ཧོར་གྱི་ལྷ་རམས་དགེ་བཤེས་སོ་བདུན་གྱི་གནས་ཚུལ་བསྡུས་པ་བཞུགས་སོ།། 三十七位蒙古族拉然巴格西

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2019-12-10 22:38:49     རྩོམ་པ་པོ།   གདུགས་དཀར་ཚེ་རིང་།    ཀློག་ཐེངས།  


༄༅། །ཧོར་གྱི་ལྷ་རམས་དགེ་བཤེས་སོ་བདུན་གྱི་གནས་ཚུལ་བསྡུས་པ་བཞུགས་སོ།།

三十七位蒙古族拉然巴格西

QQ图片20160307121408.jpg

དང་པོ།སུ་ཉིད་ཡེ་ཤེས་རྒྱ་མཚོ།

སུ་ཉིད་ཡེ་ཤེས་རྒྱ་མཚོ་ནི་རབ་བྱུང་བཅོ་ལྔ་པའི་སྟོད་ཙམ་ལ་ཧོར་སུ་ཉིད་གཡས་རུ་ཤོག་ནས་སྐུ་འཁྲུངས། དབུས་སུ་ཕེབས་ཏེ་དཔལ་ལྡན་འབྲས་སྤུངས་ཀྱི་སྒོ་མང་གྲྭ་ཚང་ལ་ཞུགས་ནས་མདོ་སྔགས་རིག་པའི་གཞུང་ལ་གསན་བསམ་རྒྱ་ཆེར་གནང་། ལྷ་ལྡན་སྨོན་ལམ་ཆེན་མོའི་གྲྭ་སྐོར་མཛད་ནས་ལྷ་རམས་པའི་མཚན་བཏགས་བཞེས། རྗེས་སུ་སྐུ་འབུམ་བྱམས་པ་གླིང་དུ་འཆད་ཉན་གྱི་རྒྱུན་རྒྱ་ཆེར་བསྐྱངས། གཤེགས་ལོ་མ་ངེས། གསུང་རྩོམ་ལ་ལེགས་བཤད་གསེར་ཕྲེང་གི་སྡོམ་ཚིག་སོགས་ཡོད་དོ།།    །།

གཉིས་པ།བློ་བཟང་བསྟན་འཛིན་རྒྱལ་མཚན། 

བློ་བཟང་བསྟན་འཛིན་རྒྱལ་མཚན་ནི་ཕྱི་ལོ་༡༦༢༩པར་ཧོར་ཡུལ་དུ་སྐུ་འཁྲུངས། སོག་པོའི་སེ་ཡན་ནོ་མོན་བླ་མས་ཧོ་པི་ལེ་ཀན་གྱི་ཡང་སྤྲུལ་ལ་ངོས་འཛིན་མཛད། དགུང་ལོ་ཉི་ཤུའི་སྟེང་དབུས་སུ་བྱོན་ནས་སློབ་གཉེར་གནང་ཏེ་དགེ་བཤེས་ལྷ་རམས་པའི་མཚན་བཏགས་བཞེས་ནས་སྙན་པའི་གྲགས་པ་ཕྱོགས་བཅུར་རྒྱས། སྤྱིར་རིག་གནས་སྤྱི་ལ་མཁས་ཤིང་ཁྱད་པར་ཏུ་གསོ་བ་རིག་པར་ཤིན་ཏུ་མཁས། སོག་པའི་གསོ་རིག་ལོ་རྒྱུས་སྟེང་ཕྱག་རྗེས་བླ་ན་མེད་པ་བཞག་ཡོད། ཕྱི་ལོ་༡༧༠༤པར་གཤེགས་སོ། །གསུང་རྩོམ་ཐད་མིག་སྔར་བསྡོམས་རྩིས་བྱས་པ་ལྟར་ན་ཆོས་ཚན་བདུན་བཅུ་དོན་དྲུག་མཛད་ཡོད་དོ།།

གསུམ་པ། སྨོན་ལམ་ཧོ་ཐོག་ཐུ་བསྟན་འཛིན་བསྟན་པ།

སྨོན་ལམ་ཧོ་ཐོག་ཐུ་བསྟན་འཛིན་བསྟན་པ་ནི་མཚོ་སྔོན་གྱི་ས་ཆར་ཧོར་གྱི་རིགས་སུ་དུས་རབས་བཅུ་དྲུག་པར་སྐུ་འཁྲུངས། སྐུ་ན་ཕྲ་དུས་དབུས་སུ་བྱོན་ཏེ་སེ་ར་ཐེག་ཆེན་གླིང་ནས་སློབ་གཉེར་རྡོ་རུས་ཐུག་པ་གནང་ནས་ལྷ་རམས་པའི་མཚན་བཏགས་བཞེས། ཕྱི་ལོ་༡༧༡༨པར་ཨུ་ཅུ་མུ་ཆེན་དུ་ཕེབས་ནས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཧོར་སྐད་དུ་བསྒྱུར་སྐབས་ཞུས་ཆེན་པའི་འགན་བཞེས། ཕྱི་ལོ་༡༧༢༣ནས་ཕྱི་ལོ་༡༧༣༦ བར་ཧོར་ཡུལ་གྱི་བསྟན་བཅོས་གྲགས་ཆེན་སོག་ཡིག་རྨོངས་སེལ་མུ་ཏིག་ཕྲེང་བ་མཛད།  གསུང་རྩོམ་ལ་༸རྗེ་ཙོང་ཁ་པའི་ལམ་རིམ་ཆེན་མོའི་བསྡུས་འགྲེལ་སོགས་ཡོད་དོ།།    །།

བཞི་པ།ཐོ་ཡོན་ནོ་མོན་ཧན།

ཐོ་ཡོན་ནོ་མོན་ཧན་འདི་ཉིད་ཀྱི་མཚན་གཞན་ལ་ལྷ་བཙུན་དར་རྒྱས་ནོ་མོན་ཧན་དང༌ལྷ་བཙུན་ངག་དབང་རྡོ་རྗེ། ལྷ་བཙུན་ལྷུན་གྲུབ་དར་རྒྱས། ལྷ་བཙུན་པཎྜི་ཏ་སོགས་སུ་འབོད། རྗེ་འདི་ཉིད་ཨ་ལག་ཤའི་ཤིང་ཀུན་ཏཱ་ལའི་ཙབ་བུར་ཨོ་སུ་ཟེར་བའི་ཡུལ་དུ་ཡབ་བཛྲ་ཐའི་ཇི་དང་ཡུམ་རྣམ་འཇོམས་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་པའི་ཤིང་ལུག་གི་ལོ་སྟེ་ཕྱི་ལོ་༡༧༡༥ པར་སྐུ་འཁྲུངས། དགུང་ལོ་གཉིས་ཀྱི་སྟེང་རྒྱལ་དབང་སྐུ་ཕྲེང་སྐུ་ཕྲེང་དྲུག་པ་བློ་བཟང་རིན་ཆེན་ཚངས་དབྱངས་རྒྱ་མཚོ་མཆོག་ཨ་ལག་ཤར་བྱོན་སྐབས་ཐུགས་བརྩེ་བ་ཆེན་པོས་སྡེ་སྲིད་སངས་རྒྱས་པའི་སྐུ་སྐྱེར་ངོས་བཟུང་མཛད། ཆུང་དུས་ནས་རྗེ་ཚངས་དབྱངས་པ་མཆོག་ནས་སྐུའི་གམ་བཅར་དུ་འཇོག་གནང་མཛད་ཅིང་ཐུགས་ཀྱི་སྲས་གཅིག་པུར་བསྐྱངས། རྒྱལ་བའི་དྲུང་ལས་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་ལེགས་པར་མནོས། མདོ་སྔགས་ཀྱི་གཞུང་ལ་ཐོས་བསམ་རྒྱ་ཆེར་མཛད་པས་རྗེ་ཉིད་ཀྱི་ཐུགས་སྲས་སུ་གྱུར།ཁོང་དགུང་ལོ་ཉི་ཤུའི་སྟེང་རྗེ་འདི་ཉིད་ཀྱི་བཀའ་དགོངས་ལྟར་དབུས་སུ་སློབ་གཉེར་ལ་ཕེབས་ནས་པན་ཆེན་བློ་བཟང་ཡེ་ཤེས་ཀྱི་དྲུང་དུ་བསྙེན་རྫོགས་ཀྱི་སྡོམ་པ་མནོས།འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞུགས།ལོ་གསུམ་ནས་རང་ཡུལ་དུ་ཕྱིར་ཕེབས་རྗེས་རྗེ་ཚངས་དབྱངས་པའི་དྲུང་དུ་མཆོད་གཡོག་ཞབས་ཕྱི་སྒྲུབ་ཅིང་ཆོས་བཀའ་མནོས།རྗེ་ཚངས་དབྱངས་པ་སྐུ་གཤེགས་རྗེས་སླར་ཡང་འབྲས་སྤུངས་དགོན་པར་ཕེབས་ནས་ཕུར་ལྕོག་བྱམས་པ་རིན་པོ་ཆེ་སོགས་མཁས་པའི་དབང་པོ་མང་པོའི་ཞབས་ལ་གཏུགས་ནས་མདོ་སྔགས་ཀྱི་གཞུང་ལ་གསན་བསམ་རྒྱ་ཆེར་གནང་ཞིང་ལྷ་རམས་པའི་མཚན་བཏགས་བཞེས་ནས་མཁས་པའི་གྲགས་པ་རྒྱས། ༸རྒྱལ་དབང་བདུན་པས་ཨ་རི་ལུག་སན་ཨེརྟི་ནི་ནོ་མོན་ཧན་གྱི་ཆོ་ལོ་བསྩལ་ཞིང༌། རྩེ་རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་མཛད།དེ་ནས་བཟུང་སྟེ་འདི་པའི་འཁྲུངས་རྒྱུད་རིམ་བྱོན་ལ་ཨ་ལག་ཤ་མཁན་པོ་ཞེས་ཀྱང་འབོད།ཐུའུ་བཀྭན་རིན་པོ་ཆེས་ལྷ་བཙུན་པཎྜི་ཏ་ཞེས་བསྔགས་བརྗོད་རྒྱ་ཆེར་མཛད། དུས་ཕྱིས་རྒྱལ་དབང་བཅུ་གསུམ་པས་རྗེ་འདི་པའི་གསུང་རྩོམ་གཟིགས་ནས་ཐུགས་དགྱེས་ཤིང་པཎྜི་ཏའི་ཆོ་ལོ་བསྩལ། ཚངས་དབྱངས་པ་སྐུ་གཤེགས་ཁར་དཔའ་རིས་ཡར་ལུང་དགོན་པ་སྐྱོང་བའི་འཁུར་གཏད་པས། ཡར་ལུང་གི་མཁན་ཁྲིར་བཞུགས་ཏེ་ཆོས་སྲིད་གཉིས་ཚུལ་བཞིན་དུ་བསྐྱངས། རབ་བྱུང་བཅུ་གསུམ་པའི་མེ་བྱི་ཕྱི་ལོ་༡༧༥༦ པར་རྗེ་ངག་དབང་ལྷུན་གྲུབ་དར་རྒྱས་པས་ཨ་ལག་ཤར་ཆོས་སྡེ་ཆེན་པོ་པཱ་རིང་ཁེ་དགོན་པ་ཕན་བདེ་རྒྱ་མཚོའི་གླིང་ངམ་དགའ་ལྡན་བསྟན་རྒྱས་གླིང་བཏབ། ཚངས་དབྱངས་པའི་སྤྲུལ་སྐུ་བཙལ་ཞིང་གདན་སར་བཀོད། སྤྲུལ་སྐུ་ཐུབ་བསྟན་རྒྱ་མཚོའི་ཡོངས་འཛིན་དུ་བཞུགས། བོད་སོག་གི་ཡུལ་དུ་བསྟན་སྲིད་ཀྱི་འཕྲིན་ལས་རྒྱས་ཤིང་མཚན་སྙན་ཆེ་བས། ཝང་གི་སྐུ་འཁོར་གྲས་ཀྱི་ནག་ཕྱོགས་པ་སྐོར་ཞིག་ཕྲག་དོག་དང་སྡང་སེམས་ཀྱིས་ཕྲ་མ་བཅུག་པས་རྗེ་ཉིད་བཙོན་དུ་ཚུད་ནས་དགུང་ལོ་རེ་དྲུག་པ་རབ་བྱུང་བཅུ་གསུམ་པའི་ལྕགས་བྱི་ཕྱི་ལོ་༡༧༨༠པར་དགོངས་པ་ཆོས་དབྱིངས་སུ་ཐིམ།གསུང་རྩོམ་ལ་མཚོན་ན། ༸རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་གསང་བའི་རྣམ་ཐར་དང་འཁྲུལ་འཁོར་ལྕགས་མཁར་སྦྱིན་སྲེག་སྐོར་སོགས་ཀྱི་ཡིག་ཆ་མང་དུ་བཞུགས་སོ། །      ། །

ལྔ་པ། བསྟན་དར་ལྷ་རམས་པ།

བསྟན་དར་ལྷ་རམས་པ་ནི་རབ་བྱུང་བཅུ་གསུམ་པའི་ས་མོ་མེ་ཡོས་ལོ་སྟེ་ཕྱི་ལོ་༡༧༥༩ པར་བར་སོག་ཨ་ལག་ཤའི་ཡུལ་དུ་སྐུ་འཁྲུངས།ཁོང་གཞོན་ནུའི་དུས་ནས་རིག་པའི་གནས་རྣམས་སྦྱོང་བ་ལ་དོན་གཉེར་ལྷག་པར་ཆེ་བས་དཀའ་ངལ་བརྒྱ་ཕྲག་ཁྱད་དུ་བསད་ནས་དབུས་སུ་ཕེབས་ཏེ་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞུགས།དབུ་ཕར་འདུལ་མཛོད་ཚད་མ་བཅས་ཀྱི་གཞུང་ཆེན་བཀའ་པོད་ལྔར་གསན་བསམ་མཐར་ཕྱིན་པར་མཛད།དེ་ནས་ལྷ་ལྡན་སྨོན་ལམ་ཆེན་མོར་དམ་བཅའ་བཞག་ནས་དགེ་བཤེས་ལྷ་རམས་པའི་མཚན་བཏགས་བཞེས།ཀློང་རྡོལ་བླ་མ་ངག་དབང་བློ་བཟང་དང་།དཀའ་ཆེན་ཡེ་ཤེས་རྒྱལ་མཚན་སོགས་ལས་དབང་ལུང་མན་ངག་མང་དུ་ཞུས་ཤིང་།ཁྱད་པར་དུ་ཀློང་རྡོལ་བླ་མ་ལས་ཐ་སྙད་རིགས་གནས་སྐོར་ལ་གསན་སྦྱོང་དཔྱིས་ཕྱིན་པ་མཛད།དེ་ནས་རང་ཡུལ་ཨ་ལག་ཤའི་གཡོན་དགོན་དུ་ཕེབས་ནས་འཆད་རྩོད་རྩོམ་གསུམ་གྱིས་དུས་འདའ་བར་མཛད།དགུང་ལོ་ང་གཅིག་ཏུ་ཕེབས་སྐབས་བླ་བྲང་བཀྲ་ཤིས་འཁྱིལ་དུ་བྱོན་ཏེ་རྡོ་རམས་པ་ལྷ་ཞེ་ལས་ཁམས་སྡེ་དགེ་དཔལ་སྤུངས་ཀྱི་ཁྲིད་རྒྱུན་ལྟར་སྙན་ངག་ལེའུ་གསུམ་པོ་རྫོགས་པར་གསན་ཅིང་རྩོམ་རྒྱུགས་ཀྱང་ལེགས་པར་ཕུལ།དེ་ནས་སྐུ་འབུམ་བྱམས་པ་གླིང་དང་དགའ་ལྡན་བྱིན་ཆགས་གླིང་དུ་བྱོན་ནས་དད་ལྡན་སློབ་མ་རྣམས་ལ་ཆོས་ཀྱི་སྦྱིན་པ་ཅི་འདོད་བསྩལ།ཕྱི་ལོ་ ༡༨༤༩ པར་སྐུ་གཤེགས་སོ། །གསུང་རྩོམ་ལ་འཆད་རྩོད་རྩོམ་གསུམ་གྱི་རྣམ་གཞག་ལེགས་པའི་ཉིན་སྣང་།སུམ་རྟགས་ཀྱི་དོན་གོ་སླ་བར་བསྡུས་པའི་བཤད་པ་སྐལ་ལྡན་རྣ་བའི་མཛོད། ཡི་གེའི་བཤད་པ་མཁས་པའི་ཁ་རྒྱན།དག་ཡིག་གཅེས་བསྡུས་འཁྲུལ་སྤོང་། བརྡ་གསར་རྙིང་ལས་བརྩམས་པའི་བརྡའ་ཡིག་བློ་གསལ་མགྲིན་ལྡན། སྒྲོལ་བསྟོད་མཁས་པའི་གཙུག་རྒྱན་གྱི་འགྲེལ་པ།ཡིག་བསྐུར་རྣམ་གཞགཤེས་རབ་སྙིང་པོའི་འགྲེལ་བ་དོན་གསལ་ནོར་བུའི་འོད་ཅེས་བྱ་བ། ལམ་གྱི་གཙོ་བོ་རྣམ་གསུམ་གྱི་འགྲེལ་པ་འདོད་འཇོའི་དཔག་བསམ། རྟེན་འབྲེལ་བསྟོད་པའི་དཀའ་གནད་ལས་བརྩམས་པའི་དོན་འགྲེལ་རིན་ཆེན་ཕྲེང་བ།གཅིག་དུ་བྲལ་གྱི་རྣམ་གཞགམདོ་ཚིག་འགའ་ཞིག་གི་འགྲེལ་པ་དཔག་བསམ་ལྗོན་བཟང་།རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་འགྲེལ་གངྒྰའི་རྒྱུན་བཟང་།ཇ་མཆོད་འགྲེལ་པ་ལེགས་བཤད་ནོར་བུའི་ཕྲེང་བ།སློབ་སྤྲིངས་ཀྱི་འགྲེལ་པ་ཆུ་ཤེལ་མེ་ལོང་།སོ་ཐར་གྱི་སྡོམ་པ་འབོག་ཆོག་གི་ལྷན་ཐབས་ལེགས་བཤད་གསེར་ཐུར།མཁས་གྲུབ་ཆོས་རྗེས་མཛད་པའི་རྗེ་བདག་ཉིད་ཆེན་པོའི་བསྟོད་པ་དད་པའི་རོལ་མཚོའི་འགྲེལ་པ། བློ་སྦྱོང་དོན་བདུན་མའི་ཉེར་མཁོ་སོགས་ཡོད་དོ།། 

དྲུག་པ།མཁན་ཟུར་གྲགས་པ་ཚེ་བརྟན།

མཁན་ཟུར་གྲགས་པ་ཚེ་བརྟན་ནི་བྱང་ཕྱོགས་ཧོར་གྱི་ས་ཆའི་ཐུ་མེད་ཤོག་ནས་སྐུ་འཁྲུངས། དབུས་སུ་བྱོན་ཏེ་དཔལ་ལྡན་འབྲས་སྤུངས་སྒོ་མང་གི་འཇུར་ཕྱེད་མི་ཚན་དུ་བཞུགས་ནས་མདོ་སྔགས་རིག་པའི་གཞུང་ལ་སྦྱངས། སྐབས་དེར་སེ་འབྲས་དགེ་གསུམ་ན་ཁོང་གི་རྟགས་གསལ་གྱི་རིགས་ལམ་ལྟ་བུ་མེད་ཅེས་གྲགས་ཆེ། མཁན་ཆེན་འོད་ཟེར་རྡོ་རྗེ་དང་འཛིན་གྲྭ་གཅིག་ཅིང་ལྷ་རམས་པའི་མཚན་བཏགས་བཞེས་པ་དང་བསྟུན་གསང་སྔགས་རྡོ་རྗེ་ཐེག་པའི་གཞུང་ལ་བརྩོན་པར་མཛད། རྒྱུད་པའི་དགེ་བསྐོས་དང་བླ་མ་དབུ་མཛད་ཀྱི་ལས་ཁུར་སྔོན་དུ་བཏང་ནས་རྒྱུད་པ་གྲྭ་ཚང་གི་མཁན་ཁྲིར་བཞུགས། གསུང་རྩོམ་ལ་ལེགས་བཤད་གསེར་ཕྲེང་གི་དོགས་གཅོད་སྐད་གྲགས་ཆེ་བ་ཞིག་ཡོད་དོ།།

བདུན་པ།འཇམ་དཔལ་འཕྲིན་ལས།

དགེ་བཤེས་འཇམ་དཔལ་འཕྲིན་ལས་ནི་ཧོར་གྱི་ས་ཆའི་མོང་གོལ་ཅིན་ཤོག་ནས་སྐུ་འཁྲུངས། ཨུ་པ་ལི་དགོན་ཆེན་ནས་སློབ་གཉེར་གནང་། དབུ་མ་འཛིན་གྲྭ་གསར་པའི་སྐབས་དབུས་སུ་ཕེབས་ཏེ་དཔལ་ལྡན་འབྲས་སྤུངས་སྒོ་མང་གི་ཚོགས་གྲལ་དུ་ཞུགས་ནས་གཞུང་ལུགས་རྒྱ་མཚོར་གསན་སྦྱོང་གནང་། ལྷ་རམས་པའི་མཚན་བཏགས་བཞེས་རྗེས་སྙན་གྲགས་ས་སྟེང་ལ་ཁྱབ།གཞུང་ཆེན་པོ་ཏི་ལྔའི་རྩ་བ་མ་ཟད་མཛོད་གང་སྤེལ་ཡང་ཐུགས་ཐོག་ནས་སྐྱོར་རྒྱུ་ཡོད་པར་གླེང་བའི་དགེ་བའི་བཤེས་གཉེན་ཆེན་མོ་ཞིག་ཡིན།།

བརྒྱད་པ།ལྷ་རམས་པ་བློ་བཟང་ཚེ་བརྟན།

ལྷ་རམས་པ་བློ་བཟང་ཚེ་བརྟན་ནི་ཕྱི་ལོའི་དུས་རབས་བཅོ་བརྒྱད་པའི་སྨད་ཙམ་ལ་ཧོར་གྱི་ཡུལ་ནས་སྐུ་འཁྲུངས། རྗེ་འདི་སྐུ་ཆུང་དུས་བོད་དུ་སློབ་གཉེར་ལ་ཕེབས་ནས་དགེ་བཤེས་ལྷ་རམས་པའི་མཚན་བཏགས་བླངས། ཁྲི་ཆེན་བསྟན་པ་རབ་རྒྱས་རང་གི་རྩ་བའི་བླ་མར་བསྟེན་ནས་མདོ་སྔགས་ཀྱི་ཆོས་བཀའ་མང་དུ་གསན་མྱོང་། རྣམ་ཐར་ཞིབ་ཆ་མ་ངེས། གསུང་རྩོམ་ལ་རྟགས་རིགས་གི་རྣམ་བཞག་བློ་གསལ་པདྨོ་བཞད་པའི་དགའ་སྟོན་སོགས་པོ་ཏི་གཅིག་བཞུགས་སོ།།    །།

དགུ་པ།དགེ་བཤེས་ཞི་བ་ལྷ།

དགེ་བཤེས་ཞི་བ་ལྷ་ནི་བྱང་ཕྱོགས་ཧོར་གྱི་ས་ཆའི་སྦོ་རད་ཐུ་སུ་གེལ་བཀྲ་ཤིས་ཆོས་འཕེལ་གླིང་དགོན་པའི་ཁོངས་ནས་སྐུ་འཁྲུངས། དགུང་ལོ་བདུན་གྱི་སྟེང་རབ་ཏུ་བྱུང་། རྗེས་སུ་བོད་དུ་ཕེབས་ནས་དཔལ་ལྡན་འབྲས་སྤུངས་སྒོ་མང་གི་ཆོས་གྲྭར་ཞུགས་ནས་སློབ་གཉེར་མཐར་ཕྱིན་ཏེ་ལྷ་རམས་པ་དང་པོའི་དང་པོ་ཡི་མཚན་བཏགས་བཞེས། གཞུང་ཆེན་པོ་ཏི་ལྔའི་རྩ་བ་དང་བརྒྱད་སྟོང་འགྲེལ་ཆེན་ཡང་ཐུགས་འཛིན་གནང་ཡོད་པར་གྲགས། ལི་ཐང་དགོན་ཆེན་ནས་ཆོས་ཀྱི་འཆད་ཉན་སྤེལ། མགོ་ལོག་ནས་ལོ་ཤས་རིང་མཚམས་ལ་བཞུགས།  རྗེས་སུ་ལི་ཐང་དགོན་ཆེན་ནས་སྦྱོར་ཆོས་ཀྱི་ཆོ་ག་གསུང་བཞིན་སྐུ་གཤེགས་སོ། །

བཅུ་པ།དབྱི་ལི་མཁྱེན་རབ་བསྟན་པ།

དབྱི་ལི་མཁྱེན་རབ་བསྟན་པ་ནི་ཧོར་ཡུལ་གྱི་ཐོའི་ཇུ་ཝང་ཧེ་ཞེས་པའི་ཡུལ་དུ་དུས་རབས་བཅུ་དགུ་པའི་ནང་སྐུ་འཁྲུངས།རབ་བྱུང་བཅུ་བཞི་པའི་ལྕགས་སྦྲུལ་ཕྱི་ལོ་༡༨༢༡ པར་ཅོ་ནེ་དགོན་ཆེན་དུ་ཚོགས་ཞུགས་མཛད།ཕྱིས་སུ་སྐུ་འབུམ་དུ་ཚོགས་ཞུགས་མཛད་དེ་ཚད་མ་སྡེ་བདུན་དབུ་ཕར་སོགས་གཞུང་ཆེན་པོར་མཁས་པར་སྦྱངས།དབུས་སུ་ཕེབས་ཏེ་དགེ་བཤེས་ལྷ་རམས་པའི་མཚན་བཏགས་བླངས།རྒྱལ་དབང་ཡབ་སྲས་རྣམ་གཉིས་ནས་གཟིགས་པ་ཆེ།སྐབས་ཤིག་དབྱི་ལིའི་དམག་དཔོན་གྱི་དབུ་བླར་ཕེབས།དམག་དཔོན་དགྲས་བསད་རྗེས་ཁོང་གིས་དཔོན་ཚབ་མཛད་དེ་གཡུལ་འགྱེད་གནང་བས་བླ་མ་དབྱི་ལི་ཚང་ཞེས་པའི་མཚན་ཐོགསགྲུབ་པའི་རྟགས་ཀྱང་མང་དུ་སྟོནཔེ་ཅིན་དུ་སྐུ་གཤེགས་དུས་རིང་བསྲེལ་མང་པོ་བྱུང་། གསུང་རྩོམ་ལ་པོ་ཏི་གསུམ་བཞུགས་སོ།།    །།

བཅུ་གཅིག་པ།ཆོས་མཛད་བླ་མ་བསྟན་པའི་སྒྲོན་མེ།

ཆོས་མཛད་བླ་མ་བསྟན་པའི་སྒྲོན་མེ་ནི་དུས་རབས་བཅོ་བརྒྱད་པར་ཧོར་གྱི་ཁལ་ཁར་སྐུ་འཁྲུངས། དབུས་སུ་ཕེབས་ཏེ་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་ལ་ཞུགས། གུང་ཐང་འཇམ་པའི་དབྱངས་དང་འཛིན་གྲྭ་གཅིག་ཡིན། བསྟན་དར་ལྷ་རམས་པ་དང་འཛིན་གྲྭ་གོང་འོག་ཡིན། འབྲས་སྤུངས་ཚོགས་ཆེན་ལ་ཆོས་མཛད་ཀྱི་གཏོང་སྒོ་བཏང་བས་ཆོས་མཛད་བླ་མར་གྲགས། ཀློང་རྡོལ་བླ་མའི་ཞབས་ལ་གཏུགས་ནས་མདོ་སྔགས་ཀྱི་ཟབ་ཆོས་བུམ་པ་གང་བྱོའི་ཚུལ་དུ་མནོས། རྗེ་འདིའི་རྒྱུད་ལ་བྱང་ཆུབ་རིན་པོ་ཆེ་ཐུགས་རྒྱུད་ལ་འཁྲུངས་ཤིང་ལྟས་སུ་མེ་ཏོག་སེར་པོ་དྲི་ངད་དང་ལྡན་པ་སྐྱེས། ལྷ་རམས་དགེ་བཤེས་ཀྱི་མཚན་བཏགས་བླངས་རྗེས་ཕྱིར་ཧོར་ཡུལ་ལ་ཕེབས་ནས་བསྟན་འགྲོའི་དོན་མཛད། གསུང་རྩོམ་ལ་སྒོ་མང་ཕར་ཕྱིན་ཡིག་ཆའི་མཆན་འགྲེལ་རྒྱས་པ། སོག་མཆན་གསེར་གྱི་ལྡེ་མིག   དམ་པའི་ཆོས་མངོན་པ་མཛོད་ཀྱི་དོགས་དཔྱོད་བློ་གསལ་དགའ་སྐྱེད་བཅས་པོ་ཏི་ལྔ་བཞུགས་སོ།།

བཅུ་གཉིས་པ། ལྷ་རམས་པ་བཀྲ་ཤིས་དར་རྒྱས།

ལྷ་རམས་པ་བཀྲ་ཤིས་དར་རྒྱས་ནི་དུས་རབས་བཅོ་བརྒྱད་པར་བྱང་ཕྱོགས་ཧོར་གྱི་ཧར་ཆེན་ས་ཆར་སྐུ་འཁྲུངས། སྐུ་ན་གཞོན་དུས་སུ་ཐུ་མེད་མཆོད་རྟེན་གསུམ་གྱི་དགོན་པར་བྱོན་ཏེ་ནཱས་མན་ཡོ་ག་ཙ་རི་བླ་མའི་ཞབས་ལ་གཏུགས་ནས་ལམ་རིམ་ཆེན་མོར་སྦྱངས། དེ་ནས་དབུས་སུ་བྱོན་ཏེ་ཁྲི་ཆེན་ནམ་མཁའ་བཟང་པོ་སོགས་བསྟེན་ནས་གཞུང་ཆེན་བཀའ་པོད་ལྔ་ལ་སྦྱངས་ཏེ་ལྷ་རམས་པའི་མཚན་བཏགས་བླངས། ཕྱིར་རང་ཡུལ་ལ་བྱོན་ནས་པོར་ཧན་ཐོ་དང་ཏཱ་ལའི་དགོན་གཉིས་ཕྱག་བཏབ་སྟེ་ལམ་རིམ་གྱི་གྲྭ་ཚང་བཙུགས་ནས་འཆད་ཉན་སྤེལ། ཁོང་དང་ཧར་ཆེན་ཝང་གི་གདན་ཞུས་བཞིན་ཀུན་མཁྱེན་འཇིགས་མེད་དབང་བོ་སྨད་སོག་ལ་ཕེབས་ནས་འཕྲིན་ལས་བསྐྱངས། དེའི་འཕྲོར་ཁོང་ཧར་ཆེན་དང་ཨའུ་ཧན།  ཐུ་མེད་ཤོག་སོགས་སུ་ཕེབས་ནས་རྡོ་རྗེ་ཕྲེང་བའི་དབང་སོགས་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར་རོ།།

བཅུ་གསུམ་པ། དགེ་བཤེས་བསྟན་པ།

དགེ་བཤེས་བསྟན་པ་ནི་ཧོར་གྱི་ཡུལ་ནས་སྐུ་འཁྲུངས། ཨུ་པ་ལི་དགོན་ཆེན་ནས་སློབ་གཉེར་གནང་། ཕྱིས་སུ་དབུས་ལ་ཕེབས་ཏེ་དཔལ་ལྡན་འབྲས་སྤུངས་སྒོ་མང་གི་ཆོས་གྲྭར་ཞུགས་ནས་དགེ་བའི་བཤེས་གཉེན་རྣམས་ཀྱི་ཞབས་ལ་གཏུགས་ནས་མཁས་པར་གྱུར། ལྷ་རམས་པ་ཨང་གཉིས་པའི་མཚན་བཏགས་བཞེས། འཛིན་གྲྭ་དེར་ཡང་ཁལ་ཁ་དགེ་བཤེས་བསྟན་པ་ཞུ་བ་ཞིག་གིས་ལྷ་རམས་ཨང་དང་པོ་བཞེས་པར་གྲགས་སོ།།

བཅུ་བཞི་པ།འཇམ་དབྱངས་ཆོས་འཕེལ།

དགེ་བཤེས་འཇམ་དབྱངས་ཆོས་འཕེལ་ལམ་བཙན་པོ་ཆོས་འཕེལ་ནི་དུས་རབས་བཅུ་དགུ་པར་ཧོར་གྱི་ས་ཆར་སྐུ་འཁྲུངས། དགུང་ལོ་གཞོན་དུས་དབུས་སུ་ཕེབས་ནས་འབྲས་སྤུངས་སྒོ་མང་གི་ཆོས་གྲྭར་ཞུགས་ནས་ཉིན་མཚན་ལྟོས་མེད་ལ་སློབ་གཉེར་གནང་། ལྷ་རམས་དམ་བཅའི་སྐབས་ཨང་དང་པོའི་དང་པོ་ཡི་མཚན་བཏགས་བཞེས། རྒྱུད་སྨད་མཁན་ཟུར་སྐལ་བཟང་ལེགས་ལྡན་དང་མཁན་ངག་དབང་ཉི་མ་སོགས་ཀྱིས་རྗེ་འདིའི་དྲུང་ནས་དབུ་མ་དང་ཕར་ཕྱིན་ཡོངས་རྫོགས་གསན། རྗེས་སུ་རང་ཡུལ་དུ་བྱོན་ནས་བསྟན་པའི་བྱ་བ་མཛད་དོ།།

བཅོ་ལྔ་པ།དགེ་བཤེས་བྱམས་པ་སྐལ་བཟང་།

སེར་བྱེས་གར་གདོང་བྱམས་པ་སྐལ་བཟང་ངམ་མགོན་དཀར་སྐྱབས་ནི་ཕྱི་ལོའི་དུས་རབས་བཅུ་དགུ་པའི་ནང་དུ་ཧོར་གྱི་ཡུལ་དུ་སྐུ་འཁྲུངས། སྐུ་ན་གཞོན་དུས་སུ་བོད་དུ་ཕེབས་ནས་སེ་རར་ཆོས་ཞུགས་གནང་། གཞུང་ཆེན་བཀའ་པོད་ལྔར་གསན་བཞེས་མཛད་ནས་ལྷ་རམས་པའི་མཚན་བཏགས་བཞེས། རྗེས་སུ་རྒྱུད་གྲྭར་ཞུགས། ཕྱི་ལོ་༡༩༣༣ པར་རྒྱུད་སྨད་བླ་མ་དབུ་མཛད་གནང་། དེ་ནས་མཁན་པོའི་ཁྲིར་ཕེབས། མཁན་ཟུར་སྐབས་ཕྱི་ལོ་ ༡༩༤༤ པར་བྲག་ལྷ་ཀླུ་སྒུག་ཏུ་སྐུ་གཤེགས་སོ། །གསུང་རྩོམ་ལ་འདུལ་བའི་སྡོམ་ཚིག་གནད་བསྡུས་སྙིང་པོ་ཚིག་དོན་བརྗེད་བྱང་ལས་རབ་བྱུང་གཞིའི་སྐོར་སོགས་པོ་ཏི་གཅིག་བཞུགས་སོ།།    །།

བཅུ་དྲུག་པ། བསྟན་པ་འཕེལ་རྒྱས།

དགེ་བཤེས་བསྟན་པ་འཕེལ་རྒྱས་ནི་དུས་རབས་བཅུ་དགུ་པར་ཧོར་གྱི་སྦོ་རད་ཐུ་ཐུ་ནས་སྐུ་འཁྲུངས། དགུང་ལོ་ཆུང་དུས་སུ་དབུས་སུ་ཕེངས་ཏེ་དཔལ་ལྡན་འབྲས་སྤུངས་སྒོ་མང་གི་ཆོས་གྲྭར་འགྲིམས་ནས་མཐར་ཕྱིན། ཕུར་ལྕོག་བྱམས་པ་རིན་པོ་ཆེ་དང་ལྷན་དུ་ལྷ་ལྡན་སྨོན་ལམ་ཆེན་མོའི་དམ་བཅའ་འཇོག་སྐབས་ལྷ་རམས་ཨང་དང་པོའི་མཚན་གནས་ཐོབ། ཕུར་ལྕོག་བྱམས་པ་རིན་པོ་ཆེར་ལྷ་རམས་ཨང་གཉིས་པ་ཐོབ། དགེ་བཤེས་བསྟན་པ་འཕེལ་རྒྱས་འདི་བ་སྨོན་ལམ་དམ་བཅའི་སྐབས་རྟགས་གསལ་བཞེས་ནས་རང་ཉིད་ཀྱིས་མཚམས་འཇོག་མཛད་ན་མ་གཏོགས་ཐམས་ཅད་ཀྱིས་ཉན་ནས་སྡོད་པ་ལས་ཡར་བཞེངས་མཁན་ཕལ་ཆེར་མེད། བོད་དང་ཧོར་གྱི་ཡུལ་ན་སྙན་གྲགས་ཤིན་ཏུ་ཆེ། ཕྱི་ལོ་ ༡༩༢༤ པར་ཧོར་སོག་གི་བྱང་འགྲུལ་གཏོས་ཆེ་བ་རྒྱལ་དབང་བཅུ་གསུམ་པར་མཇལ་སྐབས་སུ་ཁོང་གིས་བོད་སོག་གི་ལོ་ཙཱ་མཛད། གཤེགས་ལོ་མ་ངེས་སོ།།

བཅུ་བདུན་པ།ཏིང་སྡེ་ལྷ་རམས་པ།

ཏིང་སྡེ་ལྷ་རམས་པ་ནི་དེང་གི་ཀན་སུའུ་ས་ཆའི་ཧོར་གྱི་ཨོ་ཧོ་ཐོ་ཚོ་བར་ཕྱི་ལོ་ ༡༨༨༨ པར་སྐུ་འཁྲུངས། དགུང་ལོ་བཅུ་དགུའི་སྟེང་བོད་ཀྱི་རིག་གནས་ལ་སློབ་གཉེར་བྱེད་པའི་མགོ་ཚུགས། རྗེས་སུ་སྐུ་འབུམ་བྱམས་པ་གླིང་ནས་རབ་ཏུ་བྱུང་ནས་སློབ་གཉེར་རྡོ་རུས་ཐུག་པ་གནང་ཏེ་དགེ་བཤེས་ཀྱི་མཚན་བཏགས་བླངས། དེའི་འཕྲོར་དབུས་སུ་ཕེབས་ནས་མུ་མཐུད་དུ་ལོ་ངོ་མང་པོར་སློབ་གཉེར་གནང་ནས་ལྷ་རམས་པའི་མཚན་བཏགས་བཞེས། དབུས་སུ་སློབ་གཉེར་སྐབས་རྒྱ་གར་འཕགས་པའི་ཡུལ་ལ་མཆོད་མཇལ་དུ་ཕེབས། བོད་ཀྱི་རིག་གནས་སྤྱི་ལ་མཁས་པར་མ་ཟད་སྨན་དང་རྩིས་ལ་ཧ་ཅང་མཁས། གསུང་རྩོམ་ལ་སྨན་རྩིས་ཀྱི་སྐོར་སོགས་བཞུགས་སོ།།

བཅོ་བརྒྱད་པ།དགེ་བཤེས་བཀྲ་ཤིས།

དགེ་བཤེས་བཀྲ་ཤིས་ནི་དུས་རབས་བཅུ་དགུ་པར་ཧོར་གྱི་སྦོ་རད་ཐུ་ཐུ་ནས་སྐུ་འཁྲུངས། སྐུ་ན་ཆུང་དུས་ནས་བཟུང་བསྟན་པའི་སྒོར་ཞུགས། དབུས་སུ་ཕེབས་ནས་དཔལ་ལྡན་འབྲས་སྤུངས་སྒོ་མང་གི་ཚོགས་ལ་ཞུགས་ནས་རིག་པའི་གཞུང་ལུགས་རྣམས་ལ་སྦྱངས་བརྩོན་གནང་། ལྷ་རམས་པའི་མཚན་བཏགས་བཞེས། མཁན་ཟུར་ངག་དབང་ཉི་མ་དང་མཁན་རིན་པོ་ཆེ་སྐལ་བཟང་ལེགས་ལྡན་རྣམ་གཉིས་ཀྱིས་ཀྱང་རྗེ་འདིའི་དྲུང་ནས་མཛོད་འདུལ་སོགས་ཀྱི་དཔེ་ཁྲིད་ལ་གསན། མཐར་འབྲས་སྤུངས་ནས་སྐུ་གཤེགས་སོ།།

 བཅུ་དགུ་པ། མཁན་ཟུར་མགོན་དཀར་སྐྱབས།

མཁན་ཟུར་མགོན་དཀར་སྐྱབས་སམ་སེར་བྱེས་གར་གདོང་བྱམས་པ་སྐལ་བཟང་ནི་ཕྱི་ལོའི་དུས་རབས་བཅུ་དགུ་པའི་ནང་དུ་ཧོར་གྱི་ཡུལ་དུ་སྐུ་འཁྲུངས། སྐུ་ན་གཞོན་དུས་སུ་བོད་དུ་ཕེབས་ནས་སེ་རར་ཆོས་ཞུགས་གནང་། གཞུང་ཆེན་བཀའ་པོད་ལྔར་གསན་བཞེས་མཛད་ནས་ལྷ་རམས་པའི་མཚན་བཏགས་བཞེས། རྗེས་སུ་རྒྱུད་གྲྭར་ཞུགས། ཕྱི་ལོ་ ༡༩༣༣པར་རྒྱུད་སྨད་བླ་མ་དབུ་མཛད་གནང་། དེ་ནས་མཁན་པོའི་ཁྲིར་ཕེབས། རང་རེའི་བོད་ལ་གྲགས་ཆེ་བའི་དགེ་བཤེས་ཆོས་གྲགས་ཀྱིས་འདི་བའི་ཞབས་ལ་གཏུགས་ནས་སློབ་གཉེར་གནང་མྱོང་། མཁན་ཟུར་གྱི་ཁོང་ཉིད་ཕྱི་ལོ་ ༡༩༤༤ པར་བྲག་ལྷ་ཀླུ་སྒུག་ཏུ་སྐུ་གཤེགས་སོ། །གསུང་རྩོམ་ལ་འདུལ་བའི་སྡོམ་ཚིག་གནད་བསྡུས་སྙིང་པོ་ཚིག་དོན་བརྗེད་བྱང་ལས་རབ་བྱུང་གཞིའི་སྐོར་སོགས་པོ་ཏི་གཅིག་བཞུགས་སོ།།    །།

ཉི་ཤུ་པ།དགེ་བཤེས་ཐུབ་བསྟན་སྙིང་པོ།

དགེ་བཤེས་ཐུབ་བསྟན་སྙིང་པོའམ་སྙིང་པོ་ནི་དུས་རབས་བཅུ་དགུ་པར་བྱང་ཕྱོགས་ཧོར་གྱི་ས་ཆའི་སྦོ་རད་ཐུ་ནས་སྐུ་འཁྲུངས། དབུས་སུ་ཕེབས་ཏེ་དཔལ་ལྡན་འབྲས་སྤུངས་སྒོ་མང་གི་ཆོས་གྲྭར་ཞུགས་ནས་སློབ་གཉེར་རྡོ་རུས་ཐུག་པ་གནང་། ཡོངས་འཛིན་ཁྲི་བྱང་རིན་པོ་ཆེ་དང་དགའ་ལྡན་ཁྲི་ཆེན་བློ་གླིང་མི་ཉག་སྟོང་འདུས་སོགས་དང་མཉམ་དུ་ཕྱི་ལོ་༡༩༡༩པར་ལྷ་རམས་དམ་བཅའ་བཞག་ནས་ཨང་དང་པོའི་དང་པོ་ཡི་མཚན་གནས་ཐོབ། སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེས་བསྔགས་བརྗོད་ཚད་མེད་གནང་། གཤེགས་ལོ་མ་ངེས་སོ།།

ཉེར་གཅིག་པ།བཀྲ་ཤིས་ཉི་མ།

དགེ་བཤེས་བཀྲ་ཤིས་ཉི་མ་ནི་ཧོར་གྱི་ཡུལ་ནས་སྐུ་འཁྲུངསཨུ་པ་ལི་དགོན་པར་སློབ་གཉེར་མཛད་དེ་ཕར་ཕྱིན་དམ་བཅའ་གྲུབ་རྗེས་དབུས་སུ་ཕེབས།དཔལ་ལྡན་སྒོ་མང་གྲྭ་ཚང་གི་ཆོས་གྲྭར་ཞུགས་ཏེ་འཆད་རྩོད་རྩོམ་གསུམ་མཐར་ཕྱིན་མཛད།ལྷ་ལྡན་སྨོན་ལམ་ཆེན་མོའི་སྟེང་ལྷ་རམས་པའི་མཚན་བཏགས་བཞེས།དེ་ནས་བོད་སོག་གི་དགོན་སྡེ་མང་པོར་ཞབས་ཀྱིས་བཅགས་པ་དང་སླར་ཡང་རྗེ་སྐུ་འབུམ་བྱམས་པ་གླིང་དུ་ཕེབས་ཏེ་བསྟན་འགྲོའི་དོན་ཆེན་མཛད།བླ་བྲང་སྦོ་རད་ཐུའི་རྡོ་རམས་པ་ཞིག་གིས་གདན་ཞུས་ཀྱིས་བྱང་ཕྱོགས་སོག་ཡུལ་སྦོ་རད་ཐུའི་དགོན་པ་དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་དགའ་ལྡན་དར་རྒྱས་གླིང་དུ་ཕེབས་ནས་མཚན་ཉིད་སློབ་ཁྲིད་གནང་བས་དེ་གའི་འཆད་ཉན་རྒྱས།རྗེས་སུ་ས་ཆ་དེར་དམར་པོའི་ལས་ལུགས་ཆེས་ཆེར་དར་བར་ཉེ་བ་ན་སླར་ཡང་རྗེ་སྐུ་འབུམ་དུ་གདན་ཞུ་མཛད་དེ་དགུང་ལོ་བརྒྱད་ཅུའི་བར་ལ་བསྟན་འགྲོའི་དོན་མཛད་དོ།

ཉེར་གཉིས་པ།དགེ་བཤེས་མཆོག་ལྷ།

དགེ་བཤེས་མཆོག་ལྷའམ་མཆོག་གྲུབ་དཀར་པོ་ནི་དུས་རབས་བཅུ་དགུ་པར་ཧོར་གྱི་ཡུལ་ནས་སྐུ་འཁྲུངས། སྐུ་ན་ཕྲ་དུས་ཨུ་པ་ལི་དགོན་ཆེན་ནས་རབ་ཏུ་བྱུང་ཏེ་སློབ་གཉེར་གནང་། ཕྱིས་སུ་དབུས་ལ་ཕེབས་ཏེ་དཔལ་ལྡན་འབྲས་སྤུངས་སྒོ་མང་གི་ཆོས་གྲྭར་ཞུགས། ལྷ་རམས་དང་པོའི་དང་པོ་ཡི་མཚན་བཏགས་བཞེས། རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོས་དགེ་རྒན་ལ་བསྟེན། རྗེས་སུ་རྒྱ་གར་བརྒྱུད་མཚོ་ཐོག་ནས་རང་ཡུལ་ལ་ཕེབས་ཏེ་ཨུ་པ་ལི་དགོན་ཆེན་ནས་འཆད་ཉན་སྤེལ། འདུལ་བ་ཁྲིད་སྐབས་སློབ་མ་ཧ་ཅང་མང་པོ་འདུས་པར་བཤད།  ༸རྒྱལ་དབང་བཅུ་གསུམ་པ་ཆེན་མོས་ཕྱག་རྟགས་ཕེབས་ཀྱང་སྤུན་མཆེད་རྣམས་ཀྱིས་ཞུ་བ་ཕུལ་ནས་ཕེབས་མ་ཐུབ། དགུང་ལོ་རེ་བརྒྱད་སྟེང་ཨུ་པ་ལི་དགོན་ཆེན་ནས་ཞི་བར་གཤེགས་སོ།།

ཉེར་གསུམ་པ།ཐུ་མེད་སྦྱིན་པ་རྒྱ་མཚོ།

ཐུ་མེད་སྦྱིན་པ་རྒྱ་མཚོ་མཆོག་ནི་བྱང་ཕྱོགས་ཧོར་གྱི་ས་ཆའི་ཐུ་མེད་ཤོག་གི་དཔོན་ཆེན་འབྱོར་ལྡན་ཞིག་གི་སྲས་སུ་འཁྲུངས། དབུས་སུ་ཕེབས་ནས་དཔལ་ལྡན་འབྲས་སྤུངས་འཇུར་ཕྱེད་མི་ཚན་དུ་བཞུགས་ནས་གྲྭ་རྐྱང་དཀྱུས་མའི་ལུགས་བཞིན་སློབ་གཉེར་ལ་ཐུགས་རུས་མཛད་པས་ལྷ་རམས་དགེ་བཤེས་ཀྱི་དམ་བཅའ་དཔེ་མེད་ཅིག་བྱུང་།དགེ་བཤེས་མིང་བཏགས་གཏོང་སྐབས་གྲྭ་ཚང་ཆོས་མཛད་ཀྱི་མཚན་གནས་བཞེས་སྟབས་ཐུ་མེད་ཆོས་མཛད་ཅེས་པའི་མཚན་ཆགས། ཆོས་དང་འཇིག་རྟེན་གཉིས་ཕྱོགས་ནས་མཁྱེན་རྒྱ་ཤིན་ཏུ་ཆེ་བས་གུང་རུ་མཁན་ཆེན་གྱི་རྗེས་སུ་རབ་བྱུང་བཅོ་ལྔ་པའི་མེ་རྟ་ཕྱི་ལོ་༡༩༠༦ པར་དཔལ་ལྡན་སྒོ་མང་གྲྭ་ཚང་གི་ཁྲིར་ཕེབས་ནས་སློབ་གཉེར་ལ་དོ་དམ་ཐོག ཉིན་ལྟར་གྲྭ་ཚང་ཕྱག་སྦུག་ཁང་དུ་ལས་དོན་ཚགས་ཆུད་ཡོད་མིན་དང་། སྤྱི་རྫས་རྣམས་བར་མ་དོར་ཆུད་ཟོས་སུ་འགྲོ་མིན་ལ་ཞིབ་འཇུག་ནན་ཆེ་མཛད་སྟབས།ལས་བྱེད་པ་རྣམས་ཀྱིས་འདི་ཉིད་མཇལ་བ་ཙམ་ནས་འདར་དགོས་པ་ཞིག་ཡོད་ཚུལ་གླེང་།ཁྲི་ལོ་གསུམ་སོང་བའི་ས་བྱ་ལོར་གློ་བུར་དུ་ཞིང་ལ་གཤེགས་སོ།།

ཉེར་བཞི་པ། ཨོ་རོད་ཞབས་དྲུང་བློ་བཟང་བསྟན་པའི་རྒྱལ་མཚན།

ཨོ་རོད་ཞབས་དྲུང་བློ་བཟང་བསྟན་པའི་རྒྱལ་མཚན་ནི་ཕྱི་ལོ་ ༡༨༡༩ པར་མདོ་སྨད་དུ་སྐུ་འཁྲུངས། སྐུ་གཞོན་དུས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཆོས་ཞུགས་མཛད། ཧོར་སྤྲུལ་བློ་བཟང་རབ་བརྟན་རྒྱ་མཚོ་དང་མཁན་ཆེན་བློ་བཟང་འཇམ་དབྱངས། ཁྲི་ཆེན་བློ་བཟང་ལྷུན་གྲུབ།  ༸རྒྱལ་བ་ཚུལ་ཁྲིམས་རྒྱ་མཚོ་སོགས་ཀྱི་ཞབས་ལ་སྔ་ཕྱིར་གཏུགས་ནས་གཞུང་ཆེན་བཀའ་པོད་ལྔར་གསན་བཞེས་གནང་། དགུང་ལོ་ཉི་ཤུ་ཐམ་པར་པཎ་ཆེན་བསྟན་པའི་ཉི་མ་མཆོག་གི་དྲུང་དུ་བསྙེན་རྫོགས་བསྒྲུབས། དགུང་ལོ་ཉེར་བརྒྱད་ལ་ལྷ་ལྡན་སྨོན་ལམ་ཆེན་མོར་གྲྭ་སྐོར་མཛད་པས་ལྷ་རམས་པའི་མཚན་བཏགས་བཞེས། དགུང་ལོ་སོ་གསུམ་ལ་གཞིས་དགོན་དུ་ཕྱིར་ཕེབས། དགུང་ལོ་ཞེ་གཉིས་ལོར་དབུས་ཤོག་པ་ཡན་ཤནྟན་བཀྲ་ཤིས་ཆོས་གླིང་དགོན་གྱི་ཁྲི་པ་མཛད། ལོ་ཤས་རིང་ཆོས་ཀྱི་འཁོར་ལོ་བསྐོར། གཤེགས་ལོ་མ་ངེས། གསུང་འབུམ་པོ་ཏི་གཉིས་བཞུགས་སོ།།    །།

ཉེར་ལྔ་པ། མཚན་ཞབས་བློ་བཟང་རྡོ་རྗེ།

༸སྐུའི་མཚན་ཞབས་སྒོ་མང་མཁན་ཟུར་ངག་དབང་བློ་བཟང་རྡོ་རྗེ་མཆོག་ནི་ཕྱི་ལོ་༡༨༥༤ པར་བྱང་ཕྱོགས་ཧོར་གྱི་ས་ཆའི་སྦོ་རད་ཐུ་ཁ་ར་ཞི་སྤེར་ཞེས་པར་སྐུ་འཁྲུངས། དགུང་ལོ་བཅུ་དགུའི་སྟེང་བོད་དུ་ཕེབས་ཀྱང་སྐབས་དེར་འབྱོར་མ་ཐུབ། དགུང་ལོ་ཉེར་དྲུག་གི་སྟེང་དབུས་ཀྱི་དཔལ་ལྡན་འབྲས་སྤུངས་སྒོ་མང་ཆོས་གྲྭར་ཞུགས་ནས་སློབ་གཉེར་ཤུགས་དྲག་གནང་ཏེ་ལྷ་རམས་འཕར་མའི་མཚན་བཏགས་བཞེས།  ༸རྒྱལ་དབང་བཅུ་གསུམ་པས་མཚན་ཉིད་ཐུགས་བརྩོན་གནང་སྐབས་ལོ་ངོ་བཅུའི་རིང་ལ་མཚན་ཉིད་ཀྱི་ཞབས་ཞུ་བགྱིས། སྔ་རྗེས་སུ་བོད་དུ་ཐེངས་དྲུག་ལ་འབྱོན་བཞུད་མཛད་ནས་༸རྒྱལ་དབང་བཅུ་གསུམ་པ་ཆེན་མོར་ཆོས་སྲིད་གཉིས་ཐད་ནས་ཞབས་ཞུ་གང་ལེགས་མཛད། ཧོར་གྱི་ཡུལ་དང་ཨུ་རུ་སུའི་ས་ཆར་བསྟན་པའི་བྱ་བ་རྒྱ་ཆེར་བསྒྲུབས། ཕྱི་ལོ་༡༩༣༨ པར་སྐུ་གཤེགས། གསུང་རྩོམ་ལ་བློ་སྦྱོང་མདོར་བསྡུས་དང་ཛ་ཡ་བསྟན་དར་བའི་རྣམ་ཐར། ༸རྒྱལ་དབང་བཅུ་གསུམ་པའི་མྱུར་འབྱོན་གསོལ་འདེབས། རང་གི་བྱུང་བ་ཚིགས་བཅད་མ་སོགས་ཡོད་དོ།།    །།

ཉེར་དྲུག་པ།ཁལ་ཁ་བློ་བཟང་ཡེ་ཤེས།

ཁལ་ཁ་བློ་བཟང་ཡེ་ཤེས་སམ་དགེ་བཤེས་བློ་བཟང་ཡེ་ཤེས་ནི་ཕྱི་ལོ་ ༡༨༩༩ པར་ཧོར་གྱི་ཁལ་ཁའི་བོར་ཅི་གན་ནས་སྐུ་འཁྲུངས། སྐུ་ན་ཕྲ་དུས་བོར་ཅི་གན་མཚན་ཉིད་གྲྭ་ཚང་ལ་ཞུགས། རྗེས་སུ་པད་དཀར་ཆོས་གླིང་ལ་ཞུགས་ནས་མདོ་སྔགས་གཞུང་ལ་སྦྱངས་པ་མི་དམན་པ་བྱས། དེའི་འཕྲོར་དབུས་སུ་བྱོན་ནས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་གཞུང་ཆེན་ཁག་ལ་སྦྱངས་བརྩོན་གནང་ནས་ལྷ་རམས་ཨང་གསུམ་པ་ཐོབ། སྐབས་དེར་ཀུན་གྱིས་ལྷ་རམས་དང་པོ་ཁོང་ཡིན་ཞེས་གྲགས་པ་ཆེ། རྗེ་ཉིད་མཛོད་ལ་ཤིན་ཏུ་མཁས། སྐུ་ཚེ་སྨད་ལ་རང་ཤག་ནས་སློབ་མ་རྣམས་ལ་དཔེ་ཁྲིད་གནང་ནས་བཞུགས། ཕྱི་ལོ་ ༡༩༦༧ པར་སྐུ་གཤེགས་སོ། །གསུང་རྩོམ་ལ་དབུ་ཕར་མཛོད་གསུམ་གྱི་དཀའ་གནད་དོགས་གཅོད་དང་ལམ་གྱི་གཙོ་བོ་རྣམ་གསུམ་རྒྱ་ཆེར་བཤད་པ། སྔགས་ཀྱི་ཕྱོགས་ཡང་མང་པོ་ཡོད་དོ། །

ཉེར་བདུན་པ།དབུ་མཛད་ཡེ་ཤེས་རྒྱ་མཚོ།

རྒྱུད་སྨད་བླ་མ་དབུ་མཛད་ཡེ་ཤེས་རྒྱ་མཚོ་ནི་ཕྱི་ལོ་ ༡༩༡༢ པར་བྱང་ཕྱོགས་ཧོར་གྱི་ཐུ་མེད་ཤོག་ནས་སྐུ་འཁྲུངས། དགུང་ལོ་བཅུ་བདུན་སྟེང་ཡུམ་གྱི་སྐུལ་མ་ལ་བརྟེན་རང་ཡུལ་བ་རེ་ཐོས་དགོན་པར་རབ་ཏུ་བྱུང་། ཕྱི་ལོ་ ༡༩༣༢ པར་སྐུ་འབུམ་བྱམས་པ་གླིང་ནས་སློབ་གཉེར་གནང་། དེའི་རྗེས་དབུས་སུ་ཕེབས་ནས་འབྲས་སྤུངས་སྒོ་མང་གི་ཆོས་གྲྭར་ཞུགས་ནས་ལྷ་རམས་པ་སོག་པོ་བྱང་ཆུབ་ཡེ་ཤེས་སོགས་བསྟེན་ནས་མདོ་སྔགས་གཞུང་ལུགས་སྤྱི་ལ་སྦྱངས་པ་མཐར་ཕྱིན་ཏེ་ལྷ་རམས་དང་པོའི་མཚན་བཏགས་བཞེས། དགེ་བཤེས་འདི་བ་སྐུ་ཚེ་གང་བོར་ཆོས་བརྒྱད་ཀྱི་དྲི་མས་མ་གོས་བར་བཞུགས་པའི་སྐྱེས་བུ་ཆེན་པོ་ཞིག་ཡིན། ཕྱི་ལོ་༡༩༧༤ པར་སྐུ་གཤེགས་སོ། །

ཉེར་བརྒྱད་པ། དགེ་བཤེས་ཆོས་གྲགས།

དགེ་བཤེས་ཆོས་གྲགས་ནི་ཕྱི་ལོ་ ༡༨༩༨ པར་སོག་པོ་སྤོ་རད་ཐུ་ནས་སྐུ་འཁྲུངས། དགུང་ལོ་ཉེར་ལྔའི་སྟེང་དབུས་སུ་བྱོན། ལྷ་སར་ཕེབས་རྗེས་སེ་ར་དགོན་ཆེན་ནས་སློབ་གཉེར་གནང་།ཕྱི་ལོ་ ༡༩༣༩ པར་ལྷ་སའི་སྨོན་ལམ་ཆེན་མོའི་སྟེང་ལྷ་རམས་པའི་མཚན་བཏགས་བཞེས། དགེ་བཤེས་ཆོས་ཀྱི་གྲགས་པས་བརྩམས་པའི་བརྡ་དག་མིང་ཚིག་གསལ་བ་མཛད་པས་སྙན་གྲགས་ཤིན་ཏུ་རྒྱས། ཕྱིས་སུ་ལྷ་ས་དམག་ཁུལ་དང་ལྷ་སའི་ཉིན་རེའི་ཚགས་པར་གྱི་ལས་ཁུངས་སོགས་སུ་ཕྱག་ལས་གནང་། ཕྱི་ལོ་ ༡༩༧༧ པར་སྐུ་གཤེགས་སོ། །གསུང་རྩོམ་ལ་དགེ་བཤེས་ཆོས་ཀྱི་གྲགས་པས་བརྩམས་པའི་བརྡ་དག་མིང་ཚིག་གསལ་བ་སོགས་ཡོད་དོ།།

ཉེར་དགུ་པ། མཚོ་ཁ་དགེ་བཤེས་ངག་དབང་བློ་བཟང་།

མཚོ་ཁ་དགེ་བཤེས་ངག་དབང་བློ་བཟང་ནི་ཧོར་ཇུན་གར་གྱི་ཡུལ་དུ་ཕྱི་ལོ་ ༡༨༩༩ པར་སྐུ་འཁྲུངས། གཞོན་ནུའི་དུས་ནས་རབ་ཏུ་བྱུང་ཞིང་གཞུང་ཆེན་མོར་སློབ་གཉེར་གྱི་དབུ་ཚུགས། དགུང་ལོ་དྲུག་གི་སྟེང་བོད་དུ་བྱོན་ཏེ་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞུགས་ནས་སློབ་གཉེར་རྡོ་རུས་ཐུག་པ་མཛད་ནས་མཁན་ཟུར་རིན་པོ་ཆེ་སྐལ་བཟང་ལེགས་ལྡན་དང་ལོ་གཅིག་ལ་ལྷ་རམས་པའི་དམ་བཅའ་འཇོག་གནང་མཛད། ས་ཁྱིའི་དུས་འགྱུར་མ་བྱུང་གོང་རྒྱ་མགར་དུ་ཕེབས་ནས་རྡོར་གླིང་གུམ་དགོན་པར་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བསྙེན་མཚམས་མཛད་ནས་བཞུགས། ཕྱི་ལོ་ ༡༩༦༠ པར་༸རྒྱལ་བའི་བཀའ་བཞིན་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་མཁན་ཚབ་ཀྱི་ཁྲིར་ཕེབས་པ་དང་རྗེས་སུ་མཁན་པོ་སྐལ་བཟང་ལེགས་ལྡན་ལྷ་སར་གཤེགས་རྗེས་མཁན་པོར་ལོ་དགུ་ལ་བཞུགས། དགུང་ལོ་མཐོན་པོར་སླེབས་ནའང་དཔེ་ཁྲིད་ཞུ་མཁན་རྒན་གཞོན་སུ་བྱུང་ལ་སྐུ་ངལ་གྱི་རྣམ་པ་མི་མཛད་པར་དཔེ་ཁྲིད་ཀྱི་རྒྱུན་བསྐྱངས་སོ། །ཕྱི་ལོ་༡༩༧༨ལོར་སྐུ་གཤེགས་སོ།།

སུམ་ཅུ་པ། ལྷ་རམས་པ་བློ་བཟང་བཟོད་པ་རྒྱ་མཚོ།

ལྷ་རམས་པ་བློ་བཟང་བཟོད་པ་རྒྱ་མཚོ་ནི་སོག་ཡུལ་ཁལ་ཁར་སྐུ་འཁྲུངས། བོད་དུ་བྱོན་ནས་སློབ་གཉེར་གནང་ཏེ་ལྷ་རམས་པའི་མཚན་བཏགས་བཞེས། གསུང་རྩོམ་ལ་པོད་གཅིག་བཞུགས་སོ།།

སོ་གཅིག་པ། ལྷ་རམས་པ་བློ་བཟང་བཤེས་གཉེན།

ལྷ་རམས་པ་བློ་བཟང་བཤེས་གཉེན་ནི་བྱང་ཕྱོགས་ཧོར་གྱི་ཁལ་ཁར་སྐུ་འཁྲུངས། བོད་དུ་སློབ་གཉེར་ལ་ཕེབས་ཏེ་ལྷ་རམས་པའི་མཚན་བཏགས་བཞེས། གསུང་རྩོམ་པོད་གཅིག་བཞུགས་སོ།།

གཞན་སོ་གཉིས་པ་ཅ་རོད་ལྷ་རམས་པ་བསྟན་པའི་རྒྱལ་མཚན་དང་སོ་གསུམ་པ་ཐོ་ཡོན་ལྷ་རམས་པ་རིན་ཆེན་རྒྱ་མཚོ།སོ་བཞི་པ་ལྷ་རམས་པ་སྐལ་བཟང་ལེགས་ལྡན།སོ་ལྔ་པ་ཨ་སྭ་རྒད་ལྷ་རམས་པ།སོ་དྲུག་པ་ལྷ་རམས་པ་ཡེ་ཤེས་དོན་གྲུབ།སོ་བདུན་པ་སོག་པོ་ལྷ་རམས་པ་བྱང་ཆུབ་ཡེ་ཤེས་སོགས་ཀྱི་མཛད་རྣམ་ཞིབ་ཏུ་མ་ངེས་སོ།།

ཅེས་པ་འདི་ནི་གུས་པ་གདུགས་དཀར་ཚེ་རིང་དུ་འབོད་པས་བོད་སོག་གི་སྐྱེས་ཆེན་དུ་མའི་གསུང་ལ་མཇལ་སྐབས་སམ་ཡང་ན་ལོ་ངོ་འགའ་ཤས་ལ་ཧོར་ཡུལ་དུ་སློབ་སྦྱོང་བྱས་པའི་སྐབས་སུ་མཐོང་ཐོས་དྲན་རེག་ཅི་རིགས་བརྒྱུད་ནས་ཤེས་པའི་ཧོར་གྱི་དགེ་བཤེས་ལྷ་རམས་པ་སུམ་བཅུ་རྩ་གྲངས་ཙམ་གྱི་གནས་ཚུལ་མདོར་ཐུང་ཞིག་ཡིན་ལ། འདིར་མ་ཚུད་པའང་དཔེར་ན་ཧོར་ཡུལ་ནས་སྐུ་བལྟམས་པའི་༸རྣམ་འདྲེན་བཅུ་བཞི་པ་ཆེན་མོ་མཆོག་གི་སྐུའི་མཚན་ཞབས་རྗེ་བཙུན་དངོས་གྲུབ་སོགས་ཀྱིས་མཚོན་པའང་ད་དུང་ཤིན་ཏུ་མང་བར་ངེས། དེ་ལ་འདིར་ཧོར་ཡུལ་དུ་སྐུ་འཁྲུངས་པའི་ལྷ་རམས་པ་རྣམས་ཀྱི་མཚན་དང་འཁྲུངས་འདས། ཡང་ན་མཛད་རྣམ་སོགས་ཀྱི་ཐད་དུ་ད་དུང་མ་དག་པ་དང་ནོར་འཁྲུལ་སོགས་ཀྱི་ཆ་ཅི་རིགས་མཆིས་ཡོད་པར་ངེས་ན་དཔྱོད་ལྡན་ཡོངས་ཀྱིས་མཛུབ་སྟོན་ཡོད་པར་ཞུའོ།།

བདེ་བར་གཤེགས་པ་ཆེན་པོའི་འདས་ལོ་ ༢༥༦༢ པ་དང་ཕྱི་ལོ་༢༠༡༩ པའི་ཟླ་ ༡༢ ་པའི་ཚེས་༡༠ཉིན་ལ

ཐུ་མེད་ཨལ་ཐན་ཆོས་རྒྱལ་ཆེན་པོའི་ནོར་འཛིན་ཡངས་པའི་ཆ་མཁར་སྔོན་པོར་འབོད་པའི་གྲོང་ཁྱེར་དུ་སྦྱར་བ་དགེའོ།།    །།   ཤུ་བྷཾ་སྟུ།།    །།


རྩོམ་སྒྲིག་པ།བྱ་མདོ་ཀུར་གུམ།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།