པྲ་སྟི་ལྔ་མཆོད་སྒར་ཞེས་བྱ་བའི་སྒྲོལ་མ་ལྷ་ཁང་ཕྱི་ནང་གི་རྟེན་གསུམ་བཞུགས་བྱང་མཐོང་བ་རང་གྲོལ་བཞུགས་སོ།།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ།     སྤེལ་དུས།  2019-04-20 05:54:17     རྩོམ་པ་པོ།   ཤར་སྤྲང་རྒྱལ་སྲས་ཡེ་ཤེས།     ཀློག་ཐེངས།  

པྲ་སྟི་ལྔ་མཆོད་སྒར་ཞེས་བྱ་བའི་སྒྲོལ་མ་ལྷ་ཁང་ཕྱི་ནང་གི་རྟེན་གསུམ་བཞུགས་བྱང་མཐོང་བ་རང་གྲོལ་བཞུགས་སོ།།

ཤར་སྤྲང་རྒྱལ་སྲས་ཡེ་ཤེས།

 ཨོ་སྭ་སྟི།།བླ་མ་རྗེ་བཙུན་སྒྲོལ་མ་དབྱེར་མེད་པ།།སྐྱབས་གནས་ཀུན་འདུས་ཞབས་ལ་གུས་པས་འདུད།།དཀར་ཆག་མཐོང་བ་དོན་ལྡན་ཞེས་བྱ་བ།།མི་ཕྱེད་དད་པའི་ཡིད་ཀྱིས་བྲི་བར་བྱ།།དེ་ཡང་པྲ་སྟི་ལྔ་མཆོད་སྒར་ཞེས་བྱ་བའི་སྒྲོལ་མ་ལྷ་ཁང་ཕྱི་ནང་གི་རྟེན་གསུམ་རྣམས་ཀྱི་བཞུགས་བྱང་གི་རིམ་པ་ནི།གྲུབ་པའི་དབང་ཕྱུག་ཆེན་པོ་པྲ་སྒོམ་ཆོས་ཀྱི་རྡོ་རྗེ་དང་།སྟག་ལུང་ཐང་བ་སོགས་བཀའ་བརྒྱུད་གོང་མ་རྣམས་ཀྱི་ཐུགས་དམ་གྱི་རྟེན།པྲ་སྟི་ནང་སོ་གོང་མ་སོགས་འགྲོ་བ་ཡོངས་ཀྱི་བསོད་ནམས་ཀྱི་ཞིང་མཆོག་དམ་པ།སྒྲོལ་མ་གསུང་འབྱོན་མ་བྱིན་རླབས་ཀྱི་གཟི་འོད་འབར་བ་ད་ལྟ་ཡང་གསུང་གདངས་ཐོས་བཞིན་དམ་སྦྱར་མ་དང་།མཁའ་འགྲོ་མ་སུ་ཁ་སིདྔྷའི་དབུ་ཐོད་སྐྲ་དང་བཅས་པ།སྙན་རྒྱན་དར་དཔྱངས་དང་བཅས་བཞུགས།

གཞན་ཡང་སྐུ་གསུང་ཐུགས་ཀྱི་རྟེན་གསར་དུ་བཞེངས་པའི་བཞུགས་བྱང་གི་རིམ་པ་ནི།སངས་རྒྱས་མར་མེ་མཛད།བདག་ཅག་གི་སྟོན་པ་མཉམ་མེད་ཤྰཀྱའི་རྒྱལ་བོའི་སྐུའི་སྣང་བརྙན་ཇོ་བོ་ཡིད་བཞིན་ནོར་བུ་དང་།རྒྱལ་ཚབ་བྱམས་པ་མགོན་པོ།འཕགས་མཆོག་ཇོ་བོ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་སྣང་བརྙན་དང་།དཔལ་ཨོ་རྒྱན་ཆེན་པོ་མ་ཧྰ་གུ་རུ་པདྨ་འབྱུང་གནས་གཙོ་འཁོར་གསུམ།མཉམ་མེད་ཇོ་བོ་ཆེན་པོ་དང་རྗེ་བདག་ཉིད་ཆེན་པོའི་སྣང་བརྙན་དང་།པྲ་སྒོམ་ཆོས་ཀྱི་རྡོ་རྗེ་སྐུ་རྣམས།རྒྱུ་སྨན་སྣ་རིན་པོ་ཆེ་སྣ་ཚོགས་ཀྱི་ཕྱེ་མ་དང་།རྒྱ་དཀར་རྒྱ་ནག  བལ་བོ།བོད་དང་བོད་ཆེན་པོ་སོགས་ཀྱི་གནས་རྟེན་ཁྱད་པར་ཅན་རྣམས་ཀྱི་ས་སྣ་དང་གནས་ཆེན་དེ་རྣམས་ཀྱི་ཆུ་སྣ་མང་བོ་དང་།སྐྱེས་མཆོག་དམ་པ་རྣམས་ཀྱིས་སྒྲུབ་བའི་བུམ་ཆུ་སྣ་མང་ལས་གྲུབ་བའི་སྐུ་གཟུགས་དེ་རྣམས་ཀྱི་ནང་ན་བཞུགས་བྱའི་གོ་རིམ་ནི།བཀྲ་ཤིས་ཕུན་སུམ་ཚོགས་པའི་སྲོག་ཤིང་ལ་བརྒྱུད་ལྡན་བླ་མའི་ཕྱག་ལེན་ལྟར་མཚན་ཉིད་ལྡན་པར་བྲིས།ཆོས་ཀྱི་རིང་བསྲེལ་ནི་དགོན་ལུང་ཐུའུ་བཀྭན་བླ་བྲང་དུ་བཞུགས་པའི་གཟུངས་འབུལ་བཞུགས་པ་ཆ་ཚང་གྲངས་མང་བཞུགས།

གཞན་ཡང་ཇོ་བོ་སྐུའི་ནང་དུ།འབུམ་འབྲིང་བོ་ཉི་ཁྲི།གདུགས་དཀར།ཤེས་རབ་སྙིང་བོ། བཀའ་ཐང་བསྡུས་པ།སྐྱབས་མགོན་བསྟན་འཛིན་འོད་ཟེར་རིན་པོ་ཆེ་དང་།རྗེ་བཙུན་རས་པ་ཆེན་པོ་ཀརྨ་བ་རིན་པོ་ཆེ་རྣམ་གཉིས་ཀྱི་གསོལ་འདེབས་དང་།གཞན་ཡང་མདོ་རྒྱུད་ཀྱི་གཟུངས་སྣ་མང་དུ་བཞུགས།ཡུངས་འབྲུ་ལྟ་བུའི་རིང་བསྲེལ་ཕྱོགས་བསྡུས་ནི།ལོ་ཙྰ་བ་ཆེན་པོ་བེེ་རོ་ཙ་ནའི་རྣམ་འཕྲུལ་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་བས་མདོ་ཁམས་སྐུ་མཆོག་བདེ་ཆེན་འདུས་པའི་ཕོ་བྲང་ནས་ཟབ་གཏེར་དུ་བཞེས་པའི་རྫོགས་པའི་སངས་རྒྱས་རབས་བདུན་གྱི་རིང་བསྲེལ་རིལ་བུ།གཏེར་ཆེན་དེ་ཉིད་ནས་སྤྱན་དྲངས་པའི་གུ་རུ་ཐོད་ཕྲེང་རིགས་ལྔའི་ཕྱག་འཕྲེང་གི་རིལ་བུ།ཨོ་རྒྱན་ཡབ་ཡུམ་གྱི་བྱང་སེམས་དཀར་དམར།དམ་རྫས་རོལ་བ་ཆེན་པོའི་རིལ་བུ།རྒྱ་གར་གྱི་རིག་འཛིན་དགའ་རབ་རྡོ་རྗེ།འཇམ་དཔལ་བཤེས་གཉེན།ཤྲི་བིངྔྷ།བི་མ་ལ་མི་ཏྲ་བཅས་རིག་འཛིན་རྣམ་བཞིའི་སྐུ་གདུང་རིང་བསྲེལ་གཅིག་བསྡུས་རིལ་བུ།འཕགས་ཡུལ་རིག་འཛིན་བརྒྱད་ཀྱིས་བསྒྲུབས་པའི་དམ་རྫས་བདུད་རྩི་ཆོས་སྨན།གཞན་ཡང་གྲུབ་པའི་དབང་ཕྱུག་དམ་པ་སྤྲུལ་བའི་གཏེར་ཆེན་བརྒྱ་རྩ་བརྒྱད་རྣམས་ཀྱིས་གཏེར་ནས་སྤྱན་དྲངས་པ་རྣམས་དང་།སྒར་ཆེན་རྟེན་ཁྲོད་དུ་བཞུགས་པའི་སྟོན་པ་བདེ་བར་གཤེགས་པ་དང་།ཕྱོགས་བཅུའི་སངས་རྒྱས་སྟོང་གི་སྐུ་གདུང་རིལ་བུ་དང་།དེ་བཞིན་གཤེགས་པ་འཁོར་བ་འཇིགགསེར་ཐུབ།འོད་སྲུང་སོགས་སངས་རྒྱས་ཀྱི་འཕེལ་གདུང་གིས་མཚོན་རིང་བསྲེལ་རྣམ་བཞིའི་རིལ་བུ་གསར་རྙིང་ཁུངས་ཐུབ་སེལ་མེད་ཀྱི་དམ་རྫས་དངུལ་ཞུན་ཆེན་མོ།ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་གཙང་རོང་བཀྲ་ཤིས་བརྩེགས་བརྗིད་འཆི་མེད་བི་མ་མི་ཏྲའི་ཀེའུ་ཚང་གོང་མ་ནས་སྤྱན་དྲངས།འཕགས་པ་ཉེ་སྲས་བརྒྱད་ཀྱི་དམ་རྫས་ལས།འཇམ་དཔལ་དབྱངས་ཀྱི་ཤེས་རབ་སྤེལ་བའི་རིལ་བུ་བློ་གྲོས་མཆོག་སྟེར།འཕགས་པ་སྤྱན་རས་གཟིགས་ཀྱི་འགྲོ་དོན་མཁའ་ཁྱབ་རིལ་བུ་ངན་སོང་དོང་སྤྲུགས།འཕགས་པ་ཕྱག་ན་རྡོ་རྗེ་མཐུ་སྟོབས་བསྐྱེད་པའི་རིལ་བུ་བདུད་འཇོམས་རྡོ་རྗེ།འཕགས་པ་ས་ཡི་སྙིང་བོའི་བརྟན་གཡོའི་བཅུད་སྤེལ་རིལ་བུ་བཀྲ་ཤིས་འཁྱིལ་བ།འཕགས་པ་ནམ་མཁའི་སྙིང་བོའི་ཉེས་ལྟུང་སེལ་བའི་རིལ་བུ་འབྲེལ་ཚད་རང་གྲོལ།འཕགས་པ་སྒྲིབ་པ་རྣམ་སེལ་གྱི་སྡུག་སྒྲིབ་འཇོམས་པའི་རྫས་མཆོག་ཡེ་ཤེས་ཆུ་རྒྱུན།འཕགས་པ་བྱམས་པའི་ཚུལ་ཁྲིམས་རྣམ་དག་གི་རིལ་བུ་དྲི་མེད་གཟི་བརྗིད།འཕགས་པ་ཀུན་ཏུ་བཟང་བོའི་སྨོན་ལམ་ལས་འགྲུབ་པའི་རིལ་བུ་ཡིད་བཞིན་ནོར་བུ་བཅས་བཞུགས། 

མངའ་བདག་ཚངས་པ་ལྷའི་མེ་ཏོག་གི་རྣམ་འཕྲུལ་ཀུན་གཟིགས་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་བོས་རྫོངས་ཤོད་ཇམ་ནང་བདེ་གཤེགས་འདུས་པའི་ཕོ་བྲང་ནས་ཟབ་གཏེར་དུ་བཞེས་པའི་ཨོ་རྒྱན་ཆེན་པོ་རྗེ་འབངས་ཉེར་ལྔས་སྒྲུབ་པའི་དམ་རྫས་བདུད་རྩི་ཆོས་སྨན་མྱོང་གྲོལ་ཀུན་གྱི་རྒྱལ་བོས་གཙོས།རྒྱ་གར་གྱི་གྲུབ་པའི་རིག་འཛིན་ཆེན་པོ་རྣམས་དང་།བོད་ཀྱི་གཏེར་སྟོན་ཆེན་པོ་སོགས་མཁས་གྲུབ་དམ་པ་དུ་མས་བསྒྲུབ་པའི་བདུད་རྩི་ཆོས་སྨན་ཉེར་ལྔ་ལྷགཡང་རྗེ་ཉིད་ཀྱིས་བསམ་ཡས་བྲག་དམར་མགྲིན་བཟང་ནས་སྤྱན་དྲངས་པའི་བྲམ་ཟེ་ཉི་ཤུ་རྩ་གཅིག་གི་སྐུ་ཤའི་རིལ་བུ་གཏེར་བྱོན་གྱིས་གཙོ་བོའི་གཙང་དབུས་མདོ་ཁམས་སོགས་སུ་བཞུགས་པའི་སྐྱེས་མཆོག་དམ་པ་གྲུབ་པའི་དབང་ཕྱུག་ཆེན་པོ་རྣམས་ཀྱིས་སྒྲུབ་པའི་སྐྱེ་བདུན་རིལ་བུ་ཁྱད་འཕགས་བཅུ་ཕྲག་ལྷག་ཙམ་བཞུགས།

ལྷ་སྲས་འབྲིང་བོ་དམ་འཛིན་མུ་རུ་བཙན་པོའི་སྒྱུ་འཕྲུལ་གཏེར་ཆེན་བླ་མ་ཨོ་རྒྱན་མཆོག་གྱུར་གླིང་བ་འཕྲིན་ལས་འགྲོ་འདུལ་རྩལ་གྱིས་ཟབ་གཏེར་དུ་བཞེས་པ།རིག་འཛིན་དགའ་རབ་རྡོ་རྗེའི་སྐུ་གདུང་རིལ་བུ།བྲམ་ཟེ་པྲ་བྔྷ་ཧ་སྟིའི་གདུང་རིལ།ཨོ་རྒྱན་སངས་རྒྱས་གཉིས་པའི་ཤངས་མཚལ།ཁྲི་སྲོང་ལྡེའུ་བཙན་གྱི་གདུང་རིལ།གཟི་བརྗིད་བསྐྱེད་པ་སྐུའི་རིལ་བུ།ཚངས་དབྱངས་བསྐྱེད་པ་གསུང་གི་རིལ་བུ།བདེ་ཆེན་བསྐྱེད་པ་ཐུགས་ཀྱི་རིལ་བུ།འཇམ་དཔལ་བཤེས་གཉེན་གྱི་ཤེས་རབ་རིལ་བུ།སངས་རྒྱས་གསང་བའི་རྡོར་སེམས་རིལ་བུ།གཞན་ཡང་རིང་བསྲེལ་ཡུངས་འབྲུ་ལྟ་བུ་ཕྱོགས་བསྡུས།སྐུ་གདུང་རིང་བསྲེལ་ཕྱོགས་བསྡུས།སྐུ་བལ་རིང་བསྲེལ་ཕྱོགས་བསྡུས།གཏེར་རྫས་ཕྱོགས་བསྡུས།ཤངས་མཚལ་ཕྱོགས་བསྡུས།ཨོ་རྒྱན་ཡབ་ཡུམ་གྱི་བྱང་སེམས་དཀར་དམར་དམ་རོལ་བ་ཆེན་པོ་ཨྰ་ཐམ་མ།རིག་འཛིན་དགའ་རབ་རྡོ་རྗེའི་དམ་རྫས་རོ་ལངས་གསེར་བསྒྱུར།རྗེ་ཏྰ་ར་ན་ཐ་དང་།ཉང་ཉི་མ་འོད་ཟེར།གུ་རུ་ཆོས་ཀྱི་དབང་ཕྱུགསྲས་པདྨ་དབང་ཆེན།སྲས་མོ་སངས་རྒྱས་ཀུན་གྲོལ།ཡབ་རྗེ་ཨོ་རྒྱན་གླིང་བ།རྡོ་རྗེ་གླིང་བ།ཀུན་མཁྱེན་ཆོས་ཀྱི་རྒྱལ་བོ་ཀློང་ཆེན་རབ་འབྱམས་བཟང་བོ་རྣམས་ཀྱི་གདུང་རུས།སྐུ་ཤགདུང་ཚྭ།དབུ་སྐྲ།ན་བཟའ།བྱང་སེམས་དཀར་དམར།ལྷ་བླ་མ་བྱང་ཆུབ་འོད།རྒྱལ་སྲས་རྗེ།བྱང་སེམས་ཟླ་བ་རྒྱལ་མཚན་སོགས་ཀྱི་སྐུ་ཤ་སྐྱེ་བདུན་ཁྱད་འཕགས་བཅུ་ཕྲག་ལྷག་ཙམ་བཞུགས།ཆོས་རྒྱལ་གཏེར་བདག་གླིང་བས་གཏེར་ནས་སྤྱན་དྲངས་པའི་དམ་རྫས་ཨ་རྒྱ་མ།རྡོར་སེམས་སྒྲུབ་རིལ།སྟག་ཤམ་ནུས་ལྡན་རྡོ་རྗེའི་གཏེར་བྱོན་དམ་རྫས་ཨ་རྒྱ་མ།ཆོས་གླིང་འཛམ་གླིང་རྡོ་རྗེའི་གཏེར་བྱོན་ཨ་ཐམ་མ།ཀརྨ་པ་རིལ་ནག་ཆེན་མོ་ཕྱག་སྒྲིལ་མ།ཨོ་རྒྱན་པདྨ་འབྱུང་གནས།མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ།མཁན་ཆེན་བོ་ངྷི་ས་ཏྭ།ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན།གཉག་ཛྙྰན་ཀུ་མ་ར་སོགས་འགྲོ་འདུལ་སྤྲུལ་བའི་གཏེར་ཆེན་རྣམས་ཀྱི་རིང་བསྲེལ།སྐུ་གདུང་།སྐུ་རུས།སྐུ་ཤདབུ་སྐྲ།ན་བཟའ།རྗེ་བདག་ཉིད་ཆེན་པོ་བློ་བཟང་གྲགས་པའི་དཔལ་གྱི་དབུ་སྐྲ།ཆོས་གོས།རྣམ་སྦྱར།རྒྱལ་ཚབ་རྗེ།མཁས་གྲུབ་རྗེ།བྱམས་ཆེན་ཆོས་རྗེ་རྣམས་ཀྱི་དབུ་སྐྲ།ན་བཟའ།བསམ་ཡས་སློབ་དཔོན་ང་འདྲ་མའི་ཞལ་ནས་ཕེབས་པའི་བདུད་རྩི་རིལ་བུ།མ་ཎི་དུང་ཕྱུར་རིལ་བུ་མང་བོ་ཕྱོགས་གཅིག་ཏུ་འདུས་བའི་རིལ་བུ།ས་ཆེན་ཀུན་དགའ་སྙིང་བོ་དང་།ས་སྐྱ་པཎྟིཏ་ཀུན་དགའ་རྒྱལ་མཚན་དང་།འགྲོ་མགོན་ཆོས་རྒྱལ་འཕགས་པ་ནས་ས་སྐྱའི་འགྲོ་འགོན་པདྨ་དབང་ཕྱུག་གི་བར་གྱི་ས་སྐྱ་གོང་མ་རིམ་པར་བྱོན་པ་རྣམས་ཀྱི་ཤངས་མཚལ།དབུ་སྐྲ།ན་བཟའ།རྟེན་འདུས།དམ་རྫས་བདུད་རྩི་རིལ་བུ།སྟག་མོ་ལུས་སྦྱིན་གྱི་སྐུ་རུས།བྱང་ཆུབ་སེམས་དཔའ་ཆོས་འཕགས་ཀྱི་ཚེམས།གཙང་སྨྱོན་ཧེ་རུ་ཀའི་དབུ་སྐྲ།ཏེ་ལོ་བའི་ཁྲི་སྙན་ས་ལེའི་པགས་པའི་ཆ་ཤས།ནྰ་རོ་བའི་རུས་རྒྱན།དབུ་ཞྭ།མར་བའི་སྐུ་བེར་སེང་གེ་འགྱིང་གནོན།ན་བཟའ།སྲས་དར་མ་མདོ་སྡེའི་དབུ་ཀླད།རྗེ་མི་ལ་རས་པའི་སྒོམ་ཐགརས་ཆུང་རྡོ་རྗེ་གྲགས་པའི་ན་བཟའ།མཉམ་མེད་དྭགས་པོ་བ།ཕག་གྲུ་བ།སྐྱོབ་པ་འཇིག་རྟེན་མགོན་པོ།འབྲི་གུང་རིན་ཆེན་ཕུན་ཚོགས་སོགས་འབྲི་གུང་གདན་རབས་རྣམས་ཀྱི་དབུ་སྐྲ།ན་བཟའ།གདུང་རུས།གདུང་ཚ།རྟེན་འདུས།རྒྱལ་བ་དགེ་འདུན་གྲུབ།རྒྱལ་དབང་ལྔ་བ་ཆེན་པོ།རྒྱལ་བ་ཚངས་དབྱངས་རྒྱ་མཚོ།རྒྱལ་བ་བསྐལ་བཟང་རྒྱ་མཚོ།རྒྱལ་བ་ཐུབ་བསྟན་རྒྱ་མཚོའི་བར་གྱི་རྒྱལ་བ་རིམ་བྱོན་གྱི་ན་བཟའ།དབུ་སྐྲ།པན་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་ཀྱི་ན་བཟའ་སོགས་པན་ཆེན་རིམ་བྱོན་གྱི་ན་བཟའ།དབུ་སྐྲ།ཕ་དམ་པ་རྒྱ་གར་བའི་ན་བཟའ།མ་གཅིག་ལབ་ཀྱི་སྒྲོལ་མའི་ན་བཟའ།ཇོ་བོ་རྗེའི་སྣམ་སྦྱར།ཚོགས་དྲུག་རང་གྲོལ་གྱི་དབུ་ལོ།རྒྱལ་སྲས་རིན་པོ་ཆེའི་འཕེལ་གདུང་དང་ན་བཟའ།རྗེ་བཙུན་དཔལ་ལྡན་བཤད་སྒྲུབ་དབང་ཕྱུག་རྒྱ་མཚོའི་དབུ་ལོ།སྔོ་ཁོ་ཡོངས་འཛིན་ངག་དབང་ལེགས་བཤད་ཉི་མའི་ན་བཟའ།ལྕང་སྐྱ་རོལ་བའི་རྡོ་རྗེའི་ན་བཟའ།ཐུའུ་བཀྭན་བློ་བཟང་འཇམ་དཔལ་རིན་པོ་ཆེའི་ན་བཟའ།གུང་རུ་མཁའ་འགྲོ་མའི་ན་བཟའ་དང་གསོལ་ཟས།སངས་སངས་སྨྱུང་གནས་པའི་ས་སྔགས།གྲུབ་པའི་དབང་ཕྱུག་དམ་པ་རྗེ་རས་པ་ཆེན་པོ་ཀརྨ་རྡོ་རྗེ་འཆང་ཆེན་པོའི་དབུ་ལྗོན་ལོ་མ།གཞན་ཡང་འབྲུག་པའི་འཇའ་ཚུགས་རིལ་བུ་སོགས་འབྲུག་པའི་རྟེན་སྣ་གྲངས་མང་བཞུགས།ཀརྨ་པ་ཆེན་པོ་ཆོས་གྲགས་རྒྱ་མཚོ་ནས་སྐུ་ཐོག་བཅོ་ལྔ་བ་མཁའ་ཁྱབ་རྡོ་རྗེའི་བར་གྱི་སྒྲུབ་པའི་རྟེན་འདུས་རིལ་ནག་ཆེན་པོ་དང་དབུ་ལོ།ན་བཟའ།ས་སྐྱའི་དམ་རྫས་ལས་གྲུབ་པའི་སྨན་བླའི་སྐུ་བྱིན་ཅན།དམ་རྫས་རྟེན་འདུས་བརྒྱ་རྡོ།སྟོང་རྡོ།ཁྲི་རྡོ་སོགས་རྟེན་སྣ་མང་དུ་བཞུགས།བུ་སྟོན་རིན་ཆེན་གྲུབ་སོགས་བུ་སྟོན་རིམ་བྱོན་གྱིས་སྒྲུབ་པའི་མྱོང་གྲོལ་བུམ་ཆུ་རིལ་བུ་སོགས་རྟེན་སྣ་མང་དུ་བཞུགས།ས་སྐྱ་ངོར་དགོན་གྱི་རྟེན་འདུས་དམ་རྫས་དཔེ་བྲལ་མ་དང་།དམ་རྫས་བདུད་རྩི་རིལ་བུ།བཀྲ་ཤིས་ལྷུན་པོའི་རྟེན་འདུས་དང་བདུད་རྩི་རིལ་བུ།གཞུང་ས་དགའ་ལྡན་ཕོ་བྲང་དང་།སྐྱབས་མགོན་ཐུབ་བསྟན་རྒྱ་མཚོས་སྒྲུབ་པའི་རྟེན་འདུས་དང་།མ་ཎི་དུང་ཕྱུར་རིལ་བུ།གདན་ས་གསུམ་གྱི་རྟེན་འདུས།རྡོ་རྗེ་བྲག་གི་རྟེན་འདུས།སྨིན་གྲོལ་གླིང་གི་རྟེན་འདུས།དྭགས་ལ་སྒམ་པོའི་རྟེན་འདུས།མདོ་ཁམས་ཀ་ཐོག་དང་།དཔལ་ཡུལ།དཔལ་སྤུངས།ཞེ་ཆེན།རྫོགས་ཆེན་སོགས་ཀྱི་བྱིན་རྟེན་དམ་རྫས།དམ་ཚིག་ལ་སེལ་མེད་ཆོས་ལུགས་ལ་ཕྱོགས་རིས་མེད་པའི་རྟེན་ཁྱད་འཕགས་མང་དུ་བཞུགས།འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱི་ན་བཟའ།བྲག་ཕུག་མ་ར་ཏི་ཀ་ར་དཔལ་ཨོ་རྒྱན་ཆེན་པོ་པད་མ་འབྱུང་གནས་ཡབ་ཡུམ་གྱི་འཆི་མེད་ཚེའི་རིག་འཛིན་བརྙེས་སྐབས་སངས་རྒྱས་ཚེ་དཔག་མེད་ཀྱིས་དངོས་སུ་གནང་བའི་ཚེ་བཅུད་དང་།མ་ཅིག་གྲུབ་པའི་རྒྱལ་མོ་དང་།གྲུབ་ཆེན་ཐང་སྟོང་རྒྱལ་བོ་སོགས་འཆི་མེད་ཚེ་ཡི་རིག་འཛིན་བརྙེས་པའི་གྲུབ་དབང་དམ་པ་བདུན་བརྒྱ་ལྷག་གི་ཚེ་བཅུད་རིལ་བུ་ཁྱད་འཕགས་བཞུགས།ལྷ་ལྡན་སྤྲུལ་བའི་གཙུག་ལག་ཁང་ན་བཞུགས་པའི་ཇོ་བོ་ཤྰཀྱ་མུ་ནེ་དང་།ཇོ་བོ་རང་བྱོན་ལྔ་ལྡན།ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྣང་བརྙན་ང་འདྲ་མ་དང་།ཇོ་བོ་ར་མོ་ཆེ།ཇོ་བོ་ལོ་ཀི་ཤྭ་ར་རྣམས་ཀྱི་ཞལ་གསེར་འཁྲུལ་མེད།གཞན་ཡང་རྒྱ་གར་རྡོ་རྗེ་གདན་གྱི་བྱང་ཆུབ་ལྗོན་ཤིང་གི་ལོ་འདབ།རྗེ་ཙོང་ཁ་བའི་འཁྲུངས་ཤིང་གི་ལོ་འདབ་ཨ་ར་པ་ཙ་རང་བྱོན་དུ་ཡོད་པ་དང་།རི་བོ་རྩེ་ལྔའི་མཁན་པ།རྭ་སྒྲེང་ཤུག་པ།དགའ་ལྡན་མཁན་པ་སོགས་རྒྱ་གར་རྒྱ་ནག་བལ་བོད་རྣམས་ཀྱི་ཤིང་སྣ་ཁྱད་འཕགས།རྒྱ་གར་ཆུ་བོ་གངྒྰ་དང་།མ་ཕམ་གཡུ་མཚོ་སོགས་ཆུ་སྣ་ཁྱད་འཕགས་མང་འདུས་དང་ས་སྣ།གཞན་ཡང་བཀའ་གཏེར་གསར་རྙིང་གྲུབ་མཐའ་རིས་མེད་སེལ་བྲལ་གྱི་རྟེན་སྣ།དབུ་སྐྲ་གདུང་རུས་གདུང་ཚྭ་སོགས་རྟེན་ཁྱད་འཕགས་མང་དུ་བཞུགས།འོད་དཔག་མེད་སྟོང་སྐུ།ཨོ་རྒྱན་སྟོང་སྐུ།འཁོར་ལོ་སྡོམ་པ།ཛམ་བྷ་ལ་དཀར་བོ།སངས་རྒྱས་སོ་ལྔའི་སྐུ་བརྙན་རྣམས་བཞུགས།

གཞན་ཡང་རས་སུ་བྲིས་བའི་སྐུ་བརྙན་ནི།ལྷ་ཁང་གི་གཡས་སུ་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གཙོ་བོར་གྱུར་བའི་འདོད་ལྷ་གྲངས་མང་དང་།བདེ་ཅན་ཞིང་བཀོད།རྣམ་རྒྱལ་མ་ལྷ་དགུ།གྲུབ་ཆེན་ཉི་མ་སྦས་བའི་ལུགས་ཀྱི་སྒྲོལ་མ་ཉེར་གཅིག་གི་ལྷ་ཚོགས་བཞུགས།གཡོན་དུ་མཁན་སློབ་ཆོས་གསུམ་གཙོ་བོར་གྱུར་བའི་འདོད་ལྷ་གྲངས་མང་དང་།རྗེ་བཙུན་སྒྲོལ་མའི་ཞིང་གཡུ་ལོ་བཀོད་པ་དང་སྒྲོལ་མ་ཉེར་གཅིག་གི་ལྷ་ཚོགས་ཚར་གཉིས་བཞུགས།མགོན་ཁང་དུ་མགོན་ཆོས་ལྷ་མོ།བཙན་འཁོར་བཅས་ཀྱི་སྐུ་བརྙན་བཞུགས།གསུང་རྟེན་གྱི་སྐོར་ལ།ཡུམ་རྒྱས་འབྲིང་བསྡུས་གསུམ།འཕགས་པ་བསྐལ་བཟང།གྲྭ་ཏོག་གསེར་གསུམ།པདྨ་བཀའ་ཡི་ཐང་ཡིགརྗེ་བཙུན་མི་ལ་རས་པའི་མགུར་འབུམ།རྗེ་ཙོང་ཁ་བའི་ལམ་རིམ་ཆེན་མོ་སོགས་བཞུགས།ཐུགས་གྱི་རྟེན་ལ་ལྕང་སྐྱ་རོལ་བའི་རྡོ་རྗེ་བཞེད་པ་ལྟར་རིགས་གསུམ་མགོན་པའི་མཆོད་རྟེན།བཀའ་གདམས་མཆོད་རྟེན་བྱིན་ཅན།སྒོ་སྟེང་དུ་རྒྱན་དྲུག་མཆོག་གཉིས་གྱི་སྣང་བརྙན་དང་།རྗེ་བདག་ཉིད་ཆེན་པོའི་སྐུ་བརྙན་གཙོ་བོར་བཞུགས།

གཞན་ཡང་རྭ་ལོ་ཙྰ་བའི་ལག་སྤར་འཇིགས་བྱེད་ཀྱི་སྐུ་བྱིན་ཅན།ཆུ་བཟང་བློ་བཟང་ཐུབ་བསྟན་བཤད་སྒྲུབ་ཉི་མའི་ན་བཟའ་སྐུ་འགག་བྱིན་ཅན།ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མའི་ཕྱག་འཁོར་ཅོད་པན།གུང་ཐང་འཇམ་པའི་དབྱངས་ཀྱི་ན་བཟའ་གོང་སྣམ་ལ་གཞི་མཛད་པ་གུང་རུ་མཁའ་འགྲོ་མའི་ན་བཟའ་སྐུ་འགག་གུང་རུ་མཁའ་འགྲོ་མ་དཀོན་མཆོག་བསྟན་པའི་དབང་མོས་གནང་བ་བྱིན་ཅན་རྣམས་བཞུགས་སོ།།སྒོ་འགྲམ་གཡས་གཡོན་དུ་རྒྱལ་ཆེན་སྡེ་བཞིའི་སྣང་བརྙན་རྣམས་བཞུགས་པའོ།།དེ་ལྟར་པྲ་སྟི་ལྔ་མཆོད་སྒར་བའི་སྒྲོལ་མའི་ལྷ་ཁང་རྟེན་གསུམ་རྣམས་ཀྱི་བཞུགས་བྱང་གི་དཀར་ཆག་རྣམས་མདོར་བསྡུས་ཙམ་ཞིག་བརྗོད་ཟིན་ཏོ།།

དེ་ལྟར་ཕྱག་སྐོར་དང་མཆོད་པའི་ཞིང་མཆོག་དམ་པ་ཡིན་ཏེ།ཇི་སྐད་དུ།ཕྱག་སྐོར་བྱས་ན་འཁོར་ལོས་བསྒྱུར་བར་སྐྱེ།།མར་མེ་ཕུལ་ན་གཟུགས་མཛེས་ཤེས་རབ་གསལ།།གསོལ་བ་བཏབ་ན་བྱིན་རླབས་དངོས་གྲུབ་ཐོབ།།མཐོང་ཐོས་དྲན་རེག་འབྲེལ་ཚད་དོན་ལྡན་འགྱུར།།ཞེས་འགྲོ་མགོན་ཞབས་དཀར་བས།ཕན་བདེ་འབྱུང་གནས་རྟེན་གསུམ་རིན་པོ་ཆེ།།ཡང་ཡང་རྙེད་དཀའ་ཨུ་དུམ་ཝ་ར་འདྲ།།ཡིད་བཞིན་ནོར་བུ་བས་ཀྱང་ཆེ་ལྷག་པས།།ཀུན་གྱིས་སྤྱི་བོར་བཏུད་ནས་ཕྱག་བྱར་འོས།།ཞེས་གསུངས་བ་ལྟར་ཀུན་གྱིས་ཕྱག་སྐོར་དང་མཆོད་པ་ལ་སོགས་པའི་ཚོགས་བསགས་སྒྲིབ་སྦྱོང་ལ་འབད་པར་བྱའོ།།སྐོར་ཚད་ཁྲི་ཕྲག་གཉིས་ཀྱི་འགྲུབ་པ་ཡིན་པས་ཀུན་གྱིས་དང་དུ་ལོངས་ལ་དལ་རྟེན་དོན་དང་ལྡན་བར་མཛོད་ཅིག

སྨྲས་པ།དེ་ལྟར་རྣམ་དཀར་དགེ་ཚོགས་རྒྱ་མཚོའི་མཐུས།།བདག་སོགས་འབྲེལ་ཐོག་མར་གྱུར་སེམས་ཅན་རྣམས།།གནས་སྐབས་ཕྱི་ནང་འཇིགས་པ་ཀུན་ལས་སྒྲོལ།།མཐར་ཐུག་རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག།ཡུལ་ཕྱོགས་འདིས་མཚོན་ཡངས་པའི་རྒྱལ་ཁམས་སུ།།ནད་མུག་དུས་འཁྲུགས་མི་མཐུན་རབ་ཞི་ནས།།མཐུན་རྐྱེན་ལེགས་ཚོགས་ཡར་ངོ་ཟླ་བཞིན་འཕེལ།།རྫོགས་ལྡན་དཔལ་ལ་སྤྱོད་པའི་བཀྲ་ཤིས་ཤོག།

ཅེས་པ་འདི་ནི་པྲ་སྟི་བླ་མ་ཆོས་རྗེ་གྲགས་པ་སྐྱབས་མཆོག་རིན་པོ་ཆེའི་བཀའ་ཡིས་བསྐུལ་ངོར་ཡར་ལྡོག་མ་ནུས་པར༧ཤར་སྤྲང་རྒྱལ་སྲས་ཡེ་ཤེས་མིང་གིས་བྲིས་པ་མཁའ་མཉམ་འགྲོ་བ་མཐའ་དག་སངས་རྒྱས་འཐོབ་པའི་རྒྱུར་གྱུར་ཅིག།  དགེའོ།།  དགེའོ།།  དགེའོ།། 

  མཆན།  སྤྱི་ལོ་༢༠༡༦ ལོའི་ཧོར་ཟླ ༨ ཚེས ༡ ཉིན་མདོ་སྨད་དཔའ་རིས་ཕྱོགས་སུ་གནས་མཇལ་དུ་སོང་སྐབས་པྲ་སྟི་ལྔ་མཆོད་སྒར་གྱི་པྲ་སྟི་སྒྲོལ་མ་གསུང་འབྱོན་མའི་ལྷ་ཁང་དུ་བཞུགས་པའི་སྔོན་གྱི་རྟེན་ཐོ་རས་གཞི་རྙིང་བ་ཞིག་ལས་ཕྲན་སངས་རྒྱས་རྒྱ་མཚོས་འདྲ་བཤུས་བྱས་པ་ལགས།རྟག་བརྟན་རྡོ་རྗེ་གླིང་གི་གནས་བསྟོད་དང་།པྲ་སྟི་ལྔ་མཆོད་སྒར་བའི་སྒྲོལ་མ་ལྷ་ཁང་གི་རྟེན་གསུམ་རྣམས་ཀྱི་དཀར་ཆག་བསྡུས་པ་འདི་གཉིས་སླན་ཆད་དཔེ་རྒྱུན་དཀོན་པར་མཐོང་ནས་ཀུན་ལ་འགྲེམ་སྤེལ་བྱས་སོ། །  

    འདི་ཉིད་སྐུ་འབུམ་སངས་རྒྱས་རྒྱ་མཚོས་གཏག་སྟེ་གནང་བས་ཆེད་དུ་བཀའ་དྲིན་ཆེ་ཞུ།


རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།