དཔའ་རིས་རྟག་བརྟན་རྡོ་རྗེ་གླིང་མཚམས་སྦྱོར་མདོར་བསྡུས།

    སྤེལ་དུས།  2019-04-20 05:56:43         ཀློག་ཐེངས།  

རྟག་བརྟན་རྡོ་རྗེ་གླིང་མཚམས་སྦྱོར་མདོར་བསྡུས།

སྐུ་འབུམ་སངས་རྒྱས་རྒྱ་མཚོ།

རྟག་བརྟན་རྡོ་རྗེ་གླིང་ཞེས་འབོད་པའི་རི་ཁྲོད་འདི་ནི་མདོ་སྨད་དཔའ་རིས་དགོན་ལུང་བྱམས་པ་གླིང་གི་དགོན་ལག་མང་འདུས་རི་ཁྲོད་ཆོས་ལུང་དགེ་འཕེལ་གླིང་དང་ཅུང་ཟད་ཐག་ཉེ་བའི་སར་ཆགས་ཡོད།དེང་སང་མཚོ་སྔོན་ཞིང་ཆེན་ཧུའུ་ཀྲུའུ་རྫོང་འདན་མ་ཡུལ་ཚོའི་ནུབ་བྱང་ཕྱོགས་སུ་ཡོད།ཁེའུ་ཆེན་རྫ་འདབས་ཀྱི་ཉིན་ངོས་སུ་པྲ་སྟི་སྒྲོལ་མ་ལྷ་ཁང་དང་།རྟག་བརྟན་རྡོ་རྗེ་གླིང་སོགས་ཡོད་ལ།རི་ཁྲོད་འདི་ནི་ཐུའུ་བཀྭན་སྤྲུལ་སྐུ་སྐལ་བཟང་དམ་ཆོས་ཉི་མས་རབ་བྱུང་བཅོ་ལྔ་བའི་ཆུ་ཕག་སྤྱི་ལོ་༡༩༢༣ལོར་གནས་དེར་སྒྲུབ་ཁང་ཆུང་ངུ་འགའ་རེ་བརྩིགས་ནས་བསྙེན་སྒྲུབ་ལ་བཞུགས་ཤིང་རི་ཁྲོད་འདེབས་པའི་རྨང་ཐོག་མར་བཏིངས།དེ་ནས་ལོ་ངོ་ཁ་ཤས་ལ་གནས་དེར་ཁོང་གིས་བདེ་གསང་འཇིགས་གསུམ་དང་།མཁའ་སྤྱོད་མའི་བསྙེན་པ་སོགས་ཡུན་རིང་བཏང་ནས་བཞུགས་པ་ལས་འདུ་ཁང་དང་གཟིམ་ཁང་རྒྱ་ཆེར་འཕུབ་པའི་སྦྱོར་བ་མ་བརྩམས་གསུངས།རི་ཁྲོད་འདིའི་ཕྱོགས་མཚམས་ཀུན་ཏུ་རྡོ་དང་གཡའ་བྲག་འདྲེས་མའི་བྲག་རི་ངོ་མཚར་བ་དུ་མ་ཀྲོང་ངེར་འགྱིང་ཞིང་།དེ་དག་གི་བར་བར་དུ་རྩི་ཤིང་ནགས་ཚལ་ཆུང་ངུ་དང་སྤང་ལྗོངས་མེ་ཏོག་སྣ་ཚོགས་ཀྱིས་ཀུན་ནས་བརྒྱན་འདུགདེའི་མདུན་རྒྱབ་ཀྱི་ལུང་བ་གཉིས་སུ་ཆུ་གཙང་ཡིད་འོང་དུ་མ་དལ་གྱིས་ལྷོ་ཕྱོགས་སུ་འབབ་བཞིན་ཡོད།རབ་ཚེས་ཆུ་ཕག་སྤྱི་ལོ་༡༩༢༣ལོར་རྟག་བརྟན་རྡོ་རྗེ་གླིང་གསར་འདེབས་ཀྱི་མགོ་བརྩམས་པ་ཙམ་ཡིན་ལ།དེའི་རྗེས་ཀྱི་མི་ལོ་བཅོ་ལྔ་ཙམ་ལ་འདུ་ཁང་དང་།གཟིམ་ཁང་།གྲྭ་ཤག་སོགས་གསར་བསྐྲུན་གནང་ཞིང་།འདུ་ཁང་གི་རྒྱ་ཁྱོན་ཀ་བར་གྱན་ལྔ་དང་ཉིས་ཐོག་ཡིན།འདུ་ཁང་གི་གསེར་གྱི་རྒྱ་ཕིབས་ནི་སྨད་སོག་ཧར་ཆེན་ཤོག་གི་སྤྱིན་བདག་འགའ་དང་།ཁོང་གི་སྤྱིན་བདག་གཙོ་བོ་ཧེ་ལུང་ཅང་གི་སོག་པོ་ཝང་ཡེར་སོགས་ཀྱིས་རྒྱ་ནག་ནས་དངུལ་དཀར་ཁྲི་ཕྲག་དུ་མས་འགྲོ་གྲོན་བཏང་ནས་གདན་དྲངས་བར་བཤད།འདུ་ཁང་ནང་དུ་སྲུང་མ་གུར་གྱི་མགོན་ཁང་ལོགས་སུ་ཡོད་ཅིང་འདུ་ཁང་ཕུགས་ཀྱི་གྲལ་རེ་རེ་ནང་དུ་གསེར་ཟངས་ཀྱི་སྐུ་བརྙན་མི་ཚད་ཙམ་རེ་བཞེངས་ཡོད་པ་དང་།སངས་རྒྱས་མི་འཁྲུགས་པའི་སྟོང་སྐུ་ཡང་བཞེངས་ཡོད་གསུངས།ལྕང་སྐྱ་རོལ་བའི་རྡོ་རྗེ་དང་།ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ་གཉིས་ཀྱི་ཐུགས་དམ་གྱི་རྟེན་བདེ་མཆོག་དང་།ཀྱེེ་རྡོར།འཇིགས་བྱེད་བཅས་ཀྱི་སྐུ་བརྙན་དང་།ཐུའུ་བཀྭན་སྐལ་བཟང་དམ་ཆོས་ཉི་མའི་བླ་མ་ཀུན་མཁྱེན་སྐལ་བཟང་ཐུབ་བསྟན་དབང་ཕྱུག་གི་འདྲ་སྐུ་བཅས་བཞེངས་ཡོད་པ་དང་།འདུ་ཁང་ཉིས་ཐོག་ཏུ་གནས་བརྟན་བཅུ་དྲུག་གི་བསྟོད་པ་ཤིང་པར་དུ་བརྐོས་ཡོད་པ་ཤོག་ལྡེབས་བཅུ་གསུམ་ཡོད་པ་ཞིག་དང་།གླེགས་བམ་འདིའི་ནང་དུ་གནས་བརྟན་བཅུ་དྲུག་གི་སྐུ་བརྙན་རི་མོ་ལག་རྐོས་མ་ངོ་མཚར་བ་རྣམས་བཞུགས།གཟིམ་ཆུང་ཉིས་ཐོག་ཏུ་གནས་བརྟན་བཅུ་དྲུག་གི་སྐུ་པར་ཟངས་དཔར་མ་ཆེས་གསལ་ཞིང་བྱོན་ལེགས་ཤིག་བཞུགས།འདུ་ཁང་གི་ཉེ་འཁོར་དང་བྲག་འགག་མར་ནང་སོགས་སུ་གྲྭ་ཤག་བཅུ་ཕྲག་ཡས་མས་ཤིག་ཡོད་པ་དང་།དགེ་འདུན་པ་ཡང་ཉི་ཤུ་ཡས་མས་ཤིག་གཏན་སྡོད་བྱས་ཡོད་གསུངས།རབ་བྱུང་བཅུ་དྲུག་པའི་ས་ཁྱི་སྤྱི་ལོ་༡༩༥༨ལོའི་ཧོར་ཟླ་ལྔ་བའི་ཚེས་དགུ་ཉིན་སྲིད་གཞུང་གིས་ཐུའུ་བཀྭན་སྤྲུལ་སྐུ་དགོན་ལུང་ནས་འཛིན་བཟུང་བྱས་པ་དང་།དེ་ནས་ལོ་གཅིག་མ་འགོར་བར་རྟག་བརྟན་རྡོ་རྗེ་གླིང་གི་དབུ་མཛད་གྲགས་པ་སོགས་གྲྭ་བ་དྲུག་འཛིན་བཟུང་བྱས་ཤིང་ཤུལ་ལུས་གྲྭ་བ་རྣམས་རི་ཁྲོད་དུ་བསྡད་མི་ཆོག་པ་དང་གྲོང་དུ་འགྲོ་དགོས་ཞེས་སྲིད་གཞུང་གིས་བཀའ་རྒྱ་བསྒྲགས།༼ཐུའུ་བཀྭན་སྤྲུལ་སྐུ་སྐལ་བཟང་དམ་ཆོས་ཉི་མའི་རྣམ་ཐར་མདོར་བསྡུས་ཤིག་ཕྲན་གྱིས་ལོགས་སུ་བྲིས་ཡོད་པས་བལྟ་འདོད་པ་རྣམས་ཀྱིས་དེར་གཟིགས་པར་འཚལ།༽སྤྱི་ལོ་གཅིག་དགུ་ང་བརྒྱད་དང་རིག་གསར་སྐབས་སུ་རི་ཁྲོད་དུ་བཞུགས་པའི་སྐུ་གསུང་ཐུགས་རྟེན་དང་།གསེར་གྱི་རྒྱ་ཕིབས་རྣམས་གཞུང་གཞེས་བཏང་ཞིང་།འདུ་ཁང་དང་གཟིམ་ཁང་གི་ཤིང་ཆ་རྣམས་ཉེ་འཁོར་གྱི་གྲོང་སྡེ་སོ་སོས་གཏོར་བཤིག་བྱས་ཏེ་རང་ཡུལ་དུ་འཁྱེར་ནས་བཀོད་སྤྱོད་བྱས་སོ།།

མཆན།སྤྱི་ལོ་ཉིས་སྟོང་བཅུ་དྲུག་ལོའི་ཧོར་ཟླ་བརྒྱད་པའི་ཚེས་གཅིག་ཉིན་ཁོ་བོ་རྟག་བརྟན་རྡོ་རྗེ་གླིང་དུ་གནས་མཇལ་དུ་སོང་སྐབས་དེང་རབས་ཀྱི་འཕྲུལ་འཁོར་སྣ་ཚོགས་ཀྱིས་རྟག་བརྟན་རྡོ་རྗེ་གླིང་གི་ཉེ་འདབས་སུ་བྱེ་མ་རྐོ་བཞིན་ཡོད་པ་མཐོང་ཚེ།ནམ་ཞིག་རྟག་བརྟན་རྡོ་རྗེ་གླིང་ཡང་རྐོ་སློག་བྱས་ཏེ་བྱེ་མར་གཏོང་བ་ལ་ཐེ་ཚོམ་མི་འདུག་སྙམ་མོ།།རྟག་བརྟན་རྡོ་རྗེ་གླིང་གི་ལོ་རྒྱུས་འདི་ནི་ཐུའུ་བཀྭན་སྐུ་གོང་མའི་ཕྱག་མཛོད་ཨ་ཁུ་བསྟན་འཛིན་དགུང་ལོ་གྱ་དགུ་དང་།མང་འདུས་རི་ཁྲོད་ཀྱི་མདོ་རྭ་ཨ་ཁུ་སྐལ་བཟང་བསམ་གཏན་དགུང་ལོ་གྱ་ལྔ།སྨད་ཆོས་བཟང་རི་ཁྲོད་ཀྱི་ཨ་ཁུ་ཕུན་ཚོགས་རྒྱ་མཚོ་དགུང་ལོ་དགུ་བཅུ་གོ་གསུམ་ཡིན།སྔོན་ཆད་རྟག་བརྟན་རྡོ་རྗེ་གླིང་དུ་བསྡད་མྱོང་བའི་སྐུ་འབུམ་དགོན་པའི་ཨ་ཁུ་དཀོན་མཆོག་སོགས་རྒན་རབས་པ་འདི་དག་གིས་དངོས་སུ་བཤད་པ་རྣམས་སྐུ་འབུམ་སངས་རྒྱས་རྒྱ་མཚོས་ཡི་གེར་བཀོད་པའོ། །  

         རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།