་ཡའི་བསྟན་པ་མཆོག་གི་སྒོ།།ཕྱེ་ཞིང་ཝ་སྐྱེས་སེང་གེ་མཐོང་བ་བཞིན།།སེམས་དཔའ་ཞྭ་ལྟར་བཀུར་བའི་ཕྱིན་དྲུག་དང་།།ཀུན་ལ་ཟ་མ་བཞིན་མཁོའི་བསྡུ་བཞི་དང་།།བྲག་ཆས་འ་འུར་སྒྲོགས་ཀྱང་སྟོང་གི།།ཤེར་ཕྱིན་ཡ་རབས་བྱང་ཆུབ་སེམས་དཔའི་ལུགས།།སེམས་རྒྱུད་ར་ལྟར་གྱོང་བ་བདག་འདྲ་བས།།སེམས་ཅན་ལ་ལུང་ཕྱོགས་ན་གནས་པ་ཡང་།།མུ་ནི་ཤ་ས་ན་ཡི་སྐབས་འདི་ལ།།མདོ་སྔགས་ས་དང་ལམ་གྱི་རིམ་པ་ཀུན།།ཀུན་མཁྱེན་ཧ་ས་བཛྲ་ཇི་བཞིན་དུ།།རྫོགས་ནས་ཨ་ཧོ་སྐུ་བཞིའི་དཔལ་ཐོབ་ཤོག།ཅེས་པའི་བཀའ་རྩོམ་འདི་གནང་བའོ།    ཞེས་ཤིས་ཚང་ཚུལ་ཁྲིམས་ཀྱིས་བྲིས།

༢༠༠༠ལོའི་སྟོན་ཁ་(ཟླ་ཚེས་གསལ་བོར་མི་དྲན)   བླ་བྲང་གི་ཧོར་གཙང་ཚང་གི་ནང་ཆེན་ནས་བླ་བྲང་དགོན་པའི་གྲྭ་བ་རྣམས་གཞིར་བྱས་ཕྱོགས་ཡས་མས་ནས་ཕེབས་པའི་སློབ་གཉེར་བ་དང་།   ཆེད་དུ་ཕེབས་པ་བཅས་དགེ་འདུན་པ་མང་བོ་ལ་སྔོན་འགྲོ་འཁྲིད་ཆེན་བཞིའི་འཁྲིད་ཉིན་དྲུག་ལ་གནང་།    ཉིན་དང་བོ་དང་གཉིས་པ་ལ་བསྟན་པའི་སྒྲོན་མེའི་སྐྱབས་ཁྲིད་དང་།   ཉིན་གསུམ་པར་བླ་མ་མཆོད་པ་བདེ་སྟོང་དབྱེར་མེད་མ།    ཉིན་བཞི་བ་དང་ལྔ་བར་མཎྜལ་འཁྲིད་ཡིག་དཔག་སམ་སྙེ་མ།   ཉིན་དྲུག་པར་རྡོར་སེམས་སྒོམ་བཟླས་བཅས་ཀྱི་འཁྲིད་གནང་བ་དང་།   ཉིན་དྲུག་པའི་རྡོར་སེམས་སྒོམ་བཟླས་ཀྱི་རྗེས་སུ་ཀུན་མཁྱེན་གསུང་འབུམ་གྱི་ལྗགས་ལུང་གནང་བའི་དབུ་བཙུགས་ཏེ་རྣམ་ཐར་བཀའ་རྩོམ་གྱི་ལུང་བཅས་གནང་བའོ།    །(ཤིས་ཚང་ཚུལ་ཁྲིམས་ཀྱིས།

2002ལོའི་ཟླ་བདུན་པའི་ཚེས་ལྔ་ནས་བཅུ་གཅིག་བར་ཀླུ་ཚང་དགོན་དུ། ལམ་རིམ་ཆེན་མོའི་བཤད་ལུང་དང་། རྟེན་འབྲེལ་བསྟོད་པ། ལམ་རིམ་བསྡུས་དོན། རྟོགས་བརྗོད་འདུན་ལེགས་མ་བཅས་ཀྱི་ལུང་གནང་།ཀླུ་ཚང་དགོན་འཇམ་དབྱངས་ཆོས་འཕེལ)

སྣ་ཚོགས་ཞེས་པ་ཆུ་ཕོ་རྟ་ཡི་༼2002༽ལོའི་ཟླ་4བའི་ཚེས་20ཉིན་རང་དགོན་དུ་བྱོན་ནས། ཀུན་རིག་གི་དབང་དང་། མགོན་ཆོས་ལྔའི་རྗེ་གནང་། དམ་ཅན་རྗེས་གནང་། ཚེ་དབང་སོགས་གནང་། ལོ་དེར་རུ་སྟོད་མར་བདེ་གསང་འཇིགས་གྱི་དབང་གནང་བར་ང་ཚོའི་གྲྭ་ཚང་ཕེབས། (ཡིག་གཏག་པ་མཛོད་དགེ་འཇིགས་མེད་རྒྱ་མཚོའམ་སྒྱིས་སྨྱུག་དགའ་ནས། 2021ལོའི་ཟླ་2བའི་ཚེས་1ཉིན།  འབྲེལ་ཡོད་རྒྱུ་ཆ། མཛོད་དགེ་སྒར་སར་ཕྱོགས་ཀྱི་མཐོང་ཐོས་མྱོང་གསུམ་ཞེས་པའི་དཔེ་དེབ། )

2003ཆུ་མོ་ལུག་ལོའི་ཧོར་ཟླ་༧པའི་ཚེས་༡ཉིན་རྙེ་དགོན་བཤད་སྒྲུབ་དགེ་འཕེལ་དར་རྒྱས་གླིང་དུ་དྲང་བ་དང་ངེས་བའི་དོན་རྣམ་པར་ཕྱེ་བ་གསལ་བར་བྱེད་པ་ལེགས་བཤད་སྙིང་བའི་བཤད་ལུང་དང་འདུལ་འཛིན་གྲགས་པ་རྒྱལ་མཚན་ཚང་གི་གཞི་གསུམ་ཆོ་གའི་བཤད་ལུང་གནང་(ཤེས་རབ་བསྟན་དར་)ཉི་མ་ཞེས་པ་ཆུ་མོ་ལུག་གི་2003༽ ལོའི་ཟླ་4བའི་ནང་མཛོད་དགེ་སྒར་རྙིང་དགོན་ནས་སྔགས་ཀྱི་སྤྱི་དོན་གནང་བར་གྲྭ་ཚང་ཐུན་མོང་ཐོབ་པའོ།། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་རྗེ་བཙུན་དགེ་འདུན་རྒྱ་མཚོ་དཔལ་བཟང་མཆོག་ནས་མཛོད་དགེ་སྒར་སར་དགོན་པའི་གྲྭ་ཚང་སྤྱི་ལ་ཆོས་འབྲེལ་ཐོབ་ཚུལ་ལོ།།(ཡིག་གཏག་པ་མཛོད་དགེ་འཇིགས་མེད་རྒྱ་མཚོའམ་སྒྱིས་སྨྱུག་དགའ་ནས།2021ལོའི་ཟླ་2བའི་ཚེས་1ཉིན། འབྲེལ་ཡོད་རྒྱུ་ཆ། མཛོད་དགེ་སྒར་སར་ཕྱོགས་ཀྱི་མཐོང་ཐོས་མྱོང་གསུམ་ཞེས་པའི་དཔེ་དེབ།)

2004བླ་བྲང་བཀྲ་ཤིས་འཁྱིལ་དུ་བཀའ་འགྱུར་གྱི་བཀླགས་ལུང་གནང་།

2006ལོའི་ཧོར་ཟླ་༨པའི་ཚེས་༡༧ཉིན་ཁོང་ཉིད་ཁ་གྱའི་སྒར་རྙིང་དུ་ཕེབས་ཏེ་འདུ་ཁང་ནས་་སྐྱབས་འགྲོ་དང་དགའ་ལྡན་ལྷ་བརྒྱ་མ། ཚེ་ལྷ་རྣམ་གསུམ་གྱི་གཟུངས། རིག་གསུམ་མགོན་པོའི་གཟུངས། དྲག་པོ་གསུམ་སྒྲིལ་སོགས་ཀྱི་ལུང་གནང་། ཕྱི་དྲོ་འགྱང་རོའི་བླ་བྲང་དུ་ཡོན་ཏན་གཞི་གྱུར་མའི་ཁྲིད་དང་གང་སེར་མ། ཕྱོགས་བཅུའི་མུན་སེལ། དཔུང་རྒྱན། ཁ་མཆུ་ཞི་མདོ་སོགས་ཀྱི་ལུང་གནང་ཚར་ནས་གྲྭ་ཚང་ལ་མཇལ་ཁ་གནང་། ཚེས་༡༨ཉིན་ཕྱིར་བླ་བྲང་དུ་ཕེབས།(ཁ་རྒྱ་བསམ་འཕེལ)

2007རབ་བྱུང་བཅོ་བརྒྱད་པའི་མེ་མོ་ཕག(༢༠༠༧)ལོའི་ཟླ༡༢པའི་ཚེས་༢༣ཉིན་དགོངས་པ་ཆོས་དབྱིངས་སུ་ཐིམས་པའི་ཚུལ་བསྟན།

འདི་ད་དུང་གཏན་ལ་ཕབ་མེད་པས་ནོར་བ་རྒྱུན་འབྱམས་མི་འགྲོ་བའི་ཆེད་དུ་བརྒྱུད་འགོད་མི་བྱེད་པར་འཚལ།

          རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།