སྐུ་འབུམ་ཆེ་ཤོས་ལྷ་བཟོ་བློ་བཟང་ཆོས་ཀྱི་བཤེས་གཉེན་གྱི་ལོ་རྒྱུས་མདོར་བསྡུས།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ།     སྤེལ་དུས།  2019-04-20 05:53:17     རྩོམ་པ་པོ།   སངས་རྒྱས་རྒྱ་མཚོ།    ཀློག་ཐེངས།  

མཁས་པའི་དབང་བོ་ཆེ་ཤོས་ལྷ་བཟོ་བློ་བཟང་བཤེས་གཉེན་ནི་སྐུ་འབུམ་དགོན་པའི་ལྷ་སྡེ་ཚོ་བ་དྲུག་གི་ནང་ཚན་ཀླུ་འབུམ་ཚོ་བའི་ཆེ་ཤོས་གྲོང་སྡེར་སྐུ་འཁྲུངས།ཆུང་དུས་ནས་སྐུ་འབུམ་བྱམས་པ་གླིང་གི་ཆོས་སྒོར་ཞུགས་ཏེ་མགོན་དགེ་བའི་བཤེས་གཉེན་དང་གྲོགས་རིགས་པ་སྨྲ་བ་རྣམས་དང་ལྷན་དུ་གཞུང་ལུགས་ལ་སྦྱངས།རབ་བྱུང་བཅུ་གཉིས་པའི་ཤིང་ཡོས་སྤྱི་ལོ་༡༧༣༥ལོར་ཆེ་ཤོས་ངག་དབང་བསྟན་པ་དགུང་ལོ་བཅུ་དགུའི་ཚེ་ཆེ་ཤོས་ལྷ་བཟོ་ཚང་དགེ་རྒན་དུ་བསྟེན་ཏེ་མཚན་ཉིད་ཀྱི་གཞུང་ལ་གསན་སྤྱོང་མཛད།རབ་བྱུང་བཅུ་གསུམ་པའི་ལྕགས་རྟ་སྤྱི་ལོ་༡༧༥༠ལོར་སྐུ་འབུམ་དུ་མི་ཉག་བློ་གྲོས་དར་རྒྱས་པའི་མདུན་ནས་ཆེ་ཤོས་ལྷ་བཟོ་གཙོ་བྱས་དགེ་བཤེས་དང་སློབ་གཉེར་བ་མང་བོ་དང་ལྷན་དུ་བདེ་གསང་འཇིགས་གསུམ་གྱི་དབང་དང་།སྤྱན་རས་གཟིགས།ཚེ་དཔག་མེད་སོགས་ཀྱི་དབང་།སྣར་ཐང་བརྒྱ་རྩའི་རྗེས་གནང་།ལམ་རིམ།སྔགས་རིམ།པན་ཆེན་གསུང་འབུམ།ལྕང་སྐྱ་གསུང་འབུམ་སོགས་ཀྱི་ལུང་གསན།རབ་བྱུང་བཅུ་གསུམ་པའི་ཆུ་སྤྲེལ་སྤྱི་ལོ་༡༧༥༢ལོར་སྐུ་འབུམ་མི་ཉག་བློ་གྲོས་དར་རྒྱས་ཚང་ཁྲི་ཀའི་ཕྱོགས་སུ་ཕེབས་སྐབས་ཐུགས་སྲས་འགའ་ཞིག་དང་ཆེ་ཤོས་ལྷ་བཟོ་བ་གཙོ་བྱས་དགེ་བཤེས་མང་བོར་ཆོས་སྲིད་ཀྱི་བསླབ་སྟོན་སྩལ་ཅིང་།རང་ནུས་དང་བསྟུན་པར་བསྟན་པ་ཡོངས་རྫོགས་ལ་བག་ཆགས་ཅི་ཐེབས་དང་།དགེ་སྦྱོར་ལ་བརྩོན་དགོས་པའི་བཀའ་སློབ་འགངས་ཅན་མང་དུ་གསུངས།སྐབས་ཤིག་ཆེ་ཤོས་ལྷ་བཟོ་བ་ལ་མོ་བདེ་ཆེན་དགོན་དུ་ཕེབས་ནས་དགོན་དེ་ཀའི་འདུ་ཁང་ནང་མའི་གཙང་ཁང་དུ་འཇམ་དབྱངས་ཀུན་གཟིགས་ཀྱི་སྐུ་བརྙན་ཐོག་ཚད་གཉིས་ལོངས་པ་སོགས་སྐུ་གསུང་ཐུགས་རྟེན་མང་དུ་བཞེངས་ཤིང་།སྐབས་སྔ་ཕྱི་དེར་ལ་མོ་དཔོན་སློབ་གྲགས་རྒན་ངག་དབང་བཀྲ་ཤིས་ཀྱིས་ཐུགས་བཀོད་ཞིབ་ཕྲ་དང་ཆེ་ཤོས་ལྷ་བཟོ་བློ་བཟང་བཤེས་གཉེན་གྱི་རྣམ་དཔྱོད་སོར་མོའི་འཕྲུལ་གྱིས་བསྐྲུན་པའི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཞལ་ཐང་རྒྱས་པ་བདུན་བཞེངས།རི་བོ་དན་ཏིག་ཏུ་རྒྱལ་བ་བྱམས་པ་དགུང་ལོ་བདུན་པའི་ཚད་ཅན།ཐུབ་དབང་།གནས་བརྟན་བཅུ་དྲུགཧྭ་ཤང་དགེ་བསྙེན།རྒྱལ་ཆེན་བཞི་བཅས་ཀྱི་སྨན་སྐུ་ཁྲུ་ཚད་ཅན་དང་།ཚེ་ཏན་མཁན་པོའི་བླ་བྲང་དུ་བཞུགས་པའི་འཇམ་དབྱངས་ཀུན་གཟིགས་དང་།ཇོ་བོ་རྗེ།རྗེ་ཙོང་ཁ་བ།ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ།བེ་ཧར་རྒྱལ་བོ་སོགས་ཀྱི་སྐུ་བརྙན་ཡང་ཆེ་ཤོས་ལྷ་བཟོས་བཞེངས་པར་གྲགས་སོ།།ངག་རྒྱུན་དུ་ཆེ་ཤོས་ལྷ་བཟོ་ཚང་སྐུ་འབུམ་དགོན་པའི་གྲོས་དབང་འགའ་ལ་མི་མཐུན་པ་ཁ་ཤས་བྱུང་སྐབས།ཐེངས་གཅིག་རྒྱ་ནག་རི་བོ་རྩེ་ལྔར་ཕེབས་ཟེར།དེར་བཞུགས་སྐབས་འཇམ་པའི་དབྱངས་ཀྱི་སྐུ་བརྙན་རྩམ་མགོ་མ་ཞིག་མྱུར་བཞེངས་བྱས་པར་གྲགས།འཇམ་དབྱངས་སེང་ཞོན་མ་ཡིན་ཟེར།སྐུ་འབུམ་འཇམ་དབྱངས་ཀུན་གཟིགས་ཀྱི་ལྷ་ཁང་ནང་དུ།མཁས་པའི་དབང་བོ་ཆེ་ཤོས་ལྷ་བཟོ་བློ་བཟང་བཤེས་གཉེན་གྱིས་བཞེངས་པའི་འཇམ་དབྱངས་ཀུན་གཟིགས་ཀྱི་སྨན་སྐུ་ཧ་ཅང་ཆེ་བ་ཁྱད་དུ་འཕགས་པ་བཞུགས་ཤིང་།འདིའི་ནང་རྟེན་དུ་བདེ་བར་གཤེགས་པའི་འཕེལ་གདུང་བྱ་སྒོང་མ་དང་།རྗེ་ཙོང་ཁ་བའི་ཞལ་ཐང་གསུང་འབྱོན་མ་སོགས་རྟེན་སྣ་བྱིན་ཅན་མང་དུ་བཞུགས།དེའི་འཁོར་དུ་སྤྱན་རས་གཟིགས་དང་ཕྱག་རྡོར་གཉིས་ཀྱི་སྐུ་བརྙན་བཞུགས་པ་ཁོང་གི་སློབ་བུ་ཐུགས་སྲས་ལྷ་བཟོས་བཞེངས་ཞེས་གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོས་བརྩམས་པའི་སྐུ་འབུམ་གདན་རབས་དོན་ལྡན་ཚངས་པའི་དབྱངས་སྙན་ལས་གསུངས།འཇམ་དབྱངས་ཀུན་གཟིགས་ཀྱི་སྐུ་བརྙན་འདི་བཞེངས་སྐབས་སྨན་འདམ་ལུག་མགོའི་ཚད་ཙམ་རེ་དགེ་འདུན་མང་ལ་བྱིན་ནས་ཨ་ར་པ་ཙ་འབུམ་ཕྲག་རེ་བཟླས་ཏེ་ཁྱེར་ཤོག་གསུང་བ་ལ།ལེ་ལོ་ཅན་མང་བོས་སྔགས་གྲངས་ཚུལ་མཐུན་སོང་མ་སོང་ངེས་བཞག་མེད་པ་རྣམས།བདུན་ཕྲག་གཅིག་གི་ཉིན་བསྡུས་པ་ན་ཁོང་ཉིད་ཀྱི་ལྗགས་ཀྱིས་མྱང་ནས་ཕྱོགས་གཉིས་སུ་བཞག་པས།སྔགས་གྲངས་ཐེམས་པ་དབུ་ཙམ་བྱུང་བས་སྐུའི་དབུ་དང་།བྱིངས་རྣམས་མ་ཐེམས་པ་ལྟར་གྱིས་སྐུའི་བྱིངས་བཞེངས་པའི་ལོ་རྒྱུས་ཡོད་ཅེས་གསེར་ཏོག་ཚང་གིས་གསུངས་སོ།།སྐུ་འབུམ་གསེར་སྡོང་ཆེན་མོའི་སྒོ་ཁྱིམ་ནང་དུ་མཁས་དབང་ཆེ་ཤོས་ལྷ་བཟོ་བློ་བཟང་བཤེས་གཉེན་གྱིས་བཞེངས་པའི་རྗེ་ཙོང་ཁ་བའི་འདྲ་སྐུ་བཞུགས་ཤིང་།དེའི་ཕྱག་ཏུ་པན་ཆེན་དཔལ་ལྡན་ཡེ་ཤེས་ཀྱིས་ཕུལ་བའི་དུང་དཀར་གཡས་འཁྱིལ་བཅས་བཞུགས།ཆེ་ཤོས་ལྷ་བཟོའི་ཐུགས་དམ་གྱི་རྟེན་འཇམ་དབྱངས་དམར་སེར་གྱི་སྨན་སྐུ་དང་།ཐུབ་དབང་གི་སྨན་སྐུ།མགོན་པོའི་སྣང་བརྙན་སོགས་འདུ་ཁང་སྟེང་དུ་བཞུགས་པ་དང་།སྐུ་འབུམ་གསེར་སྡོང་ཐོག་སོར་བཞུགས་པའི་དམ་ཅན་ཆོས་རྒྱལ་ཀྱི་ཞལ་ཐང་བྱིན་ཅན་དང་།གསེར་སྡོང་ཡང་སྟེང་གི་ལྡེབས་རིས་དམ་ཅན་ཆོས་རྒྱལ་གཉིས་ཀྱང་ཁོང་གིས་བཞེངས་པར་གསུངས།རྒྱུད་པའི་འདུ་ཁང་དུ་བཞུགས་པའི་འཇམ་དབྱངས་དམར་སེར་གྱི་སྨན་སྐུ་དང་།རྒྱུད་པའི་མགོན་ཁང་དུ་བཞུགས་པའི་མགོན་པོའི་རྟེན་ཐང་བྱིན་ཅན་གཉིས་ཀྱང་ཁོང་གིས་བཞེངས་པར་གསུངས།སྔོན་ཆད་སྐུ་འབུམ་དགོན་པའི་སྒར་བ་ཁ་ཤས་སུ་ཁོང་གིས་བཞེངས་པའི་སྐུ་བརྙན་འགའ་རེ་བཞུགས་པའི་ངག་རྒྱུན་མཆིས།སྐུ་འབུམ་མགོན་ཁང་དུ་ཆེ་ཤོས་ལྷ་བཟོས་བཞེངས་པའི་མགོན་པོ་ཕྱག་དྲུག་པའི་སྐུ་བྱིན་ཅན་བཅས་བཞུགས་སོ།།ཆེ་ཤོས་ལྷ་བཟོ་ཚང་ལ་ཀུན་མཁྱེན་འཇིགས་མེད་དབང་བོ་དང་།གསེར་ཏོག་ཡེ་ཤེས་ཐུབ་བསྟན་རྒྱ་མཚོ།གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།རོང་བོ་བིས་བ་ངག་དབང་མི་ཕམ་ཟླ་བ་སོགས་ཀྱིས་རིག་པའི་གནས་ལ་མཁས་པའི་པནྟི་ཏ་ཆེན་པོ་ཞེས་དང་།སྦས་བའི་རྣལ་འབྱོར་དབང་བོ།མཁས་ཤིང་གྲུབ་པའི་དབང་བོ་ཆེ་ཤོས་ལྷ་བཟོ་ཞེས་སོགས་ཀྱི་ཆེ་བརྗོད་གནང་འདུག་གོ།ཆེ་ཤོས་ལྷ་བཟོ་བློ་བཟང་ཆོས་ཀྱི་བཤེས་གཉེན་གྱི་གསུང་རྩོམ་འགའ་རེ་ད་སྐབས་དངོས་སུ་བཞུགས་པ་འདི་ལྟར།༡རྒྱལ་བ་ཙོང་ཁ་བར་བསྟོད་པ་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ཀྱི་ཚིག་དོན་རྣམ་པར་འབྱེད་པའི་འགྲེལ་གསལ་བདུད་རྩི་ཟ་བའི་འཕང་འགྲོའི་སྒྲ་དབྱངས་སྐལ་མཉམ་ཉི་མ་གཞོན་ནུའི་དགའ་སྐྱིད་མི་ཤེས་གཉིད་སློང་དྭངས་པའི་དཔལ་སྟེར་ཞེས་བྱ་བ་བཞུགས་སོ།།སྣ་རིང་དབུ་མེད་བྲིས་མ་ཤོག་གྲངས་༣༢བྱོན།༢མདོ་རྒྱུད་ལམ་གྱི་གནད་དོན་ཟབ་མོའི་ཡང་སྙིང་གསལ་བའི་རིན་པོ་ཆེའི་སྒྲོན་མེའི་དཔལ་སྟེར་བྱིན་རླབས་མྱུར་འཇུག་ཅེས་བྱ་བ་བཞུགས་སོ།།སྣ་རིང་དབུ་མེད་བྲིས་མ་ཤོག་གྲངས་༡༢བྱོན།༣སྨྲ་བའི་དམ་པ་རྗེ་བཙུན་བློ་བཟང་ཆོས་ཀྱི་བཤེས་གཉེན་གྱིས་མཛད་པའི་བྱང་ཆུབ་ལམ་གྱི་རིམ་པའི་སྒོ་ནས་ཁྲིད་པའི་མཁས་པའི་ཡིད་འཕྲོག་ཅེས་བྱ་བ་བཞུགས་སོ།།སྣ་རིང་དབུ་མེད་བྲིས་མ་ཤོག་གྲངས་༢༠བྱོན།༤ཐོག་མཐའ་བར་གསུམ་གྱི་རྟོགས་བརྗོད་མདོར་བསྡུས་བླ་མེད་ཡེ་ཤེས་མ་བཞུགས་སོ།།༥ཉེར་མཁོའི་བསླབ་བྱ་ཡིད་འཕྲོགས་ནོར་བུའི་འཕྲེང་བ་ཞེས་བྱ་བ་བཞུགས་སོ།།༦བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་རོ་ལངས་བརྒྱད་སྐོར་གྱི་བླ་བརྒྱུད་གསོལ་འདེབས་ནོར་བུའི་ཕྲེང་མཛེས་ཞེས་བྱ་བ་རིསྨ།སྤྲང་བཙུན་ལྷ་བཟོ་མིང་ཅན་གྱིས་བརྩམས།སྣ་རིང་ཤིང་དཔར་མ་ཤོག་གྲངས༢བྱོན།འདི་ཁོང་གི་གསུང་ཡིན་མིན་བརྟག་དགོས།

སངས་རྒྱས་རྒྱ་མཚོས་སྤྱི་ལོ་༢༠༡༦ལོའི་ཧོར་ཟླ༨པའི་ཚེས༡༤ཉིན་བྲིས་པའོ། །

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།