རྟག་བརྟན་རྡོ་རྗེ་གླིང་གི་གནས་ལ་བསྟོད་པ་བདེ་ཆེན་དགའ་བ་རྒྱས་པའི་གླུ་དབྱངས་ཞེས་བྱ་བ་བཞུགས་སོ། །

ཡོང་ཁུངས།   དགེ་ལུགས་པའི་དྲ་བ།     སྤེལ་དུས།  2019-04-20 05:57:26     རྩོམ་པ་པོ།   ངག་དབང་དཀོན་མཆོག་ཉི་མ།    ཀློག་ཐེངས།  

རྟག་བརྟན་རྡོ་རྗེ་གླིང་གི་གནས་ལ་བསྟོད་པ་བདེ་ཆེན་དགའ་བ་རྒྱས་པའི་གླུ་དབྱངས་ཞེས་བྱ་བ་བཞུགས་སོ།  ། 


ངག་དབང་དཀོན་མཆོག་ཉི་མ།

12.png

རྣམ་དག་འོད་གསལ་ཡེ་ཤེས་མེ་ལོང་ཆགས་ཐོགས་སྒྲིབ་པའི་དྲི་མས་དབེན།།སྣང་སྟོང་ཤེས་བྱའི་རི་མོ་འབུམ་ཕྲག་མ་འདྲེས་ཆ་ཤས་གཅིག་ལ་འཆར།།བརྟན་གཡོའི་དངོས་ཀུན་བདེ་བར་སྡོམ་བྱེད་ངུར་སྨྲིག་གར་མཛད་ཧེ་རུ་ཀ།བཀའ་དྲིན་གསུམ་ལྡན་རྡོ་རྗེ་འཆང་ཆེན་ཀ་ཝ་བྷ་དྲའི་ཞབས་རྡུལ་མཆོད།།རྒྱ༵ལ་ཀུན་གསང་གསུམ་ཟད་མི་ཤེས་པའི་མཛོད།།རྒྱ༵ལ་སྲས་བཞིན་ལག་ཐ་མལ་མིག་གི་དཔྱིད།།རྒྱ༵ལ་ཡུམ་བློ་གཏེར་མགྲིན་པའི་དོ་ར་རུ།།རྒྱ༵ལ་བས་བསྔགས་བརྗོད་མཆོག་གི་རྒྱུད་མང་བརྡུང་།།ལུང་རྟོགས་ཐུབ་བསྟན་ཀུན་གསལ་ཡངས་པའི་མཐ༵འ།།མཐ༵འ་དག་འཕྲིན་ལས་འོད་ཀྱིས་ཉེར་འཆང་ལྷ༵།།ལྷ༵་སྲུང་མཐུ་ལྡན་ནམ་མཁའི་ཁྱོན་གང་བ༵ས།།བ༵ས་མཐའི་འགྲོ་རྣམས་སྐྱོང་ལ་མ་གཡེལ་ཅིག།ར༵བ་བརྗིད་ཨིནྡྲ་ནྰི་ལའི་ལྷུན་པོའི་སྤོར།།ར༵བ་མཛེས་དབང་གཞུའི་ཚོན་རིས་ཉེར་འགོད་པའི།།ར༵བ་འབྱམས་རིགས་ཀུན་བདག་པོའི་འཛུམ་ཞལ་འབྲུར།།ར༵བ་གསུང་སྦྲང་རྩིའི་དོག་པ་འདི་ལྟར་མཐོང་།།མཁའ་འགྲོ་མ་ཞེས་ཡང་དག་གྲགས།།རྡོ་རྗེ་དཀྱིལ་འཁོར་གཙོ་བོ་སྟེ།།ཡེ་ཤེས་ལྡན་རྣམས་ཡུལ་ཡུལ་དུ།།རང་བཞིན་སྐྱེ་གནས་རྣམས་སུ་སྐྱེས།།གསུང་བཞིན་ཡེ་ཤེས་དལ་འགྲོའི་མཛོད་ཀྱི་རླབས།།དབྱིག་གི་བློ་གྲོས་ལྟོ་བར་འཁྲིགས་པའི་དཔྱིད།།ཉི་ཤུ་རྩ་བཞིའི་གནས་མཆོག་གྲུབ་པའི་གྲོང་།།སྐལ་ལྡན་གདུལ་བྱ་རིགས་ལྔའི་གསོས་སུ་ཤར།།བྱེ་བྲག་རིན་ཆེན་བརྩེགས་པའི་ས་འཛིན་རྩེར།།མཁའ་ལ་སྤྱོད་པའི་དབང་བོའི་དཀྱིལ་འཁོར་ཞལ།།ཛམྦུ་བྲིཀྴའི་ལྗོངས་ལ་ཉེར་ཕྱོགས་པའི།།ངོ་མཚར་དབེན་གསུམ་ཚོལ་བའི་རྒྱན་དུ་ཆེ།།དེའི་ཕྱིར་སྔོན་བྱོན་མཁས་དང་གྲུབ་པ་ཡི།།ཡིད་འོང་བསྔགས་པའི་མེ་ཏོག་སིལ་མའི་ཕྲེང་།།ཡང་ཡང་འཐོར་བ་མདོ་སྨད་སྐྱིད་པའི་ཚལ།།ལྷ་དང་བླ་མའི་ལུང་གིས་ཟིན་པའི་གནས།།ཁྱད་པར་དྲན་དབང་བྱེ་བའི་ཅོད་པན་ལ།།བཀའ་རྟགས་གསེར་གྱི་སྙེ་མ་འགོད་མཁས་པ།།རྒྱ༵ལ་སྲ༵ས་དོ༵ན་ཡོ༵ད་ཆོ༵ས་ཀྱི༵་རྒྱ༵་མཚོ༵་དང་།།རོ༵ལ་བ༵འི་རྡོ༵་རྗེ༵་ཆོ༵ས་ཀྱི༵་ཉི༵་མ༵་སོགས།།སྔོན་བྱོན་མཁས་གྲུབ་གསང་བའི་མཛོད་འཆང་བས།།ཟུང་འཇུག་ནོར་བུའི་མཛེས་ཞལ་མངོན་གྱུར་པ།།འདི་ཀོ་འོག་མིན་ས་ལ་འཕོས་འདྲ་སྟེ།།ལི་ཁྲིའི་རྒྱ་མཚོ་མཁའ་ལ་འཕྱུར་བའི་ཟླ།།བྱང་ཆུབ་དོན་གཉེར་སྐ༵ལ་བཟ༵ང་པདྨའི་ཚལ།།བཞད་པའི་གཉེན་གཅིག་ད༵མ་ཆོ༵ས་ཉི༵་མ༵འི་གཟི།།སྲིད་ན་གསལ་བའི་ཁྲག་འཐུང་དཔའ་བའི་སྲས།།རིང་ནས་གོམས་པའི་ཐུགས་བསྐྱེད་སྨིན་པ་ན།།སྐྱེ་རྒུའི་སྲོག་ཟུངས་གསོ་བའི་ཨ་མྰི་ཏ།།སྒྲུབ་པའི་གཡུལ་འཇོམས་གཉེན་པོ་རྣམ་བཞིའི་དཔུང་།།ཀུན་ནས་རྫོགས་པའི་ཞིང་ལ་སྲི་ཞུའི་ཕྱིར།།རྟ༵ག་བརྟ༵ན་མི་འགྱུར་རྡོ༵་རྗེ༵་གླི༵ང་འདི་བསྐྲུན།།ཨེ་མ་དག་པ་ལྷ་ཡི་གནས།།བསྔགས་འོས་བསྔགས་པའི་བགྱི་བ་ལ།།རངས་བར་ཆས་ཏེ་མགྲིན་པའི་དུང་།།རྣམ་དཔྱོད་དབུགས་ཀྱིས་སླར་ཡང་བསྐུལ།།སྤྲུལ་བའི་གླེགས་བམ་ཞེས་བྱ་བ།།ཡེ་ཤེས་ཌྰ་ཀིའི་བརྡ་ཚིག་གིས།།གསལ་བར་ཕྱེ་བའི་ངོ་མཚར་གཟུགས།།རིགས་གསུམ་རང་སྣང་འདི་སྐད་བྱུང་།།མི་ཤིགས་གོར་མའི་ངོས་ཡངས་བོར།།དཀར་ནག་རྒྱ་ཡི་ཡི་གེའི་རིས།།འབྱུང་འགྱུར་དོན་ལ་རྣོ་བའི་མཚོན།།རྣམ་པ་དུ་མར་ལྷང་ངེར་བཀྲ།།རྩེ་ན་ཐུར་མ་བརྒྱ་ཡི་གདུ༵གས།།ལྷན་སྐྱེས་གསེ༵ར་ཉ༵་མདུན་དུ་རྩེན།།བུ༵མ་པ་བཀ༵ང་བའི་གཏེར་གྱིས་གཏམས།།སྣ་ཚོགས་པ༵ད་མ༵འི་འཛུམ་དཀར་རྒོད།།དུ༵ང་གི་རི་བོ་གྱེན་དུ་རྒྱུག།གཞོམ་མེད་དཔ༵ལ་བེ༵འུ་གཡས་སུ་འཁྱིལ།།རྣམ་གནོན་རྒྱ༵ལ་མཚ༵ན་ཀུན་ལས་མཐོ།།རྩིབས་སྟོང་འཁོ༵ར་ལོ༵འི་དབུ་རྨོག་བཙན།།ཁོ་ར་ཁོར་ཡུག་ས་འཛིན་མཐོན་པོའི་ཕྲེང་།།ཡིད་འོང་ན་བུན་གོས་ཀྱིས་བཀླུབས་པའི་ཀློང་།།ཚོན་བརྒྱར་བསྡེབས་པའི་དབང་བོའི་གཞུ་རིས་ཀྱིས།།བཀར་བཏགས་ཕྱག་རྒྱའི་རྩེ་འཇོ་ཅི་ཡང་བགྱིད།།མར་གད་ཞུ་བ་འཐུང་བའི་ནེའི་གསིང་ལས།།དགེ་ལེགས་ཕོ་ཉར་མངགས་པའི་འདབ་བརྒྱ་བ།།མཚར་སྡུག་ཁེངས་པ་མཐོ་བའི་དོ་ར་ན།།རྐང་བ་དྲུག་པ་ལུས་འདེགས་གླུ་ཡིས་བྲེལ།།ཡན་ལག་བརྒྱད་ཀྱིས་སྒེག་པའི་མཆོད་ཡོན་དག།མུ་ཏིག་ལྦུ་བ་དཀར་པོས་སྦུད་བཞིན་དུ།།ལྷུང་ལྷུང་མཆོད་པའི་སྙན་འགྱུར་འབུམ་སྤྲོ་བ།།ཕྱོགས་ཀྱི་བུ་མོའི་ཀུན་དགའ་འགུགས་པའི་གཉེན།།མཁའ་ལ་འཕུར་རྒུའི་གར་གྱིས་རྩེན་པའི་བྱ།།མགྲིན་པའི་དྲི་ཟའི་འཇིག་རྟེན་རྫོགས་པ་གང་།།སྡིག་མེད་ཟས་ཀྱིས་འཚོ་བའི་རི་སྐྱེས་བུ།།གང་ཡང་རང་གི་ཁྱིམ་བཞིན་བདེ་བར་རྒྱུ།།ཕྱོགས་དང་མཚམས་ན་མེས་པོ་གདོང་བཞིའི་བློར།།བྱེད་པོའི་འཁྲུལ་བ་སྐྱེད་པའི་ཁོར་ཡུག་ནི།།རི་བོའི་ཕྲེང་བར་བསྒྲིགས་པའི་ངོ་མཚར་གང་།།ཆ་བསགས་གྲོང་གི་འབྱོར་བའི་རྗེས་སུ་འགྲོ།།རྫི་ཕྱོགས་རླུང་གི་ཤིང་རྟས་ཉེར་དྲངས་པའི།།བསུང་ཞིམ་ཡིད་འོང་མཛེས་པའི་མ་ལི་ཀས།།འཛིན་མའི་ཁྱོན་ཀུན་ནམ་ཡང་མི་གཏོང་བའི།།མ་ལ་ཡ་ཡི་གྲགས་པར་མི་མཐུན་སྒྲོག།དུག་གསུམ་གཅོད་པའི་རྩིབས་ལྡན་འཁོར་ལོའི་དབྱིབས།།དབང་སྔོན་ཞུན་མའི་བླ་བྲེ་མཁའ་ལ་ཕུབ།།འོད་གསལ་སེམས་ཀྱི་རང་བཞིན་འདི་ཀོ་ཞེས།།རྣལ་འབྱོར་སྤྱོད་པའི་ཚོགས་ལ་གསལ་བར་མཚོན།།ཟླ་ཉིའི་བགྲོད་པ་ཆུ་འཛིན་ལང་ལོང་གིས།།འཆི་མེད་ལྷ་ཡི་ལམ་ཀུན་དོག་པོར་འགེངས།།འདི་ཀོ་སྟོང་བའི་དབྱིངས་ན་སྣང་བའི་ཆོས།།རྣམ་བཀྲ་བདེན་གཉིས་ཟུང་དུ་འཇུག་པའི་བརྡ།།གཞོམ་བྲལ་སྲ་མཁྲེགས་རྡོ་རྗེ་རི་བོ་ཡིས།།ཡོངས་བསྐོར་མ་བཅོས་གཉུག་མའི་གུར་ཁང་དུ།།ཟབ་ལམ་རིམ་གཉིས་ཏིང་འཛིན་སྐྱོང་བ་རྣམས།།ཕྱི་ནང་བདུད་ཀྱི་འཚེ་བས་རྟག་ཏུ་དབེན།།ཤར་ན་ལྷུན་པོའི་མཆེད་ཟླ་རི་བོའི་སྤོར།།དཀར་ཕྱོགས་སྐྱོང་བའི་ལྷ༵་ཆེ༵ན་ཁྲ༵་ལེ༵བ་ནི།།སྡེ་འདི་ཆོས་སྲིད་ལེགས་ཚོགས་མ་ལུས་པ།།སྒྲུབ་པའི་གྲོགས་སུ་རོལ་བའི་སྟབས་ཀྱིས་བཞུགས།།ལྷོ་ན་དུ༵ང་སྐྱོ༵ང་ལྷ༵་རི༵་དཀར་པོ་ཞེས།།དཔའ་བོ་མཁའ་འགྲོའི་རྒྱལ་མཚན་བསྒྲེངས་འདྲ་བ།།ཨྰ་ཝ་ངྷུ་ཏིར་བྱང་སེམས་འབབ་འཛག་གིས།།མཆོག་གི་ལྷན་སྐྱེས་དགའ་སྟོན་དར་བའི་དཔེ།།ནུབ་ཀྱི་ཕྱོགས་ན་བྲ༵ག་དཀ༵ར་སྐྱི༵ད་པའི་རྫོ༵ང་།།གྲུབ་པའི་ཕུག་ན་གནས་གསུམ་ཌྰ་ཀིའི་ཚོགས།།རྨད་བྱུང་རྣལ་འབྱོར་གསང་མཐའི་རོལ་རྩེད་ཀྱིས།།སྐལ་ལྡན་རྡོ་རྗེ་འཆང་གི་དཔལ་ལ་དཀྲི།།རྒྱབ་རི་སྲ་བརྟན་གོར་མོའི་ཕོ་བྲང་ན།།དཔ༵ལ་ལྡ༵ན་གུ༵ར་གྱི་མགོ༵ན་པོ་ལྷ་དགུའི་དཔུང་།།རྣམ་བཞིའི་འཕྲིན་ལས་ཉིན་མོར་བྱེད་པའི་གཟིས།།ཕུན་ཚོགས་སྡེ་བཞིའི་པད་ཚལ་ཅི་ཡང་བཞད།།གཡོན་རིར་རྒྱ༵ལ་བ་ཀུ༵ན་གྱི་ཡུ༵མ་གཅི༵ག་མ།།གདུག་པའི་གཤེད་དུ་ཁྲོས་པ་སྲིན་མོའི་ཞལ།།འཁོར་ལོ་གསུམ་གྱིས་མཛེས་པའི་སྐྱེས་བུ་ལ།།སྲུང་སྐྱོབ་འཕྲིན་ལས་ནམ་ཡང་གཡེལ་བ་མེད།།གཡས་སུ་བློ༵ན་པོ༵་བཙ༵ན་རྒོ༵ད་འབར་བའི་རྩལ།།མ་རུང་བསྒྲལ་པའི་ཞིང་བཅུ་ཚང་བ་ལ།།ཁྲོས་པའི་གཉེར་མ་འཇིགས་རུང་བྲག་གདོང་གི།མཐོང་ན་བཟོད་དཀའ་རི༵་བོའི་རྣམ་པར་གཙིགས།།གཉིས་འཐུང་དབ༵ང་བོ་འགྱིང་ཞིང་སྒེག་ལྡ༵ན་པ།།བག་ཕེབས་དལ་གྱིས་རོལ་པའི་སྣ་ཞགས་རྩེར།།རིན་ཆེན་སྤུངས་པའི་དཔལ་འཛིན་མདུན་གྱི་རི༵ས།།སྡེ་བཞིའི་དགེ་ལེགས་མ་ལུས་མགྲོན་དུ་འབོད།།དེ་ན་མིག་སྐྱའི་བང་མཛོད་ལས།།ལེགས་འོངས་བདེ་ལྡན་ཞིང་གི་ཟླ།།བྱིན་རླབས་གཟི་འབར་གནྡྷོ་ལ།།འཛམ་གླིང་རྒྱན་གཅིག་མངོན་པར་མཐོ།།ཨེ་མ་མཁའ་ཁྱབ་སྐྱེ་རྒུའི་སྐྱབ༵ས།།སྐྱབ༵ས་གཅིག་སྐ༵ལ་བཟ༵ང་ཐུ༵བ་པའི་བསྟ༵ན།།བསྟ༷ན་པའི་དབ༵ང་ཕྱུ༵ག་སྣང་བརྙན་མཆོག།མཆོག་མཐུན་དངོས་གྲུབ་བྱེ་བའི་གཏེར།།ཡེ༵་ཤེ༵ས་བསྟ༵ནཔ༵འི་སྒྲོ༵ན་མེ༵་དང་།།བློ༵་བཟ༵ང་ཆོ༵ས་ཀྱི༵་ཉི༵་མ༵་ཡི།།ཐུགས་དམ་གསང་བའི་ཟིལ་ཆགས་པ།།བདེ་དགྱེས་བཛྲ་བྷེ་ར་ཝ།།མཐོང་བའི་མོད་ལ་དམན་སར་ཡང་།།སྒྱུ་འཕྲུལ་དྲ་བའི་ས་བོན་ནི།།གཉུག་མའི་སེམས་ཀྱི་མེ་ལོང་དུ།།འགྱུར་བ་མེད་པའི་རི་མོར་འགོད།།ས་སྐྱའི་འཕགས་པ་ལུག་སྐྱེས་ཀྱིས།།ཧོར་གྱི་རྒྱལ་བོ་སེ་ཆེན་ལ།།སྲུང་མར་གནང་བའི་ནག་པོ་ཆེ།།མཐུ་སྟོབས་ཐོག་གིས་ཁེངས་པ་སོགས།།སྲིད་པའི་དཔལ་འབྱོར་རྒྱ་མཚོ་ཡི།།ཁུག་མིན་དད་པའི་སྤྱན་དྲངས་པ།།རྟེན་གསུམ་ནམ་མཁའི་སྐར་ཚོགས་དང་།།འགྲོགས་པ་འགྲོ་བའི་བསོད་ནམས་ཞིང་།།ཀུན་བཟང་མཆོད་པའི་སྤྲིན་ཕུང་ལ།།ཕྲག་པར་དོག་པའི་མཆོད་པའི་རྫས།།དཔག་ཡས་ཚར་དུ་དངར་བ་ནི།།ཚངས་པ་རྒན་པོ་མཚར་བའི་ཡུལ།།གཅིག་ལས་དུ་མར་འཆར་བའི་ཡེ་ཤེས་འཕྲུལ།།འཕགས་ཆེན་དམ་པའི་བློས་ཀྱང་གཞིགས་མིན་ན།།ཚུར་མཐོང་བྱིས་པའི་རིག་པའི་ཁབ་མིག་ཏུ།།བར་གྱི་བསྐལ་བའི་མཐར་ཡང་ཇི་ལྟར་ཤོང་།།གཏིང་མཐའ་ཟབ་ཡངས་རོལ་མཚོ་ཆེན་པོའི་ངོགས།།སྐྲ་རྩེ་ཕྲ་མོས་བླངས་པའི་ཐིགས་པ་བཞིན།།རྣམ་དག་ཞིང་གི་ཡོན་ཏན་ཆུ་གཏེར་ལས།།བསང་གཏོར་ཙམ་ཞིག་དགྱེས་པའི་མཆོད་པར་སྦྲེངས།།དེ་ལྟར་སྒྲིབ་པའི་རྙོག་པ་དང་བྲལ་བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས།།རྣམ་པར་འཕྲུལ་བ་ཟླ་བའི་མ་མ་སྣ་ཚོགས་རོལ་བའི་རླབས་ཕྲེང་ཅན།།འགྲོ་ཁམས་རྒྱ་མཚོའི་མོས་པའི་རྫིང་བུར་བརྟན་གཡོའི་རྣམ་པ་ཇི་སྙེད་པར།།འབྱམས་ཀླས་བཀོད་པ་ཀུན་ཏུ་འཁྱིལ་བའི་ཕ་མཐའ་སུ་ཞིག་གཞལ་བར་སྤོབས།།འོན་ཀྱང་མངོན་སུམ་གསལ་བའི་མེ་ལོང་དུ།།ཤར་བའི་ལྷ་སྐུ་ཡིག་འབྲུ་ཕྱག་མཚན་དང་།།བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན་ལ་སོགས།།སོ་སོར་རང་གིས་རིག་པའི་ངོ་མཚར་དག།ཅུང་ཟད་བསྔགས་པ་འཛམ་གླིང་ཡངས་པའི་ལྟོར།།དགེ་ལེགས་དཔལ་གྱི་གྲུ་ཆར་འབེབས་འགྱུར་བ།།ཐོས་བསམ་དབྱར་དུས་སྐྱེས་པའི་རྔ་སྒྲ་འདིར།།གཟུར་གནས་མདོངས་མཐའ་དགའ་བས་རྩེན་གྱུར་ཅིག།ཉེར་བསགས་བསོད་ནམས་དལ་འབབ་གྱ་གྱུའི་འགྲོས།།ཀུན་བཟང་སྤྱོད་པའི་ཡན་ལག་བཞི་ཟུང་དང་།།འགྲོགས་ཏེ་ཀུན་མཁྱེན་ཆུ་ཡི་གཏེར་མཛོད་དུ།།རོ་གཅིག་འཁྱིལ་བའི་ཀུན་དགའ་རྒྱས་གྱུར་ཅིག།ཆོས་སྲིད་སྐ༵ལ་བཟ༵ང་དབྱར་གྱི་དཔལ་མོ་ལ།།ད༵མ་ཆོ༵ས་བུང་བ་རྩེད་འཇོ་རོལ་བའི་གནས།།འཁོར་ལོ་གསུམ་གྱི་མེ་ཏོག་གསར་བའི་ཚལ།།བཞད་པའི་ཉི༵་མ༵་རྟག་ཏུ་གསལ་གྱུར་ཅིག།མགོན་པོ་མཆོག་འདིས་བསྟན་འགྲོའི་དོན་ཆེན་པོར།།གཅིག་ཏུ་ལེགས་པར་དགོངས་པའི་ཐུགས་བསྐྱེད་བཞིན།།སྐུ་ཚེ་མཛད་འཕྲིན་སྲིད་པའི་སྒྲོན་མེའི་འོད།།རྒྱ་མཚོའི་གོས་ཅན་ཁྱོན་དང་མཉམ་པར་ཤོག།ཐུགས་ཀྱི་བཞེད་དགོངས་ལེགས་མཛད་ཡངས་པའི་གྲུས།།དྲངས་པའི་འབྲེལ་ཐོགས་སྤྱི་དང་བྱེ་བྲག་ཀུན།།མངོན་པར་མཐོ་བའི་དར་ཆེན་ལེགས་བསྐྱོད་དེ།།ངེས་ལེགས་ནོར་བུའི་མཛོད་ལ་དབང་འབྱོར་ཤོག།མཐའ་དབུས་འཇིག་རྟེན་ཡངས་པའི་གསེར་ལྡན་གཞིར།།ཕན་བདེ་སྣང་བ་བརྡལ་བའི་སྐྱེས་བུ་མཆོག།ཇི་སྙེད་བཞུགས་པ་རྣམས་ཀྱི་བཞེད་པའི་དོན།།ཆར་ལྡན་ཆུ་བོའི་གཏེར་ལ་འགྲན་པར་ཤོག།རང་དོན་རྡོ་རྗེ་གཟེགས་མའི་རྩིབས་འབར་ཞིང་།།ངེས་དོན་འཛམ་བུ་ནྰ་དའི་མུ་ཁྱུད་ཅན།།སྒྲིབ་གཉིས་དགྲ་ལས་རྒྱལ་བའི་འཕྲུལ་བོ་ཆེ།།ལུང་རྟོགས་འཁོ༵ར་ལོ༵་དུས་མཐར་དགེ་གྱུར་ཅིག།ཟབ་ཡངས་རྒྱུད་སྡེའི་རྒྱ་མཚོ་ཆེན་པོ་ལས།།སྔོན་བྱོན་མཁས་གྲུབ་དེད་དཔོན་གྱིས་བླངས་པའི།།ལེགས་བཤད་རིན་ཐང་བྲལ་བའི་རིམ་གཉིས་ལམ།།ཡིད་བཞིན་ནོ༵ར་བུ༵་རྟག་ཏུ་བསྟེན་གྱུར་ཅིག།ལྷན་སྐྱེས་བདེ་བ་མཆོག་གི་འཛུམ་རིས་ཀྱིས།།སྣ་ཚོགས་བརྟན་གཡོ་གཅིག་ཏུ་སྡོམ་བྱེད་པ།།ཟབ་གསང་རྡོ་རྗེ་བཙུ༵ན་མོ༵་མིག་ཡངས་མའི།།མཛེས་སྡུག་རྫོགས་པའི་འཛུམ་ཞལ་མངོན་གྱུར་ཤོག།གཞི་ལམ་འབྲས་བུའི་རྒྱུད་དོན་མ་ལུས་པ།།མཐའ་དྲུག་ཚུལ་བཞིའི་རྣམ་དཔྱོད་ཧུབ་གཅིག་གིས།།འཐུང་མཁས་གསུང་ངག་ནོར་ལྡན་བློ༵ན་པོ༵་ཡིས།།རྡོ་རྗེ་ཐེག་པའི་རྒྱལ་སྲིད་སྤེལ་བར་ཤོག།དྲན་ཤེས་ལྕགས་ཀྱུས་ལུས་སེམས་ལས་སུ་རུང་།།རྣམ་དག་དགེ་བའི་ཁུར་འདེགས་སྟོབས་དང་ལྡན།།ལེགས་ལམ་ཞུགས་པའི་ཐར་འདོད་གླ༵ང་བོ༵་ཡིས།།མི་མཐུན་འདམ་བུའི་ཚལ་ཆེན་འཇོམས་གྱུར་ཅིག།སྲིད་པའི་གསེབ་ལས་གྲོལ་བའི་ལུས་རྩལ་རྫོགས།།ཤེས་བྱ་ཡངས་པའི་ཐང་ལ་ཁ་ཡན་རྒྱུ།།བདེ་སྟོང་ཏིང་འཛིན་ཟབ་མོའི་ཅ༵ང་ཤེ༵ས་མཆོག།ཕྱི་ནང་མཐུན་རྐྱེན་རྒྱན་གྱིས་མཛེས་གྱུར་ཅིག།བསྟན་དང་འགྲོ་ལ་འཚེ་བའི་ཕས་རྒོལ་དཔུང་།།དགོངས་པས་སྐད་ཅིག་ཙམ་ལ་མཐར་བྱེད་པ།།གུར་ཞལ་ལྷ་གསུམ་དམ༵ག་དཔོ༵ན་རིན་པོ་ཆེ།།སྲུང་སྐྱོབ་འཕྲིན་ལས་གཡེལ་བ་མེད་པར་མཛོད།།སྐྱེ་བའི་ཕྲེང་བར་མགོན་པོ་ས་ཡི་བདག།རྗེས་བརྩེའི་སྤྱན་ཞགས་ནམ་ཡང་མི་བསྡུ་བར།།རླབས་ཆེན་སྤྱོད་པ་དཔག་པར་དཀའ་བའི་མཐིལ།།ལེན་པའི་གྲོགས་སུ་རྟག་ཏུ་འགྱུར་བར་ཤོག།བསྟན་དང་བསྟན་འཛིན་གུས་མཆོད་ལྷུར་ལེན་པའི།།དད་གཏོང་ནོར་གྱིས་ཕྱུག་པའི་སྤྱིན་བདག་རྣམས།།ཚེ་བསོད་དཔལ་འབྱོར་རྣམ་མང་ཐོས་བུའི་སྲས།།ནོར་རྒྱུན་ལྷ་མོར་བཅས་པར་འགྲན་གྱུར་ཅིག།སྔོན་བྱོན་དམ་པའི་བཀའ་བསྒོས་གཡར་དམ་ཅན།།དཀར་ཕྱོགས་སྐྱོང་བའི་ལྷ་ཀླུ་གཞི་བདག་རྣམས།།མཐུ་སྟོབས་གཟི་བརྗིད་ནམ་ཡང་མི་ཉམས་ཤིང་།།རྟག་ཏུ་ལས་བཞིའི་སྡོངས་གྲོགས་བྱེད་པར་ཤོག།གསེར་ལྡན་འཛམ་གླིང་འཛིན་མའི་ཕྱོགས་ཀུན་ཏུ།།ནད་མུག་འཁྲུག་རྩོད་མི་ཤིས་མཚན་མས་དབེན།།བདེ་སྐྱིད་རྫོགས་ལྡན་གསར་བའི་དགའ་སྟོན་ལ།།རྟག་ཏུ་སྤྱོད་པའི་སྐལ་བཟང་ཉམས་མེད་ཤོག།མདོར་ན་དེང་ནས་ཚེ་རབས་ཕྲེང་བར་དལ་འབྱོར་དཔལ་གྱི་འདབ་མ་ཅན།།བཤེས་གཉེན་སྣ་ཚོགས་ཤིང་རྟས་ཉེར་བསྐྱངས་ལུང་རྟོགས་གེ་སར་འབུམ་ཕྲག་བཞད།།དོན་གཉིས་སྦྲང་རྩིས་མངོན་པར་གང་བ་ལུས་ཅན་བུང་བའི་ཉེར་འཚོའི་རྒྱུར།།ཀུན་ནས་འགྱུར་བའི་བགྱི་བ་ཡོངས་རྫོགས་ཀུན་མཁྱེན་པད་ཚལ་རྒྱས་གྱུར་ཅིག །   

ཅེས་པ་འདི་ནི་འགྲོ་བའི་འདྲེན་མཆོག་དམ་པ་སྐྱབས་རྗེ་ཐུའུ་བཀྭན་རིན་པོ་ཆེ་སྐལ་བཟང་དམ་ཆོས་ཉི་མའི་ཐུགས་བསྐྱེད་དུས་བབས་དང་ལྷ་དང་བླ་མས་ལུང་བསྟན་སོགས་ལེགས་ཚོགས་ཀྱི་སྒོ་དུ་མར་དགོངས་ནས།བསྟན་འགྲོར་ཕན་སླད་རྟག་བརྟན་རྡོ་རྗེ་གླིང་དཀའ་བ་བརྒྱ་ཕྲག་གིས་བསྐྲུན་སྐབས།༧གོང་ས་མཆོག་གིས་པཎྟིཏ་ཆོས་ཀྱི་རྒྱལ་བོར་བསྔགས་ཤིང་།རྨོངས་པའི་ཡང་བྲན་བཙུན་གཟུགས་ཝ་གིནྡྲ་རཏྣ་སུ་རྱ་༼ངག་དབང་དཀོན་མཆོག་ཉི་མ་༽ཕྲན་༧དམ་པ་ཉིད་དང་གནས་མཇལ་ལ་ཕྱིན་སྐབས་ཁྱོད་ཀྱི་གནས་བསྟོད་ཅིག་བརྩོམ་དགོས་ཞེས་དངོས་སྐྱེས་དུ་མའི་གནང་སྤྱིན་དང་བཅས་བཀའ་ཕེབས་པ།བདག་ལ་དེ་འདྲའི་སྤོབས་པ་མེད་ནའང་བཀའི་ཆུ་བོ་གྱེན་ལྡོག་མ་ནུས་པར་ལེགས་སོ་དང་བཅས་ཁས་བླངས་ནས་དབང་ཕྱུག་ཅེས་པ་མེ་མོ་གླང་གི་༼སྤྱི་ལོ་༡༩༣༧༽ལོར་མཁའ་སྤྲིན་ཅན་གྱི་ཟླ་བའི་དམར་ཕྱོགས་རྒྱལ་བ་གསུམ་པའི་ཉིན་བྲིས་པ་དམ་པའི་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག།བཀྲ་ཤིས།ཛ་ཡནྟུ།། 

13.png

    འདི་ཉིད་སྐུ་འབུམ་སངས་རྒྱས་རྒྱ་མཚོས་གཏག་སྟེ་གནང་བས་ཆེད་དུ་བཀའ་དྲིན་ཆེ་ཞུ།


རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།