བླ་མ་དམ་པ་ཚུལ་ཁྲིམས་བསྟན་པའི་ཉི་མ་དཔལ་བཟང་པོའི་རྣམ་པར་ཐར་པ།གཉིས་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-09-07 11:26:10     རྩོམ་པ་པོ།   དཀོན་མཆོག་བསྟན་པའི་སྒྲོན་མེ།    ཀློག་ཐེངས།  

                                                 བླ་མ་དམ་པ་ཚུལ་ཁྲིམས་བསྟན་པའི་ཉི་མ་དཔལ་བཟང་པོའི་རྣམ་པར་ཐར་པ།གཉིས་པ།

ཡང་འདི་སྐད་གསུངས་ཏེ། ཞིང་རབ་འབྱམས་རྒྱལ་བ་རྒྱ་མཚོའི་བདག །ལྷ་སྙིང་རྗེའི་གཏེར་ཆེན་སྤྱན་རས་གཟིགས། །གནས་སྤྱི་བོར་ཞབས་ཟུང་པདྨ་དཀར། །དུས་རྟག་ཏུ་འབྲལ་མེད་བཞད་བཞིན་བཞུགས། །བདག་བན་ཆུང་ཡུལ་གྱིས་བསྐལ་གྱུར་ཀྱང༌། །སྔོན་དགེ་བའི་འཕགས་པའི་རླུང་ཤུགས་ཀྱིས། །ཞིང་དམ་པ་དགེ་ལེགས་འབྱུང་གནས་འདིར། །ཕྱི་ནང་གི་ཉེར་འཚེ་མེད་པར་འབྱོར། །སྒོས་ལྷ་ཁྱོད་ཐུགས་རྗེས་བྱིན་བརླབས་ཤིང༌། །འགྲོ་ཤེས་རྒྱུད་དྲི་མ་མངོན་བཀྲུས་ཕྱིར། །ཆུ་ཡན་ལག་བརྒྱད་ལྡན་དངོས་སྟོན་པ། །གནས་བཀྲ་ཤིས་དགེ་མཚན་འཁྱིལ་བ་འདིར། །ཡིད་དགེ་ལ་སྦྱོར་འདྲའི་བརྩོན་པ་ཡིས། །ལམ་བཟང་པོ་སྒྲུབ་སྐལ་ཞག་འགའ་རྙེད། །མགོན་ཐུགས་རྗེའི་འོད་སྣང་འབུམ་འགྱེད་པས། །བདག་མ་རིག་འཁྲུལ་པ་ཅུང་སངས་ཏེ། །ལར་རང་གི་སྤྱོད་ཚུལ་བརྟགས་པ་ན། །བློ་བདག་འཛིན་འདི་ཡིས་ཆེས་བསླད་མཐོང༌། །ད་སྒོ་གསུམ་ཉེས་སྤྱོད་ཅི་བགྱིས་པ། །མགོན་ཐུགས་རྗེ་ཉིན་བཞིན་མངོན་མཐོང་ནས། །སྤྱིར་འདུས་བྱས་ཐམས་ཅད་མི་རྟག་ཅིང༌། །སྒོས་རང་ཉིད་མྱུར་དུ་འཆི་བའི་ཚུལ། །དུས་ཉིན་མཚན་མེད་པར་བསམ་པའི་ངོས། །མཆོག་ལམ་བཟང་སྒྲུབ་ལ་བསྐུལ་བར་མཛད། །སྐྱབས་བསླུ་བ་མེད་པའི་ཐུགས་རྗེ་དང༌། །བདག་ལྷག་བསམ་དག་པའི་མོས་ཚོགས་ལས། །ལྷ་ཐུགས་རྗེ་ཆེན་པོའི་བྱིན་རླབས་རྒྱུན། །བདག་ཡིད་ལ་འབྲལ་མེད་ཆགས་གྱུར་ཅིག །ཅེས་པ་འདི་ནི་གནས་མཆོག་རི་བོ་རྩེ་ལྔར་སྤྱན་རས་གཟིགས་ཀྱི་སྒྲུབ་ཁང་དུ་ཞག་འགའ་བསྡད་སྐབས་བྲིས་པའོ། །ཞེས་གསུངས། ཡང་སྐབས་ཤིག་ཐུགས་ལ་བཟོད་གླགས་མེད་པའི་སྐྱོ་ཤས་ཀྱི་ཉམས་ཆེན་པོ་བྱུང་སྟེ་སྐྱོ་མགུར་བཞེས་པ་ནི། །གནས་སྤྱི་གཙུག་སེང་ཁྲི་པད་ཟླའི་སྟེང༌། །སྐྱབས་ཀུན་འདུས་བླ་མ་འཇམ་པའི་དབྱངས། །དུས་རྟག་ཏུ་འབྲལ་མེད་དགྱེས་བཞུགས་ལ། །ཉམ་ཐག་པའི་གདུང་དབྱངས་འདི་ལ་གསོན། །བདག་ཐག་རིང་ཡུལ་གྱིས་བསྐལ་ན་ཡང༌། །སྔོན་བསགས་པའི་རྣམ་དཀར་ལས་ཀྱི་དབང༌། །ཞིང་མཆོག་འདིར་ཉེ་ཞོ་མེད་པར་འབྱོར། །དགེ་ཡུད་ཙམ་སྒྲུབ་པའི་གོ་སྐབས་རྙེད། །ལར་རང་གི་སྤྱོད་ཚུལ་བརྟགས་པ་ན། །སྐྱབས་དམ་པའི་དྲུང་ན་ཡ་རེ་ང༌། །ན་གཞོན་ནུའི་དུས་ནས་སྐྱེས་ཆེན་གྱི། །མིང་གྲགས་སྙན་ལང་ཚོས་མཛེས་ན་ཡང༌། །ནང་ཡོན་ཏན་དམ་པ་མ་བྱུང་བས། །བསྟན་འགྲོ་ལ་ཕན་བསམ་ངོ་རེ་གནོང༌། །མགོན་བཤེས་གཉེན་དུ་མའི་ཞབས་ལ་གཏུགས། །ཟབ་རྒྱས་ཀྱི་གདམས་པ་མང་བསྟན་ཀྱང༌། །དོན་ཉམས་ལེན་གནད་དུ་མ་ཁེལ་བས། །རྒྱུད་ཐ་མལ་དུ་ལུས་པ་འདི་ལ་གཟིགས། །མཚན་ལྡན་གྱི་མཁན་སློབ་དམ་པའི་དྲུང༌། །སོ་ཐར་སོགས་སྡོམ་གསུམ་ལེགས་མནོས་ཀྱང༌། །དམ་ཚིག་དང་སྡོམ་ཁྲིམས་ཡལ་བོར་བས། །ཉེས་ལྟུང་གི་གོང་བུ་བདག་ལ་གཟིགས། །ཐོས་བསམ་སྒོམ་འབད་ལོ་བྱས་ལེགས་ཀྱང༌། །བདག་འཛིན་གྱི་འཁྲི་བས་དམ་དུ་བཅིངས། །རྒྱུད་ཆོས་ལས་གོལ་ཡང་ཆོས་བཤད་མཁན། །ཕྱི་བླ་མའི་གཟུགས་བརྙན་བདག་ལ་གཟིགས། །དོན་སྒྲ་སྤྱིར་སོང་བའི་དགེ་སྦྱོར་གྱིས། །རང་གཞན་ལ་ཕན་པར་རེ་ན་ཡང༌། །རང་རྒྱུད་ལ་ཉམས་མྱོང་མ་མཆིས་པས། །ནང་བླ་མ་རུལ་བ་འདི་ལ་གཟིགས། །སྐྱེས་མཐོ་མཉམ་དམན་པ་སུ་ལ་ཡང༌། །ཡིད་དག་སྣང་སྐད་ཅིག་ཙམ་མ་འབྱོངས། །རང་ཆེར་རློམ་འགྲན་སེམས་ང་རྒྱལ་གྱིས། །རྒྱུད་རུལ་བར་བྱས་པ་འདི་ལ་གཟིགས། །སྐྱོན་སྣ་མང་རང་ལ་མཆིས་པ་དག །མགོན་ཁྱོད་ལ་རེ་རེར་ངོ་བགྲངས་ཏེ། །སྙིང་ཁོང་ནས་གསོལ་བ་བཏབ་ལགས་ན། །བདག་བློ་ཁ་ཆོས་ལ་མྱུར་དུ་སྒྱུར། །ཚེ་མཇུག་འདི་ཆོས་སུ་གཏོང་བ་ཡིས། །སྐྱབས་སྨོན་འདུན་སྙིང་ནས་བཙལ་བྱེད་ན། །མགོན་ཐུགས་རྗེ་བསླུ་བ་མི་མངའ་བས། །བདག་ཐར་ལམ་སྒྲུབ་པར་བྱིན་གྱིས་རློབས། །ཞིང་དམ་པ་རི་བོ་རྩེ་ལྔ་ཡི། །གནས་ཏིང་འཛིན་རོལ་པ་ཞེས་བྱ་བར། །ང་མི་ཉག་བན་རྒན་སྤྱོད་ཚུལ་དབྱངས། །མགོན་འཇམ་པའི་དབྱངས་ཀྱི་དྲུང་དུ་ལེན། །ཞེས་པའོ། །ཉམས་དང་རྟོགས་པའི་ཆུ་བོ་ནང་ནས་རྡོལ། །ལོངས་སྤྱོད་འཁོར་ལོའི་མདུད་པ་རང་སར་གྲོལ། །ཟབ་རྒྱས་གདམས་པའི་གླུ་དབྱངས་ལེན་པ་དེ། །མི་ལ་བཞད་པའི་རྡོ་རྗེ་མ་ཡིན་ནམ། །དེ་ནས་ལྕང་སྐྱ་ཐམས་ཅད་མཁྱེན་པའི་རི་ཁྲོད་དུ་ཕེབས། གསོ་སྦྱོང་བླ་མ་བློ་བཟང་དར་རྒྱས་ཀྱིས་གཙོས་རི་ཁྲོད་པ་རྣམས་ལ་བླ་མཆོད་སོགས་ཁྲིད་ལུང་མང་པོ། གཅོད་ནམ་མཁའ་སྒོ་འབྱེད་ཀྱི་དབང་སོགས་སྩལ་ནས་དགེ་བའི་ས་བོན་ཁྱད་པར་ཅན་བསྐྲུན་པར་མཛད། གསོ་སྦྱོང་བླ་མས་བསྐུལ་ངོར་རྗེ་བཙུན་འཇམ་དབྱངས་དང་འབྲེལ་བའི་བླ་མའི་རྣལ་འབྱོར་ཉམས་སུ་ལེན་ཚུལ་དངོས་གྲུབ་ཀུན་འབྱུང༌། རི་ཁྲོད་པ་དགེ་སློང་བློ་བཟང་རིན་ཆེན་གྱིས་བསྐུལ་ངོར་མ་ཅིག་ལབ་སྒྲོན་ལ་བརྟེན་པའི་བླ་མའི་རྣལ་འབྱོར། ཧལ་ཧ་བློ་བཟང་དར་རྒྱས་ཀྱིས་བསྐུལ་ངོར་རྗེ་ཉིད་ཀྱི་མཚན་སྔགས་བཟླ་ཚུལ། པ་རིང་དཔོན་པོ་རིན་ཆེན་ཕུན་ཚོགས་ཀྱིས་བསྐུལ་ངོར་ལྷ་མོའི་གསོལ་མཆོད་རྣམས་ལྗགས་རྩོམ་མཛད། གཞན་ཡང་དེར་འདུས་པའི་དད་ལྡན་སེར་སྐྱ་དྲག་ཞན་ཐམས་ཅད་ལ་སོ་སོའི་འདོད་མོས་བཞིན་དམ་པའི་ཆོས་ཀྱི་ཆར་ཕབ་སྟེ་ཀུན་གྱི་ཡིད་ཚིམ་པར་བྱས། དེ་ནས་དགུན་མཇུག་ཏུ་སྔར་གྱི་ཆ་ཧར་སོ་ཉིག་དགོན་པ་བསྟན་པ་དར་རྒྱས་གླིང་དུ་བྱོན། ལྕགས་རྟའི་གནམ་ལོ་གསར་བཞད་ཀྱི་ཐོ་རངས་དཔལ་ལྡན་དམག་ཟོར་རྒྱལ་མོའི་ཚེས་གཏོར་ཕྱག་ལེན་བཞིན་མཛད། དགོན་པ་དེའི་བདག་པོ་སྤྲུལ་སྐུ་ལ་རབ་བྱུང་གི་སྡོམ་པ་སྩལ་ཏེ་མཚན་བློ་བཟང་ཚུལ་ཁྲིམས་ཉི་མ་ཞེས་བཏགས། སྤྲུལ་བའི་སྐུ་དང་ཏཱ་བླ་མ་དམ་ཆོས་བཟང་པོ། དགེ་རྒན་རབ་འབྱམས་པ་བློ་བཟང་དངོས་གྲུབ་རྣམས་ཀྱིས་གཙོས་འདུས་ཚོགས་ཡོངས་ནས་གསོལ་བ་བཏབ་པ་བཞིན་བླ་གྲྭ་ཉིས་བརྒྱ་ལྷག་ལ་འཇིགས་བྱེད་སྔགས་བཏུ། རྟ་འགྲིན་གསང་སྒྲུབ། སྒྲོལ་དཀར། དབྱངས་ཅན་མ་དཀར་དམར། ནོར་རྒྱུན་མ། སྨན་བླ་སོགས་ཀྱི་རྗེས་གནང༌། གནས་བརྟན་ཆོ་ག །རྗེ་རིན་པོ་ཆེས་མཛད་པའི་བསྟོད་ཆེན་བཞི། འཇམ་དཔལ་མཚན་བརྗོད། ཚེ་དཔག་གི་ཆོ་ག །རྡོ་རྗེ་གཅོད་པ། སྨན་ཆོག །འཇིགས་བྱེད་ཀྱི་མངོན་རྟོགས་ཟ་མ་ཏོག །དེའི་བསྐྱེད་རིམ་གྱི་ལུང་བཅས་སྩལ། ཡང་དགོན་པ་དེའི་བླ་མ་དགེ་འདུན་བཅས་དང་མཆོད་གཞི་ཐུན་མོང་ནས་ཞུས་ངོར་སེར་སྐྱ་བརྒྱད་བརྒྱ་སྐོར་ལ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ། རྡོ་རྗེ་རྣམ་འཇོམས་སོགས་ཀྱི་རྗེས་གནང༌། འོད་དཔག་མེད་ཀྱི་འཕོ་བའི་ཁྲིད་ལུང་སོགས་སྩལ། ཕྱོགས་གཞན་ནས་དད་ལྡན་སེར་སྐྱ་ཉིས་སྟོང་ལྷག་འདུས་པར་སོ་སོའི་འདོད་མོས་བཞིན་ཕྱག་དབང༌། བཀླག་ལུང༌། ལྗགས་བསྔོ་སོགས་སྩལ་ཏེ་ཀུན་གྱི་ཡིད་ཚིམ་པར་མཛད། རབ་བྱུང༌། དགེ་ཚུལ། དགེ་སློང་བཅས་བསྒྲུབ་བྱ་བཅུ་ཕྲག་གཉིས་ལ་སྡོམ་པ་ཕོག །དེ་ནས་ཆ་ཧར་གུ་ལུ་ཨོ་ལན་གྱི་ཨལ་ཐན་བུ་སིའི་དགོན་པར་གདན་དྲངས་པ་ལྟར་ཕེབས། ཐེར་གུན་ཏཱ་བླ་མ། དགེ་བསྐོས་དྷརྨ་རིན་ཆེན། དགེ་བསྐོས་ཤེས་རབ། སྤྱི་གཉེར་སོགས་ལས་སྣེའི་རིགས་དང་འདུས་ཚོགས་ཡོངས་ནས་ཞུས་པ་བཞིན་སེར་སྐྱ་སྟོང་ཕྲག་ལྷག་ལ་རྣམ་འཇོམས་ཀྱི་དབང་རྗེས་གནང་གཉིས། ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་དབང༌། ལུང་ཐོར་བུ་སྣ་ཚོགས་བཅས་སྩལ། དགེ་བསྐོས་བླ་མ་ལྔ་པའི་ལམ་དུ་སོང་བར་བརྩེ་བས་དགོངས་ཏེ་བསྔོ་སྨོན་གྱི་རྒྱས་འདེབས་ནན་ཏན་མཛད། དགེ་འདུན་སྤྱི་ནས་བླ་མཆོད་ཀྱི་ཁྲིད་ཞུས་པར་ཉིན་ཁ་ཤས་ཀྱི་རིང་ལ་གཟབ་བཤད་ཉམས་མྱོང་གིས་བརྒྱན་པ་རྒྱས་པར་སྩལ། ཨོར་དུ་སུ་ཤོག་གི་གུ་ཤྲི་ཆོས་རྗེ་བླ་མ་ཡེ་ཤེས་དཔལ་ལྡན་གྱིས་ཞུས་ངོར་སེར་སྐྱ་ལྔ་བརྒྱ་ཙམ་ལ་ཚེ་ལྷ་རྣམ་གསུམ་གྱི་རྗེས་གནང༌། སྨན་བླ་རིང་པོའི་ལུང་བཅས་སྩལ། བླ་མ་དེའི་འདོད་མོས་བཞིན་ཕྱག་རྡོར་གཏུམ་ཆེན་གྱི་མངོན་རྟོགས་དམིགས་རིམ་བཅས་ལྗགས་རྩོམ་མཛད། ཙུན་ཏཱ་བཀྲ་ཤིས་ཡར་འཕེལ་གྱི་མོས་འདུན་ལྟར་སྒྲོལ་དཀར་གྱི་རྗེས་གནང་དང༌། འཇམ་དབྱངས་གོང་མའི་ཞབས་བརྟན་སོགས་ལྗགས་རྩོམ་མཛད། སོར་ག་སུ་ཏུའི་དགོན་པར་བྱོན་ཏེ་བླ་དཔོན་སེར་སྐྱ་ཐུན་མོང་ནས་ཞུས་པ་བཞིན་སྒྲོལ་དཀར་དང་གཙུག་ཏོར་རྣམ་རྒྱལ་གྱི་རྗེས་གནང༌། ལུང་འགའ་ཞིག་བཅས་སྩལ། ཆ་གན་ཆོས་རྗེ་བླ་མ་དགེ་འདུན་བཀྲ་ཤིས་ཀྱི་དད་མོས་ལྟར་ནམ་མཁའ་སྒོ་འབྱེད་ཀྱི་དབང༌། གསང་འདུས་སྨོན་ལམ་གྱི་ལུང༌། ཉིད་ཀྱི་ལྗགས་རྩོམ་འཇམ་དབྱངས་བླ་མའི་རྣལ་འབྱོར་གྱི་ལུང་སོགས་གནང༌། ཆ་ཧར་གུ་ལུ་ཤ་རའི་ཇ་ལན་དབང་མཆོག་ལ་གཙུག་ཏོར་རྣམ་རྒྱལ་མའི་རྗེས་གནང༌། གདུགས་དཀར་གྱི་ལུང༌། དད་ལྡན་རང་རང་གི་ཡུལ་ཕྱོགས་ཀྱི་གཞི་བདག་སོགས་ལ་བསང་མཆོད་འཕྲིན་བཅོལ། གཡང་འབོད་སོགས་ལྗགས་རྩོམ་ཐོར་བུ་མང་པོ་ཞུས་པའི་རེ་བ་བསྐངས། མཛོ་དགེ་ཕྱོགས་ཀྱི་ཞབས་དྲུང་ཞིག་གིས་ཛཾ་དཀར་ལྷ་ལྔ་སོགས་རྗེས་གནང་འགའ་ཞིག །ཛཾ་དཀར་མངོན་རྟོགས་ཀྱི་ལུང་སོགས་ཞུས་པ་ལྟར་གནང༌། དེ་ནས་བསྒྲུབ་བྱ་བསྙེན་གནས་དྲུག །རབ་བྱུང་བཅོ་ལྔ། དགེ་ཚུལ་ཉི་ཤུ་ལྷག །དགེ་སློང་ཉི་ཤུ་རྩ་བཞི་བཅས་སོ་ཐར་གྱི་སྡོམ་པའི་དཔལ་ལ་བཀོད་དེ་ཐར་པའི་རྒྱལ་མཚན་བསྒྲེངས། ཨོར་དུ་སུ་ཙུན་གར་ཏཱ་པཻ་ཟིའི་སྲས་ཆུང་བ་དཀོན་མཆོག་མཇལ་དུ་འོངས་ཏེ་གཞིའི་གསུང་བརྟག་ཞུས་པའི་ལན་སྩལ། ཁོ་རིང་ཕྱོགས་སུ་གདན་འདྲེན་གྱི་སྙན་གསན་ཡང་ཕུལ། དེ་ནས་ཆ་ཧར་གུ་ལུ་ཨུ་ལན་གྱི་དགོན་པ་བདེ་ལྡན་བཀོད་པ་གླིང་གི་འདུས་སྤྱི་ནས་ཏཱ་བླ་མ་བློ་བཟང་ཆོས་གྲགས་ངོ་གཡོག་ཆེད་མངགས་བཏང་སྟེ་དགོན་པར་གདན་དྲངས་པ་ལྟར་ཕེབས། ཨེར་ཏི་ནི་མེར་གེན་སློབ་དཔོན་ཏའི་ཆིང་ཆོས་རྗེ་བླ་མ་ཧུ་ཐོག་ཐུ་བློ་བཟང་བསྟན་པའི་རྒྱལ་མཚན་གྱིས་གཙོས་རབ་འབྱམས་པ་བློ་བཟང་དབང་རྒྱལ། ཀུན་པེ་ལིག་ཐུ་ཏཱ་བླ་མ་བློ་བཟང་ཆོས་གྲགས། ཨེར་ཏི་ནི་ཆོས་རྗེ་བློ་བཟང་འཇིགས་མེད། ཨེར་ཏི་ནི་མེ་གེན་ནང་སོ་དགེ་བསྐོས། སློབ་དཔོན་གུ་ཤྲི་བདེ་ལེགས་ཉི་མ་སོགས་དགེ་བཤེས་མང་པོ་བཅས་འདུས་ཚོགས་ནས་མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱི་བཀའ་འབུམ་དང༌། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་གསུང་འབུམ་གྱི་ལུང༌། བླ་མཆོད་ཀྱི་ཁྲིད་སོགས་ཞུས་པ་ལྟར། བླ་མ་ལས་སྣེས་གཙོས་འདུས་ཚོགས་ཡོངས་ལ་སྨིན་རྒྱས་སུ་སྩལ། ཡང་བླ་མ་བློ་བཟང་བསྟན་པའི་རྒྱལ་མཚན་ནས་འཇིགས་བྱེད་རོ་ལངས་བརྒྱད་སྐོར་དང་ཞེ་དགུ་མ་གཉིས་ཀྱི་དབང་ཞུས་པས། བླ་མ་དེ་ཉིད་དང་ཆོས་རྗེ་བློ་བཟང་འཇིགས་མེད། གུ་ཤྲི་བདེ་ལེགས་ཉི་མ། རྗེ་ཉིད་ཀྱི་མཆོད་དཔོན་དྲུང་ཡིག་པ་དགེ་སློང་ཚུལ་ཁྲིམས་བསྟན་འཛིན་བཅས་སློབ་མ་བཞི་ལ་འགོལ་པོ་བྱས་ནས་བཀའ་དྲིན་དུ་སྩལ། ཡང་བླ་མ་དེ་ཉིད་ཀྱིས་གཙོས་པའི་འདུས་ཚོགས་ཡོངས་ལ་རྟ་མགྲིན་གསང་སྒྲུབ་ཀྱི་དབང་སྟ་གོན་དང་བཅས་པ། དགའ་ལྡན་ཕྱག་རྒྱ་ཆེན་པོའི་ཁྲིད་རྒྱས་པ། སེམས་བསྐྱེད་ཆོ་ག་ཆ་ལག་ཚང་མ། དད་འདུས་ཀྱི་སེར་སྐྱ་སྟོང་ཕྲག་ལྷག་ལ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང༌། རིགས་གསུམ་མགོན་པོའི་སྙིང་པོའི་བཟླས་ལུང་བཅས་ཆོས་སྦྱིན་མི་ཟད་པའི་གཏེར་གྱི་སྒོ་འཕར་ཕྱེ་སྟེ་དེ་ཐམས་ཅད་དགའ་མགུ་རངས་པའི་དཔལ་ལ་བཀོད། གྲྭ་ཚང་འདུས་སྤྱི་ནས་བླ་མ་མཆོད་པའི་དུས་བཟང་ཞིག་གསར་འཛུག་གནང་དགོས་ཚུལ་ནན་ཆེར་ཞུས་པ་ལྟར། གདན་ས་ཆེན་པོ་སྐུ་འབུམ་བྱམས་པ་གླིང་གི་བླ་མ་མཆོད་པའི་དུས་བཟང་གི་ཕྱག་ལེན་ཇི་ལྟ་བ་བཞིན་དང༌། རྗེ་བཙུན་བླ་མ་དམ་པ་ཡོངས་འཛིན་རིན་པོ་ཆེས་མཛད་པའི་བླ་མཆོད་ཁྲིད་ཡིག་རྒྱས་པའི་ནང་ལྟར་འཛུག་རྒྱུའི་ཞལ་བཞེས་མཛད། ཉེ་གནས་པ་གསོལ་དཔོན་དགེ་སློང་བློ་བཟང་ཉི་མས་དབྱངས་རྟ་འདུར་གསུམ་ལེགས་པར་ཁྲིད་དེ་བསྟན་འགྲོའི་ཕན་བདེའི་གསོས་སུ་དམིགས་ནས་བཙུག །བཀྲ་ཤིས་གསོ་སྦྱོང་སོགས་ཀྱང་རྒྱུན་གྱི་ཕྱག་ལེན་ལྟར་མཛད། བསྒྲུབ་བྱ་ལྔ་བཅུ་ལྷག་ལ་རབ་བྱུང༌། དགེ་ཚུལ། དགེ་སློང་གི་སྡོམ་པ་བཅས་སྩལ། དགོན་པ་དེའི་བཤད་སྒྲུབ་ཀྱི་བྱ་བ་འཕེལ་རྒྱས་སུ་དམིགས་ཏེ། སྒྲོལ་མ་མཎྜལ་བཞི་ཆོག །ཡི་དམ་ཆོས་སྲུང་རྣམས་ལ་གཏོར་འབུལ་ཕྲིན་བཅོལ་སོགས་གནད་སྨིན། ཆོས་རྒྱལ་གྱི་དྲུག་ཅུ་པ། ལྷ་མོའི་གཤེགས་གཏོར་སོགས་བསྔོ་བར་མཛད་ཅིང༌། ཀླུ་བུམ་ཡང་ཚད་ལྡན་བསྒྲུབས་ནས་གནང༌། ཆ་ཧར་ཁུ་བེ་ཐུ་ཨུ་ལན་གྱི་རྩིས་རམས་པ་བླ་མའི་དགོན་པའི་མཆོག་སྤྲུལ་བསྙུན་བཞེས་པའི་དོན་དུ་གདན་དྲངས་པ་བཞིན་ཕེབས། ཁྲོ་བོ་སྨེ་བརྩེགས་ཀྱི་བྱབས་ཁྲུས། རྣམ་འཇོམས་ཀྱི་བྱབས་ཁྲུས་བཅས་སྩལ། ཡི་དམ་ཆོས་སྲུང་ལ་གཏོར་འབུལ་ཕྲིན་བཅོལ་གནང༌། བསྒྲུབ་བྱ་སུམ་ཅུ་ཙམ་ལ་དགེ་ཚུལ་སློང་གི་སྡོམ་པ་སྩལ། ཆ་ཧར་ཧ་ཡ་གྲི་ཝའི་དགོན་པའི་དཀའ་བཅུ་ཡེ་ཤེས་རྒྱལ་མཚན་ལ་སྐུ་ལྔའི་རྗེས་གནང་དང་ལུང་ཁ་ཤས། ཆ་ཧར་གུ་ལུ་ཨུ་ལན་ཤོག་གི་དཔོན་པོ་བློ་བཟང་དབང་པོ་ལ་སྒྲོལ་དཀར་གྱི་རྗེས་གནང༌། ཨལ་ཐན་བུ་སིའི་དགོན་པའི་བླ་མ་ཐོ་ཡོན་ཧུ་ཐོག་ཐུ་ལ་ཚོགས་བདག་དམར་པོ་དང་དབྱངས་ཅན་མ་དམར་མོ་སོགས་ཀྱི་རྗེས་གནང༌། གུ་ལུ་ཁུ་ཁོའི་ཛང་གི་དབང་འཕེལ་ལ་སེང་གདོང་མ་དང་གདུགས་དཀར་གྱི་རྗེས་གནང༌། འཆི་མེད་ཛང་གི་ལ་སྒྲོལ་དཀར་དང་རྣམ་འཇོམས་ཀྱི་རྗེས་གནང༌། ཙུན་ཏཱ་དཔོན་པོ་མགོན་པོ་ལ་རྣམ་འཇོམས་ཀྱི་རྗེས་གནང་སོགས་རང་རང་གི་འདུན་པ་ལྟར་གནང༌། ཨུ་ལན་དགེ་བསྐོས་བློ་བཟང་གིས་རྟེན་ལ་རབ་གནས་བསྡུས་པ་དང་ཀླུ་གཏོར་བཏང་ཞིང་སྒྲོལ་དཀར་གྱི་རྗེས་གནང༌སྩལ། སུ་ཉིད་སློབ་དཔོན་བླ་མའི་སྒར་ཐོག་ཏུ་ཕེབས་ཏེ་དགེ་མཚན་སྤེལ་བའི་ཆོ་ག་གསུང་བར་མཛད། དེ་ནས་སླར་ཡང་སུ་ཉིད་དུས་རེང་ཝང་སྐུ་མཆེད་ཀྱི་ཐོག་ཏུ་ཕེབས། ཝང་གི་ཐུགས་འདུན་ལྟར་ཡི་དམ་ཆོས་སྲུང་ལ་གཏོར་འབུལ་ཕྲིན་བཅོལ་སོགས་གཟབ་རྒྱས་མཛད་ཅིང་མཇུག་ཏུ་གཡང་འབོད་བྱས། ཚེ་དཔག་གྲུབ་རྒྱལ་མའི་རྗེས་གནང་སྩལ། ཧུ་ཐོག་ཐུ་བླ་མ་སྐལ་བཟང་བསོད་ནམས་ཀྱིས་ཞུས་ཏེ་སྒྲོལ་དཀར་དང་རྟ་མགྲིན་གསང་སྒྲུབ་ཀྱི་རྗེས་གནང༌། ལམ་རིམ་བདེ་ལམ་བླ་མཆོད་སོགས་ཀྱི་ལུང་སྩལ། ཆ་ཧར་ཨ་དོ་ཆི་ཤོག་གི་རབ་འབྱམས་པ་ཉི་མ་རྡོ་རྗེ་ལ་རྗེས་གནང་དང་ལུང་འགའ་ཞིག་དང༌། ཐོ་གོ་ཆི་ཙུན་ཏ་ལའང་འདོད་ཆོས་ཅི་རིགས་སྩལ་ཅིང་གཡང་འབོད་གནང༌། སུ་ཉིད་མཁན་པོ་བླ་མས་མ་ཅིག་གྲུབ་རྒྱལ་ལུགས་ཀྱི་རྗེས་གནང་ཞུས་པའི་རེ་བ་བསྐངས། སུ་ཉིད་སུ་མི་ཐུ་ཏཱ་བླ་མའི་དགོན་པར་གདན་དྲངས་པ་ལྟར་ཕེབས། བླ་མ་ལས་སྣེ་སོགས་ཚོགས་ཡོངས་ནས་དགོན་དེའི་འདུ་ཁང་རྟེན་དང་བརྟེན་པར་བཅས་པ་ལ་རབ་གནས་བཀའ་དྲིན་སྐྱོང་དགོས་ཚུལ་ནན་ཆེར་ཞུས་པ་ལྟར། ཉིན་གསུམ་གྱི་རིང་ལ་རབ་གནས་དགེ་ལེགས་རྒྱ་མཚོའི་ཆར་འབེབས་ཀྱི་དགོངས་དོན་བཞིན་སྤྱན་དབྱེའི་ཆོ་ག་ཤིན་ཏུ་རྒྱས་པ། ལྷ་ཚིམ་པར་བྱེད་པ་རྒྱས་པའི་སྦྱིན་སྲེག་དང༌། ཉམས་ཆག་སྐོང་བ་ཞི་བའི་སྦྱིན་སྲེག་བཅས་དམ་པ་གོང་མའི་ཕྱག་བཞེས་ཅུང་ཟད་ཀྱང་མ་ཉམས་པར་གནང་སྟེ་ཡུལ་ཕྱོགས་མཐའ་དག་དགེ་མཚན་གྱི་སྣང་བས་ཁྱབ་པར་མཛད། དེ་ནས་དུར་བེད་ཏཱ་ཝང་ཕུན་ཚོགས་བསམ་འགྲུབ་ཀྱིས་སྔར་གདན་འདྲེན་གྱི་སྙན་གསན་ཕུལ་ཡོད་པའི་རྟིང་གནོན་ཆེད་མངགས་ཀྱི་མི་སྣ་འབྱོར་བས་དེར་ཆིབས་ཁ་བསྒྱུར། དཔོན་པོས་རྟ་མགྲིན་གཏོར་ཟློག་ནན་སྒྲུབ་དགོས་ཚུལ་ནན་ཆེ་བ་ལྟར་མཛད། དེ་ནས་ཧོ་ཤུས་དགོན་པ་བདེ་ལྡན་གླིང་གི་འདུ་ཁང་ལོགས་རིས་བཅས་གསར་བཞེངས་ལ་རབ་གནས་དགོས་ཚུལ་ཞུས་པར་སྔ་མ་བཞིན་དགེ་ལེགས་ཆར་འབེབས་ཀྱི་སྟེང་ནས་རྒྱས་པར་མཛད་དེ་དམ་ཡེ་དབྱེར་མི་ཕྱེད་པའི་བྱིན་རླབས་ཀྱི་གཟི་འོད་འབར་བར་མཛད། རབ་གནས་ཀྱི་བཤད་པ་རྒྱབ་རྟེན་མདོ་རྒྱུད་བསྟན་བཅོས་ཀྱི་ལུང་དང་བཅས་པ་དོན་ཟབ་ཅིང་གོ་བདེ་བ་མཁས་པའི་ཡིད་འཕྲོག་པ་ཞིག་གནང༌། རྟ་མགྲིན་གསང་སྒྲུབ་དང་གདུགས་དཀར་གྱི་དབང་སོགས་ཀྱང་འདུས་ཚོགས་ཡོངས་ལ་སྩལ། མགོན་དཀར་གྱི་ནོར་སྒྲུབ་བྱེད་དགོས་ཚུལ་ཞུས་པའི་རེ་བའང་བསྐངས། དེ་ནས་ཐུ་ས་ལག་ཆི་མེརྒེན་ཏཱ་ཆིང་བཀྲ་ཤིས་རྣམ་རྒྱལ་གྱིས་གདན་དྲངས་པ་བཞིན་ཕེབས། ཁོ་རང་གིས་ཚོགས་གསོག་པའི་ཞིང་དུ་དགེ་འདུན་གྱི་སྡེ་གདན་དྲངས་ནས་བཀའ་འགྱུར་གསུང་དུ་བཅུག་ཅིང་སྨོན་ལམ་ཡང་འཚོགས་འདུག་པར། དེའི་དབུར་སྤྱན་དྲངས་པ་ལྟར་བྱོན་ཏེ་དགེ་ལྡན་ལུགས་བཟང་རྒྱས་པའི་ཐུགས་སྨོན་གང་རྒྱས་མཛད། བཀའ་ཆོས་ཀྱང་མང་དུ་གནང༌། ཐེའི་ཇི་ཚེ་དཔག་སྐྱབས་ཀྱི་མོས་པ་བཞིན་སྒྲོལ་དཀར་གྱི་རྗེས་གནང་སྩལ། ཨུ་རྫིང་ཐུ་ས་ལག་ཆི་དང༌། བུ་བཀྲ་ཤིས་རྣམ་རྒྱལ་སོགས་ཀྱི་ངོར་སྒྲོལ་དཀར་ཚེ་སྒྲུབ་དང༌། སྤྱན་རས་གཟིགས་ཕྱག་བཞི་པའི་རྗེས་གནང་ཡང་སྩལ། དུར་བེད་སྨན་རམས་པ་ངག་དབང་འོད་ཟེར་གྱིས་གདན་དྲངས་ཐོག །ཁོ་རང་གི་གྲྭ་ཚང་གི་སྨོན་ལམ་ཚོགས་དབུར་གདན་དྲངས་ཏེ་གསུང་ཆོས་སྨོན་ལམ་སོགས་ཕྱག་ལེན་ལྟར་གནང༌། བླ་མ་དེ་དང་འདུས་ཚོགས་ཡོངས་ལ་གདུགས་དཀར་གྱི་དབང་སྟ་གོན་དང་བཀའ་སྲུང་ལེགས་ལྡན་མཆེད་གསུམ་གྱི་རྗེས་གནང་དང་བཅས་པ། ལུང་སྣ་ཚོགས་བཅས་སྩལ། བསྒྲུབ་བྱ་དྲུག་ཅུ་སྐོར་ལ་དགེ་ཚུལ་སློང་གི་སྡོམ་པ་ཕོག་སྟེ་ཚངས་སྤྱོད་ཀྱི་བརྟུལ་ཞུགས་ཡོངས་སུ་རྫོགས་པ་ལ་བཀོད། དུར་བེད་ཤོག་གིས་ཆོས་སྡེ་ཆེན་པོ་བཀྲ་ཤིས་ཕན་བདེ་གླིང་གི་དགོན་པར་གདན་དྲངས་ཏེ། ཚོགས་ཆེན་གྱི་ཁྲིར་ཕེབས་ནས་ཕྱག་དབང་དང་ལམ་གཙོའི་ཁྲིད་རྒྱས་པར་སྩལ། མཚན་ཉིད་གྲྭ་ཚང་གི་ཚོགས་དབུར་ཕེབས། བོད་ཀྱི་ལྷ་རམས་པ་ཞིག་དང་གྲྭ་པ་གཞན་ཞིག་དང་གཉི་གས་དམ་བཅའ་བཞག །ཉིད་ཀྱི་ཞབས་ཕྱི་སློབ་གཉེར་བ་ཁ་ཤས་ཀྱིས་བགྲོ་གླེང་བྱས་ཏེ་ཆོས་ཀྱི་འབེལ་གཏམ་ཟབ་རྒྱས་བསྟན་པའི་ལ་རྒྱར་ཕན་ངེས། སྐལ་ལྡན་དང་བ་འདྲེན་པའི་དམིགས་རྐྱེན་དུ་འགྱུར་བ་བྱེད་དུ་བཅུག །ཉིད་ནས་མཚན་ཉིད་གྲྭ་ཚང་ལ་བརྩི་བཞག་སྩལ། བླ་མ་ལས་སྣེ་ཐུན་མོང་གིས་མཚན་ཉིད་གྲྭ་ཚང་ལ་མཚན་དགོས་ཚུལ་ཞུས་པ་བཞིན།ཐོས་བསམ་དར་རྒྱས་གླིང་ཞེས་འདོགས་པར་མཛད། འདུས་ཚོགས་ཡོངས་ནས་ཞུས་ངོར་དགེ་འདུན་ལྔ་བརྒྱ་སྐོར་ལ་དཔལ་གསང་བ་འདུས་པའི་དབང་སྟ་གོན་དང་བཅས་པ་དབང་དོན་དེ་ཉིད་ཡང་གསལ་གྱི་དགོངས་པ་ལྟར་ལ་ཞལ་ཤེས་ཉམས་མྱོང་གི་མན་ངག་དུ་མས་བརྒྱན་པའི་བཤད་པ་སྔགས་ལམ་གྱི་གནད་མཐའ་དག་ཐོན་པའི་འགྲན་ཟླ་མེད་པ་དང༌། གཅོད་ནམ་མཁའ་སྒོ་འབྱེད་ཀྱི་དབང་སོགས་སྩལ་བས་མཁས་པ་མཐའ་དག་མགྲིན་གཅིག་ཏུ་བསྔགས་པ་བརྗོད་ཅིང་གསོལ་འདེབས་ལ་བརྩོན་པར་གྱུར། ཏཱ་བླ་མ་བློ་བཟང་བསོད་ནམས། མཚན་ཉིད་བླ་ཟུར་ངག་དབང་མཆོག་ལྡན། རྒྱུད་པ་བླ་ཟུར་ཚུལ་ཁྲིམས་ཡོན་ཏན་སོགས་ལ་འཇིགས་བྱེད་སྔགས་བཏུའི་རྗེས་གནང་སོགས་སྩལ། རྒྱུད་པའི་ཚོགས་དབུར་ཕེབས་ཏེ་ཉིན་གཅིག་གི་རིང་ཡི་དམ་ཆོས་སྲུང་ལ་གཏོར་འབུལ་ཕྲིན་བཅོལ་གང་དྲག་མཛད། འདུ་ཁང་ཆེན་མོའི་ནང་རྟེན་གྱི་མདུན་དུ་སྒྲོལ་མ་མཎྜལ་བཞི་ཆོག་མཆོད་སྤྲིན་རྒྱ་ཆེན་པོ་དང་བཅས་བསྒྲུབས། ཚོགས་ཡོངས་ལ་མང་ཇ་སོགས་ཀྱི་བསྙེན་བཀུར་ཞུས་ཤིང་གྲྭ་ཚང་སོ་སོར་སྤྱི་འཇོག་གཏོས་ཆེ་བ་སྩལ། ཨེར་ཏི་ནི་དར་ཧན་མཁན་པོའི་སྤྲུལ་བའི་སྐུའི་གཙུག་ཕུད་བཞེས་ཏེ་མཚན་ངག་དབང་ཐུབ་བསྟན་ཉི་མ་ཞེས་འདོགས་པ་གནང༌། བླ་མ་དེའི་ཞབས་བརྟན་གསོལ་འདེབས་ཤིག་དགོས་ཚུལ་འདུས་སྤྱི་ནས་བསྐུལ་བ་ལྟར་ལྗགས་རྩོམ་མཛད། ཕྱོགས་འདུས་ཀྱི་སེར་སྐྱ་ཉིས་སྟོང་བརྒལ་བར་འདོད་ཆོས་ཅི་རིགས་སྩལ་ཏེ་ཡིད་ཚིམ་པར་བྱས། དེ་ནས་དགོན་པ་དགའ་ལྡན་དར་རྒྱས་གླིང་དུ་ཕེབས། འདུས་ཚོགས་ཡོངས་ནས་ཞུས་ངོར་སེར་སྐྱ་བདུན་བརྒྱ་ལྷག་ལ་སྒྲོལ་དཀར་རྗེས་གནང༌། བླ་མཆོད། སྨོན་ལམ་སོགས་ཀྱི་ལུང་གནང༌། བཻ་ཐུང་ཏཱ་ཚེ་རིང་རྡོ་རྗེ་ལ་སྨན་བླའི་རྗེས་གནང་སྩལ། དེ་ནས་དུར་བེད་ཏཱ་ཝང་གི་ཨུརྒེར་ཡང་བསྐྱར་གྱིས་ཕེབས། དཔོན་ཡུམ་སྲས་ནས་བཀའ་ཆོས་འགའ་ཞིག་ཞུས་པ་བཀའ་དྲིན་སྩལ། བླ་མཆོད་དུས་བཟང་ཚོགས་འཁོར་བཅས་ཕྱག་ལེན་ལྟར་མཛད། དེ་ནས་སྔར་གྱི་སྦྱིན་བདག་སུ་ཉིད་དུའུ་རིང་ཝང་གི་སྐུ་མཆེད་མཁན་པོ་བླ་མའི་དགོན་དུ་ཕེབས། ཟླ་བ་གཅིག་གི་རིང་ལ་བཅད་རྒྱ་དམ་པོ་གནང་ནས་རྡོ་རྗེའི་རྣལ་འབྱོར་བརྟན་པོས་ཡི་དམ་གྱི་ལྗགས་བསྙེན་མཛད། སྐབས་ཤིག་ཏུ་བླ་མཆོད་དུས་བཟང་གི་ངག་འདོན་གྱི་རིམ་པ་པར་དུ་འཕུད་རྒྱུའི་ཐུགས་འདུན་ཡོད་ཐོག །ཉེ་གནས་ཕྱག་མཛོད་ཆེ་ཆིང་ཆོས་རབ་འབྱམས་པ་ཚུལ་ཁྲིམས་ཆོས་འཛིན། གསོལ་དཔོན་མགྲོན་གཉེར་དར་ཧན་རབ་འབྱམས་པ་ངག་དབང་བསྟན་འཛིན་གཉིས་ཀྱིས་མཐུན་རྐྱེན་སྦྱར་ཏེ་པར་དུ་བསྒྲུབས། པར་ཡིག་པ་ཨོར་དུ་སུ་ཆོས་རྗེ་ཡེ་ཤེས་དཔལ་ལྡན་དང༌། ཆ་ཧར་གུ་ལུ་ཨུ་ལན་གྱི་གུ་ཤྲི་བདེ་ལེགས་ཉི་མ་གཉིས་ཀྱིས་པར་བྱང་སྨོན་ཚིག་བསྐུལ་བ་བཞིན་ལྗགས་རྩོམ་མཛད། སུ་ཉིད་དུས་རེད་ཝང་ནས། འཇམ་དབྱངས་གོང་མའི་ཕོ་བྲང་དུ་ཙི་ཤཱ་ལ་བསྐྱོད་སྐབས་གྲུབ་རྒྱལ་མའི་ཚེ་དབང་ཞུས་པ་ལྟར་སྩལ། མཚོ་སྔོན་ཕྱོགས་ཀྱི་བསྟན་པའི་སྦྱིན་བདག་ཝང་ཚེ་རིང་དོན་གྲུབ་དང༌། ཨུལ་ཅུ་ཐུ་དའི་ཆིང་ཛ་སག་རྡོ་རྗེ་གཉིས་ཀྱིས་ཆེད་མངགས་ཀྱི་མི་སྣ་བཏང་བ་འབྱོར་ཏེ་ཞུ་ཡིག་རྒྱས་པ། རང་ཡུལ་དུ་མ་འགྱང་བར་འབྱོན་དགོས་ཚུལ་ནན་ཏན་ངག་མ་བཅས་ཞུས། དེ་ནས་ཡང་ཡུན་རིང་པོའི་བར་དུ་བཅད་རྒྱ་གནང་ཞིང༌། མཚམས་མཚམས་སུ་བླ་མཆོད་ཀྱི་དུས་བཟང་ཆ་ལག་ཚང་བ་ཕྱག་ཏུ་བསྟར། དགུང་ལོ་ང་བདུན་པ་ལྕགས་ལུག་ལོའི་གནམ་ལོ་གསར་བཞད་ཀྱི་ཉིན་ཡི་དམ་ཆོས་སྲུང་ལ་གཏོར་འབུལ་ཕྲིན་བཅོལ་མཛད། སུ་ཉིད་ཝང་དང་མཁན་པོ་བླ་མ། ཏཱ་བླ་མ་སོགས་སྐུ་མཆེད་ཐུན་མོང་ནས་ལྷ་རྫས། མཎྜལ། སྐུ་གསུང་ཐུགས་རྟེན་སོགས་ཕུལ་ནས་ཞབས་བརྟན་རྒྱས་པར་ཕུལ། མཁན་པོ་བླ་མས་སྒེར་དུ་བླ་མཆོད་དུས་བཟང་དང་འབྲེལ་བའི་ཞབས་བརྟན་གང་ལེགས་ཕུལ། ཏཱ་བླ་མའི་འདོད་མོས་བཞིན་བླ་མཆོད་དུས་བཟང་དང་སྨན་བླའི་ཆོ་ག་གསུང༌། ལོ་གསར་སྐབས་ཕྱོགས་སོ་སོ་ནས་འདུས་པའི་དད་ལྡན་སེར་སྐྱ་མང་པོར་ཕྱག་དབང་དང་བཀའ་ཆོས་ཀྱི་སྐོར་རྣམས་འདོད་མོས་བཞིན་སྩལ། སྐབས་ཤིག་རྗེ་ཉིད་སྐུ་བསྙུན་ཅུང་ཟད་བཞེས་པར། ཝང་སྐུ་མཆེད་ནས་དགེ་འདུན་གྱི་སྡེར་བཀའ་འགྱུར། གདུགས་ཤེར་སྒྲོལ་མ་སོགས་གསུང་དུ་བཅུག་ཅིང་ཞབས་བརྟན་ཡང་ཕུལ། ཕྱག་གཉེར་སོགས་ཀྱིས་ཞབས་བརྟན་རྒྱ་ཆེར་བསྒྲུབས་ཤིང༌། དུར་བེད་སྨན་པ་བློ་བཟང་ཚུལ་ཁྲིམས་ཀྱིས་ཕྱག་རྩ་ཞུས་སྨན་ཕུལ་བས་སྐུ་བསྙུན་ལེགས་པར་དྭངས། ཐོ་ཡོན་དགེ་སློང་ཆོས་དར་གྱི་འདོད་མོས་ལྟར་གཡང་འབོད་དང༌། རྟེན་ལ་རབ་གནས་མཛད་ཅིང་སྒྲོལ་དཀར་གྱི་རྗེས་གནང་སྩལ། ཨ་རོ་ཧོར་ཆིན་གུ་ཤྲི་དགེ་སློང་དཀོན་མཆོག་ཡར་འཕེལ་གྱིས་འདུལ་བའི་སྐོར་ནས་དྲི་བ་འགའ་ཞུས་པར། དྲིས་ལན་དོགས་པ་ཆོད་ངེས་སུ་སྩལ། མདོ་སྨད་ཁྲི་ཀའི་ཕྱོགས་ནས་རྗེ་རང་གི་གདན་ས་དགའ་ལྡན་དར་རྒྱས་གླིང་དང༌། མི་ཉག་གྲྭ་ཚང་བཀྲ་ཤིས་ཆོས་གླིང་གཉིས་ནས་ཆེད་མངགས་ཀྱི་མི་སྣ་རབ་འབྱམས་པ་ངག་དབང་ཉི་མ། གཉེར་ཤེས་རབ་ཉི་མ་ངོ་གཡོག་བཅས་སླེབ་པར་འབྱོར་ཕྱག་སྩལ། རང་ཡུལ་དུ་གདན་འདྲེན་གྱི་ཞུ་བ་ནན་ཏན་གྱིས་ཕུལ། ཏི་ཡན་ཆི་བླ་མའི་དགོན་པར་ཕེབས། བླ་མ་ལས་སྣེ་སོགས་འདུས་ཚོགས་ཡོངས་ནས་ཞུས་པ་ལྟར་བཀྲ་ཤིས་གསོ་སྦྱོང་མཛད་ཅིང༌། སྒྲོལ་མ་མཎྜལ་བཞི་ཆོག །བླ་མཆོད་དུས་བཟང་སོགས་ཕྱག་ལེན་བཞིན་གསུང༌། སྨན་བླའི་རྗེས་གནང༌། སྐྱབས་འགྲོའི་ཁྲིད། ལུང་མང་པོ་བཅས་སྩལ། དུར་བེད་ཐུ་ས་ལགྖི་བཀྲ་ཤིས་རྣམ་རྒྱལ་དུས་ཆོས་སུ་གྱུར་པར། དེའི་སྲས་ཐའི་ཇི་བློ་བཟང་དོན་གྲུབ་ཀྱི་འདོད་མོས་བཞིན་ཕེབས། ངན་སོང་སྦྱོང་བའི་ཆོ་ག་ལྷོ་སྒོ་དང་བཅས་པ་བསྔོ་སྨོན་སོགས་གནང་སྟེ་མཐོ་རིས་ཀྱི་ལམ་དུ་དྲངས། སྲས་བློ་བཟང་དོན་གྲུབ་ལ་གྲུབ་རྒྱལ་མའི་ཚེ་དབང་སྩལ། དེ་ནས་དུར་བེད་ཧོ་ཤོའི་དགོན་པར་ཕེབས། ཡུལ་ཕྱོགས་ལ་བཀྲ་མི་ཤིས་པའི་མཚན་མས་ཐན་པ་ཆེས་ཆེར་བྱུང་སྟེ་སྐྱེ་འགྲོ་ཉམ་ཐག་པར་བརྟེན། དུར་བེད་ཝང་ནས་ཆར་འབེབས་ཞུས་པར། ཡི་དམ་རྡོ་རྗེ་འཇིགས་བྱེད་བཀའ་སྡོད་བཅས་ལ་གཏོར་འབུལ་ཕྲིན་བཅོལ་གང་རྒྱས་ཞུས་ཤིང༌། གཞི་བདག་སོགས་ལ་དཀར་གཏོར་སོགས་བསྔོ་བར་མཛད་དེ་ཉིན་ལྔའི་རིང་ལ་དམིགས་བརྩེ་མའི་ལས་ཚོགས་སྒྲུབ་པས་དགོན་པ་དེའི་ཐད་ཀའི་ནམ་མཁར་གློ་བུར་དུ་ཆར་སྤྲིན་དཀར་སྐྱ་ཞིག་བྱུང་སྟེ་རིམ་གྱིས་ཇེ་ཆེར་སོང་ཞིང་ཕྱོགས་ཀུན་ཏུ་ཁྱབ་ནས་ཆར་གྱི་རྒྱུན་ཉིན་མཚན་ཁོར་ཡུག་ཏུ་བབས་ཏེ་སྲོག་ཆགས་ཐམས་ཅད་ཀྱི་དབུགས་གསོས་པར་གྱུར་པས། ཕྱོགས་དེའི་སེར་སྐྱ་མཐའ་དག་ཤིན་ཏུ་ངོ་མཚར་ཞིང་མགྲིན་གཅིག་ཏུ་གསོལ་འདེབས་ལ་བརྩོན་པ་བྱུང༌། དེ་ནས་སུ་ཉིད་མཁན་པོ་བླ་མའི་དགོན་པར་ཕེབས། བླ་མས་མོས་པ་ལྟར་བཀའ་ཆོས་ཀྱི་རིམ་པ་མང་དུ་སྩལ། ཡི་དམ་ཆོས་སྐྱོང་ལ་གཏོར་འབུལ་ཕྲིན་བཅོལ་མཛད། ཏཱ་བླ་མའི་སྒར་དུ་ཕེབས་ནས་མགོན་པོའི་གཏོར་སྒྲུབ་དང་རྣམ་སྲས་ཀྱི་གཏེར་བུམ་སྒྲུབ་གནང་མཛད། དུས་རེང་ཝང་གི་ཨུར་གེར་ཕེབས། ཝང་གི་ཨ་ཆེ་ལ་དགེ་བསྙེན་མའི་སྡོམ་པ་དང༌། ཝང་གི་སྲས་ཆུང་བའི་གཙུག་ཕུད་བཞེས་ཏེ་མིང་བསྟན་པ་དར་རྒྱས་ཞེས་བཏགས། དཔོན་པོའི་མོས་འདུན་བཞིན་རྣམ་སྲས་བུམ་སྒྲུབ་དང་གཡང་འབོད་གནང༌། ཝང་སྐུ་མཆེད་ནས་ཞུས་པ་ལྟར་ས་བཅུད་དང་ཀླུ་བུམ་སོགས་ཕྱག་ལེན་བཞིན་བསྒྲུབས་ཏེ་འགའ་ཞིག་གནས་གཙང་སར་གཏེར་དུ་སྦས། པེ་ཧར་ཁོག་ཞུགས་ཀྱི་ཆོས་སྐྱོང་ཞིག་གིས་འདི་པའི་གསང་རྣམ་ལུང་སྟོན་རྒྱུ་མང་པོ་ཡོད་ཟེར་བས་ཞབས་གྲས་རྣམས་ཀྱིས་ལྐོག་ཏུ་ཞུས་པར་ཡ་མཚན་ཆེ་བ་མང་པོ་གསུང༌། ཆ་ཧར་ཁུ་བེ་ཐུ་ཨོ་ལན་གྱི་དགོན་པ་བཤད་སྒྲུབ་དར་རྒྱས་གླིང་གི་ཆོས་རྗེ་བློ་བཟང་ལྷུན་གྲུབ་ཀྱིས་གཅོད་ཁྲིད་ཞུས་པ་རྒྱས་པར་སྩལ། མགོན་པོའི་གཏོར་ཆོག་བསྡུས་པ་ཞིག་ཀྱང་ལྗགས་རྩོམ་ཞུས། མདོ་སྔགས་ཀྱི་དྲི་བ་མང་དུ་ཞུས་པར་དོགས་པའི་མཐའ་སེལ་ངེས་སྩལ་ཏེ་ཚིམ་པར་བྱས། ཆ་ཧར་གུ་ལུ་ཨུ་ལན་གྱི་སྤྲུལ་བའི་སྐུ་ཚུལ་ཁྲིམས་ཉི་མས་ཞུས་ངོར་འཇམ་དབྱངས་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ལྗགས་རྩོམ་མཛད། དེ་ནས་ཏ་རི་གང་གའི་ཤོག་གི་མེརྒེན་པཎྚི་ཏ་བླ་མ་བསྟན་འཛིན་རྒྱལ་མཚན་གྱིས་གདན་འདྲེན་ཞུས་ནས་དེར་ཆིབས་བསྒྱུར་བའི་ལམ་ཞོར་དུ་དར་ཧན་པཻ་ལིའི་ཧོའུ་ཤོས་དང་།སུ་ཉིད་གཡོན་རུ་སོགས་ཀྱི་དད་ལྡན་སེར་སྐྱ་བཞི་སྟོང་ལྷག་ལ་ཕྱག་དབང་།བཟླས་ལུང་སོགས་ཡིད་ཚིམ་པར་སྩལ། པཎྚི་ཏ་བླ་མའི་སྒར་ཐོག་ཏུ་འབྱོར་ནས་ཧལ་ཧ་ཇུ་ནང་པཻ་ཟེའི་ནུ་བོ་ཐོ་ཡོན་བློ་བཟང་རང་གྲོལ་གྱིས་སྐུ་ལྔ་དང་ལྕམ་སྲིང་སོགས་ཀྱི་རྗེས་གནང་ཞུས་པ་སྩལ། གཞན་བརྒྱད་སྟོང་སོགས་ལུང་མང་པོ་གནང༌། དེའི་ཤོག་གི་ཨུལ་ཇུས་ཇོ་རིག་ཐུ་བླ་མ་བློ་བཟང་རིན་ཆེན་ལ་སྒྲོལ་ལྗང༌། སྤྱན་རས་གཟིགས་ཕྱག་བཞི་པ། མི་འཁྲུགས་པ་སོགས་ཀྱི་རྗེས་གནང་པཎྚི་ཏ་བླ་མ་ཉིད་ནས་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ། ཚེ་དཔག །མི་འཁྲུགས་པ་བཅས་ཀྱི་དབང་ཞུས་པ་རྣམས་སེར་སྐྱ་སྟོང་ལྷག་ལ་གནང༌། བསྒྲུབ་བྱ་དགེ་ཚུལ་སློང་བརྒྱད་ཅུ་ལྷག་ལ་སོ་ཐར་གྱི་སྡོམ་པ་སྩལ་ནས་ཐར་པའི་ས་བོན་བསྐྲུན། རྗེ་ཉིད་ཀྱིས་དབུ་མཛད། པཎྚི་ཏ་བླ་མ་བསྟན་འཛིན་རྒྱལ་མཚན་དགེ་བཤེས་ཆོས་རྗེ་བསྟན་འཛིན་བཟང་པོ་སོགས་ནས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཆོ་ག་བདག་འཇུག་བཅས་གསུང་བར་མཛད། ཡང་སྐུ་བསྙུན་བཞེས་ཚུལ་མཛད་པས་ཞབས་བརྟན་གང་མང་བསྒྲུབས་ཏེ། དུར་བེད་ཨེམྖི་བློ་བཟང་ཚུལ་ཁྲིམས་ཀྱིས་བཞེས་སྨན་ཕུལ་བས་སྐུ་ཁམས་འཕྲལ་དུ་དྭངས། ཧལ་ཧ་རྗེ་བཙུན་དམ་པ་དང༌། ཨ་ཀྱཱ་རིན་པོ་ཆེ་རྣམ་གཉིས་ལ་མཚམས་ཞུར་མགྲོན་གཉེར་རབ་འབྱམས་པ་ངག་དབང་བསྟན་འཛིན་མངགས་པའི་གདོང་སོ་སོར་ཞུ་ཡིག་རྒྱས་པ་ཕུལ། མགྲོན་གཉེར་སོང་སྟེ་རྗེ་བཙུན་དམ་པ་རིན་པོ་ཆེར་ཕྱག་དབང་ཞུས་ནས་ཞུ་ཡིག་ཕུལ་བས་སྐུའི་མཚམས་འདྲི་དང་གར་བཞུགས་སོགས་བཀའ་འདྲི་ཞིབ་ཏུ་གནང༌། ཨ་ཀྱཱ་ནོ་མིན་ཧན་རིན་པོ་ཆེར་ཡང་ཞུ་ཡིག་དང་རྒྱུ་མཚན་གྱི་མོལ་མཆིད་རྒྱུན་རིང་ཞུས། མགྲོན་གཉེར་ཕྱིར་ལྡོག་ཁ་རྗེ་བཙུན་དམ་པ་རིན་པོ་ཆེར་ཐོན་ཕྱག་ཞུས་པར། ཞལ་ནས་དྲིན་ཅན་རྩ་བའི་བླ་མ་མི་ཉག་རིན་པོ་ཆེའི་དྲུང་དུ་བཀའ་ཆོས་ཀྱི་སྐོར་མང་པོ་ཉན་རྒྱུ་ཡོད་ཀྱང་ད་ལྟ་བྲེལ་གཡེང་ཆེ་ཞིང༌། ས་ཐག་རིང་བའི་སྟབས་ཀྱིས་མི་ཐོབ་པ་འདྲ། ཕྱིས་སུ་ཞལ་མཇལ་ཏེ་དམ་པའི་ཆོས་ཀྱི་བདུད་རྩིར་ལོངས་སྤྱོད་པ་དང་ཞབས་པད་བརྟན་པའི་ཕྱིར་ཡིན་གསུང་སྟེ། ལྷ་རྫས། མཎྜལ། སྐུ་གསུང་ཐུགས་རྟེན། གོས་ཆེན་ཡུག་སོགས་དང་ཕྱག་རིས་རྒྱས་པ་སྩལ་ནས་ཁྱོད་ཀྱིས་དེ་དག་ལེགས་པར་ཞུས་གསུངས། ཨ་ཀྱཱ་ནོ་མིན་ཧན་རིན་པོ་ཆེས་ཀྱང༌། སྟོན་མཇུག་འདིར་མཚོ་བདུན་དུ་བསྐྱོད་རྩིས་ཡིན་པས་ལམ་ཞོར་དུ་རང་གི་དྲིན་ཅན་རྩ་བའི་བླ་མ་རྡོ་རྗེ་འཆང་གི་ཞལ་དངོས་སུ་མཇལ་ནས་ཆོས་བཀའ་ཞུ་རྒྱུ་མང་པོ་ཡོད། ཁྱོད་ཀྱིས་ངས་ཕུལ་བའི་ཞུ་ཡིག་དང་རྒྱུ་མཚན་རྣམས་ཞུ་དགོས་གསུངས། མགྲོན་གཉེར་ཕྱིར་འབྱོར་འཕྲལ་སྐུ་མདུན་དུ་མཇལ་ཏེ་རྒྱུ་མཚན་ཞིབ་རྒྱས་ཞུས་ཤིང་ཞུ་ཡིག་རྣམས་སྤྱན་ལམ་དུ་བསྟར། ཏ་རི་གངྒཱའི་བཱ་ཐུར་ག་ལི་ཏཱ་སྒྲོལ་མ་སྐྱབས་ལ་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང༌། རྟ་མགྲིན་གསང་སྒྲུབ་ཀྱི་རྗེས་གནང༌། འཕོ་ཁྲིད་སོགས་དང༌། དགེ་སློང་དྷརྨ་ལ་མགོན་པོའི་རྗེས་གནང་བཅས་སྩལ། ཏཱ་བླ་མ་ངག་དབང་ཡོན་ཏན་གྱི་འདོད་པ་ལྟར་གཡང་འབོད་གནང༌། དེ་ནས་པཱ་ཤིང་ཐུའི་དགོན་པར་ཕེབས། འདུས་ཚོགས་ཡོངས་ནས་སྨན་ཆོག་དང་སྨོན་ལམ་སོགས་ཀྱི་ལུང་ཞུས་པའི་འདུན་པ་བསྐངས། ཧོར་ཏུ་ཏི་ཡན་ཆི་བླ་མའི་སྤྲུལ་སྐུ་བློ་བཟང་མཁས་མཆོག་གྲགས་པ་ལ་བཀའ་ཆོས་འགའ་ཞིག་སྩལ། ཨོན་པོ་ཏཱ་བླ་མ་ཆོས་རྗེ་ཐུབ་བསྟན་ངག་དབང་གིས་གདན་དྲངས་པའི་འདོད་མོས་བཞིན་རྟེན་ལ་རབ་གནས་བསྡུས་པ་མཛད། འཇིགས་བྱེད་ཀྱི་ལྗགས་བསྙེན་སྔོན་དུ་འགྲོ་བས་ཞི་བའི་སྦྱིན་སྲེག་མཛད། སྒྲོལ་མའི་རྗེས་གནང་ཡང་སྩལ། པོ་དར་གྷ་ནའི་དགོན་པར་ཕེབས། འདུས་ཚོགས་ཡོངས་ནས་ཞུས་པ་ལྟར་སྤྱན་རས་གཟིགས་ཀྱི་རྗེས་གནང་སོགས་ཆོས་བཀའ་མང་དུ་སྩལ། དེ་ནས་པཎྚི་ཏ་བླ་མའི་སྒར་ཐོག་ཏུ། ཉིད་ཀྱིས་དབུ་མཛད་པཎྚི་ཏ་བླ་མ། སྤྲུལ་སྐུ་བློ་བཟང་མཁས་མཆོག །ཁྲི་པ་མགོན་པོ་ཤེས་རབ་སོགས་གྲྭ་པ་མང་པོས་བླ་མཆོད་དུས་བཟང་ཕྱག་ལེན་བཞིན་གསུངས། དགེ་བསྙེན། དགེ་ཚུལ་སློང་གི་སྡོམ་པ་ཞུ་མཁན་བདུན་ཅུ་ལྷག་ཅིག་བསླབ་པའི་གཞི་སོ་སོར་བཀོད། མེརྒེན་ཧུ་ཐོག་ཐུ་བླ་མའི་ཞུར་ལ་དུ་ཕེབས་ཏེ་ཇེ་སང་བླ་མ་བློ་བཟང་སྐལ་ལྡན་ལ་ཚོགས་བདག་དང་སྒྲོལ་དཀར་གྱི་རྗེས་གནང༌དང་།འདུས་ཚོགས་སྤྱི་ལ་སྨན་བླ་རིང་ཐུང་གི་ལུང་སྩལ། གཞན་དོན་གཉེར་ཅན་མང་པོར་ལམ་རིམ་ཆེན་མོའི་ལུང༌། བྱང་ཆུབ་བདེ་ལམ་གྱི་ལུང་སོགས་གནང༌། སླར་ཡང་མེརྒེན་པཎྚི་ཏ་བླ་མའི་སྒར་ཐོག་ཏུ་ཕེབས་ནས་བཞུགས་སྐབས་ཧལ་ཧ་ནས་ཨ་ཀྱཱ་རིན་པོ་ཆེ་མཚོ་བདུན་དུ་ཆིབས་བསྒྱུར་བའི་ལམ་ཞོར་དུ་རྗེ་འདི་མཇལ་ཕྱིར་ཕེབས། ཨ་ཀྱཱ་རིན་པོ་ཆེས་སྣར་ཐང་བརྒྱ་རྩའི་རྗེས་གནང་ཞུས་པ་དགྱེས་བཞིན་སྩལ། ཉིད་ལ་ཨ་ཀྱཱ་རིན་པོ་ཆེས་བླ་མཆོད་དང་འབྲེལ་བའི་ཞབས་བརྟན་ཞུ་འབུལ་ཟབ་ཅིང་བརླིང་བ་ཞུས་ཏེ་ལྷ་རྫས། མཎྜལ། སྐུ་གསུང་ཐུགས་སོགས་བདོག་པའི་མཆོད་སྤྲིན་སྤྲོས། རྣམ་པ་གཉིས་ཉིན་ཁ་ཤས་ཀྱི་རིང་ལྷན་དུ་བཞུགས་ཏེ་ཟབ་རྒྱས་ཆོས་ཀྱི་བགྲོ་བ་བྱམས་འཇམ་དབྱངས་ཞལ་འཛོམ་པ་ལྟ་བུ་གནང༌། དད་ལྡན་གྱི་སེར་སྐྱ་བཞི་སྟོང་བརྒལ་བར་རྣམ་པ་གཉི་གས་རེས་མོས་ཀྱིས་ཕྱག་དབང་དང་ཆོས་བཀའ་སྩལ་ཏེ་ཀུན་གྱི་ཡིད་ཚིམ་པར་མཛད། དེ་ནས་རྣམ་པ་གཉིས་ལྷན་དུ་ཉིན་ཁ་ཤས་ལ་ཕེབས་སྐབས་ཞག་ས་ཐམས་ཅད་དུ་མཚན་མོའི་རིང་ལ་ཨ་ཀྱཱ་རིན་པོ་ཆེའི་ཐུགས་བཞེད་བཞིན་བཀའ་ཆོས་དཀོན་པའི་རིགས་ཀྱི་ལུང་ཁྲིད། རྗེས་གནང་མན་ངག་ཞལ་ཤེས་རྣམས་སྩལ་ཏེ་ཐུགས་ཀྱི་བུམ་བཟང་གང་བར་མཛད། ཁོང་གི་གསོལ་དཔོན་ཧོར་ཚ་པི་ལིག་ཐུ་འཇམ་དབྱངས་ཉི་མས་བསྐུལ་ངོར་དྲག་པོ་སུམ་དྲིལ་གྱི་སྒྲུབ་ཐབས་ལྗགས་རྩོམ་མཛད། དེ་ནས་ལམ་གྱེས་ནས་སོ་སོར་ཕེབས་ཁ་ཐུགས་ཉེ་བས་འབྲལ་མི་ཕོད་པ་ལྟ་བུའི་ངང་ནས་སྐྱབས་འཇུག་ཞུས་ཏེ་སོ་སོར་ཕེབས། རྗེ་ཉིད་སླར་ཡང་སུ་ཉིད་ཝང་སྐུ་མཆེད་ཀྱི་སྒར་ཐོག་ཏུ་ཕེབས། མཁན་པོ་བླ་མའི་དགོན་པར་རྗེ་ཙོང་ཁ་པའི་དུས་མཆོད་ཀྱི་ཉིན་མཆོད་སྤྲིན་བླ་མེད་སྤྲོས་ཏེ་ལྟུང་བཤགས་ཕྱག་དང་འབྲེལ་བ། ཡན་ལག་བདུན་པ། ཐུན་དྲུག་རྣལ་འབྱོར། བསྟན་འབར་མ་སོགས་གསུང་སྟེ་རྒྱལ་བ་གཉིས་པའི་བསྟན་པ་ཕྱོགས་མཐར་རྒྱས་པའི་ཐུགས་སྨོན་མཛད། ཝང་གི་སྲས་མོ་ལ་དགེ་བསྙེན་མའི་སྡོམ་པ་སྩལ་མིང་ལྷ་བཙུན་ཉི་མ་ཞེས་བཏགས། དེ་ནས་སུ་ཉིད་ཝང་སྐུ་མཆེད་སོ་སོའི་སྒར་ཐོག་ཏུ་གདན་དྲངས་པས་སོ་སོ་ལ་འདོད་ཆོས་ལྷུག་པར་སྩལ། ཝང་གི་དཔོན་མོ་ཨུ་དུམྦ་རིས་བསྐུལ་ནས་རྗེས་འཛིན་སྨོན་ཚིག་དང༌། མཁན་པོ་བླ་མ། དུས་རེང་ཝང༌། ཏཱ་བླ་མ། ཐུ་ས་ལགྖི་བ་ཐུ་སོགས་སྐུ་མཆེད་ནས་བསྐུལ་བ་ལྟར། དགྲ་ལྷ་ཆེན་པོ་མཆེད་དགུའི་གསོལ་མཆོད་རྒྱས་པ་ཞིག་ལྗགས་རྩོམ་མཛད། དེ་ནས་དགུན་ཟླ་འབྲིང་པོའི་ཡར་ཚེས་དགེ་བའི་ཉིན་སོ་ཉིད་གཡས་རུ་ནས་སྐུ་འབུམ་ཆོས་སྡེ་ཆེན་པོར་ཆིབས་ཀྱི་ཁ་ལོ་མངོན་པར་བསྒྱུར། ལམ་ཞོར་དུ་དད་འདུས་ཀྱི་སེར་སྐྱ་བདུན་སྟོང་བརྒྱ་ཕྲག་གཉིས་ལྷག་དང༌། ཨོར་དུ་སུ་ཙཱུན་གར་ཏཱ་པཻ་ཟིའི་སྲས་དང་སྲས་མོ་སོགས་ཀྱང་མཇལ་བར་ཕྱག་དབང་འདོད་ཆོས་སོགས་ཀྱིས་ཚིམ་པར་མཛད་དོ། །དེ་ལྟར་བྱང་ཕྱོགས་ཆེན་པོ་ཧོར་གྱི་ཡུལ་དུ་བྱོན་ཏེ་གདུལ་བྱ་སོ་སོའི་ཁམས་དང་བསམ་པ་དང་བག་ལ་ཉལ་དང་མོས་པ་ཇི་ལྟ་བ་བཞིན་གཟིགས་ཏེ། ལ་ལ་ནི་སོ་ཐར་གྱི་བསླབ་པའི་གཞི་ཅི་རིགས་ལ་བཀོད་དེ་ཐར་པའི་ས་བོན་བསྐྲུན། ལ་ལ་ནི་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་དང་སེམས་བསྐྱེད་ཆོ་ག་སོགས་ཀྱི་སྒོ་ནས་ཐེག་ཆེན་ཐུན་མོང་བའི་ལམ་དུ་བཅུག །ལ་ལ་ནི་དབང་བསྐུར་རྣམ་པར་དག་པས་གསང་སྔགས་ཀྱི་སྒོར་བཅུག་སྟེ་སྐུ་བཞིའི་ས་བོན་སྨིན་པར་མཛད། གཞན་ཡང་སོ་སོའི་མོས་པ་བཞིན་དུ་གཏན་པ་མེད་པའི་ཆོས་ཀྱི་མཆོད་སྦྱིན་རྒྱ་ཆེན་པོས་རེ་འབྲས་རྫོགས་པར་མཛད་ཅིང་མཐོང་ཐོས་དྲན་རེག་ཐམས་ཅད་དོན་ལྡན་དུ་འགྱུར་བའི་རྒྱལ་སྲས་ཀྱི་ཐབས་མཁས་པའི་སྤྱོད་པ་མཐའ་ཡས་པའི་སྒོ་ནས་དད་ལྡན་གྱི་སྐྱེ་བོ་འབུམ་ཕྲག་དུ་མ་ཞིག་མངོན་མཐོ་ངེས་ལེགས་ཀྱི་དཔལ་ལ་སྦྱོར། དམ་པ་ནང་ཕན་ཚུན་ཆོས་ཀྱི་བགྲོ་བས་བསྟན་པའི་བྱི་དོར་མཛད། གནས་ཆེན་ལ་མཇལ་སྐོར་དང་ཐུགས་དམ་བསག་སྦྱང་ཚད་ལས་འདས་པ་གནང༌། དེ་ཐམས་ཅད་ཕན་བདེའི་འབྱུང་གནས་རྒྱལ་བསྟན་རིན་པོ་ཆེ་རྒྱས་པའི་རྒྱུ་འབའ་ཞིག་ཏུ་བསྔོས་ཏེ། བསྟན་འགྲོ་ཡོངས་ལ་དགེ་ལེགས་ཀྱི་གོ་སྐབས་ཡངས་པོར་འབྱེད་པའི་འཕྲིན་ལས་ཉིན་བྱེད་སྣང་བས་ཤར་ཕྱོགས་རྒྱ་མཚོའི་མཐའི་བར་དུ་ཁྱབ་པར་གྱུར་ཏོ། །

དགེ་སྦྱོང་ཚུ༷ལ་གྱི་འབྲས་བུ་འདོད་རྣམས་གཏན་ཁྲི༷མས་ལྔ་སོགས་སོ་ཐར་དང༌། །ཐེག་ཆེན་གཉིས་ཀྱི་བསྟན༷་པའི༷་འཇུག་སྒོ་སེམས་བསྐྱེད་པ་དང་དབང་བསྐུར་གྱིས། །གདུལ་བྱ་རང་རང་སྐལ་བ་ཇི་བཞིན་བྱང་ཆུབ་མཆོག་ཏུ་སྨིན་མཛད་དེ། །འཕྲིན་ལས་ཉི༷་ཟེར་ལི་ཁྲིའི་རྡུལ་གྱིས་བྱང་ཕྱོགས་འཛིན་མ༷འི་ཁྱོན་ཀུན་ཁྱབ། །དེ་ཚེ་ཐུགས་རྗེ་བྱིན་རླབས་སྤྲིན་ཕུང་དང༌། །དད་ལྡན་བདོག་པའི་ཆུ་འཛིན་ལྷན་ཅིག་གཏིབས། །མཁའ་མཉམ་འགྲོ་བའི་བདེ་སྐྱིད་རྒྱ་མཚོ་དང༌། །སངས་རྒྱས་བསྟན་པའི་ཆུ་གཏེར་ལྷན་ཅིག་འཕྱུར། །མཁས་པའི་ཚོགས་ལ་བཤད་པའི་དགའ་སྟོན་སྤེལ། །གནས་ཆེན་རྣམས་སུ་སྒྲུབ་པའི་རྒྱལ་མཚན་བཙུགས། །མཆོག་གསུམ་རྟེན་ལ་མཆོད་པའི་བྱ་བ་སྟེ། །འཁོར་ལོ་གསུམ་གྱི་རོལ་གར་ཅིག་ཅར་བསྒྱུར། །ཞེས་དགེ་ལྡན་བསྟན་པའི་རྩ་ལག་མཁས་ཤིང་གྲུབ་པའི་དབང་ཕྱུག་རྗེ་བཙུན་བླ་མ་དམ་པ་ཚུལ་ཁྲིམས་བསྟན་པའི་ཉི་མ་དཔལ་བཟང་པོའི་རྣམ་པར་ཐར་པ་ནོར་བུའི་དོ་ཤལ་ལས་བྱང་ཕྱོགས་ཆེན་པོ་ཧོར་གྱི་ཡུལ་དུ་བསྟན་འགྲོའི་དོན་མཛད་ཚུལ་གྱི་དྲ་བ་སྟེ་བཞི་པའོ།། །།

དགུང་ལོ་ལྔ་བཅུ་རྩ་བརྒྱད་པ་ཨངྒིར་ཞེས་པ་ཆུ་སྤྲེལ་ལོའི་དཔྱིད་ཟླ་དང་པོར་རྒྱལ་བའི་གདན་ས་ཆེན་པོ་སྐུ་འབུམ་ཆོས་སྡེའི་རྒྱུད་སྨན་དཔོན་སློབ་དང༌། ཚོགས་ཆེན་ཞལ་ངོ་སྤྱི་གཉེར་སོགས་ལས་སྣེའི་རིགས་དང་ཆེན་པོའི་ཡོ་བྱད་རྣམས་བསྒྲེངས་ཏེ་དགེ་འདུན་སུམ་སྟོང་ལྷག་གི་སེར་སྦྲེང་དང་བཅས་ཕུན་ཚོགས་འདོད་པ་འཇོ་བའི་རང་སྒར་དུ་སེང་ཁྲིར་གདན་དྲངས་ཏེ་ཆོས་སྟོན་རྒྱས་པར་བྱས་སོ། །དེ་ནས་སྐུ་འབུམ་ཚོགས་ཆེན་དུ་དགེ་འདུན་སུམ་སྟོང་བརྒྱད་བརྒྱ་ལྷག་ལ་ཞོ་ལྔ་རེའི་སྐུ་འགྱེད་དང་མང་ཇ་རྣམ་བཞག །གསེར་སྡོང་ཆེན་མོའི་ལྷ་ཁང་གསར་བཞེངས་སུ་དམིགས་ཏེ་དངུལ་རྟ་རྨིག་མ་ཟུང་བཅས་ཕུལ། བཤད་སྒྲུབ་གླིང་དང༌། རྒྱུད་སྨན་གྲྭ་ཚང་སོ་སོར། སྐུ་འགྱེད་ཞོ་གང་ཕུན་རེ་བཅས་ཕུལ། མཆོད་རྟེན་མཐོང་བ་དོན་ལྡན་གྱི་མདུན་དུ་སྟོང་མཆོད་དང༌། གཞན་ལྷ་ཁང་སོ་སོར་མཆོད་སྒྲོན་གང་རྒྱས་བསྟར། དེ་ནས་ཆུ་བཟང་སྤྲུལ་བའི་སྐུ་རིན་པོ་ཆེར་མཇལ་བར་ཕྱག་བཏེག་སྟེ་ལྷ་རྫས་མཎྜལ། སྐུ་གསུང་ཐུགས་རྟེན། མཛོད་གོས་ཡུག །དངུལ་རྟ་རྨིག་མ་སོགས་ཕྱག་རྟེན་དུ་ཕུལ། ཆུ་བཟང་དགོན་པར་མང་འགྱེད་བཏང་དགོན་ལུང་དུ་བྱོན་ཏེ་མང་ཇ་སོགས་ཀྱི་བསྙེན་བཀུར་དང༌། ཐུའུ་བཀྭན་སྤྲུལ་བའི་སྐུ་རིན་པོ་ཆེར་ལྷ་རྫས། དངུལ་མཎ། སྐུ་གསུང་ཐུགས་རྟེན། མཛོད་གོས་སྤྲིན་རིས་མ་ཡུག །དངུལ་རྡོ་ཚད་སོགས་ཕྱག་རྟེན་དུ་ཕུལ། ཐུའུ་བཀྭན་རིན་པོ་ཆེའི་སྐུ་གདུང་མཆོད་རྟེན་གྱི་དྲུང་དུ་མཆོད་སྒྲོན་གང་རྒྱས་ཕུལ་ཏེ་སྐྱབས་སེམས།ཡན་ལག་བདུན་པ་མཎྜལ་བཅས། ཐུན་དྲུག་རྣལ་འབྱོར་ཁྲུས་གསོལ་སོགས་བྱས་ཤིང༌། སྨོན་ལམ་བསྟན་འབར་མ་བཅས་གསུང་སྟེ་གསོལ་བ་ཤུགས་དྲག་ཏུ་བཏབ་ནས་བསྔོ་སྨོན་གྱི་མཚམས་སྦྱར། དེ་ནས་ཁྲི་ཀ་སེར་མོ་ལྗོངས་སུ་ཕེབས། མཆོད་རྟེན་བླ་བྲང་རང་དུ་བཞུགས་ནས་བཅད་རྒྱ་གནང༌། སྐུ་མཚན་གྲོལ་ནས་མཆོད་རྟེན་མི་ཉག་གྲྭ་ཚང་དང་དགའ་ལྡན་དར་རྒྱས་གླིང་གི་བཞི་པའི་སྨོན་ལམ་ལ་རེས་མོས་ཀྱིས་ཕེབས། གྲྭ་ཚང་འདི་གཉིས་ལ་མང་འགྱེད་གང་རྒྱས་དང་སྤྱི་འཇོག་དངུལ་རྡོ་ཚད་རེ་གནང༌། གསོལ་དཔོན་ཉི་མའི་ཨ་ཁུ་གཤེགས་སར་ཕེབས་ནས་བསྔོ་སྨོན་གྱི་མཚམས་སྦྱོར་གནང༌། ཁྲི་ཀའི་ཕྱོགས་ཀྱི་སྒྲུབ་སྡེ་རྣམས་ལ་བསྙེན་བཀུར་གྱ་ནོམ་པ་མཛད། དེ་ནས་དབྱར་ཐོག་མཚོ་སྔོན་དུ་ཕེབས། སྨད་ནས་ཅུང་ཟད་འགྱང་བར་ཡུལ་ལྷ་འཕྲེང་བའི་རྣམ་པ་ཞིག་བྱུང་སྟབས། ཉིད་ཀྱི་འཁྲུངས་ས་ཨུལ་ཆུས་ཨོ་བོ་ཞེས་འབོད་པའི་ལབ་རྩེ་བསྟོད་དེ་གཞི་བདག་ལ་བསང་མཆོད་སོགས་གང་རྒྱས་གནང་བས་ཆར་ཆེན་པོ་ཞིག་བབ་ནས་རྟེན་འབྲེལ་རང་འགྲིག་ཏུ་བྱུང༌། ཝང་ཚེ་རིང་དོན་གྲུབ་ཀྱི་ཨུརྒེར་ཕེབས། ལྷ་སྲུང་ལ་གསོལ་མཆོད་འདོད་ཆོས་སོགས་སྩལ། པཻ་ཟི་རཏྣ་སིདྡྷིའི་ཨུརྒེར་ཕེབས། མགོན་པོ་ཕྱག་དྲུག་པའི་མཆོད་གཏོར་གང་རྒྱས་མཛད། ཨུལ་ཅུས་ཐུ་དའི་ཆིང་ཇ་སག་གི་ཨུརྒེར་ཕེབས། ཡི་དམ་ཆོས་སྐྱོང་སོགས་ལ་གཏོར་འབུལ་དང༌། ཧོ་ཤུའི་དྲུག་པའི་སྨོན་ལམ་ཚོགས་པར་སྨོན་ལམ་གྲོལ་བར་དུ་བཞུགས་ནས་གསུང་ཆོས་སྨོན་ལམ་གྱི་དབུར་ཕེབས་ཏེ་བསྟན་པ་རྒྱས་པའི་ཐུགས་སྨོན་མཛད། འདུས་ཚོགས་ལ་དགའ་ལྡན་ལྷ་བརྒྱ་མའི་ཁྲིད་དང་ལུང་འགའ་ཞིག་ཀྱང་སྩལ། དེ་ནས་པཻ་ལི་འཇམ་དཔལ་གྱི་ཨུརྒེར་ཕེབས། དཔོན་སྲས་བཅས་ལ་ཆོས་བཀའ་དང་གཏོར་འབུལ་གཡང་འབོད་ཀྱང་བྱས། སླར་སྐུ་འབུམ་དུ་ཕེབས། ཨོར་དུ་སུ་ཐོ་དོ་ཐུ་ས་ལཀྖིས་ཞུས་ངོར། བསྟན་པའི་གསལ་བྱེད་ཆེ་ཤོས་སྤྲུལ་བའི་སྐུ་ངག་དབང་བཤད་སྒྲུབ་བསྟན་པའི་ཉི་མ། བྱ་བཏང་སྒོམ་པ་ངག་དབང་སྨོན་ལམ་སོགས་དགེ་འདུན་ལྔ་བརྒྱ་སྐོར་ལ་རྟ་མགྲིན་གསང་སྒྲུབ་ཀྱི་དབང་སྟ་གོན་དང་བཅས་པ། ལྷ་མོ་དང་སེང་གདོང་མ་སོགས་ཀྱི་རྗེས་གནང་བཅས་སྩལ། དེ་ནས་ཁྲི་ཀ་གསེར་མོ་ལྗོངས་སུ་བྱོན། ཡུལ་ཕྱོགས་དེའི་རྟེན་བྱིན་རླབས་ཅན་མཆོད་རྟེན་དཀར་པོར་གྲགས་པ་ཞིག་རལ་དུ་སོང་ཡོད་པས། རྗེ་ཉིད་ཀྱིས་ཕྱག་མཛོད་ཆོས་རྗེ་ལ་ཞིག་གསོས་གསར་བཞེངས་ལྟ་བུ་ཞིག་བྱེད་དགོས་ཞེས་བཀའ་ཕེབས་པ་ལྟར་གྲུབ་ནས་རྩེར་དངུལ་སྲང་ཉིས་བརྒྱ་དང་ལྔ་བཅུ་ལས་གྲུབ་པའི་གསེར་ཟངས་ཀྱི་ཉི་ཟླ་མཆོད་རྟེན་དེ་ལ་རན་པ་གཟི་འོད་འཕྲོ་ཞིང་ཐིག་ཚད་དང་ལྡན་པ་ཕུལ། ནང་དུ་གཟུངས་དང་རྟེན་སྣ་དུ་མ་སོགས་གཟུངས་གཞུག་རྒྱས་པར་བཞག་ནས། ཉིད་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྐུར་བཞེངས་ཏེ་སྒྲུབ་གྲོགས་དང་བཅས་པས་རབ་གནས་རྒྱས་པ་མཛད། དེ་ནས་ཕྱག་མཛོད་ཆེ་ཆིང་ཆོས་རྗེ། མགྲོན་གཉེར་རབ་འབྱམས་པ་ངག་དབང་བསྟན་འཛིན། སོ་ཀྱཱ་རབ་འབྱམས་པ་དགེ་ལེགས་རྒྱ་མཚོ། དབུ་མཛད་བློ་བཟང་དོན་གྲུབ། དྲུང་ཡིག །གསོལ་དཔོན་སོགས་ནས། རྗེ་ཉིད་ཀྱི་སྐུ་གོང་མ་སྔགས་ཆེན་འཕྲིན་ལས་འབུམ་གྱི་སྒྲུབ་ཁང་གསང་སྔགས་བདེ་ཆེན་ཆོས་འཕེལ་གླིང་གི་གཟིམས་ཆུང་ཧ་ཅང་རྙིང་པར་བརྟེན་མཐུན་རྐྱེན་སོ་སོའི་འབྱོར་པ་དང་བསྟུན་པར་སྒྲུབ་རྒྱུར་ཁས་བླངས་ནས། དེམྖི་གཉེར་པ་དགེ་སློང་ཤེས་རབ་ཉི་མས་ལས་དཔོན་བྱས་ཏེ། ས་ལས་དང་ཚོན་རྩི་སོགས་གང་ལེགས་དཀའ་ཚེགས་མེད་པར་བཞེངས་གྲུབ་ནས་ལས་དཔོན་གྱིས་རྗེ་ཉིད་གདན་དྲངས་ཏེ་ལྷ་རྫས་མཎྜལ་སྐུ་གསུང་ཐུགས་རྟེན་སོགས་རྟེན་འབྲེལ་གྱི་ཞབས་བརྟན་ཕུལ་ཞིང་ཆོས་སྟོན་རྒྱས་པར་ཞུས། དེ་ནས་སྐུ་འབུམ་དུ་ཕེབས། ཡུན་རིང་པོའི་བར་དུ་ཐུགས་དམ་བཅད་རྒྱ་དམ་པོས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ལྗགས་བསྙེན་མཛད་ཅིང་བདག་འཇུག་ཀྱང་མང་དུ་བཞེས། བདེ་གསང་འཇིགས་གསུམ་གྱི་དཀྱིལ་འཁོར་བསྒྲུབས་ཤིང་བདག་འཇུག་བཞེས།སྨད་ཕྱོགས་ཀྱི་བླ་དཔོན་དུ་མས་གཙོས་སེར་སྐྱ་མང་པོ་ལ་ཀུན་རིག །ཚེ་དཔག །ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་དབང་སྟ་གོན་བཅས་སྩལ། བླ་བྲང་ཉིད་དུ་སེང་གདོང་མའི་གཏོར་ཟློག་ཀྱང་སྒྲུབ་པ་མཛད། དེ་ནས་ཟླ་བ་ཁ་ཤས་ཀྱི་རིང་ལ་འཇིགས་བྱེད་ཀྱི་ལྗགས་བསྙེན་ལ་གཅིག་ཏུ་1འགྲུབ་པར་མཛད།ཡང་ཁྲི་ཀའི་ཕྱོགས་སུ་ཕེབས། མཆོད་རྟེན་བླ་བྲང་དུ་བཅད་རྒྱའི་ངང་དུ་བཞུགས། ཁྲི་ཀའི་ཡུལ་གྱི་རྟེན་གཙོ་གྲོན་གྲུའི་ལྷ་ཁང་ས་སྐྱ་པཎ་ཆེན་གྱིས་བཞེངས་པར་གྲགས་པ་དེའི་ནང་རྟེན་དུ་སྨན་འདམ་ལས་གྲུབ་པའི་ཐུབ་དབང་གི་སྐུ་ཤིན་ཏུ་ཆེ་བ་ཞིག་བཞུགས་པ་ལ། གསེར་ཟངས་ལས་གྲུབ་པའི་དབུ་རྒྱན་སྤུས་གཙང་རིན་ཐང་ཅན་ཞིག་འབུལ་དགོངས་ཏེ་འཕྲོད་ལམ་ཡོད་མེད་ཡུལ་ལྷའི་དྲུང་དུ་མཚན་དང་མོ་བཏབ་པར་གང་ལེགས་ཆུད་ཅིང༌། ཆོས་སྲུང་འགའ་ཞིག་ལ་ལུང་བསྟན་ཞུས་པའང་ཡུལ་ལྷའི་ལུང་དང་མཐུན་པར་བབས་པས། འཇམ་མགོན་བླ་མས་ཇོ་བོར་དབུ་རྒྱན་ཕུལ་བའི་རྣམ་ཐར་བཞིན། གཟའ་སྐར་ཕུན་སུམ་ཚོགས་པར་ཐུབ་དབང་རིན་པོ་ཆེར་དབུ་རྒྱན་ཕུལ་ཏེ་མཆོད་སྒྲོན་གང་རྒྱས་སྤེལ། སྤྱན་འདྲེན་ཁྲུས་གསོལ་སོགས་དང༌། ཐུབ་བསྟན་ཡང་སྙིང་དགེ་ལྡན་རིང་ལུགས་ཕྱོགས་མཐར་རྒྱས་ཤིང༌། སྐྱེ་འགྲོ་ཡོངས་ལ་བདེ་སྐྱིད་འབྱུང་བའི་ཐུགས་སྨོན་གང་དྲག་མཛད་པས། ཡུལ་ཕྱོགས་སུ་བཀྲ་ཤིས་པའི་དགེ་མཚན་དུ་མ་མངོན་སུམ་དུ་བྱུང༌། དེ་ནས་དབུས་གཙང་ལ་ཕེབས་རྒྱུའི་ཐུགས་བཞེད་སྔ་མོ་ནས་ཡོད་ཐོག །ལྷ་བླ་མ་སོགས་ལ་ལུང་ཞུས་ཕུལ་བར་ཆོས་ཀྱི་མཛད་འཕྲིན་ཉིད་ཀྱི་ཐུགས་འདུན་ལྟར་འགྲུབ་ཚུལ་དང༌། ཆོས་སྐྱོང་རྣམས་ཀྱིས་གྲོགས་མཛད་པར་ཞལ་གྱིས་བཞེས་པས་ཕེབས་རྒྱུར་ཐུགས་ཐག་བཅད་དེ། ཕྱག་མཛོད་ལ་མ་འགྱངས་པར་དབུས་གཙང་ལ་འགྲོ་རྒྱུ་ཡིན། དེར་མ་ཟད་སོང་ནས་ཆོས་ཉན་དང་གནས་མཇལ་སོགས་བྱ་བ་མང་པོ་ཡོད་པས་ལོ་ཁ་ཤས་ཀྱི་རིང་ལ་འདུག་དགོས་ཞེས་གསུང་ཕེབས་པར། ཕྱག་མཛོད་ཆེ་ཆིང་ཆོས་རྗེ་རབ་འབྱམས་པ་ཚུལ་ཁྲིམས་ཆོས་འཛིན་རང་གི་བསམ་པར་ཡང་མདོ་སྨད་དང་སོག་ཡུལ་གྱི་དད་ལྡན་སྦྱིན་བདག་རྣམས་ཀྱིས་ཕུལ་བའི་ཕྱག་རྫས་ཀྱི་སྐོར་འདི་ཆུད་མ་ཟོས་པར་ཆོས་ཕྱོགས་གཏོང་རྒྱུ་ཞིག་བྱུང་ན་སྙམ་པའི་འཕེན་པ་ཡོད་པའི་ཐོག་ཏུ་བབ་ནས་དགའ་དད་སྤྲོ་གསུམ་གྱིས་སྤྱིར་དབུས་ལ་ཕེབས་རྒྱུ་བཀའ་དྲིན་ཆེ། ཕེབས་ཆས་སོགས་མྱུར་དུ་གྲ་འགྲིག་པ་བྱེད། འོན་ཀྱང་དེར་ཡུན་རིང་བཞུགས་རྒྱུའི་ཐུགས་དགོངས་གནང་མི་ཉན། དགུང་ལོ་ཉུང་བའི་སྐབས་ཡིན་ན་ཐུགས་གཉེར་གྱི་ཆེད་ལ་བཞུགས་དགོས་མོད། ད་ལྟ་ཉིད་དགུང་ལོ་མཐོ་བས་ཡུན་རིང་བཞུགས་ན་ས་ཆུ་སོགས་མི་འཕྲོད་པས་མཇལ་སྐོར་གཏོང་སྒོ་སོགས་གྲུབ་ཕྲལ་རང་ཡུལ་ལ་ཕེབས་དགོས་ཞེས་ནན་ཆེར་ཞུས། དེ་ནས་ཕྱག་མཛོད་ཆོས་རྗེས་རྗེ་ཉིད་ཀྱི་གསུང་དང་བླང་གིས། ཇོ་ཤཱཀ་རྣམ་གཉིས་སོགས་རྟེན་ལ་མཆོད་འབུལ་དང༌། རྒྱལ་བ་ཡབ་སྲས་ཀྱི་འབུལ་བ། སེར་འབྲས་དགའ་གསུམ་བཀྲས་ལྷུན་ཏེ་གདན་ས་ཆེན་པོ་བཞིས་མཚོན་ཆོས་སྡེ་ཆེ་ཕྲ་ཐམས་ཅད་ལ་མང་འགྱེད་གང་རྒྱས་འདེང་ངེས་གྲ་སྒྲིག་གང་ལེགས་བྱས་ཏེ། དགུང་ལོ་ལྔ་བཅུ་རྩ་དགུ་པ་དཔལ་གདོང་ཞེས་པ་ཆུ་བྱའི་ལོའི་སྟོན་ཀའི་དུས་གཟའ་སྐར་ཕུན་ཚོགས་ཀྱི་ཉིན། གདན་ས་ཆེན་པོ་སྐུ་འབུམ་ནས་དབུས་གཙང་དག་པའི་ཞིང་དུ་ཆིབས་ཀྱི་ཁ་ལོ་སྒྱུར་བར་མཛད། ལམ་ཞོར་དུ་བསྟན་པའི་སྦྱིན་བདག་ཝང་ཚེ་རིང་དོན་གྲུབ། པཻ་ལི་འཇམ་དཔལ། པཻ་ཟི་རཏྣ་སིདྡྷི། ཇ་སག་དའི་ཆིང་རྡོ་རྗེ། ཚྭ་འདམ་ཛ་སག་ཨེང་ཁི་པཱི་ཡར། ཛ་སག་རབ་བརྟན་སོ་སོས་ཨུརྒེར་གདན་དྲངས། དད་ལྡན་ཀུན་ལ་ཕྱག་དབང་ལྗགས་བསྔོ། འདོད་ཆོས་ཅི་རིགས་ཀྱིས་རེ་བ་བསྐངས། བྱང་ལམ་རིམ་པར་བརྒྱུད་ཉེ་ཞོ་མེད་པར་བྱོན་ཏེ་དགུན་ཟླ་དང་པོའི་ནང༌། ཐོག་མར་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱི་གདན་ས་བྱང་རྭ་སྒྲེང་རྒྱལ་བའི་དབེན་གནས་སུ་ཕེབས། ཇོ་བོ་དབུ་ཡོན་མ་སོགས་རྟེན་ལ་མཆོད་སྒྲོན་གང་རྒྱས་ཕུལ་ཏེ། ལྟུང་བཤགས་ཕྱག་དང་སྦྲགས་པ། སྐྱབས་སེམས། ཐུན་དྲུག་གི་རྣལ་འབྱོར། བསྟན་འབར་མ་སོགས་གསུང་སྟེ་བསྟན་པ་རྒྱས་པའི་ཐུགས་སྨོན་མཛད། དགེ་འདུན་གྱི་སྡེར་མང་ཇ་དང་འགྱེད་སྐར་ལྔ་རེ་ཕུལ། དེ་ནས་ལྷ་སར་ཕེབས། ཇོ་ཤཱཀ་རྣམ་གཉིས་སོགས་ལ་མཆོད་མཇལ་གནང་སྟེ། ལྷ་ལྡན་སྤྲུལ་བའི་གཙུག་ལག་ཁང་གི་འཁྱམ་རྭའི་ཐོག་ཏུ་༸རྒྱལ་དབང་ཐམས་ཅད་མཁྱེན་པ་བློ་བཟང་བསྟན་པའི་འབྱུང་གནས་ངག་དབང་ལུང་རྟོགས་རྒྱ་མཚོ་དཔལ་བཟང་པོར། ལྷ་རྫས་ནང་མཛོད། རྒྱ་དངུལ་སྲང་བཅུ་ལས་གྲུབ་པའི་མཎྜལ་དར་ཚོན་གྱི་སྣེ་འདོགས་ཅན། སྐུ་རྟེན་ཐུབ་དབང་གི་སྐུ་ཚག་གྲུབ། གསུང་རྟེན་ཚེ་མདོ་གསེར་བྲིས། ཐུགས་རྟེན་རྣམ་རྒྱལ་མཆོད་རྟེན། བྱུར་དམར་གྱི་ཕྱག་འཕྲེང་གསེར་གྱི་བཅུ་ཤད་ཅན། དྲིལ་གདན། ཅོད་པན་བཅས་ཐོག་མའི་ཕྱག་རྟེན་ཏུ་ཕུལ་ནས་ཕྱག་དབང་ཞུས་པར། ༸རྒྱལ་དབང་རིན་པོ་ཆེས་ཐུགས་བརྩེ་གཟིགས་ཆེན་པོས་ལམ་སྐབས་ཀྱི་བཀའ་འདྲི་སོགས་མང་དུ་ཕེབས། རྒྱལ་ཚབ་དེ་མོ་ནོ་མིན་ཧན་རིན་པོ་ཆེར། ལྷ་རྫས་ནང་མཛོད། སྲང་ལྔ་ལས་གྲུབ་པའི་མཎྜལ་དར་གྱིས་སྤྲས་པ། སྐུ་གསུང་ཐུགས་རྟེན། དྲིལ་གདན། ཅོད་པན་བཅས་ཕུལ་ནས་མཇལ་ཕྲད་མཛད། བསྟན་པའི་སྲོག་ཤིང་དགའ་ལྡན་ཁྲི་རིན་པོ་ཆེར། ལྷ་རྫས་ནང་མཛོད། དངུལ་གྱི་མཎྜལ། དྲིལ་གདན། ཅོད་པན་སོགས་ཕྱག་རྟེན་དུ་ཕུལ་ནས་མཇལ། ཁྲི་རིན་པོ་ཆེས་ཁྱེད་ད་ལམ་དབུས་གཙང་འདིར་ཕེབས་པ་བཀའ་དྲིན་ཆེ། ཉིད་ཀྱི་སྐུ་ཚེ་གོང་མ་དེ་ཉིད་ཀྱི་ཆོས་སྲིད་ཟུང་གི་མཛད་སྤྱོད་ཕུན་སུམ་ཚོགས་པ་གང་ཡོད་བོད་ཡུལ་འདིར་ཁྱད་པར་དུ་འཕགས་པ་ཞིག་བྱུང་བའི་གནས་ཚུལ་མཐའ་ཡས་པ་གསུངས། དེ་ནས་འཇམ་མགོན་བླ་མའི་དུས་མཆོད་ཆེན་མོའི་ཉིན་ཇོ་ཤཱཀ་རྣམ་གཉིས་ཀྱིས་གཙོས་རྟེན་ཐམས་ཅད་ལ་ཞལ་ཟས། མཆོད་མེ། མེ་ཏོག །སྤོས་རིང་སོགས་སྟོང་ཚར་རེ་བཅས་སྟོང་མཆོད་རྒྱས་པར་ཕུལ་ཏེ་སྤྱན་འདྲེན་ཁྲུས་གསོལ། རྣམ་དག་གངས་རི་མ། སྨོན་ལམ་བསྟན་འབར་མ་བཅས་གསུང་སྟེ་ཐུབ་བསྟན་རིན་པོ་ཆེའི་ཡང་སྙིང་བློ་བཟང་འཇམ་དཔལ་སྙིང་པོའི་རིང་ལུགས་རྣམ་པར་དག་པ་ཕྱོགས་མཐའ་དག་ཏུ་རྒྱས་པའི་ཐུགས་སྨོན་ཤུགས་དྲག་པོ་མཛད། པོ་ཏ་ལར་ཕེབས་ཏེ་༸རྒྱལ་དབང་ཐམས་ཅད་མཁྱེན་པར་ལྷ་རྫས་ནང་མཛོད། དངུལ་སྲང་ཉི་ཤུའི་མཎྜལ། སྐུ་གསུང་ཐུགས་རྟེན། གོས་ཚོན་བསྒྲིགས་པའི་རྟེན་ཁེབས་ཆེ་བ་སྤུས་གཙང༌། མཛོད་གོས་དམར་པོ་སྤྲིན་རིས་མ་ཡུག །རྒྱ་དངུལ་རྟ་རྨིག་མ། ཨོ་ཏུ་སུའི་མེ་ཡོལ། ཆིབས་ཆེན་རྟ་དང༌། དྲེའུ། ཤིང་ཐོག་ཨ་མྲ་སྒམ་གང༌། ཤེལ་དཀར་རྟ་སོ་མ་སྒམ་གང་སོགས་ཀྱི་དངོས་འབུལ་བཏེག་ནས་ཕྱག་དབང་ཞུས་པར། རྒྱལ་བའི་ཞལ་ནས། སྔོན་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་མདོ་སྨད་ནས་གངས་རིའི་ལྗོངས་འདིར་ཕེབས་ཏེ་སངས་རྒྱས་ཀྱི་བསྟན་པ་དར་བར་མཛད་པ་བཞིན་ད་རེས་ཀྱང་མདོ་སྨད་ཀྱི་རྗེ་བླ་མའི་གདན་ས་ཆེན་པོ་རྗེའི་སྐུ་འབུམ་གྱི་མཁན་ཟུར་མི་ཉག་ཧུ་ཐོག་ཐུ་ཉིད་ཡུལ་གྱིས་བསྐལ་ཡང་སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་བཟང་པོའི་མཐུས་བདེ་བར་འདི་ཕྱོགས་སུ་བྱོན་ནས། རང་ཅག་ལྷན་ཅིག་ཏུ་འཛོམ་པ་སྐལ་བ་བཟང་ཞེས་སོགས་ཀྱི་བཀའ་མང་དུ་ཕེབས་ཏེ་ཐུགས་བརྩེ་བས་གཟིགས་པ་ཆེ་བཞེས་གནང༌། ཡོངས་འཛིན་དགའ་ལྡན་ཁྲི་རིན་པོ་ཆེ་པོ་ཏ་ལར་བཞུགས་པ་ལ་ལྷ་རྫས་ནང་མཛོད་དངུལ་མཎ། སྐུ་གསུང་ཐུགས་རྟེན། གོས་མཚལ་ཁ་ཡུག །གོས་ཀྱི་ཞབས་ཆག །བཀྭའ་མིན་སྒམ་གང་བཅས་ཕུལ། དེ་ནས་བསྟན་རྒྱས་གླིང་དུ་རྒྱལ་ཚབ་དེ་མོ་ནོ་མོན་ཧན་རིན་པོ་ཆེར་ལྷ་རྫས་ནང་མཛོད། དངུལ་མཎ། སྐུ་གསུང་ཐུགས་རྟེན། མཛོད་གོས་སྨྱུག་མདོག་ཡུག །རྒྱ་དངུལ་རྟ་རྨིག་མ། ཨོ་ཏུ་སུའི་མེ་ཡོལ་བཅས་སྒེར་འབུལ་བཏེག །རྩེ་མགྲོན་དཔལ་མགོན་ལ་ལྷ་རྫས་བར་མཛོད། བུ་ལ་གྷ་རས་བཅས་གནང༌། རྭ་སྒྲེང་ཁྲི་ཆེན་རྡོ་རྗེ་འཆང་རིན་པོ་ཆེར་ལྷ་རྫས་ནང་མཛོད། དངུལ་མཎ། དྲིལ་གདན་ཅོད་པན་སོགས་ཕུལ་ནས་མཇལ། རྗེ་འདི་པ་འཇིག་རྟེན་གྱི་འར་འུར་ཟང་ཟིང་དང་ཚེ་འདིའི་གྲགས་འདོད་སོགས་ཡེ་མི་མངའ་བའི་སྟབས་ངོ་གཡོག་ཉུང་ཤས་དང་བཅས་ནས་ཉམ་ཆུང་གནས་མཇལ་བའི་ཚུལ་བྱས་ཏེ་ཨུ་ལཱ་སོགས་མ་ཞུས་པར་ལྷ་སར་འབྱོར་ནས་མཇལ་ཁ་ཞུས་རྗེས་གཞུང་ས་ནས་མཁྱེན་ཏེ་ཆེ་དྲག་མང་པོས་ཁྱེད་འདྲ་བའི་བླ་ཆེན་ཉམ་ཆུང་བ་གནས་མཇལ་བའི་ཚུལ་དུ་ཕེབས་པ་མཛེས་པོ་མ་རེད་ཅེས་ཞུས་ཤིང༌། ཕྱག་གཉེར་སོགས་ལ་ཁྱེད་རང་ཚོས་གཞུང་ས་ལ་ཞུས་ན་སྲོལ་བཞིན་ཨུ་ལཱ་སོགས་གནང་ཆོག །སྔར་ཅི་ལ་མ་ཞུས་པ་ཡིན་ཟེར་ནས་བཀྱོན་པར། ཕྱག་གཉེར་སོགས་ནས་རྗེ་འདི་པ་འཇིག་རྟེན་གྱི་སྤྲོས་པ་ཐུགས་ལ་མ་བཞེད་པའི་སྟབས་སྔོན་ལ་རྒྱུ་མཚན་མ་ཞུས་པའི་གནས་ཚུལ་བཤད། གཞུང་ས་རང་ནས་གཟིགས་པ་ཆེ་བཞེས་ཀྱིས་ཕོགས་སོགས་རྒྱ་གང་ཆེ་བཀའ་དྲིན་སྩལ་བར་དེ་འདྲ་གནང་མི་ཉན་ཞེས་ཞུས་ཀྱང་ནན་ཏན་གྱིས་གནང་སྟེ་བཞེས་དགོས་པ་བྱུང༌། ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་སུ་ཕེབས། རྟེན་ཀུན་ལ་མཆོད་སྒྲོན་གང་རྒྱས་ཕུལ་ཏེ་མཆོད་མཇལ་ཞུས་ཤིང་བསྟན་པ་རྒྱས་པའི་ཐུགས་སྨོན་མཛད། ཚོགས་ཆེན་དུ་དགེ་འདུན་དྲུག་སྟོང་ཉེ་བ་ལ་མང་ཇ་ཁ་ཤས། སྐུ་འགྱེད་དངུལ་སྐར་ལྔ་རེ་ཕུལ། དཔལ་ལྡན་བཀྲ་ཤིས་སྒོ་མང་ལ་གྲྭ་ཇ་དང་སྐུ་འགྱེད་དངུལ་ཊམ་རེ་བཅས་པས་བསྙེན་བཀུར་ཞུས། སོ་སོར་སྤྱི་འཇོག་ཀྱང་གཟབ་རྒྱས་གནང༌། སྔགས་པ་གྲྭ་ཚང་གི་འཇིགས་བྱེད་ཀྱི་མདུན་དུ་བརྒྱ་མཆོད་དང༌། སྔར་རྒྱུན་ཞལ་འདོན་གྱི་རིམ་པ། འཇིགས་བྱེད་སྨོན་ལམ། བསྟན་འབར་མ་བཅས་གསུངས་ནས་ཐུན་མོང་མ་ཡིན་པའི་གསོལ་འདེབས་ཐུགས་སྨོན་སོགས་གདུང་བ་ཤུགས་དྲག་གིས་མཛད། དེ་ནས་པོ་ཏ་ལར་ཕེབས། ༸རྒྱལ་དབང་ཐམས་ཅད་མཁྱེན་པ་ལ་ལྷ་ལྡན་སྨོན་ལམ་གྱི་ཚོགས་དབུར་གདན་འདྲེན་གྱི་སྙན་གསན་ཕུལ། གཙང་དུ་ཕེབས་རྒྱུའི་གནས་ཚུལ་ཞུས་པར་༸རྒྱལ་དབང་རིན་པོ་ཆེས་གཟིགས་པ་ཆེ་བཞེས་ཀྱིས་བཀའ་ཁྱབ་སྩལ། རྒྱལ་ཚབ་རིན་པོ་ཆེར་ཡང་ལྷ་ལྡན་སྨོན་ལམ་གྱི་མང་འགྱེད་འབུལ་རྒྱུའི་གནས་ཚུལ་དང་ཚོགས་དབུར་གདན་འདྲེན་གྱི་སྙན་གསན་ཕུལ། དེ་ནས་གཞུང་གི་མི་སྣ་དང་ཕྱག་གཉེར་གྱིས་གཙོས་ཞབས་ཕྱི་བ་ནང་མ་རྣམས་ནས་ལྷ་ས་སྨོན་ལམ་གྱི་ཇ་ཐུག་གི་ཐེབས་དང༌། སྐུ་འགྱེད་རྒྱུའི་རྒྱ་དངུལ་རྣམས་བསྟན་གླིང་ཛ་སག་ལ་སྤྲད་ནས་བོད་དངུལ་ལ་བརྗེས། དེ་ནས་གཙང་བཀྲ་ཤིས་ལྷུན་པོར་ཕྱག་བཏེག །ཕེབས་ལམ་དུ་སྙེ་ཐང༌། རྒྱལ་རྩེ་དཔལ་འཁོར་ཆོས་སྡེ་སོགས་ལ་མཆོད་མཇལ་ཞིབ་རྒྱས་དང་མང་འགྱེད་སོགས་ཀྱང་ཕུལ། བཀྲ་ཤིས་ལྷུན་པོར་འབྱོར་ནས་པཎ་ཆེན་ཐམས་ཅད་མཁྱེན་པར་ལྷ་རྫས་ནང་མཛོད། དངུལ་སྲང་བཅོ་ལྔ་ལས་གྲུབ་པའི་མཎྜལ། སྐུ་གསུང་ཐུགས་རྟེན། གོས་ཆེན་སེར་པོ་ཡུག །དྲིལ་གདན། ཅོད་པན། རི་བོ་དྭངས་བསིལ་གྱི་རྩད་པའི་འཕྲེང་བ། རྒྱ་དངུལ་རྟ་རྨིག་མ། ཆིབས་ཆེན་སོགས་ཕུལ་ནས་མཇལ་ཁ་ཞུས་པར་ཐུགས་བརྩེ་བས་ཉེ་བར་གཟིགས་ཏེ་བཀའ་མཆིད་མཐའ་ཡས་པ་སྩལ། ཕྱག་མཛོད་ཆེན་མོར། ལྷ་རྫས་བར་མཛོད། མཛོད་གོས་ཡུག། །ཞབས་ལྷམ་སྤུས་གཙང་བཅས་ཕུལ། ༸པཎ་ཆེན་གོང་མ་གསུམ་གའི་སྐུ་གདུང་མཆོད་རྟེན་རྣམས་ལ་མཆོད་སྒྲོན་གང་རྒྱས་ཕུལ་ཏེ། ཞལ་འདོན་གྱི་རིམ་པ་ཆ་ཚང་བར་མཛད། དེ་ནས་འདུ་ཁང་ཆེན་མོའི་སྟེང་གི་ནང་རྟེན་ཐམས་ཅད་ལ་རྟེན་མཇལ་ཞུས་ཤིང་མཆོད་སྤྲིན་གང་རྒྱས་ནས་ཐུགས་སྨོན་སོགས་སྔར་ལྟར་གནང་ནས་ཕེབས་པ་དང་དུས་མཚུངས་སུ་ཚོགས་དུང་བུས་པས་རྟེན་འབྲེལ་ལེགས་པོ་བྱུང་གསུང༌། དེ་ནས་པཎ་ཆེན་ཐམས་ཅད་མཁྱེན་པ་གསོ་སྦྱོང་གི་མགོན་དུ་ཕེབས་པའི་ཞབས་ཕྱིར་བྱོན་ཏེ་ལས་དང་གདམས་ངག་ཉམས་སུ་མྱོང་བར་མཛད། དེ་ནས་པཎ་ཆེན་ཐམས་ཅད་མཁྱེན་པ་ཚོགས་དབུར་སྤྱན་འདྲེན་གྱི་སྙན་གསན་ཕུལ་བར་དགྱེས་གཟིགས་ཀྱིས་ཉི་སྐར་སོགས་ཀྱང་གོང་ནས་བཀོད་ཁྱབ་སྩལ། གཟའ་སྐར་ཕུན་སུམ་ཚོགས་པའི་ཉིན་དེར་ཚོགས་ཆེན་གྱི་དགེ་འདུན་སུམ་སྟོང་བརྒྱད་བརྒྱ་ལྷག་ལ་མང་ཇ་ཁ་ཤས། སྐུ་འགྱེད་དངུལ་སྐར་ཕྱེད་བརྒྱད་རེ་དང་སྤྱི་འཇོག་བཅས་ཀྱི་བསྙེན་བཀུར་ཞུས་ཐོག །པཎ་ཆེན་ཐམས་ཅད་མཁྱེན་པ་ཚོགས་དབུར་སྤྱན་དྲངས་ཏེ། ཉིད་ནས་དངུལ་སྲང་ཉི་ཤུ་ལས་གྲུབ་པའི་མཎྜལ་དར་ཚོན་གྱི་སྣེ་འདོགས་ཅན། ནང་མཛོད་སེར་པོ་སྲིད་དུ་འདོམ་དོ་ལྷག་པ་ཕྱག་ཏུ་བསྣམས་ཏེ། ཤིས་བརྗོད་ཀྱི་སྔུན་བསུས་ནས་སྐྱེས་རབས་ཀྱི་ཕྲེང་བའི་རྟོགས་བརྗོད། ལྷག་པར་པཎ་ཆེན་གོང་མ་ཐམས་ཅད་མཁྱེན་པ་བློ་བཟང་དཔལ་ལྡན་ཡེ་ཤེས་དཔལ་བཟང་པོ། འཇམ་དབྱངས་གོང་མའི་རྒྱལ་ཁབ་ཏུ་ཆིབས་ཁ་བསྒྱུར་བའི་ལམ་ཞོར་དུ་འཇམ་མགོན་རྒྱལ་བ་གཉིས་པའི་འཁྲུངས་གནས་ཆོས་སྡེ་ཆེན་པོ་སྐུ་འབུམ་བྱམས་པ་གླིང་གི་ཆོས་ཁྲིར་ཟླ་བ་ཁ་ཤས་ཀྱི་རིང་ལ་བཞུགས་ཏེ་དགེ་འདུན་གྱི་སྡེ་ལ་འཆད་ཉན་མཛད། ཕྱོགས་མཐའ་དག་ནས་ཡོང་བའི་བླ་དཔོན་སེར་སྐྱ་བགྲང་ལས་འདས་པ་ལ་ཆོས་འཁོར་རྒྱ་ཆེར་བསྐོར་བའི་ཚུལ་རྣམས་ཞིབ་རྒྱས་དང༌། སྐུ་ཚེ་འདིའི་ཡང་སྐུ་གསུང་ཐུགས་ཀྱི་ཡོན་ཏན་རྣམས་རྒྱས་པར་ཞུས་པའི་ཐོག །ཞབས་བརྟན་གྱི་རྟེན་འབྱུང་དུ། ཆོས་དུང་དཀར་པོ་དར་ཚོན་གྱིས་བརྒྱན་པ། སྐུའི་རྟེན་རྒྱལ་བ་ཚེ་མཐའ་ཡས་པའི་སྐུ་བརྙན། གསུང་རྟེན་ཚེ་མདོ་གསེར་བྲིས། ཐུགས་རྟེན་གསེར་ཟངས་ཀྱི་བྱང་ཆུབ་མཆོད་རྟེན། དངུལ་སྲང་བཅུ་ལས་གྲུབ་པའི་ཚེ་བུམ་ཕྲ་ལྡན་ཁ་རྒྱན་བཅས། དངུལ་གྱི་འཁོར་ལོ་དཔངས་ཁ་གང་བ། དུང་དཀར་དངུལ་གཤོག་མ་ཆ། བཀྲ་ཤིས་རྫས་བརྒྱད། དངུལ་སྲང་ཉེར་གཅིག་ལས་གྲུབ་པའི་རྒྱལ་སྲིད་སྣ་བདུན་པད་འདབ་ཅན། སྐུའི་ཉེར་སྤྱད་མི་འདྲ་བ་བཅུ་གསུམ། རྡོར་དྲིལ་སོགས་མཆོད་རྫས་སྣ་ཚོགས། གོས་ཚག་གྲུབ་མའི་དྲིལ་གདན་ཅོད་པན། ཐེག་ཆེན་གླང་པོའི་མཆེ་བ། ནོར་བུ་བསེ་རུའི་རྭ། བྱུར་འཕྲེང་ཆེ་བ་མུ་ཏིག་གི་བཅུ་ཤད་སུམ་ལྡན་ཅན། མུ་ཏིག་གི་འཕྲེང་བ། རི་བོ་དྭངས་བསིལ་གྱི་འཕྲེང་སེར་ཉི་ཤུ། རྒྱ་དངུལ་རྟ་རྨིག་མ་བཅུ། མཛོད་གོས་སྣ་ཚོགས་སྤུས་གཙང་ཡུག་ཆེན་བཅུ་གསུམ། རྒྱ་ཟམ་བཅུ། ས་གདན་མཐིང་ག་མེ་ཏོག་གི་རི་མོ་ཅན་གཅིག །གོས་ལྗང་གུའི་ས་གདན་མེ་ཏོག་མ་གཅིག །ཁེ་བི་སུའི་སྒ་ཁེབས་དམར་ཁྲ་དང༌། གདན་རྡོ་རྗེ་རྒྱ་གྲམ་གྱི་རི་མོ་ཅན། ཇ་བག་དང་ཤིང་ཐོག་སྒམ་ཁ་ཤས། སྣམ་དཀར་ཡུག་བཅས་རྣམ་གྲངས་དྲུག་བརྒྱ་དང་ལྔ་བཅུ་ལྷག་ཕུལ་ཏེ། དགོས་དོན་གྱི་གཙོ་བོ་རྒྱལ་བསྟན་རིན་པོ་ཆེའི་ཡང་སྙིང་རྗེ་ཙོང་ཁ་པའི་བསྟན་པ་རྒྱས་ཤིང་འགྲོ་བ་ཡོངས་ལ་བདེ་སྐྱིད་འབྱུང་བ་དང༌། དེའི་རྩ་བ་རྒྱལ་བ་ཡབ་སྲས་ནས་བསྟན་པ་ཕྱོགས་དུས་ཀུན་ཏུ་རྒྱས་པའི་ཐུགས་བསྐྱེད་དང་འཕྲིན་ལས་རྒྱ་གང་ཆེ་མཛད་རྒྱུ་ལ་རག་ལས་ཚུལ་མདོ་རྒྱུད་ཀྱི་ལུང་ཁུངས་སུ་དྲངས་ནས་ཞུས་ཤིང༌། ཞར་བྱུང་ཉིད་འབྲེལ་ཐོགས་དང་བཅས་པའི་འཕྲལ་ཡུན་གྱི་སྐྱབས་འཇུག་ཞུས་པར། པཎ་ཆེན་མཆོག་ཐུགས་ཤིན་ཏུ་དགྱེས་ཏེ་འདུ་ཁང་གི་རབ་གསལ་དུ་པཎ་ཆེན་གོང་མའི་སྐུ་བཞུགས་པ་ལ་ཡང་ཡང་གཟིགས་ཏེ། རྗེ་འདི་པར་ཁྱེད་ཀྱིས་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་རྣམ་ཐར་སྐུ་གསུང་ཐུགས་ཀྱི་བསྟོད་ཚོགས་གཞན་ལས་ཁྱད་འཕགས་བརྗོད་བྱུང་ཞེས་སོགས་ཀྱི་བཀའ་ལུང་རྒྱ་ཆེར་སྩལ། དེར་ཚོགས་མཁས་པ་རྣམས་ཀྱང་རྗེ་འདིའི་སྐུ་ཡོན་མཐོང་སྟེ་དེ་ལས་བརྩམས་པའི་བསྔགས་བརྗོད་ཕྱོགས་ཀུན་ཏུ་སྒྲོགས་པ་བྱུང༌། པཎ་ཆེན་རིན་པོ་ཆེའི་དྲུང་ནས་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་དང་ཤམྦྷ་ལའི་སྨོན་ལམ་གྱི་ལུང་གསན། སྣང་ཐང་དུ་ཕེབས། སྒྲོལ་མ་གསུང་འབྱོན་མ། འབྲོམ་གྱི་ཤེལ་གྱི་མཁར་བ། གནས་བཅུའི་ཞབས་ཆག་སོགས་རྟེན་ལ་མཆོད་མཇལ་ཞིབ་རྒྱས། ཚོགས་ལ་མང་འགྱེད་ཀྱི་དོད་རྒྱ་དངུལ་སྲང་ཉི་ཤུ་ལྷག་ཕུལ། མཆོད་དོད་རྒྱ་དངུལ་སྲང་བདུན་ཕུལ། བཀྲས་ལྷན་དུ་ཕེབས། རྗེའི་གསུང་འབུམ་ཡོངས་རྫོགས། རྒྱལ་ཚབ་མཁས་གྲུབ་རྣམ་གཉིས་ཀྱི་གསུང་འབུམ། པཎ་ཆེན་སྐུ་ཚེ་ན་རིམ་གྱི་གསུང་འབུམ། མི་ལ་བཞད་པའི་རྡོ་རྗེའི་རྣམ་མགུར་སོགས་ཕྱག་དཔེ་པུ་ཏི་བརྒྱ་ལྷག་ཙམ་གདན་དྲངས། དེ་ནས་སྐུ་འབུམ་ཆོས་སྡེ་ཆེན་པོའི་ཆོས་སྲིད་རྒྱས་པའི་དོན་ལ་དམིགས་པཎ་ཆེན་རིན་པོ་ཆེར་ལུང་བསྟན་ཞུས་པར་བཀའ་ལན་དུ། འདུས་ཚོགས་སྤྱི་ལ་བསླབ་བྱ་དང༌། དགེ་འདུན་གྱི་སྡེ་རྒྱས་ཤིང་བཤད་སྒྲུབ་འཕེལ་ཆེད་དུ་ཞབས་བརྟན་གང་རྒྱས་སྩལ། རྗེ་འདི་པས་ཕྱིས་སུའང་གོང་ས་ནས་ཐུགས་བརྩེ་བས་ཉེ་བར་གཟིགས་ཏེ་གང་ཅིའི་བཀའི་བསླབ་བྱ་ལྷུག་པར་སྩལ་རྒྱུའི་ཞུ་བ་ཕུལ་བར་ཐུགས་དགྱེས་པའི་ཞལ་བཞེས་གནང༌། པཎ་ཆེན་རིན་པོ་ཆེ་ཐོན་ཕྱག་ཞུས་པར་ཚེ་མཐའ་ཡས་པའི་སྐུ་བརྙན་བཀྲ་ཤིས་ལི་མ། སྤྱན་རས་གཟིགས་ཀྱི་ཞིང་བཀོད། སྟོན་པའི་བྲིས་ཐང༌། པཎ་ཆེན་སྐུ་སྔ་ཕྱི་རྣམས་ཀྱི་གསུང་འབུམ་ཆ་ཚང༌། པཎ་ཞྭ་སྣེ་རིང༌། སྐུའི་ཉེར་སྤྱད་ཡོངས་རྫོགས། ཆེན་པོའི་ཉེར་སྤྱད་དབུ་གདུགས་སེར་པོ། རྟ་དར་ཆ། བཀའ་ཤོག་ཐམ་ག་གྲུབ་སྒོར་བཅས་གནང༌། ཐུགས་དགྱེས་པ་ཆེན་པོས་འཕྲལ་ཕུགས་ཀྱི་བཀའ་མཆིད་རྒྱས་པར་སྩལ་ཅིང་ལྷག་པར་མདོ་སྨད་དུ་བསྟན་འགྲོའི་བྱ་བ་ལ་སྔར་ལྟར་གཡེལ་མེད་མཛད་དགོས་ཚུལ་གསུང་སྟེ་ཐུགས་བརྩེ་བས་གཟིགས་པ་ཆེ་བཞེས་གནང༌། ཕྱག་མཛོད་ཆེན་མོས། ལྷ་རྫས། སྤྱན་རས་གཟིགས་ཀྱི་སྐུ་བརྙན་བོད་ལི། སྣམ་ཡུག་སྤུས་གཙང་ཆོས་སྣ་ཚོགས་བཅས་གནང༌། དེ་ནས་རྒྱལ་བ་དབེན་ས་པའི་གདན་སར་མཇལ་ཕྱིར་ཕྱག་བཏེག །འདུས་ཚོགས་ནས་རྗེ་འདི་པའི་སྙན་པ་གསན་ཏེ་སེར་སྦྲེང་བཅས་བསུ་བ་མཛད། རྒྱལ་བ་དབེན་ས་པའི་མཆོད་རྟེན། མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱི་འདྲ་སྐུ། སྟོན་པའི་ཚེམས་བཞུགས་པའི་མཆོད་རྟེན་སོགས་རྟེན་རྣམས་ལ་མཆོད་མཇལ་དང་སྐྱབས་སེམས་སོགས་ཞལ་འདོན་གྱི་རིམ་པ་སྔར་རྒྱུན་ལྟར་མཛད། འདུས་ཚོགས་སུ་མང་ཇ་སྐུ་འགྱེད་སོགས་ཀྱི་བསྙེན་བཀུར་ཞུས། དེ་ནས་རོང་བྱམས་ཆེན་དུ་ཕེབས། མཆོད་དོད་ལ་རྒྱ་དངུལ་སྲང་ལྔ་ཕུལ་ཏེ་ཞལ་འདོན་མཆོད་མཇལ་སོགས་སྔར་རྒྱུན་ལྟར་གནང༌། ངུར་སྨྲིག་ཅེས་པར་སྒྲོལ་མ་མཎྜལ་བཞི་ཆོག་གསུང༌། དེ་ནས་ལྕགས་ཟམ་ཆུ་བོ་རིའི་དབེན་གནས་དང་རྟེན་ཀུན་ལ་མཆོད་མཇལ། མང་ཇ་སོགས་ཀྱི་དོད་རྒྱ་དངུལ་སྲང་བཅུ་ཕུལ། རྭ་བ་སྟོད་དུ་བྱོན། རྟེན་ལ་མཆོད་སྒྲོན་ཕུལ་ནས་མཆོད་མཇལ་ཞུས། ཚོགས་སུ་མང་ཇ་སྐུ་འགྱེད་དངུལ་སྐར་རེ་ཕུལ། སྒྲོལ་མའི་ཞབས་རྗེས་མཇལ། སེམས་བསྐྱེད་སོགས་སྔར་བཞིན་མཛད། རྗེ་བཙུན་བླ་མ་ཀློང་རྡོལ་རིན་པོ་ཆེའི་གཟིམས་ཆུང་དུ་རྗེ་དེའི་འདྲ་སྐུ་བཞུགས་པར་མཇལ། མཆོད་སྒྲོན་གང་རྒྱས་ཕུལ་ཏེ་སྐྱབས་སེམས་སོགས་དཀྱུས་ཀྱི་ཕྱག་བཞེས་སྟར་ཆགས་ཐུགས་སྨོན་རྒྱ་གང་ཆེ་བཅས་གནང་།རི་ཁྲོད་པ་རྣམས་ལ་མང་འགྱེད་དོད་རྒྱ་དངུལ་སྲང་བདུན་ཕུལ། དེ་ནས་ལྷ་ལྡན་དུ་འབྱོར་རྗེས་སེ་རའི་ཕུར་མཇལ་ཞུས། པོ་ཏ་ལར་ཕེབས། ཡང་བསྐྱར་༸རྒྱལ་དབང་ཐམས་ཅད་མཁྱེན་པ་ལྷ་ལྡན་སྨོན་ལམ་གྱི་ཚོགས་དབུར་གདན་འདྲེན་བྱེད་རྒྱུའི་སྙན་གསན་ཕུལ་བས་ཞལ་བཞེས་དང༌། ཐུགས་བརྩེ་བའི་བཀའ་སྩལ་མང་དུ་གནང༌། དེ་ནས་རྟེན་ཐམས་ཅད་ལ་མཆོད་མཇལ་ཞུས་ཤིང༌། རྒྱུན་པར་ལྷ་ལྡན་གཙུག་ལག་ཁང་ལ་ཕྱག་སྐོར་མཛད། དེ་ནས་དགུན་ཟླ་ཐ་མའི་ཉེར་དགུའི་ཉིན་པོ་ཏ་ལར་ཕེབས། རྣམ་རྒྱལ་གྲྭ་ཚང་གི་འཆམ་དང་གཏོར་རྒྱག་སོགས་ལ་གཟིགས་པར་མཛད། དགུང་ལོ་དྲུག་ཅུ་དངོས་པོ་ཞེས་པ་ཤིང་ཁྱི་གནམ་ལོ་གསར་བཞད་ཀྱི་ཉིན་ཐོ་རངས་ཡི་དམ་ཆོས་སྲུང་ལ་མཆོད་གཏོར་ཕུལ་ཞིང་འཕྲིན་བཅོལ་མཛད་ནས་ཇོ་ཤཱཀ་རྣམ་གཉིས་སོགས་རྟེན་རྣམས་ལ་མཆོད་མཇལ་གནང༌། ཉི་མ་རྩེ་ཤར་ལ་འཕགས་མཆོག་ཕྱག་ན་པད་དཀར་འཆང་བའི་ཕོ་བྲང་པོ་ཏ་ལར་ཕེབས། ༸རྒྱལ་དབང་རིན་པོ་ཆེར་ནང་མཛོད་སེར་པོ། དྲིལ་གདན་ཅོད་པན་སོགས་ཕུལ་ཏེ་ལོ་གསར་གྱི་མཇལ་ཁ་ཞུས། བཞུགས་གྲལ་གྱི་གསོལ་སྟོན་རྒྱས་པའི་ཐོག་གྲལ་འཕྲོས་དང་ཚོགས་གླེང་གར་ཕྲུག་འཁྲབ་པ་སོགས་ལ་གཟིགས་པ་མཛད། རྒྱལ་ཚབ་རིན་པོ་ཆེར་ནང་མཛོད། དྲིལ་གདན། ཅོད་པན་བཅས་ཕུལ་ནས་མཇལ། ཡོངས་འཛིན་ཁྲི་རིན་པོ་ཆེར་ཡང་ལྷ་རྫས་ནང་མཛོད། བཞུགས་གདན་བཅས་ཕུལ་ནས་ཕྱག་དབང་ཞུས། ཕྱི་ཉིན་པོ་ཏ་ལར་རྒྱལ་པོ་ལོ་གསར་དུ་གྲགས་པའི་བཞུགས་གྲལ་ལ་ཡང་བསྐྱར་ཕེབས་ཏེ་༸རྒྱལ་དབང་ཐམས་ཅད་མཁྱེན་པར་ཕྱག་དབང་ཞུས་པས། རྒྱལ་བའི་ཞལ་ནས། སྐུ་འབུམ་མཁན་ཟུར་མི་ཉག་ཧོ་ཐོག་ཐུ་བདག་གི་ཉེ་སར་བཞུགས་དགོས་གསུང་སྟེ་ཁྲིའི་མདུན་དུ་བཞུགས་གདན་བརྒྱབ་ནས་དེར་བཞུགས་སུ་བཅུག་སྟེ་དཔེ་མེད་པའི་དགྱེས་ཉམས་མཛད། གསོལ་སྟོན་གང་རྒྱས་ཐོག་རིན་ཆེན་རྒྱན་ཆ་བ་དང་གར་མཆོད་སོགས་ལ་གཟིགས་པ་གནང༌། གསོལ་སྟོན་གྲོལ་ནས་༸རྒྱལ་དབང་རིན་པོ་ཆེས་རྗེ་འདི་པའི་ཕྱག་ནས་བཟུང་སྟེ་ཁྲིད་ནས་གཟིམས་ཆུང་དུ་ཕེབས་པར་དེར་ཚོགས་ཀུན་ཡ་མཚན་པར་གྱུར། ཉིན་རེ་བཞིན་ལྷ་སའི་གླིང་སྐོར་དང༌། ལྷ་ལྡན་གཙུག་ལག་ཁང་གི་སྐོར་བ་ལ་རེས་མོས་ཀྱིས་བྱོན་ཞིང་བརྒྱ་ཕྱག་མཆོད་འབུལ་སོགས་ཀྱིས་དུས་འདའ་བར་མཛད། དེ་ནས་ཆོ་འཕྲུལ་སྨོན་ལམ་གྱི་བཅོ་ལྔའི་ཉིན་སྐྱབས་མགོན་ཕྱག་ན་པད་དཀར་འཆང་བ་ལུང་རྟོགས་རྒྱ་མཚོ་ནས། བོད་ཡུལ་དུ་སེར་འབྲས་དགའ་གསུམ་སོགས་ལ་བཀའ་ཆོས་ཐོག་མར་སྩལ་སྐབས། རྗེ་འདི་པས་ཚེ་རབས་ཀྱི་ཕྲེང་བར་ཞིང་ཁམས་གང་དུ་བྱོན་པའི་འཁོར་གྱི་དང་པོ་དང༌། གསུང་གི་གསང་བ་འཛིན་པའི་སྲས་ཀྱི་ཐུ་བོར་འགྱུར་བའི་རྟེན་འབྲེལ་དུ། གསུང་ཆོས་རྭ་བ་ནས་ལྷ་རྫས་ནང་མཛོད་སེར་པོ། རྒྱ་དངུལ་སྲང་ཉིས་བརྒྱ་ལས་གྲུབ་པའི་མཎྜལ་ཆེ་བ་དབུས་སུ་རི་རབ་དང་གླིང་བཞི་གླིང་ཕྲན་དང་བཅས་ཚོམ་བུར་བཀོད་པ་བཟོ་ཁྱད་ཅན། སྐུའི་རྟེན་གསེར་ཟངས་ལས་གྲུབ་པའི་རྗེའི་སྐུ་བརྙན། གསུང་རྟེན་ཐར་མདོ་གསེར་བྲིས་གོས་སེར་པོའི་ན་བཟའ་ཅན། ཐུགས་རྟེན་འཆི་བདག་གི་བདུད་ལས་རྣམ་པར་རྒྱལ་བའི་མཆོད་རྟེན་རིན་ཆེན་དང་པོ་སྲང་ལྔ་ལས་གྲུབ་པའི་ཆོས་ཀྱི་འཁོར་ལོ། རྒྱ་དངུལ་སྲང་བཅུ་བདུན་ལས་གྲུབ་པའི་རྒྱལ་སྲིད་སྣ་བདུན་པད་འདབ་ཅན། དྲིལ་གདན། ཅོད་པན་བཅས་ཕུལ། དེ་ནས་ཉིད་ཀྱིས་སྤོས་འདྲེན་བྱས་ཏེ་༸རྒྱལ་དབང་ཐམས་ཅད་མཁྱེན་པ་ཚོགས་དབུར་གདན་དྲངས། རྗེ་འདི་པས་ཡན་ལག་ལྔ་ལྡན་གྱི་གུས་ཕྱག་སྔོན་དུ་བཏང་སྟེ། ལྷ་རྫས་ནང་མཛོད་སེར་པོ་སྲིད་དུ་འདོམ་པ་གསུམ་ལྷག་ཡོད་པ་དང༌། རྒྱ་དངུལ་སྲང་ཉེར་ལྔ་ལས་གྲུབ་པའི་མཎྜལ་རི་རབ་གླིང་བཞི་ཉི་ཟླ་དང་བཅས་པའི་ཚོམ་བུ་ཅན་དར་ཚོན་སྣ་ལྔས་བརྒྱན་པ་ཕྱག་ཏུ་བསྣམས་ནས། སྙན་དངགས་ཀྱི་ལམ་ནས་དྲངས་པའི་བདེན་ཚིག་དང་བསྔགས་བརྗོད་ཀྱིས་ཞུ་ལམ་ཡངས་པོར་བྱས་ཏེ། སྤྱན་རས་གཟིགས་དབང་སྤྲུལ་བའི་ཟློས་གར་ནམ་མཁའི་མཐའ་ཀླས་པའི་སྐྱེས་རབས་ཀྱི་ཕྲེང་བ་དང་འབྲེལ་བའི་རྟོགས་བརྗོད་དང་ཁྱད་པར་༸རྒྱལ་དབང་ཐམས་ཅད་མཁྱེན་པ་གོང་མ་སྐུ་ན་རིམ་གྱིས་འཇམ་མགོན་བླ་མའི་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་ཁོ་ན་བདག་གིར་མཛད་ཅིང༌། ཡང་སྒོས་རྗེ་ཙོང་ཁ་པའི་འཁྲུངས་གནས་སྐུ་འབུམ་ཆོས་སྡེ་ཆེན་པོར་ཕེབས་ནས་བཤད་སྒྲུབ་ཆོས་ཀྱི་མཛད་པ་རླབས་ཆེ་བ་གནང་ཚུལ་གྱི་བཀའ་དྲིན་བརྗོད་པ་དང༌། སྐབས་དོན་སྐུ་ཕྲེང་འདི་ཉིད་དུའང་བསྟན་འགྲོའི་མགོན་དུ་ཞབས་ཟུང་པདྨོ་འཇིགས་བྲལ་གདོང་ལྔས་བཏེག་པའི་ཁྲི་འཕང་མཐོན་པོར་བསྐལ་པ་རྒྱ་མཚོའི་བར་དུ་ལྷུན་ཆགས་ཏེ་ཟབ་རྒྱས་ཆོས་འཁོར་སྐོར་དགོས་ཚུལ་རྣམས་རྒྱས་པར་ཞུས་ཏེ་རྟེན་འབྱུང་དུ་སྐུའི་རྟེན་གསེར་ཟངས་ཀྱི་ཚེ་མཐའ་ཡས་བའི་སྐུ་བརྙན་ཁྲུ་གང་ལྷག །གསུང་གི་རྟེན་ཚེ་མདོ་གསེར་བྲིས། ཐུགས་རྟེན་གསེར་ཟངས་ཀྱི་བྱང་ཆུབ་མཆོད་རྟེན་ཁ་གང་ལྷག །སྐུའི་ཉེར་སྤྱད་ཀྱི་སྐོར་ཆ་ཚང༌། རྒྱ་རྔ་དབྱུག་བཅས། ནོར་བུ་བསེ་རུའི་རྭ། ཁྱུ་མཆོག་མ་ཧེའི་རྭ་ཆ། ཐེག་ཆེན་གླང་པོའི་མཆེ་བ། ཁྲི་སྙན་ས་ལའི་པགས་པ་རྭ་བཅས། སྟག་ལྤགས་སྡེར་བཞི་ཆེ་ཚང༌། དངུལ་སྲང་བཅུ་དགུ་ལྷག་ལས་གྲུབ་པའི་ཚེ་བུམ་ཞབས་སྟེགས་ཚ་གསེར་མ། ཁ་རྒྱན་གྱི་དཀྱིལ་དུ་ཚེ་མཐའ་ཡས་པའི་སྐུ་བརྙན་བཞུགས་པ། མེ་དམ་ཚ་གསེར་ཅན་ནང་དུ་དངུལ་ལས་གྲུབ་པའི་མེ་ཏོག་སྲང་གསུམ་རེ་ཅན་ཆ། ཚ་གསེར་གྱི་རྡོ་རྗེ་རྩེ་ལྔ་པ། དངུལ་སྲང་བདུན་རེ་ཡོད་པའི་དངུལ་སྐོང་ཆ། དངུལ་སྲང་བཞི་བཅུ་ལས་གྲུབ་པའི་རྒྱ་གླིང་ཕྲ་ལྡན་ཆ། ཛབ་ཡའི་མཆོད་ཞལ་ཆེ་བ་ནང་དུ་དངུལ་ཤན་དབུས་སུ་བྱུ་རུའི་ཕྲ་ཡོད་པ། བྷེ་དའི་མཆོད་ཞལ་བྱུར་བུར་ཇུས་བསྐོས་མ་ནང་དུ་དངུལ་ཤན་ཅན། དངུལ་སྲང་བཅོ་ལྔ་ལས་གྲུབ་པའི་གསོལ་ལྟིར་ནང་དུ་རི་བོ་དྭངས་བསིལ་གྱི་མེ་ཏོག་གིས་བཀང་བ། བྱུར་དམར་གྱི་ཕྲེང་བ་ཆེ་བ་གསེར་གྱི་བཅུ་ཤད་སུམ་ལྡན། གཡང་ཌིའི་ཕྲེང་བ་མ་ན་ཧུས་བརྒྱན་པ་ཁྱུང་རྒྱ་སྨུག་གི་བཅུ་ཤད་སུམ་ལྡན། རི་བོ་རྩེ་ལྔའི་ཕྲེང་སེར་ཉི་ཤུ། རྒྱ་དངུལ་རྟ་རྨིག་མ་ཉི་ཤུ་ལ་སྲང་ཆིག་སྟོང་ལྷག་ཙམ། མཛོད་གོས་མང་ནུག་བཅས་གོས་ཆེན་སྣ་ཚོགས་ཡུག་བཅུ་དགུ །ཇུས་ཆེན་སྣ་ཚོགས་ཡུག་ཉེར་ལྔ། གོས་སྤུ་ཚོན་རིས་ཅན་ཁ་གསུམ་རེ་ཡོད་པ་གཉིས། གོས་ཆེན་ལྕགས་སྒྲོག་མའི་སོག་ལྭ་ལིང་སྔོན་གྱི་ནང་ཤ་ཅན་སྤུས་ལེགས། རིགས་ལྔ་དཀྱིལ་དུ་རིགས་ལྔའི་ས་བོན་ཡོད་པ་མཐའ་སྐོར་གྱི་པ་ཏྲ་རྣམས་དངུལ་ལས་འབུར་མར་བཅོས་པ། གཙུག་ཏོར་ཏོག་ཚ་གསེར་མ་དངུལ་སྐུད་དང་བྱུ་རུས་བརྒྱན་པ། གོས་ཚོན་གྱིས་གྲུབ་པའི་སྟོད་གཡོགས་དང་སྨད་གཡོགས། དྲིལ་གདན་ཆེ་ལེགས། ཅོད་པན་ཆ། འགོ་སྣམ་སྐྱ་བ་གྱོན་འདེང༌། སྨན་རྙིང་ཡུག །བུ་ལ་གན་བཞི། ཝ་དམར་སྤུས་གཙང༌། བུ་ལ་གྷ་རི་བུབ་བཅུ། ཏཱ་དཀར་ཡུག་དྲུག་ཅུ། རྒྱ་ཟམ་ལྔ་བཅུ། ཁེ་བི་སུའི་ས་གདན་ལེགས་པ་གསུམ་དང་ཁྲི་ཤོའུ་ཙེ་གཅིག །ཁེ་བི་སུའི་མལ་སྟན་སྤུས་ལེགས་གཅིག །ཤེལ་དཀར་རྟ་སོ་མ་སྒམ་གང༌། བྱེ་ཀར་སྒམ་གཉིས། རྒུན་འབྲུམ་དཀར་པོ་སྒམ་གཉིས། སོག་པོ་རྒུན་འབྲུམ་སྒམ་བཞི། ཨ་མྲ་སྒམ་གང༌། གོ་ར་སྒམ་གང༌། ཆི་བ་ག་ལྟང་གསུམ། ལྦ་ཀོ་བཞི། ཟིང་སྦག་སྒམ་བདུན། འབྲུ་དཀར་ལྟང་གཅིག །སྣམ་དཀར་ཡུག་བཅས་རྣམ་གྲངས་ཆིག་སྟོང་ཉིས་བརྒྱ་དང་བཅུ་གཅིག་གི་འབུལ་ལམ་ཞུས་ཏེ་རྨུགས་འཛིན་བང་མཛོད་ཕྱེ་བ་བཞིན་རྒྱ་ཆེ་ལ་དངོས་གཙང་ཞིང་གྱ་ནོམ་པའི་བདོག་པ་དངོས་འབྱོར་གྱི་སྟེང་རྣམ་དཀར་དགེ་ཚོགས་དང་བཅས་པ་བློས་བླངས་ཏེ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ནམ་མཁའི་མཐའ་ཀླས་པའི་ཕྱོགས་བཅུའི་རྒྱལ་བ་ཀུན་དང་ལྷན་ཅིག་དགྱེས་པ་སྐྱེད་པར་མཛད། ཚྭ་དོར་ནོ་མོན་སོགས་ཀྱི་དུས་རྒྱལ་ཚབ་ལ་རྒྱལ་བའི་འབུལ་བའི་སུམ་ཆའམ་བཞི་ཆ་ལས་མི་དགོས་ཀྱང༌། དེ་མོ་གོང་མའི་སྐུ་དུས་ཧལ་ཧ་འགའ་ཞིག་གིས་རྒྱལ་བ་ལས་ཆེ་བར་བྱེད་པའང་བྱུང་བས། འདི་སྐབས་ཕྱེད་ཆག་བྱེད་ཀྱིན་འདུག་པའི་ཡུལ་ལུགས་དང་བསྟུན་ཏེ། རྒྱལ་ཚབ་དེ་མོ་ནོ་མིན་ཧན་རིན་པོ་ཆེར་ལྷ་རྫས་ནང་མཛོད། དངུལ་སྲང་བཅོ་ལྔ་ལས་གྲུབ་པའི་མཎྜལ། སྐུ་གསུང་ཐུགས་རྟེན། སྐུའི་ཉེར་སྤྱད་ཡོངས་རྫོགས། ཚ་གསེར་གྱི་འཁོར་ལོ། རྒྱ་དངུལ་སྲང་ལྔ་བརྒྱ། མཛོད་གོས་མང་ལྷུག་དང་འཇམ་རིས་སྣ་ཚོགས་ཡུག་ཆེན་ལྔ། ཇུས་ཆེན་སྣ་ཚོགས་ཡུག་བཅུ། རྒྱན་བཞི་སྔོན་པོའི་སོག་གོས་ནང་ཤ་ཅན། དྲིལ་གདན་ཆ། ཅོད་པན་ཆ། རི་བོ་རྩེ་ལྔའི་ཕྲེང་སེར་བཅུ། ཏཱ་དཀར་ཡུག་བཞི། རྒྱ་ཟམ་ཡུག་བཅོ་ལྔ། བུ་ལ་གན་བུབ། ཝང་དམར་སྐྱ་བུབ། བུལ་ཧ་རི་དྲུག །ཁེ་བི་སུའི་ས་སྟན་དང་མཱ་ཁྲང་ཙི། ཁེ་བི་སུའི་མལ་སྟན། ཤེལ་དཀར་རྟ་སོ་མ་དང་བྱེ་ཀར་སྒམ་ཆ། རྒུན་དཀར་སྒམ་གང༌། སོག་རྒུན་སྒམ་གཉིས། ཆི་བ་ག་ལྟང་ཆ། རྒུན་ནག་ལྟང་ཡ། ཟིང་སྦགས་སྒམ་ཆ། གོས་དཀར་ཡུག་བཅས་རྣམ་གྲངས་ལྔ་བརྒྱ་དང་གྱ་དགུའི་མཆོད་སྤྲིན་སྤྲོས་ཤིང༌། ལྷ་སའི་སྨོན་ལམ་གྱི་དགེ་འདུན་ཉི་ཁྲི་སུམ་སྟོང་ལྷག་ལ་ལག་འདོན་མང་ཇ་དང་ཐུག་པ། དངུལ་ཊཾ་རེ་རེའི་སྐུ་འགྱེད་བཅས་ཕུལ། ༸གོང་ས་༸རྒྱལ་དབང་ཐམས་ཅད་མཁྱེན་པ་ཡབ་སྲས་བསྟན་འགྲོའི་མགོན་དུ་ཞབས་པད་བརྟན་ཅིང་ཆོས་སྲིད་ཀྱི་འཕྲིན་ལས་ཕྱོགས་བཅུར་རྒྱས་པ་དང༌། འཇིག་རྟེན་གྱི་ཁམས་ཀུན་ཏུ་དགེ་མཚན་རྫོགས་ལྡན་བཞིན་འབྱུང་ཞིང༌། ཁྱད་པར་ཕྲན་མི་ཉག་ཧོ་ཐོག་ཐུའི་སྒོ་གསུམ་གྱི་བགྱི་བ་མཐའ་དག་རྗེའི་བསྟན་པ་འབའ་ཞིག་གི་ཞབས་འདེགས་སུ་འགྱུར་བ་སོགས་ཀྱི་སྐྱབས་འཇུག་དང་ཞུ་འབུལ་རྣམས་མདོ་རྒྱུད་ཀྱི་ལུང་གི་རྒྱབ་རྟེན་བཅས་ཞུས་པ་ན། ༸རྒྱལ་དབང་མཆོག་ནས་ཐུགས་ཤིན་ཏུ་དགྱེས་ཏེ། ཁྱེད་ཉིད་ནས་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱི་རྟོགས་བརྗོད་གང་རྒྱས་བརྗོད་བྱུང༌། ཞེས་སོགས་ཀྱི་བཀའ་ལུང་སྩལ། སྨོན་ལམ་གྱི་ཚོགས་སུ་བྱོན་པས་སེར་འབྲས་དགའ་གསུམ་སོགས་ཀྱི་མཁན་པོ་རྣམས་དང་དགེ་བའི་བཤེས་གཉེན་མཁས་པ་མང་ནས་མགྲིན་གཅིག་ཏུ། སྐུ་འབུམ་མཁན་ཟུར་མི་ཉག་ཧུ་ཐོག་ཐུའི་ཞུ་འབུལ་ཚིག་སྙན་ལ་དོན་ཟབ་པ་རྒྱས་བསྡུས་རན་པ་བཤད་པ་འགངས་ཆེན་ཟེར་ནས་ངོ་མཚར་དུ་རྩི་ཞིང༌། དེའི་སྒོ་ནས་སྐུ་ཡོན་ཟབ་ཅིང་བརླིང་བའི་མཁས་པ་ཆེན་པོ་རེད་ཅེས་བསྔགས་བརྗོད་ཀྱི་དབྱངས་སྙན་སྒྲོགས་པ་བྱུང་སྟེ། ས་པཎྚི་ཏས། མཁས་པ་མཁས་པའི་དྲུང་ན་མཛེས། །བླུན་པོས་མཁས་པ་ཇི་ལྟར་གོ །ཞེས་གསུངས་པའི་དཔེའོ། །དེ་ནས་༸རྒྱལ་དབང་ཐམས་ཅད་མཁྱེན་པ་གཟིམས་ཆུང་དུ་བྱོན་ནས་རྗེ་འདི་པར་ལྷ་རྫས་ནང་མཛོད། ཙན་དན་ལས་གྲུབ་པའི་ཇོ་བོ་ལོ་ཀི་ཤྭ་རའི་སྐུ་བརྙན། རིན་རིལ་སོགས་རྙེད་དཀའི་རྟེན་གྱི་སྐོར་དང༌། ཆོས་ཀྱི་གཎྜི་གཎ་གཡོག་དང་བཅས་པ། སྐུའི་ཉེར་སྤྱད་བླ་ཆས་སྐོར་ཆ་ཚང་སོགས་ཀྱིས་སྲིད་ལུགས་དང་མཐུན་པའི་བདག་རྐྱེན་སྩལ་ཏེ་ཐུགས་མཉེས་པའི་ཚུལ་གྱིས། ཀྱེ་སྐུ་འབུམ་མཁན་ཟུར་ཞེས་མདུན་དུ་བོས་ནས། དེང་ངེད་ཅག་ལྷན་རྒྱས་ནས་སྨོན་ལམ་ལ་འགྲོ་གསུང་བ་སོགས་ཐུགས་བརྩེ་བའི་གསུང་ལྷུག་པར་གནང༌། རྒྱལ་བའི་མདུན་དེར་རྗེ་འདི་པ་ལ་རྒྱལ་ཚབ་རིན་པོ་ཆེ་དང༌། བཀའ་བློན་རྣམས་དང༌། སྐུ་མདུན་མཁན་པོ་སོགས་མི་དྲག་ཐམས་ཅད་ནས་ཆོས་ལྡན་གྱི་ཐུགས་བཞེད་གྲུབ་པའི་རྟེན་འབྲེལ་དུ་ལྷ་རྫས་མཛོད་བཏགས་རེ་སྩལ། དེ་ནས་༸རྒྱལ་དབང་ཐམས་ཅད་མཁྱེན་པའི་ཞབས་ཕྱི་ཞུས་ནས་སྨོན་ལམ་ལ་ཕེབས། ཐུབ་བསྟན་རིན་པོ་ཆེའི་ཡང་སྙིང་འཇམ་མགོན་སྙན་བརྒྱུད་ཀྱི་མན་ངག་རྣམས་ཕྱོགས་ཀུན་ཏུ་རྒྱས་པའི་ཐུགས་སྨོན་མཛད། སྨོན་ལམ་གྲོལ་ནས་༸རྒྱལ་དབང་མཆོག་ནས་རྗེ་འདི་པའི་ཕྱག་ནས་བཟུང་སྟེ། སྐུ་ན་ཧ་ཅང་ཕྲ་བའི་ཉམས་ཀྱིས་ད་འགྲོ་འགྲོ་ཞེས་འཁྲིད་པའི་རྣམ་པ་མཛད་དེ་ཇོ་བོ་ཤཱཀྱ་མུ་ནེ་དང་ཉེ་སྐོར་རྟེན་རྣམས་ལ་མཆོད་མཇལ་གནང༌། མཆོད་མཇལ་གྲུབ་པ་དང༌། ༸རྒྱལ་དབང་རིན་པོ་ཆེའི་ཞལ་ནས། ཁྱེད་དགུང་ལོ་བགྲེས་པས་གཟིམས་ཤག་ཏུ་ཕེབས་ལ་བདེ་བར་བཞུགས་ཞེས་བརྩེ་བའི་བཀའ་སྩལ་ཏེ་རྩེ་དྲུང་གཅིག་ལ་འདི་པ་སྐྱེལ་དུ་བཅུག །དེ་ནས། གསང་བ་སྤྱི་རྒྱུད་ལས། ཉི་མ་ཟླ་བ་གཟས་ཟིན་དང༌། །ཡ་མཚན་ཆེ་ལྟས་བྱུང་བ་དང༌། །ཆོ་འཕྲུལ་གྱི་ནི་ཟླ་བ་ལ། །བསྒྲིམས་ཏེ་དཀྱིལ་འཁོར་བསྒྲུབ་པར་བྱ། །གསུངས་ཀྱང༌། མཎྜ་སྙིང་པོ་དང༌། ལ་ལེན་པའི་དོན་ཡིན་པས་འགྱུར་ཁྱད་ཀྱིས་ཤིན་ཏུ་སྙིང་པོ་ལེན་དགོས་པའི་དུས་སུ་གཟིགས་ནས་སྐྱོ་ངལ་གྱི་རྣམ་པ་ཕྲ་མོ་ཙམ་ཡང་མི་མཛད་པར་གཉིད་དང་སྙོམ་ལས་མཐའ་དག་རྒྱང་རིང་དུ་སྤངས་ཏེ་ལོང་སྐབས་གང་བྱུང་ཐམས་ཅད་ལ་དུས་རྒྱུན་དུ་ཇོ་ཤཱཀ་རྣམ་གཉིས་ལ་ཕྱག་སྐོར་མཛད་ཅིང༌། ༸རྒྱལ་དབང་རིན་པོ་ཆེའི་ཞལ་ཉིན་ལྟར་མཇལ། ལྷ་ལྡན་སྨོན་ལམ་གྱི་མཆོད་པ་དང༌། གཏོར་རྒྱག །བང་རྩལ་འགྲན་པ་སོགས་ཀྱི་ལྟད་མོ་སྣ་ཚོགས་ལའང་གཟིགས། ༸རྒྱལ་དབང་ཐམས་ཅད་མཁྱེན་པ་པོ་ཏ་ལར་ཆིབས་ཁ་བསྒྱུར་དུས་ཆིབས་སྐྱེལ་དུ་ཕེབས་རྩིས་བྱས་པར་ཁྱེད་དགུང་ལོ་བགྲེས་པས་འོ་བརྒྱལ་བར་འདུག །བསྐྱོད་མི་དགོས་ཞེས་བཀའ་ནན་ཕེབས། དེ་ནས་སེ་ར་ཐེག་ཆེན་གླིང་དུ་ཕེབས། འདུས་ཚོགས་སུ་མང་ཇ་འགྱེད་སོགས་གང་རྒྱས་དང༌། རྟེན་རྣམས་ལ་མཆོད་འབུལ་ཞུས། གླིང་སྐོར་ལ་བྱོན་ཞོར་དུ། རྗེ་བླ་མས་དབྱར་ཞལ་བཞེས་ཀྱི་ཁུངས་ནས་རྩ་ཤེ་ཊཱིཀ་ཆེན་བཀའ་རྩོམ་མཛད་པའི་གནས་སེ་ར་ཆོས་སྡིངས་སུ་ཕེབས། སྐྱབས་སེམས། ཐུན་དྲུག་གི་རྣལ་འབྱོར། བསྟན་འབར་མ་སོགས་གསུང་སྟེ་རྒྱལ་བའི་ཡུམ་ཕ་རོལ་ཏུ་ཕྱིན་པའི་དངོས་བསྟན་སྦས་དོན་གྱི་རྟོགས་པ་རྣམས་རྒྱུད་ལ་སྐྱེ་བའི་གསོལ་འདེབས་དང༌། བསྟན་པའི་སྙིང་པོ་དེ་ཉིད་རྒྱས་པའི་ཐུགས་སྨོན་ནན་ཆེར་མཛད། དེ་ནས་འབྲས་སྤུངས་ཀྱི་དབེན་གནས་དགེ་འཕེལ་དུ་ཕེབས། བདུན་ཕྲག་དུ་མར་བཅད་རྒྱ་བསྡམས་ནས་ཡི་དམ་ལྷའི་ལྗགས་བསྙེན་མཛད། ཐུན་མཚམས་སུ་རྗེ་བླ་མས་མཛད་པའི་ཐོག་མཐའ་བར་དུ་དགེ་བའི་སྨོན་ལམ་གྱི་འདོན་ཐབས་ཐར་པའི་ལམ་སྟོན་ཞེས་བྱ་བ་ལྗགས་རྩོམ་མཛད། དེ་ནས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་བྱོན། རྗེ་རིན་པོ་ཆེའི་སྐུ་གདུང་མཆོད་རྟེན་ཡིད་བཞིན་གྱི་ནོར་བུའི་དྲུང་དུ་མཆོད་སྒྲོན་སྣ་ཚོགས་སྤྲོས་ཏེ་ཉིན་གསུམ་གྱི་རིང་ལ་ཞལ་འདོན་བཤགས་སྦྱང་སོགས་གང་རྒྱས་མཛད་དེ་རྗེའི་བསྟན་པ་ཕྱོགས་མཐར་རྒྱས་པའི་ཐུགས་སྨོན་གནང༌། གླིང་སྐོར་ལ་བྱོན་སྐབས་ཀླུ་འབུམ་ཁམས་ཚན་གྱི་གྲྭ་རྒན་དགེ་བཤེས་ཤིག་ཞབས་ཕྱིར་སོང་བས་སྐོར་ལམ་གྱི་སངས་རྒྱས་བྱང་སེམས་མང་པོའི་སྐུ་རང་བྱོན་དང༌། ཕྱག་ཞབས་ཀྱི་རྗེས་སོགས་འདུག་པའི་རྒྱུ་མཚན་ཞུས་པ་ལྟར་གྱི་ཐོ་ཡིག་དང་ལོ་རྒྱུས་ཕྱག་བྲིས་སུ་མཛད། འདུས་ཚོགས་སུ་མང་ཇ་ཁ་ཤས་དང་སྐུ་འགྱེད་དངུལ་སྐར་ཕྱེད་བརྒྱད་རེ་ཕུལ། བྱང་རྩེ་གྲྭ་ཚང་དང་ཤར་རྩེ་གྲྭ་ཚང་སོ་སོར་ཡང་མང་ཇའི་བསྙེན་བཀུར་ཞུས། ནང་རྟེན་ཐམས་ཅད་ལ་མཆོད་པ་སྙན་ཤལ་བཅས་ཕུལ་ཏེ་མཇལ་ཁ་ཞུས། ཆོས་རྒྱལ་གྱི་མདུན་དུ་བརྒྱ་མཆོད་ཕུལ། བརྐྱང་བསྐུམ་མ་སོགས་གསུང་སྟེ་རྡོ་རྗེའི་གཡར་དམ་བསྐུལ་བའི་ཕྲིན་བཅོལ་མཛད། དེ་ནས་བདེ་ཆེན་རྫོང་དུ་བྱོན། གསང་སྔགས་མཁར་གྱི་ནང་རྟེན་མགོན་པོ་ལ་མཇལ་རྒྱུ་ཡིན་བྱས་པར། དཀོན་གཉེར་དེས་སོག་པོ་བླ་མ་ག་རི་བྱེད་ཀི་ཡིན་ཟེར་བ་སོགས་བརྙས་ཐབས་ཀྱི་རྣམ་པ་དང་བཅས་དལ་གྱིས་སོང་སྟེ་སྒོ་ཕྱེ་བར་མཇལ་ཁ་ཞུས་ནས་མགོན་པོའི་མདུན་དུ་མཆོད་སྒྲོན་རྒྱ་ཆེར་ཕུལ་ཏེ། སྐྱབས་སེམས། ཡན་ལག་བདུན་པ། མྱུར་མཛད་མ་སོགས་གསུང་ཞིང༌། བླ་མ་མགོན་པོ་དབྱེར་མི་ཕྱེད་པའི་གདུང་ཤུགས་དྲག་པོ་དང་བཅས་ཕྲིན་བཅོལ་མཛད་པ་ན། དཀོན་གཉེར་གྱི་མཐོང་སྣང་ལ་མགོན་པོའི་སྐུ་བརྙན་དེས་སྤྱན་རྗེ་འདི་པ་གར་ཕེབས་ལ་གཟིགས་པའི་ཉམས་ཤིག་ཤར་ཏེ། དཀོན་གཉེར་སྐྲག་ནས་སྔར་མ་གུས་པ་བྱས་པ་ལ་འགྱོད་ནས་མཐོལ་བཤགས་དང༌། ཁྱེད་ཉིད་སྐྱེས་བུ་དམ་པ་འགང་ཆེན་རེད་ཅེས་སྐྱབས་འཇུག་ཀྱང་ནན་གྱིས་ཞུས་པ་བྱུང༌། དེ་ནས་བྲག་ཡེར་པའི་དགོན་པར་ཕེབས་ཏེ་སྒྲུབ་ཕུག་སོ་སོ་དང༌། བྱམས་པ་ལོ་ཀེ་ཤྭ་ར་སོགས་ལ་རྟེན་མཇལ་མཛད། འདུས་ཚོགས་ལ་སྐུ་འགྱེད་དང་མང་ཇའི་དོད་ཕུལ། དེ་ནས་ལྷ་སར་བྱོན། ཡོངས་འཛིན་དགའ་ལྡན་ཁྲི་རིན་པོ་ཆེ་མཁས་གྲུབ་བྱེ་བའི་གཙུག་རྒྱན་དམ་པ་བསྟན་པའི་སྲོག་ཤིང་རྗེ་ངག་དབང་སྙན་གྲགས་ཞལ་སྔ་ནས་ཀྱི་དྲུང་ནས་ལམ་རིམ་མཆན་བཞི་མའི་ཁྲིད་ཉིན་ཉི་ཤུ་ལྷག་ཙམ་གྱི་རིང་ལ་གསན། ཡང་གསང་འདུས་དང་བདེ་མཆོག་སྔགས་བཏུ་གཉིས་ཀྱི་རྗེས་གནང༌། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོས་མཛད་པའི་རིགས་གསུམ་སྤྱི་སྒྲུབ་ཀྱི་ཁྲིད། ས་བཅུད་བུམ་སྒྲུབ་ཀྱི་ལུང་བཅས་གསན་ནས་བཀའ་དྲིན་གསོབ་བྱེད་དུ། ནང་མཛོད་སེར་པོ། དངུལ་མཎ། སྐུ་གསུང་ཐུགས་རྟེན། ན་བཟའི་རྒྱུའི་གོས་ཆེན་རྒྱུ་བཟང་ཡུག་ཁ་ཤས། རྒྱ་དངུལ་རྟ་རྨིག་མ་ཟུང༌། གཞན་དངོས་པོ་གྱ་ནོམ་པའི་འབུལ་བ་སྣ་ཚོགས་བཅས་ཕུལ། དེ་ནས་ཡོངས་འཛིན་ཁྲི་རིན་པོ་ཆེ་དང༌། སྟག་ལུང་དགེ་བཤེས་དཔོན་གཡོག་གཉིས་ཀྱིས་རྗེ་འདི་པའི་དྲུང་ནས་ཉིན་ཁ་ཤས་ལ་གཏོར་ཆེན་ཟུར་དགུ་པའི་གཏོར་ཆོག །རྗེ་རང་གིས་མཛད་པའི་ཐོག་མཐའ་བར་གྱི་འདོན་ཐབས་སོགས་བཀའ་ཆོས་ཀྱི་སྐོར་མང་ཙམ་གསན། ཚོགས་མཆོད་ཚུགས་ནས་རྟེན་མཇལ་ཚོགས་མཇལ་ཕྱག་སྐོར་སོགས་ལ་འགྲུས་པར་མཛད། སེར་སྦྲེང་གི་མཆོད་པ་དང་གར་མཆོད་སོགས་ལའང་ཞིབ་གཟིགས་གནང༌། སློང་མོ་བ་ཉིས་སྟོང་ལྷག་ལ་ཇ་མར་གྱི་སྦྱིན་པ་བཏང་ནས་ཡིད་དགའ་བར་བྱས། པོ་ཏ་ལའི་རྣམ་རྒྱལ་གྲྭ་ཚང་གི་དུས་འཁོར་སྒྲུབ་མཆོད་ཚུགས་རྒྱུར་སྔོན་འགྲོ་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་རྒྱུའི་ས་ཐིག་ཆོག་སྐབས་ཀྱི་གར་ཐིག་སོགས་ཕྱག་ལེན་ཕྲ་ཞིབ་ཀུན་ལ་ལེགས་པར་གཟིགས་རྟོག་མཛད། དཀྱིལ་འཁོར་བཞེངས་གྲུབ་ནས་སྒྲུབ་མཆོད་དངོས་གཞིའི་ཉིན་གཅིག་༸རྒྱལ་དབང་ཐམས་ཅད་མཁྱེན་པ་ཚོགས་དབུར་ཕེབས་སྐབས་རྗེ་འདི་པས་སྤོས་སྣ་བྱས་ཏེ་ཕེབས་པས། རྒྱལ་བའི་དབང་པོ་མཆོག་གིས་ཀྱེ་སྐུ་འབུམ་མཁན་ཟུར་ཞེས་འབོད་པ་གནང་ཞིང༌། འདི་པའི་ཕྱག་ནས་ཁྲིད་དེ་བརྩེ་བའི་གསུང་མང་དུ་བྱོན་ཞིང་མཐར། ངེད་ཅག་ལྷན་དུ་སྨོན་ལམ་འདེབས་གསུང་སྟེ་ཚོགས་གྲལ་གྱི་མགོར་བཞུགས་སུ་བཅུག །ཡོངས་འཛིན་ཁྲི་རིན་པོ་ཆེའང་ཕེབས་པས། ༸རྒྱལ་དབང་ཐམས་ཅད་གཟིགས་པ་ཆེན་པོས་དབུ་མཛད། ཡོངས་འཛིན་ཁྲི་རིན་པོ་ཆེ། རྗེ་འདི་པ། རིག་པ་འཛིན་པའི་དགེ་འདུན་འདུས་ཚོགས་དང་བཅས་པས་ཉིན་འཁྱོང་གི་རིང་ལ་ཞལ་འདོན་དང་ཐུགས་སྨོན་རྒྱ་གང་ཆེ་མཛད། ཚོགས་གྲོལ་ནས། ༸རྒྱལ་དབང་རིན་པོ་ཆེ་གཟིམས་ཁང་དུ་ཕེབས་ཁར་རྗེ་འདི་པ་མདུན་དུ་བོས་ཏེ་ཕྱག་གཡས་ཀྱིས་རྗེ་འདི་པའི་ཕྱག་གཡས་ནས་བཟུང་སྟེ། འཽ། མདོ་སྨད་རྗེ་ཙོང་ཁ་པའི་འཁྲུངས་གནས་གདན་ས་ཆེན་པོ་སྐུ་འབུམ་བྱམས་པ་གླིང་ནས་བོད་ཡུལ་འདིར་བྱོན་པའི་བླ་མ་ཁྱེད་ནི་རྗེ་རིན་པོ་ཆེའི་རྣམ་འཕྲུལ་དངོས་ཡིན་ཞིང༌། ངེད་ལའང་སྐུ་དྲིན་ཤིན་ཏུ་ཆེ། དེང་འདིར་ངེད་ཅག་ལྷན་ཅིག་ཏུ་སྨོན་ལམ་ལེགས་པར་བཏབ་པ་ཡིན་པས། ཕྱིས་སུའང་ཁྱེད་ཀྱིས་ང་རང་ཐུགས་ནས་མ་བརྗེད་ཅེས་གསུང་གི་གསང་བ་ཆེས་ཆེར་སྩལ་བས་གཞལ་བར་དཀའ་བའི་གནས་སུ་གྱུར།སྤྱིར་འདི་པ་དགུང་ལོ་སྨིན་པས་ལོ་རྗེས་མར་དབྱར་འགྲོས་ཀྱིས་བདེ་བར་ཕེབས་ཆོག་རྒྱུ་ལ། དེ་ལྟར་བྱས་ཚེ་ཕག་ལོའི་སྨོན་ལམ་ཚོགས་དབུ་སོགས་བྱེད་དགོས་པས་དགའ་སྟོན་མཐར་ཕྱིན་པ་ཞིག་མི་འོང་ཞིང༌། ལྷག་པར་ནག་ཟླའི་དུས་ཆེན་ལ་གཉིས་མེད་དུས་ཀྱི་འཁོར་ལོའི་སྒྲུབ་མཆོད་དང་འབྲེལ་བའི་ཐུགས་སྨོན་རླབས་ཆེན་འདི་ཚོ་མཛད་རྒྱུའི་སྟེང་དུ་མི་ཁེལ་བས། དགུན་དུས་ཚ་དྲག་གིས་མི་སྔ་མི་འཕྱི་བར་དུས་ཐོག་འདི་རང་ལ་ཕེབས་པ་དང༌། ༸རྒྱལ་དབང་མཆོག་ནས་ཀྱང་སྐྱེ་བའི་འཕྲེང་བ། མིང་གོ་ས། སྟོབས་འབྱོར་སྙན་གྲགས་ཅན་གྱི་འཛམ་གླིང་གི་བླ་ཆེན་ཇི་སྙེད་ཅིག་མདུན་དུ་བྱོན་པ་ལ་འདིའི་བཅུ་ཆ་ཙམ་ཡང་གནང་བའི་བགྲོས་མེད་པ། ཕ་བུ་ཕྲད་པ་ལྟ་བུའི་དགྱེས་གཟིགས་ཚད་མེད་པ་དང་ནང་སྦྱར་གྱི་གསུང་ལྷུག་པ་སྩོལ་ཚུལ། ཆོས་ཀྱི་མཛད་འཕྲིན་ལྷན་ཅིག་གནང་བ། གཙོ་ཆེའི་མཐའ་མ་དུས་ཀྱི་འཁོར་ལོའི་སྒྲུབ་པའི་ཐོག་ཏུ་བབ་པ་སོགས་སྒོ་དུ་མ་ནས་དཔྱད་ན། ཀུན་མཁྱེན་རྒྱལ་བའི་དབང་པོ་སྐུ་འཕྲེང་འདི་ཉིད་ཀྱི་ཐུན་མོང་མ་ཡིན་པའི་དངོས་སྐལ་དུ་གྱུར་པའི་སྔོན་གྱི་རྟེན་འབྲེལ་ཞིག་དང༌། དྲག་པོ་འཁོར་ལོ་ཅན་ཚུན་ཆད་ཕྱི་མའི་རྟེན་འབྲེལ་གྱི་སྒོ་དུ་མ་ཞིག་ཡོད་པར་སྣང་ངོ༌། །

རྒྱ་མཚོའི་རླབས་བཞིན་མི་ཡོལ་ཐུགས་བསྐྱེད་མཐའ། །དུས་སུ་སྨིན་པ་ཡོངས་འདུའི་ས་བོན་ལས། །དགེ་ལེགས་དཔག་བསམ་སྲིད་པའི་རྩེར་བསྙེགས་པ། །ཕལ་བའི་འཁྲི་ཤིང་ཚོགས་ཀྱི་མཚོན་བྱ་མིན། །ཡབ་སྲས་ཟུང་གི་འཕྲིན་ལས་འདབ་མའི་གར། །རྣམ་ཀུན་མཆོག་ལྡན་དབྱིངས་སུ་བསྒྱུར་བ་ཡི། །དམིགས་མེད་བདེ་བའི་རྫ་རྔ་བཞད་པའི་སྒྲས། །ཀུན་རྨོངས་གཉིད་ཀྱི་གོ་སྐབས་འཕྲོག་གྱུར་ཅིག །དེ་ནས་རྗེ་ཉིད་གཟིམས་ཤག་ཏུ་བྱོན་ཏེ་ཞབས་ཕྱི་བ་རྣམས་ལ་དེ་རིང་༸རྒྱལ་དབང་ཐམས་ཅད་མཁྱེན་པ་ཐུགས་རྗེ་ཅན་དང༌། ཡོངས་འཛིན་ཁྲི་རིན་པོ་ཆེ། དགེ་འདུན་འདུས་པའི་ཚོགས་དང་ལྷན་ཅིག་ཏུ་ངེད་རང་གིས་ཀྱང་སྨོན་ལམ་ལེགས་པར་བཏབ། དེར་མ་ཟད་༸རྒྱལ་དབང་རིན་པོ་ཆེས་ཐུགས་མཉེས་པའི་གསུང་རྡོ་རྗེའི་ཚིག་བསམ་གྱིས་མི་ཁྱབ་པ་ལྷུག་པར་སྩལ་བས་བཀའ་དྲིན་ནི་འཁོར་མཐའ་མ་མཆིས་པ་བྱུང༌། རང་གི་འབྱོར་ཚོད་ཀྱིས་ཇོ་ཤཱཀ་རྣམ་གཉིས་སོགས་རྟེན་ཀུན་ལ་མཆོད་པ། རྒྱལ་བ་ཡབ་སྲས་ལ་འབུལ་བ། སེར་འབྲས་དགའ་གསུམ་བཀྲ་ཤིས་ལྷུན་པོ་བཅས་དགོན་སྒྲུབ་སྡེ་ཆེ་ཕྲ་ཐམས་ཅད་ལ་བསྙེན་བཀུར་ལེགས་པར་གྲུབ་ཚར་བ་ཡིན་ཀྱང༌། རབ་བྱུང་ན་སྔོན་གྱི་སྐྱེས་བུ་དམ་པ་རྣམས་ཀྱི་རྣམ་ཐར་བཟང་པོ་སྨོན་པའི་ཡུལ་དུ་བྱས་ཏེ། ཚེ་ལྷག་འདི་དོན་དང་ལྡན་པ་ཞིག་ཨེ་ཡོང་སྙམ་པའི་འཕེན་པ་ཡོད། གལ་ཏེ་དེ་ལྟར་མ་བྱུང་ཡང་བཀའ་ཆོས་ཀྱི་སྐོར་དུ་མ་ཉན་རྒྱུ་སོགས་ཆོས་ཀྱི་བྱ་བ་མང་པོ་ཡོད་པས་ངེད་རང་གྲྭ་པ་གསུམ་ཙམ་བྱས་ཏེ། བོད་ཆོས་ཡུལ་འདིར་ལོ་ཁ་ཤས་ཀྱི་རིང་ལ་ཅིས་ཀྱང་འདུག་རྒྱུ་ཡིན་གསུང་བར། ཕྱག་གཉེར་དང་དྲུང་གསོལ་ངོ་གཡོག་བཅས་ནས་སྔ་སོར་ཆོས་རྗེས་ཀྱང་ཞུས་ཡོད་པ་བཞིན་སྐུ་ན་མཐོ་བས་ཡུན་རིང་བཞུགས་ན་ས་ཆུ་སོགས་ཨེ་འཕྲོད་མི་ཤེས་སྟབས་ངེད་ཅག་གི་བློས་མི་ལོང་ལ། ངེད་ཅག་ཀྱང་ལོང་བ་ཐང་སྐྱུར་བཞིན་དུ་གནང་ལུགས་མེད་པར་མ་ཟད། མདོ་སྨད་ཀྱི་གྲྭ་སློབ་སྦྱིན་བདག་རྣམས་ཀྱང་ཐུགས་ཀྱིས་འདོར་མི་རུང་བས་ཅིས་ཀྱང་འདི་ལོ་ཕྱིར་ཕེབས་དགོས་ཞེས་ཕྱག་མང་དུ་བཙལ་ཏེ་ངུ་ངག་གིས་གསོལ་བ་ཡང་ཡང་བཏབ་པས་དཀའ་དཀའ་ཞིག་ལ་མཐར་སྙིང་རྗེའི་གཞན་དབང་དུ་གྱུར་པས་ངོ་མ་ཆོག་པར་ཕེབས་རྒྱུའི་ཞལ་བཞེས་གནང༌། གནས་ཚུལ་དེ་ཐོས་ནས་དཔྱོད་ལྡན་མང་པོས། ཁོང་མདོ་སྨད་དུ་ཆོས་སྲིད་རླབས་ཆེན་དེ་འདྲ་ལ་ཐུགས་ཀྱིས་རྦད་ཆོད་མཛད་དེ། རྡོ་རྗེ་གསུམ་དང་གཏད་པ་བཞི་བུད་བསྙེགས་ཐོབ་གསུམ་གྱི་རྣམ་ཐར་བཀའ་གདམས་གོང་མའི་མཛད་སྲོལ་གྱི་བཞེད་པ་དེ་འདྲ་བྱུང་བ་འཆིང་བ་ནང་ནས་གྲོལ་བའི་ཁྱད་ཆོས་སུ་འདུག་ཅེས་ཆོས་ཀྱི་རྗེས་སུ་འབྲང་བའི་བསྔགས་པའི་ཚིག་གི་མེ་ཏོག་ཀུན་ཏུ་འཐོར་བ་བྱུང༌། རྒྱུ་མཚན་དེ་གསན་ནས་ཡོངས་འཛིན་ཁྲི་རིན་པོ་ཆེས་ཀྱང༌། རྗེ་འདི་པ་བོད་ཡུལ་དུ་ལོ་ཁ་ཤས་ལ་བཞུགས་རྒྱུ་བྱུང་ན་བསྟན་པ་ལ་ཕན་རྒྱུ་རེད་ཅེས་མང་པོ་ལ་གསུང་སྣང་ངོ༌། །རྒྱལ་ཚབ་དེ་མོ་ནོ་མོན་ཧན་བློ་བཟང་འཇིགས་མེད་རྒྱ་མཚོའི་དྲུང་ནས་འཆི་མེད་རྡོ་རྗེའི་སྲོག་ཤིང་གི་རྗེས་གནང་སོགས་གསན། འབྲས་སྤུངས་སུ་ཕེབས་ཏེ། ཀླུ་འབུམ་ཁམས་ཚན་གྱི་དགེ་འདུན་རྣམས་ནས་བཀའ་ཆོས་ཞུས་པར། སྐྱབས་འགྲོའི་ཁྲིད་ཤིན་ཏུ་རྒྱས་པ་སྩལ། ཁམས་ཚན་ལ་ཚོམ་ཇ་དང་འགྱེད་སྤྱི་འཇོག་སོགས་གང་རྒྱས་ཀྱིས་བསྙེན་བཀུར་ཞུས། ༸རྒྱལ་དབང་ཐམས་ཅད་མཁྱེན་པའི་ཞབས་པད་ནས་གསང་བདེ་འཇིགས་གསུམ་གྱི་སྨོན་ལམ་གྱི་ལུང་དང༌། ཡོངས་འཛིན་རིན་པོ་ཆེའི་དྲུང་ནས་དགའ་ལྡན་ལྷ་བརྒྱ་མའི་ཁྲིད་ལུང༌། རྒྱལ་བའི་ཡོངས་འཛིན་ཆུང་བ་ཤར་པ་ཆོས་རྗེའི་དྲུང་ནས་ཀྱང་དགའ་ལྡན་ལྷ་བརྒྱ་མའི་ཁྲིད་བསྡུས་པ་ཞིག་གསན། སེར་འབྲས་ཀྱི་དགེ་བཤེས་ཉི་ཤུ་ལྷག་ལ་སྐྱབས་འགྲོ་དང་དགའ་ལྡན་ལྷ་བརྒྱ་མའི་ཁྲིད། ལམ་རིམ་བདེ་ལམ་སོགས་ལུང་གི་སྐོར་མང་པོ་སྩལ། དེ་ནས་པོ་ཏ་ལར་རྒྱལ་བ་རིན་པོ་ཆེར་ཐོན་ཕྱག་ཞུས་པར། ཐུབ་དབང་གི་སྐུ་བརྙན་བོད་ལི་ལྷ་རྫས་ནང་མཛོད་བཅས་སྲིད་ན་རྙེད་དཀའི་རྟེན་གྱི་སྐོར་ཕལ་ཆེར། རྒྱལ་བའི་ཡུམ་རྒྱས་པ་དུམ་པ་བཅུ་གཉིས། དགའ་ལྡན་བསྟན་པའི་གསལ་བྱེད་ཤ་ཅིན་ས་རིག་ཆི་ཨེར་ཏི་ནི་མཁན་པོ་ཞེས་གཟེངས་བསྟོད་ཀྱི་ཆོ་ལོ་དང་བཀའ་ཤོག་ཐམ་ག་གྲུབ་སྒོར་དང་བཅས། ཆེན་པོའི་ཉེར་སྤྱད་རྟ་དར་ཆ་སོགས་དང༌། ན་བཟའི་སྐོར་ཆ་ཚང་བཅས་བདག་རྐྱེན་སྤམ་མཐོ་བ་སྩལ། ༸རྒྱལ་དབང་རིན་པོ་ཆེས་གསོལ་འཕྲོ་ཤེལ་ཀར་རྟ་སོ་མ་གསོལ་ཕོར་གང་གནང་སྟེ་ཐུགས་འཕྲེང་བའི་རྣམ་པས་ནང་ལུགས་ཀྱི་གསུང་གནད་ཅན་མང་དུ་ཕེབས། སྐུ་འབུམ་ཆོས་སྡེ་ཆེན་པོར་སྐབས་སྐབས་སུ་མེ་སྐྱོན་བཀྲ་མི་ཤིས་པའི་མཚན་མ་ཕྲན་ཚོགས་འབྱུང་བ་ཞིག་འདུག་པས། དེ་དག་སེལ་ཞིང་བཤད་སྒྲུབ་ཟུང་གི་བྱ་བ་གོང་འཕེལ་དུ་རྒྱས་ཕྱིར་དང༌། དགེ་འདུན་གྱི་སྡེ་འཕེལ་རྒྱས་སུ་འགྲོ་བའི་ཆེད་དུ་བརྟག་ཞུས་ཕུལ་བ་སོགས་སྤྱི་སྒོས་ཀྱི་ལུང་བསྟན་གྱི་སྐོར་རྣམས་ཀྱི་ལན་ཞིབ་རྒྱས་སུ་སྩལ། སྐུ་འབུམ་སྤྱི་ལ་རྟེན་ཞིག་གནང་དགོས་ཞུས་པ་ལྟར་ཐུབ་དབང་གི་སྐུ་ཁྱད་འཕགས་ཤིག་གནང༌། ཡོངས་འཛིན་ཁྲི་རིན་པོ་ཆེར་ཐོན་ཕྱག་ཞུས་པར། ཉིད་ཀྱི་དབུ་ཞྭ་དང་སྐུ་གཟན་སེར་པོ་བཅས་སྩལ་ཏེ་འཕྲལ་ཕུགས་ཀྱི་གསུང་ཡང་མང་དུ་ཕེབས། རྒྱལ་ཚབ་རིན་པོ་ཆེའི་དྲུང་ནས་ཀྱང་སྲིད་ལུགས་ཀྱི་བདག་རྐྱེན་རྒྱ་ཆེན་དང་ཕྱི་ནང་གསང་བའི་བཀའ་ལྷུག་པར་གནང༌། རྗེ་ཉིད་བོད་ཡུལ་དུ་བཞུགས་རིང་དེར་དད་ལྡན་རྣམས་ནས་ཆོས་འབྲེལ་ཞུ་བ་དང་བརྟག་ཞུས། སྐྱབས་འཇུག་ཞུ་མཁན་སོགས་ཆེས་མང་པོ་བྱུང་བས་སོ་སོའི་འདོད་པ་ཚིམ་པར་བྱས། རྒྱུད་སྟོད་སྨད་གཉིས་ལ་མང་ཇ་དང་སྐུ་འགྱེད་སོགས་ཀྱི་བསྙེན་བཀུར་ཞུས། །མདོ་སྨད་དུ་གདན་འདྲེན་བྱེད་རྒྱུའི་ཐུགས་བཞེད་བཞིན་འཕགས་ཡུལ་གྱི་བསྟན་བཅོས་བོད་དུ་འགྱུར་རོ་ཅོག་ཆ་ཚང་བ་སྣག་ཤོག་སྤུས་ལེགས། སྐུའི་རྟེན་སྟོན་པ་ཐུགས་རྗེ་ཅན་གྱི་རྟོགས་བརྗོད་དཔག་བསམ་འཁྲི་ཤིང་གི་བྲིས་ཐང་བཅོ་ལྔ་གོས་ཆེན་ཁྱད་མཚར་གྱི་གོང་བཤམ་བཅས། ༸རྒྱལ་དབང་ཐམས་ཅད་མཁྱེན་པའི་སྐྱེས་རབས་ཞལ་ཐང་བཅུ་ལྷག་གོང་མཚུངས། རྗེ་གླིང་འཕུལ་མའི་སྐུ་བརྙན་ཁ་ཤས། ཐུབ་པ་རྡོར་གདན་མ་རྒྱ་གར་ལི་མ་ཁ་ཤས། ཇོ་བོ་རྗེ་སོགས་རྟེན་རྙིང་གི་སྐོར་རྣམ་པ་མང་པོ། གཞན་ཡང་འཇིགས་བྱེད་སོགས་ཡི་དམ་གྱི་སྐོར་དང་ཆོས་སྐྱོང་དུ་མ། བླ་སྐུ་ཅི་རིགས། སྒྲོལ་དཀར་ལྗང་སོགས་བྲིས་འབུར་གྱི་རྟེན་མཐའ་ཡས་པ་གདན་དྲངས། དེ་ནས་དབྱར་ཟླ་དང་པོའི་ནང་དུ་གཟའ་སྐར་དགེ་བའི་ཉིན་གཞུང་ས་ནས་ལུགས་སྲོལ་དང་མཐུན་པའི་སྐྱེལ་མི་སྣེ་ཤན་པ་དང་རྟ་འུལ་སོགས་ལྷ་ས་ནས་ནག་ཆུའི་བར་སྩལ་ཏེ་མདོ་སྨད་དུ་ཆིབས་ཀྱི་ཁ་ལོ་སྒྱུར་བར་མཛད་དོ། །

རྨུགས་འཛིན་གཏེར་ཁ་ཕྱེ་བའི་ཚུ༷ལ་གྱིས་ཁྲི༷མས་ལྡན་འདུས་པ་རྒྱ་མཚོ་དང༌། །བསྟ༷ན་པ༷འི་རྩ་ལག་རྒྱལ་དབང་ཡབ་སྲས་དཔག་ཡས་མཆོད་པའི་སྤྲིན་གྱིས་མཆོད། །ས་ཡི་ཉི༷་ཟླ་ཇོ་ཤཱཀ་གཉིས་སོགས་རྟེན་ལ་ཕྱག་མཆོད་སྐོར་བར་བཅས། །བྱ་དཀའི་ཚོགས་གཉིས་སྤྱོད་པ་མ༷་ལུས་ཕྱོགས་ཅན་འགའ་ཡིས་རྫོགས་པར་མཛད། །དེང་དུས་ཐབས་མཁས་ཐུགས་ཀའི་འོད་ཟེར་གྱིས། །ཕྱོགས་བཅུའི་དཔལ་འབྱོར་ལོངས་སྤྱོད་ཀུན་བསྡུས་ཏེ། །སྙིང་གར་ཕྱག་རྒྱ་བཞི་ཡིས་རྒྱས་འདེབས་པ། །དེ་དག་རྣམ་ཐར་ཁྱོད་ཀྱིས་རིང་དུ་སྤངས། །ཟང་ཟིང་དངོས་པོ་ཚོགས་གཉིས་སྙིང་པོར་བསྒྲུབས། །ལེགས་བཤད་དགའ་སྟོན་ཕན་ཚུན་སྐྱེས་སུ་སྤེལ། །སྲས་བཅས་རྒྱལ་བའི་འཁོར་ལོ་བསྙེན་པ་ཡིས། །དངོས་གྲུབ་གཉིས་ཀྱི་དགའ་སྟོན་མགྲོན་དུ་ཁུགས། །ཞེས་དགེ་ལྡན་བསྟན་པའི་རྩ་ལག་མཁས་ཤིང་གྲུབ་པའི་དབང་ཕྱུག་རྗེ་བཙུན་བླ་མ་དམ་པ་ཚུལ་ཁྲིམས་བསྟན་པའི་ཉི་མ་དཔལ་བཟང་པོའི་རྣམ་པར་ཐར་པ་ནོར་བུའི་དོ་ཤལ་ལས། དབུས་འགྱུར་གྱི་ལྗོངས་སུ་བསྟན་འགྲོའི་དོན་མཛད་ཚུལ་གྱི་དྲ་བ་སྟེ་ལྔ་པའོ།། །།

དེ་ནས་ནག་ཆུ་ལྡང་ལ་སོགས་རིམ་པར་བརྒྱུད་དེ་དུང་བུ་རེར་སླེབས་པ་ན་བསམ་སྦྱོར་ལོག་པར་འཆང་བའི་འཕྲོག་བཅོམ་བྱེད་མི་མགོ་ལོག་དང་།སྐེ་རྩི་རི་ཤོར་བ་མི་གྲངས་ཉིས་བརྒྱ་དང་སུམ་ཅུ་ལྷག་ཙམ་གྱིས་མེ་མདའ་སོགས་མཚོན་ཆའི་རིགས་བརྡར་ཏེ་ཚམ་རྔམ་གྱི་རྣམ་པ་དང་བཅས་ཚུར་གཟས་ནས་འོངས་པ་ན། ཞབས་ཕྱི་བ་རྣམས་ཀྱིས་འཐབ་ཡ་ཞིག་དགོས་རྒྱུ་རེད་སྙམ་སྟེ་མཚོན་ཆ་སྟ་གོན་བྱས་པར། རྗེ་ཉིད་ནས་གྲྭ་པ་རྣམས་ལ་དེ་འདྲ་བྱེད་མི་དགོས་སྐྱོན་མེད། ངས་ཆོས་སྲུང་ལ་ཕྲིན་བཅོལ་བྱེད། སྤྱིར་འཕྲོག་བཅོམ་བྱེད་མི་འདི་ཚོ་རྒྱགས་ཆེས་པ་མ་རེད། རང་རང་གི་ཁ་མ་སོས་པས་སྡུག་ཐུག་ཅིང་ལས་ཀྱིས་མནར་བ་ཡིན་པས་སྙིང་རེ་རྗེ། བཟའ་བཏུང་སོགས་ཀྱི་གསོལ་རས་ཞེ་ཚིམ་པ་ཞིག་སྟེར་དགོས་གསུང་སྟེ་དམུ་རྒོད་ཀྱི་སྤྱོད་ཚུལ་དེ་གཟིགས་པས་ལྷག་པར་སྙིང་རྗེ་བ་ནི། བཞི་བརྒྱ་པ་ལས། ནད་ཐེབས་བུ་ལ་གདུང་འགྱུར་བ། །དེ་བཞིན་བྱང་ཆུབ་སེམས་དཔའི་བརྩེ། །དམ་པ་མིན་ལ་ཁྱད་པར་དུའོ། །ཞེས་དང༌། དཔལ་སྦས་ཀྱི་རྟོགས་པ་བརྗོད་པའི་ཡལ་འདབ་ལས། བསམ་པ་རིགས་པ་རྣམས་ཀྱི་ཐུགས་དང་ནི། །གནོད་པ་བྱེད་པ་ལ་ཡང་སྙིང་རྗེ་རྒྱས། །དྲག་པོར་གྱུར་པ་ལ་ཡང་འདབ་ལྟར་མཉེན། །ཞེ་སྡང་ཚ་གདུང་ལ་ཡང་ཤིན་ཏུ་བསིལ། །ཞེས་གསུངས་པ་བཞིན་ནོ། །འོན་ཀྱང་ཆོས་སྲུང་རྣམས་ཀྱི་མཐུས་སྐད་ཅིག་དེ་ཉིད་དུ་ནམ་མཁའ་གཡའ་དག་པ་ལ་གློ་བུར་དུ་རླུང་དམར་དྲག་པོ་འཚུབ་པ་དང་ལྷན་ཅིག་པར་སྤྲིན་ཤིན་ཏུ་མདོག་ནག་ཅིང་མི་སྡུག་པ་འཁྲིགས་ནས་མུན་སྲོས་པ་བཞིན་གྱུར། འབྲུག་སྒྲ་བཟོད་དཀའ་བ་སྒྲོགས་ཤིང་ཕྱོགས་ཀུན་ཏུ་གློག་གི་ཀ་བ་ཟུག་ནས་ཐོག་འཕེན་པ་དང༌། སེར་བ་དྲག་པོ་རྒྱུན་རིང་ཙམ་བབས་པས་ཇག་མི་རྣམས་འཇིགས་ཤིང་དཔའ་ཞུམ་སྟེ་ལུས་སེམས་གཉི་ག་བག་འཁུམ་ནས་ཚུར་འཕྲོག་བཅོམ་བྱེད་རྒྱུ་ལྟ་ཞོག །རང་རང་གར་འགྲོའི་གཏོལ་ཡང་མེད་པས། དཔག་བསམ་འཁྲི་ཤིང་ལས། སྐབས་དེར་གནོད་སྦྱིན་ལག་ན་རྡོ་རྗེས་ཟད་བྱེད་པ་རྣམས་ནི། །བདག་ཉིད་ཀུན་གྱིས་རྟག་ཏུ་བཅོམ་ལྡན་འདས་ཀྱི་མི་མཐུན་ཕྱོགས། །ཡིན་པར་ཤེས་ནས་དྲག་པོའི་རླུང་གིས་དཀྲིས་པའི་ཆར་དག་སྤྲོས། །རྣམ་པར་རྨོངས་ནས་ས་ཡི་ཁུང་བུར་སྐྱབས་པ་དག་ཏུ་བྱས། །ཞེས་པའི་ངང་ཚུལ་དེ་ཁོ་ན་བཞིན་དུ་གྱུར། དེའི་མཚམས་སུ་ཁོ་རང་ཚོའི་ནང་ཕན་ཚུན་ལའང་དོན་མེད་པར་གཅིག་གིས་སྙད་བཙལ་ཏེ་ནང་འཁྲུག་བྱུང་ནས་འཐབ་རེས་བྱས། སྲུང་མས་རྒྱུད་བསྐུལ་བས་བསམ་ཤེས་འགའ་ཞིག་ལ་དོགས་པ་སྐྱེས་ཏེ། ང་ཚོ་ལ་བར་འདིར་དོན་མེད་པར་མི་འགྲིག་པ་ཁོ་ན་ཡོང་བ་འདིའི་རྐྱེན་ད་རེས་ཀྱི་འགྲུལ་པ་འདི་རེག་མི་ཉན་པ་ཞིག་ཡིན་ཚོད་རེད་བྱས་པ་ཀུན་གྱིས་བློར་བབ་སྟེ་ཐམས་ཅད་ཀྱིས་ཁྱེད་རང་ཚོ་བདེ་བར་སོང༌། ཁྱེད་རྣམས་ལ་གནོད་འཚེའི་རིགས་མི་བྱེད་ཅེས་ཞུས་ཤིང་མནའ་བསྐྱལ་ནས་ཕྱིར་ལོག་སྟེ་ཉེར་འཚེ་ཅི་ཡང་མ་བྱུང་བ་ནི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེའི་གཟི་བྱིན་ཡིན་ཏེ། བྱང་ཆུབ་ཆེན་པོའི་སྐྱེས་པའི་རབས་ལས། བསོད་ནམས་གཞི་ལས་འབར་བའི་ཡོན་ཏན་རྣམས། །ནན་ཏན་སྒྲུབ་པའི་བྱིན་གྱིས་དགའ་བར་འགྱུར། །དགྲ་ཡང་རང་གི་གྲགས་པ་བསྲུང་བའི་ཕྱིར། །ལྷག་པར་བཀུར་སྟི་བྱེད་པ་ཉིད་དུ་གྱུར། །ཅེས་གསུངས་པ་བཞིན་ནོ། །ཕ་རོལ་གྱི་གནོད་པ་བརྩམ་པའང་གྲོགས་སུ་འཁྱེར་ནུས་པའི་བདག་ཉིད་ཆེན་པོ་རྣམས་ནི་བློ་སྦྱོང་རྩ་ཚིག་ལས། ཡིད་བདེ་འབའ་ཞིག་རྒྱུན་དུ་བསྒོམ། །གསུངས་པ་ལྟར་ཅི་བྱས་རྒྱན་དུ་འགྲོ་བས་ནམ་ཡང་གནོད་པས་བརྫི་བའི་གོ་སྐབས་མེད་དེ། འཁྲི་ཤིང་ལས། རྣམ་སྔང་སྐྱོན་གྱི་དུག་གིས་ཡིད་ནི་སུན་ཕྱུང་གྱུར་རྣམས་ཀྱིས། །དམ་པ་དག་ལ་གནོད་པ་སྒྲུབ་ལ་འབད་པ་རབ་རྣོ་གང༌། །དེ་ཉིད་གལ་ཏེ་དེ་ཡི་ཡོན་ཏན་རབ་འབར་རྗེས་བྱེད་པར། །གྱུར་ན་སྲིད་འདིར་སུ་ཞིག་རྒྱ་ཆེར་གནོད་དང་ལྡན་པར་འགྱུར། །ཞེས་གསུངས་པ་ལྟར་རོ། །རྩེ་མགྲོན་ཤད་སྡེ་མཁན་པོ་ངག་དབང་མགྲོན་གཉེར་དང༌། ཞབས་གྲས་རྣམས་ནས་ངེད་ཚོ་ངོ་གཡོག་ཉི་ཤུ་རྩ་བདུན་ལས་མེད། ཁོ་རང་ཚོ་གྲངས་ཉིས་བརྒྱ་ལྷག་འདུག་པས། ད་ལམ་སྐྱབས་རྗེ་དམ་པ་སྐུ་ཞབས་རིན་པོ་ཆེའི་ཐུགས་རྗེ་ཁོ་ན་ལ་བརྟེན་ནས་ངེད་རྣམས་ལ་གནོད་པ་མ་བྱུང་བ་མ་གཏོགས། རྒྱུ་ནོར་ཕར་བཞག་སྲོག་ཀྱང་ཐར་དཀའ་བ་འདུག་ཅེས་ཞེ་ཐག་པ་ནས་བཀའ་དྲིན་དང་ཐུགས་རྗེ་དྲན་པའི་ལེགས་སོས་ཆེད་དུ་བརྗོད་པ་དང་གསོལ་བ་འདེབས་པས་དུས་འདའ་བ་བྱུང༌། དེ་ནས་རིམ་པར་བརྒྱུད་དེ་ཉེ་ཞོ་ཅུང་ཟད་ཀྱང་མེད་པར་ཚ་འདམ་རབ་བརྟན་ཛ་སག་གི་ཨུ་གེར་འབྱོར་ཕྱོགས་དེའི་དད་ལྡན་རྣམས་ལ་ཕྱག་དབང་དང་བྱིན་རླབས་སོགས་མོས་པ་བཞིན་སྩལ། དེ་ནས་བུ་ཧའི་ཆུ་ཁར་བྱོན་དུས་ཕྱག་མཛོད་ཆེ་ཆིང་ཆོས་རྗེ་རབ་འབྱམས་པ་ཚུལ་ཁྲིམས་ཆོས་འཛིན་ངོ་གཡོག་རྣམས་བསུ་བར་འབྱོར་ཏེ་གཞི་བྱེས་ཞལ་འཛོམས་པའི་དགའ་སྟོན་མངོན་དུ་གྱུར། དེ་ནས་ཝང་ཚེ་རིང་དོན་གྲུབ། པེ་ཟི་རཏྣ་སིདྡྷི། ཛ་སག་དའི་ཆིང་རྡོ་རྗེ་བཅས་ཀྱི་ཨུ་རྒེ་རྣམས་ནས་ཕེབས་ལམ་གྱི་ཞོར་ལ་ཇ་འདྲེན་ཞུས་པར་བྱོན་ནས་འདོད་ཆོས་ཀྱང་སྩལ། སྟོན་ཟླ་འབྲིང་བོའི་ཡར་ཚེས་བཅུ་གསུམ་འཕྲོད་སྦྱོར་དགེ་བའི་ཉིན་བསྟན་པའི་གསལ་བྱེད་ཆེ་ཤོས་སྤྲུལ་བའི་སྐུ་ངག་དབང་བཤད་སྒྲུབ་བསྟན་པའི་ཉི་མས་གཙོས་སྐུ་འབུམ་བླ་སྤྱི་ཐུན་མོང་ནས་རྟ་བསུ་དང༌། བསྟན་པའི་སྣང་བྱེད་སྟག་མཚེར་སྤྲུལ་བའི་སྐུ་བློ་བཟང་མཁས་གྲུབ་ཉི་མ་སེར་སྦྲེང་གི་མགོར་བཞུགས་ཤིང༌། ཚོགས་ཆེན་ཞལ་ངོ༌། བླ་བྲང་ཕྱག་མཛོད། སྐུ་རྟེན་ཆོས་རྗེ། སྤྱི་གཉེར་ཚོ་པ་དྲུག་གི་རྒན་པ་སོགས་ལས་སྣེའི་རིགས་དང་ཆེན་པོའི་ཡོ་བྱད་བསྒྲེངས་པའི་མཆོད་རྫས་འཛིན་པ་རྣམས་དང༌། དགེ་འདུན་སུམ་སྟོང་ལྷག་གི་སེར་སྦྲེང་དང་བཅས་ཆོས་སྡེ་ཆེན་པོ་སྐུ་འབུམ་བྱམས་པ་གླིང་གི་ཕུན་ཚོགས་འདོད་པ་འཇོ་བའི་རང་སྒར་དུ་འཇིགས་བྲལ་གདོང་ལྔས་བཏེག་པའི་ཁྲི་འཕང་མཐོན་པོར་ཞབས་སེན་བཀོད། སྐུ་འབུམ་སྤྱི་ནས་འདུ་ཁང་ཆེན་མོར་ཚོགས་ཆེན་གྱི་ཚོགས་དབུར་གདན་དྲངས། དགེ་འདུན་སུམ་སྟོང་བརྒྱད་བརྒྱ་ལྷག་ལ་ཕྱག་དབང་དང་ལམ་གཙོའི་ཁྲིད་རྒྱས་པ་ཞིག་སྩལ། བསྟན་པའི་སྒྲོན་མེ་རྒྱུད་པ་བླ་ཟུར་ཆེ་ཤོས་སྤྲུལ་བའི་སྐུ་རིན་པོ་ཆེས་མཎྜལ་བཤད་པ་འབུལ་བ་དང་བཅས་འདུས་ཚོགས་ཡོངས་ནས་བརྟན་བཞུགས་ཕུལ། ཉིད་ནས་སྐུ་འབུམ་འདུས་སྤྱིའི་རྟེན་དུ་༸རྒྱལ་དབང་ཐམས་ཅད་མཁྱེན་པར་ཞུས་ནས་གདན་དྲངས་པའི་ཐུབ་དབང་གི་སྐུ་བརྙན་འདུ་ཁང་ཆེན་མོར་བཞུགས་སུ་བཅུག །པཎ་ཆེན་རིན་པོ་ཆེར་ཞུས་ནས་འདུས་སྤྱིར་བསླབ་བྱ་གནང་བའང་དགེ་འདུན་མང་གི་སྙན་ལམ་དུ་སྒྲོགས་སུ་བཅུག །དེ་ནས་ཁྲི་ཀའི་ཕྱོགས་སུ་བྱོན་ཏེ་རྟེན་ལ་མཆོད་འབུལ་དང༌། ཆོས་སྲུང་རྣམས་ལ་དབུས་ཕེབས་ཀྱི་འཕྲིན་ལས་ཚུལ་བཞིན་སྒྲུབ་པའི་བཀའ་དྲིན་གཏང་རག་གི་མཆོད་སྒྲོན་སླད་ཀྱིའང་འཕྲིན་ལས་བཅོལ། མཆོད་རྟེན་དཀར་པོའི་བླ་བྲང་དུ་ཟླ་བ་གཅིག་གི་རིང་ལ་བཞུགས་ཏེ་སྐུ་ངལ་བསོ་ཞིང་ཉམས་བཞེས་ཀྱི་རྒྱུན་བསྐྱངས། དེ་ནས་སྐུ་འབུམ་དུ་ཕེབས། ཨོར་དུ་སུའི་ཤོག་གི་ཐོ་ཡོན་ངོ་གཡོག་བཅས་ནས་ཞུས་པ་བཞིན་དགེ་འདུན་ལྔ་བརྒྱ་ལྷག་ཙམ་ལ་གསང་འདུས་ཀྱི་དབང་སྟ་གོན་དང་བཅས་པ། འཇམ་དབྱངས་ནག་པོ། ཤྲ་མ་ཎ། སེང་གདོང་མ་ནག་མོ་གཙོ་འཁོར་གསུམ་པ་དང་དམར་པོ་གཉིས། གཙུག་ཏོར་རྣམ་རྒྱལ། ཛམྦྷ་ལ་སེར་པོ་སོགས་ཀྱི་རྗེས་གནང༌། བྱང་ཆུབ་བདེ་ལམ་གྱི་ལུང་ཁྲིད་བཅས་སྩལ། རྗེ་རིན་པོ་ཆེའི་དུས་མཆོད་དགའ་ལྡན་ལྔ་མཆོད་ཆེན་མོའི་སྐབས་ཉིན་བདུན་གྱི་རིང་ལ་ཚོགས་ཆེན་འདུ་ཁང་གི་རབ་གསལ་དུ་བླ་མཆོད་དུས་བཟང་གི་ཚོགས་མགོར་ཕེབས་ཏེ་བསྟན་འགྲོ་མཐའ་དག་ལ་དགོངས་པའི་ཐུགས་ཀྱི་དགོངས་པ་གང་ལེགས་མཛད། དེ་ནས་འཇམ་མགོན་བསྟན་པའི་རྩ་ལག་དམ་པ་ཨ་ཀྱཱ་ནོ་མིན་ཧན་རིན་པོ་ཆེ་རྒྱལ་ཁབ་པཻ་ཅིང་ནས་མདོ་སྨད་དུ་བྱོན་པའི་བསུ་བ་ལ་ཕེབས་ཏེ་ཟི་ལིང་དུ་མཇལ་ཕྲད་གནང་ཞིང་སྐུ་འབུམ་ཆོས་སྡེར་ལྷན་དུ་ཕེབས། དེ་སྐབས་རྗེ་འདི་པའི་སྐུ་ཅུང་ཞིག་བསྙུང་ཚུལ་བསྟན་པར་བརྟེན་ཨ་ཀྱཱ་བླ་བྲང་ཉིད་དུ་རྗེ་འདི་པ་གདན་དྲངས་ནས་ཨ་ཀྱཱ་རིན་པོ་ཆེས་བླ་མཆོད་དུས་བཟང་དང་འབྲེལ་བའི་ཞབས་བརྟན་གནད་སྨིན་ཕུལ་བས་རྟེན་འབྲེལ་གྱི་ཞལ་བཞེས་བཟང་པོ་གནང༌། ཡང་བསྐྱར་ཨ་ཀྱཱ་བླ་བྲང་ནས་ཚོགས་ཆེན་འདུ་ཁང་གི་རབ་གསལ་དུ་རྗེ་རིན་པོ་ཆེ་གསུང་འབྱོན་མའི་མདུན་ལ་རྗེ་འདི་པ་བླ་མཆོད་དུས་བཟང་གི་ཚོགས་དབུར་གདན་དྲངས་པ་བཞིན་ཕེབས་ཏེ་བསྟན་པ་རྒྱས་པའི་ཐུགས་སྨོན་མཛད། ཨ་ཀྱཱ་རིན་པོ་ཆེས་རྗེ་འདི་པའི་མཛད་སྤྱོད་དང་གསུང་འབྱོན་ལུགས་སོགས་སྔར་ལས་ཆེས་འགྱུར་འདུག་ཅིང༌། ཁྱད་པར་འཁོར་བ་ལ་སྐྱོ་བའི་ཚུལ་གནང་སྟེ་ཐུགས་ཀྱི་བཞེད་པ་ཞིང་གཞན་ལ་གཏད་པ་མཁྱེན་ནས་འཕྲལ་དུ་གསོལ་དཔོན་འཇམ་དབྱངས་ཉི་མ་ལ་ལྷ་རྫས་མཛོད་བཏགས་དྲི་མ་མེད་པ་སྲིད་དུ་རིང་བ་ཞིག་གནང་ནས་རྗེ་འདི་པའི་སྐུ་མདུན་དུ་མངགས་ཏེ་སྙིགས་མའི་ངང་ཚུལ་ལ་སྐྱོ་ངལ་གྱི་རྣམ་པ་མི་མཛད་པར་བསྟན་འགྲོའི་མགོན་དུ་རླབས་ཆེན་ཐུགས་བསྐྱེད་ཀྱི་གོ་ཆ་ལྷག་པར་བགོས་ཏེ་ཞབས་པད་ཡུན་རིང་བརྟན་པའི་ཞལ་བཞེས་བཟང་པོ་སེམས་ལ་འཛིན་རྒྱུ་ཡོད་པ་ཞིག་ཅིས་ཀྱང་ནས་གནང་དགོས་ཚུལ་སྐུ་ཕྲེང་སྔ་ཕྱིའི་ཐུགས་འབྲེལ་དམ་ཚིག་ཚུན་ཆད་ལ་བཀར་བའི་ཞུ་བ་དམར་འབྱིན་ཨུ་ཚུགས་མཐར་སྐྱེལ་གྱིས་ཞིབ་རྒྱས་སུ་ཞུས་པར། ཉིད་ནས་གསོལ་དཔོན་ལ་ཐུན་མོང་གི་གསུང་ལན་རྒྱས་པ་ཞིག་སྩལ་ཅིང༌། ནང་སྦྱར་ཐུན་མོང་མ་ཡིན་པའི་དགོངས་གཞི་དགོས་པ། འོན་ཀྱང་ཉིད་ཀྱི་ཐུགས་ཐག་པས་གསུང་ནན་མཛད་པ་ཟློག་ཚུལ་མེད་པས་ལོ་ཁ་ཤས་ལ་བཞུགས་རྒྱུའི་གནས་ཚུལ་རྣམས་རང་ཉིད་ཀྱིས་ཕྱག་བྲིས་མཛད་དེ་རྒྱས་བཏབ་ནས་མགྲོན་གཉེར་རབ་འབྱམས་པ་ངག་དབང་བསྟན་འཛིན་ལ་གནང་སྟེ། རྗེ་ཨ་ཀྱཱ་རིན་པོ་ཆེའི་དྲུང་དུ་ཕུལ་བར། ཁོང་གིས་གཟིགས་ཏེ་ཕྱག་ཐལ་མོ་སྦྱར་ནས་ཕ་བླ་མ་རྡོ་རྗེ་འཆང་ཆེན་པོ་ཞབས་པད་བརྟན་པར་བཞུགས་པའི་ཞལ་བཞེས་བློ་གདེང་ཐུབ་པའི་གསུང་རྡོ་རྗེ་ཚིག་འདི་འདྲ་སྩལ་བ་ནི་བཀའ་དྲིན་ངེས་པར་བསམ་གྱིས་མི་ཁྱབ་འདུག་འདི་རྨི་ལམ་མིན་ནམ་གསུང་སྟེ། དང་པོར་མཛད་སྤྱོད་ལ་ཡིད་མ་ཆེས་པས་བློ་འཁུལ་བྱུང་ཚུལ། དེ་ནས་གདུང་ཤུགས་ཀྱིས་གསོལ་བ་བཏབ་པས་བརྩེ་བས་གཟིགས་ཏེ་ཞལ་བཞེས་ཡིད་ཚིམ་པ་གནང་བ་ལ་སྤྲོ་དགའ་ཚད་མེད་པ་སྐྱེས་པའི་ཆེད་དུ་བརྗོད་པ་རྣམས་མགུར་དབྱངས་ཀྱི་ཚུལ་དུ་ཞུས་པ་ནི།

རྗེ་དུས་གསུམ་གྱི་སངས་རྒྱས་འདུས་པའི་སྐུ། །ཕ་དྲིན་ཅན་གྱི་བླ་མ་རྡོ་རྗེ་འཆང༌། །འབངས་དད་གདུང་གི་ཤུགས་ཀྱིས་གསོལ་འདེབས་ན། །ཕ་བརྩེ་ཆེན་གྱི་ངང་ནས་ཡུད་ཙམ་དགོངས། །མགོན་རྡོ་རྗེ་འཆང་ཆེན་རང་གཤིས་ལ། །བགྲེས་རྒུད་ཀྱི་སྤྲོ་བ་མ་མཆིས་ཀྱང༌། །དེང་རང་རེ་སྙིགས་དུས་སློབ་འབངས་ཀྱི། །ཆུ་བུར་གྱི་མིག་གི་སྣང་ངོ་ལ། །སྐུ་བགྲེས་ཤིང་བསྙུན་པའི་ཚུལ་ཞིག་མཛད། །ཚུལ་འདིས་ཀྱང་ཅུང་ཟད་ཡིད་མ་ཆེས། །གསུང་ཚངས་དབྱངས་འགག་པ་མ་མཆིས་ཀྱང༌། །གསུང་ཞན་ཅིང་གྲེ་བབ་སྙུང་ཚུལ་བསྟན། །ཡོངས་འབེལ་གཏམ་ཉུང་ཞིང་སྐྱོ་ཚིག་མང༌། །ཚུལ་འདིས་ཀྱང་ཅུང་ཟད་ཡིད་མ་ཆེས། །ཐུགས་རྣམ་ཀུན་མཁྱེན་པའི་ཡེ་ཤེས་ལ། །སྐྱོ་འཁྲུལ་དང་རྣམ་རྟོག་མི་སྲིད་མོད། །ཡོངས་སྐྱོ་ཤས་ཁོ་ནས་འདའ་བར་མཛད། །ཚུལ་འདིས་ཀྱང་ཅུང་ཟད་ཡིད་མ་ཆེས། །དོན་དེ་སླད་སློབ་བུའི་ཐ་ཤལ་བདག །སེམས་ལས་ཀྱི་ཁུར་བོས་ནོན་ན་ཡང༌། །ཅི་བྱེད་ཀྱི་བློ་ལྷུས་མ་ཐིངས་པར། །ཞག་ཤས་ཤིག་འགྱང་ཞིང་ཐལ་བར་གྱུར། །དེ་རྗེས་སུ་དབེན་པའི་རི་སུལ་འདིར། །གཅིག་པུ་རང་མནོ་བསམ་བཏང་བའི་ཚེ། །འཛེམ་མེད་དུ་ཞུ་དགོས་སྤོབས་པ་སྐྱེས། །རིང་འདྲིས་ཀྱི་ཉེ་གནས་ཉི་མ་ལ། །སྙིང་གཏམ་གྱི་ཚིག་གསུམ་རྗེན་འབུལ་ཞུས། །ཕྲིན་ལས་ཀྱི་བྱེད་པོ་རྣམས་ལ་ཡང༌། །ནང་ཉམས་ཀྱི་དྲང་གཏམ་ལྷུག་པར་སྨྲས། །གང་ཞུས་ཀྱི་དོན་འདིར་བརྩེར་དགོངས་ནས། །སྐྱོ་ངལ་གྱི་ཐུགས་འདུན་རྒྱང་བསྲིངས་ཏེ། །བསྟན་འགྲོ་ཡི་ཕན་བདེ་རླབས་པོ་ཆེ། །ཡུན་མཛད་ཀྱི་རྡོ་རྗེའི་བཀའ་བཞེས་དང༌། །བདེན་གཏམ་གྱི་ཕྱག་རིས་སྤྱི་བོར་འབྱོར། །ཚུལ་འདི་ལྟའི་རབ་དགའི་བདེ་བ་འདི། །མངོན་སུམ་མམ་འོན་ཏེ་རྨི་ལམ་ལགས། །ཡོངས་རྨི་ལམ་ལགས་ཀྱང་མི་སད་སྙམ། །དོན་འགྱུར་མེད་ཀྱི་རྡོ་རྗེའི་ཐ་ཚིག་འདིས། །བདག་སྙིང་ལ་བདེ་དགའ་མངོན་དུ་བྱིན། །དད་གདུང་གི་རླབས་ཀྱིས་ཆེར་བསྐྱོད་དེ། །ཞུ་ཚིག་གི་སྙིང་པོ་དགུང་དུ་འཕྱུར། །ཕྱག་ཟུང་གི་སྙིམ་པས་བཟུང་ནས་ཀྱང༌། །ཟབ་བརླིང་གི་རྒྱ་མཚོར་སིམ་པ་མཁྱེན། །ཞེས་ཐོལ་བྱུང་དུ་གསོལ་བ་འདེབས་པའི་ཞུ་ཚིག་དད་གུས་ཀྱི་སྙིང་པོ་མུ་ཏིག་གི་ཕྲེང་བ་ཞེས་པ་འདི་ཟླ་༡༡ ཚེས་༢༡ དགེ་བའི་ཉི་དྲོས་ལ་དབེན་པའི་རི་སུལ་སེང་གེའི་རི་ཁྲོད་ནས་སློབ་བུའི་ཐ་ཤལ་སྣང་མཛད་དགྱེས་བཞད་རྡོ་རྗེས་བཀྲ་ཤིས་པའི་ལྷ་རྫས། བཀྲ་ཤིས་རི་མོས་སྤྲས་པའི་ཌམ་རྫར། འགྱུར་མེད་རྡོ་རྗེས་མཚན་པའི་རྟེན་ཁེབ་བཅས་གུས་ཕྱག་དང་བཅས་གསོལ་བ་བཏབ་པ་ལགས། ཞེས་པའོ། །ཁྱི་ཕག་གཉིས་ཀྱི་ལོ་གསར་རྙིང་གི་མཚམས་འདིར་ལྷག་པར་ཐུགས་སྣ་བསྟུང་བའི་རྣམ་པ་མཛད་པ་ནི། རྗེས་མའི་ལོ་མགོར་ཡང་དབུས་ནས་༸རྒྱལ་དབང་ཐམས་ཅད་མཁྱེན་པ་དག་ཞིང་དུ་ཕེབས་འདུག་པས་དུས་ཚོད་དེ་འདྲ་ཞིག་ལ་རྗེ་འདིའང་ཞིང་ཁམས་གཞན་དུ་འབྱོན་རྒྱུའི་དགོངས་བཞེད་ཡིན་འདུག་ནའང༌། སྔོན་སྟོན་པས་སྐུ་ཚེའི་འདུ་བྱེད་བཏང་བའི་རྗེས་སུ། གསོལ་བ་བཏབ་པས་ཟླ་བ་གསུམ་དུ་སྐུ་ཚེའི་འདུ་བྱེད་བྱིན་གྱིས་བརླབས་ནས་བཞུགས་པ་བཞིན། ཨ་ཀྱཱ་རིན་པོ་ཆེས་ཞུ་ནན་ཧ་ཅང་ཆེ་བའི་ཞལ་ངོ་མ་བཟློག་པར་ཁོང་བཞུགས་རིང་གི་ལོ་ཆ་ཤས་ལ་ཉིད་ཀྱིས་ཀྱང་ཐུགས་འཕེན་ཕྱིར་བསྣུར་བ་ཡིན་པར་གདོན་མི་ཟའོ། །ལོ་མཇུག་ལ་སྐུའི་ཁམས་ཧ་ཅང་སེང་དྭངས་ཤིག་མེད་ཀྱང་དེ་ལ་ཐུགས་སྣང་མི་མཛད་པར་བཅད་རྒྱ་དམ་པོའི་སྒོ་ནས་ཡི་དམ་གྱི་ལྗགས་བསྙེན་མཛད་ཅིང༌། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་དཀྱིལ་འཁོར་བསྒྲུབ་པ་དང་དབང་ལེན་པ་སོགས་ཀྱང་གནད་སྨིན་མཛད། དེ་ནས་དགུང་ལོ་རེ་གཅིག་པ་ན་ཚོད་ལྡན་ཞེས་པ་ཤིང་ཕག་གི་གནམ་ལོ་གསར་བཞད་ཀྱི་ཉིན་སྐུ་ཚ་ཞབས་དྲུང་སྐལ་བཟང་བསྟན་འཛིན་རྒྱ་མཚོ་དང༌། ཕྱག་མཛོད་ཆེ་ཆིང་ཆོས་རྗེ་གཉིས་ཀྱིས་གཙོས་པའི་གྲྭ་རིགས་ཐུན་མོང་ནས་མཁའ་འགྲོའི་བརྟན་བཞུགས་དང་འབྲེལ་བའི་སྒོ་ནས་ཞབས་བརྟན་ཕུལ། རྒྱར་རྩང་སྒོམ་ཆེན་ཨ་ཀྱཱ་བླ་མ་དགེ་ལེགས་ཀྱི་སྤྲུལ་སྐུའི་གཙུག་ཕུད་བཞེས་ནས། མཚན་བློ་བཟང་དགེ་ལེགས་ཉི་མ་ཞེས་འདོགས་པར་མཛད། རྗེ་ཨ་ཀྱཱ་རིན་པོ་ཆེ་བྱོན་ནས་ལོ་གསར་གྱི་མཇལ་ཁ་ཞུས་ཤིང་བརྟན་བཞུགས་རྒྱས་པ་ཕུལ། དེ་ནས་རྣམ་པ་གཉི་ག་དབེན་གནས་དགའ་ལྡན་ཆོས་སྡིངས་སུ་ཕེབས་ཏེ་ཞག་ཁ་ཤས་བཞུགས། དེའི་རིང་ལ་ཨ་ཀྱཱ་རིན་པོ་ཆེར་ནཱ་རོ་མཁའ་སྤྱོད་མའི་དབང་དང་གཞན་བཀའ་ཆོས་མང་པོ་ཐུགས་ཀྱི་བཞེད་པ་བཞིན་དུ་སྩལ། ཨ་ཀྱཱ་རིན་པོ་ཆེས་སླར་ཡང་བླ་མཆོད་ཀྱི་དུས་བཟང་དང་འབྲེལ་བའི་ཞབས་བརྟན་ཞིག་ཀྱང་འབུལ་བར་མཛད། ཨ་ཀྱཱ་བླ་བྲང་དུ་ལྷ་མོའི་རྟེན་མདོས་བཞེངས་རྒྱུར་རྫས་དང་བཅས་ཤོམ་སོགས་ཇི་ལྟར་བྱེད་དགོས་པ་ཐམས་ཅད་ལ་ཉིད་ནས་ལྗགས་བཀོད་ཞིབ་མོ་བཀའ་དྲིན་སྐྱོང་དགོས་ཚུལ་ཞུས་པ་ལྟར་ཁུར་བཞེས་ཀྱིས་བཀོད་ཁྱབ་མཛད་ནས་བཞེངས་ཏེ་ནང་རྟེན་དུ་བཞུགས་སུ་བཅུག་པར་རབ་གནས་སོགས་ཀྱང་མཛད། དུས་རྒྱུན་པར་ཡང་ཨ་ཀྱཱ་རིན་པོ་ཆེས་ཆོས་སྲིད་ཀྱི་སྐུ་དོན་གལ་ཆེ་བ་གང་གི་ཐད་དུའང་རྗེ་འདི་པར་དགོངས་བསྟུན་གྱིས་གནང་བ་མ་གཏོགས། བཀའ་གྲོས་མེད་པར་ཉིད་ཀྱི་ཐུགས་བཞེད་རྐྱང་པ་ལྟར་ཡེ་མི་མཛད་པས། དེའི་རྒྱུ་མཚན་ཨ་ཀྱཱ་རིན་པོ་ཆེ་ཉིད་ཀྱི་ཞལ་ནས། བདག་གི་བྱ་བ་ཐམས་ཅད་རྗེ་མི་ཉག་རྡོ་རྗེ་འཆང་ཆེན་པོར་ཞུས་ནས་སྒྲུབ་ན་བླ་མའི་གསུང་གི་བྱིན་རླབས་དང་ཐུགས་རྗེས་ལས་དོན་དེ་དཀའ་ཚེགས་མེད་པར་འགྲུབ་ཡོང་བར་འདུག་གསུང༌། ཕྱིན་ཆད་ཀྱང་བློ་གཏད་ས་སྐྱབས་མགོན་ཉིད་ལས་གཞན་མ་མཆིས་པས་ཐུགས་ལ་འཛིན་དགོས་ཞེས་ཡང་ནས་ཡང་དུ་ཞུ་བ་གནང༌། དེ་ནས་རྗེ་ཨ་ཀྱཱ་རིན་པོ་ཆེ་རྒྱ་ནག་ཏུ་འབྱོན་ཁར། རྗེ་འདི་པས་ལྷ་རྫས་ནང་མཛོད། མཎྜལ། སྐུ་གསུང་ཐུགས་རྟེན། སྐུའི་ཉེར་སྤྱད་ཆ་ཚང༌། སྣམ་ཐེར་བུབ་དུ་མ་སོགས་ཀྱི་དངོས་འབུལ་དང་བཅས་བརྟན་བཞུགས་ཕུལ། རྗེ་ཨ་ཀྱཱ་རིན་པོ་ཆེས་ཉིད་ལ་འཕྲལ་ཕུགས་ཀྱི་གནས་ཚུལ་རྣམས་ཞིབ་ཏུ་ཞུས་ཤིང་ཚེ་རབས་ཀྱི་ཕྲེང་བར་འབྲལ་མེད་རྗེས་འཛིན་གྱི་སྐྱབས་འཇུག་ཞུས། རྗེ་འདི་པས་དམ་པ་ཉིད་ཀྱི་སྐུ་ཚེ་མཛད་ཕྲིན་སོགས་ཀྱི་ཆེད་དུ་དམིགས་ཏེ་དཀོན་མཆོག་ལ་གསོལ་འདེབས་དང་ཆོས་སྲུང་ལ་ཕྲིན་བཅོལ་སོགས་བྱེད། རྒན་བུ་ང་ལའང་ཚེ་རབས་ཀུན་ཏུ་ཐུགས་ནས་མ་བོར་བའི་སྐྱབས་འཇུག་གནང་དགོས་ཞེས་ཕན་ཚུན་སྐྱབས་འཇུག་ཞུ་རེས་མཛད་དེ་ཨ་ཀྱཱ་རིན་པོ་ཆེ་རྒྱ་ནག་ཏུ་ཆིབས་ཁ་བསྒྱུར། དེ་རྗེས་ཉིད་ཨ་ཀྱཱ་བླ་བྲང་དུ་བྱོན་ཏེ་ནང་རྟེན་སྒྲོལ་མ་གསུམ་གྱི་སྐུ་བརྙན་ལ་གཟུངས་འབུལ་ཉིད་ཀྱིས་གནང་དགོས་པའི་རྒྱུ་མཚན་སྔར་ཞུས་ཡོད་པ་ལྟར་རིང་བསྲེལ་རྣམ་བཞིས་བསྡུས་པའི་གཟུངས་གཞུག་རྒྱུད་སྡེའི་དགོངས་པ་བཞིན་ལེགས་པར་ཕུལ་ཏེ་རབ་གནས་ཀྱང་མཛད། ཨོར་དུ་སུ་ཤོག་གི་སྨན་པ་བླ་མ་དཀོན་མཆོག་རབ་རྒྱས་ཀྱིས་ཞུས་པ་ལྟར། མ་ཎི་བཀའ་འབུམ། རྒྱུད་བཞི། མན་ངག་བཀའ་རྒྱ་མ་སོགས་ཀྱི་ལུང་དགེ་འདུན་བརྒྱ་ལྷག་ཙམ་ལ་སྩལ། དེ་ནས་གསེར་སྐུ་ཆེ་ཆུང་མང་པོ་དང་ཞལ་ཐང་མང་པོ། བཀའ་འགྱུར་ཆ་ཚང༌། རྗེ་ཡབ་སྲས་ཀྱི་བཀའ་འབུམ་སོགས་གླེགས་བམ་བརྒྱ་དང་དགུ་བཅུ་ལྷག །བཀའ་གདམས་མཆོད་རྟེན་སོགས་སྐུ་གསུང་ཐུགས་རྟེན་དུ་མ་སྐུ་འབུམ་མི་ཉག་བླ་བྲང་ནས་ཁྲི་ཀའི་མཆོད་རྟེན་མི་ཉག་བླ་བྲང་དུ་མཆོད་པའི་རྟེན་ལ་གདན་དྲངས། དབྱར་ཟླ་འབྲིང་པོའི་ནང་དུ་ཧལ་ཧའི་ཕྱོགས་ཀྱི་བླ་མ་འགའ་ཞིག་གིས་ཞུས་པ་ལྟར། རྗེ་ཐུའུ་བཀྭན་རིན་པོ་ཆེའི་གསུང་འབུམ་པུ་ཏི་བརྒྱད་ཙམ་གྱི་ལུང་དགེ་འདུན་ལྔ་བཅུ་སྐོར་ལ་སྩལ། །རི་ཁྲོད་པ་དཀོན་མཆོག་སྙན་གྲགས་ཀྱིས་གཏོར་མ་བརྒྱ་རྩའི་ཁྲིད་ཞུས་པ་ལྟར་ལག་ལེན་དམིགས་རྣམ་ཕན་ཡོན་དང་བཅས་གསུང་བཤད་ཞིབ་རྒྱས་སུ་སྩལ་བས། ལྷ་རྫས། བཀའ་གདམས་མཎྜལ། སྐུ་བརྙན། ལམ་རིམ། བློ་སྦྱོང༌། འདུལ་བའི་སྐོར་དང༌། བདེ་ལམ་ཟིན་བྲིས་སོགས་གསུང་རབ་པུ་ཏི་བཅུར་ཉེ་བ། ཐུགས་རྟེན། འཚོ་བའི་ཡོ་བྱད་ལྷུང་བཟེད་སོགས་བདོག་པ་ཅི་འབྱོར་ཡོད་འབུལ་ལྟ་བུ་བྱས་ཏེ་སྙིང་ཁུང་རུས་པས་ཞབས་བརྟན་གྱི་ཞུ་བ་རྣམ་དག་ཕུལ། སྐྱེ་ཞིང་སྐྱེ་བར་རྗེ་ཉིད་དང་མི་འབྲལ་བའི་སྐྱབས་འཇུག་ཀྱང་ནན་ཏན་ཞུས་པར་བརྩེ་བའི་ཞལ་བཞེས་བཟང་པོ་གནང༌། འཇམ་མགོན་བསྟན་པའི་གསལ་བྱེད་ཆེ་ཤོས་སྤྲུལ་བའི་སྐུ་རིན་པོ་ཆེས་ཀུན་རིག་རྒྱུད་དོན་གསལ་བའི་སྟེང་ནས་ཕྱག་རྒྱའི་སྐོར་དང་དཀའ་གནད་ཀྱི་དོགས་གནས་ཅི་རིགས་ཞུས་པ་རྣམས་ཞིབ་ཏུ་ཁྲིད་པ་གནང༌། སྐུ་འབུམ་རྒྱུད་གྲྭའི་འདུ་ཁང་ཁྱམས་ཀྱི་ལོགས་རིས་སྟོན་པའི་སྐྱེས་རབས་ཀྱི་བཀོད་པ་རྣམས་བགྲེས་སྐྱོན་ཆེར་ཞུགས་པ་ལ། བསྟན་པའི་སྲོག་ཤིང་ཨ་ཀྱཱ་རིན་པོ་ཆེས་གསར་བཞེངས་ཀྱི་མཐུན་རྐྱེན་སྩལ་ཏེ། ཕྱག་མཛོད་ཆི་ཆིང་ཆོས་རྗེ་རབ་འབྱམས་པ་ཚུལ་ཁྲིམས་ཆོས་འཛིན་དང་བྱིང་འདྲེན་ཟུར་བ་དགེ་སློང་ཤེས་རབ་རིག་འཛིན་གཉིས་ལས་དཔོན་དུ་བསྐོས་ནས། བཞེངས་ལུགས་ཀྱི་ས་བཅད་གོ་རིམ་སོགས་ཉིད་ཀྱིས་ཞལ་བཀོད་གནང་དགོས་ཞེས་ཞུས་པ་ལྟར་ལྷ་བཟོ་བ་རྣམས་ལ་སྔར་རྒྱུན་དང་བསྟུན་པའི་གོ་རིམ་མ་འཆོལ་ཞིང་སྐུའི་བབ་ཚོན་གྱི་མདངས་སོགས་ཐིག་ལྡན་གང་མཛེས་དགོས་པའི་བཀོད་ཁྱབ་སྩལ་ཏེ་བཞེངས་སུ་བཅུག །གཙོ་སྐུ་ཆེ་བ་རྣམས་ལ་ཁ་བྱང་གསོལ་འདེབས་ཀྱི་ཚིགས་བཅད་ཀྱང་ལྗགས་རྩོམ་མཛད། དབྱར་ཟླ་ཐ་མ་ནས་སྟོན་ཟླ་འབྲིང་པོའི་བར་ཐན་པ་མེ་འབར་བ་ལྟ་བུས་མི་ཕྱུགས་དང་ལོ་ཏོག་ཀུན་ལ་གནོད་ཚབས་ཆེ་བ་བྱུང་བས། ཚོགས་ཆེན་ཞལ་ངོ་སོགས་ལས་སྣེའི་རིགས་ནས་ཆོས་སྐྱོང་ལ་ལུང་ཞུས་བྱས་པ་ལྟར། རྒྱུད་སྨན་གཉིས་ཀྱི་དཔོན་སློབ་ལས་ཐོག་པ་དང་ཟུར་བ་སོགས་དགེ་འདུན་ཉེར་གཅིག་རེ་བཅས་ལན་དུ་མར་ལྷ་ཁང་ཆེན་མོའི་ནང་དང་ཆུ་མགོ་སོགས་སུ་བྱོན་ནས་དམིགས་བརྩེ་མའི་ལས་ཚོགས་ནང་གི་ཆར་འབེབས་ཀྱི་སྒྲུབ་པ་བྱས་ཤིང༌། དགེ་འདུན་སུམ་སྟོང་བརྒལ་བས་ཀྱང་རྒྱབ་སྐྱོར་གྱི་རིམ་གྲོ་དང༌། སྤྱན་འདྲེན་ཁྲུས་གསོལ། དམིགས་བརྩེ་མ་སོགས་རྒྱ་ཆེར་བསྒྲུབས་ནའང་སེམས་ཅན་སྤྱི་མཐུན་གྱི་ལས་དབང་བཙན་པས་ཆར་མ་བབས་ཤིང༌། ཚ་བས་གདུངས་པས་རི་ཀླུང་ཐམས་ཅད་དམར་ཧང་ངེ་བ་སེར་སྐྱའི་གྲོང་ལྟ་བུར་གྱུར་པས། རྗེ་ཉིད་ནས་ཀྱང་ཐན་པ་འདིས་ལོ་ཕྱུགས་ཀུན་ལ་གནོད་པ་ཆེ་བར་འདུག །ཆར་འབེབས་ཤིག་བྱས་ན་དགོངས་པའི་ཐོག་ཏུ། ཚོགས་ཆེན་ཞལ་ངོ་དང་བླ་སྤྱིའི་ཕྱག་གཉེར་སོགས་ནས་ཡང་བསྐྱར་ཆོས་སྐྱོང་ལ་ལུང་ཞུས་བྱས་པར། རྗེ་འདི་པས་ཆར་འབེབ་གནང་དགོས་ལུང་བསྟན་སྩལ་བ་ལྟར། ཐམས་ཅད་འདུན་པ་ཆིག་དྲིལ་གྱིས་ཉིད་ལ་ཆར་འབེབས་ཀྱི་སྙན་གསན་ཕུལ་ནས་གསོལ་བ་བཏབ་པས་འཕྲལ་རང་ལ་ཚོགས་ཆེན་འདུ་ཁང་གི་རབ་གསལ་དུ་རྗེ་གསུང་འབྱོན་མའི་མདུན་དུ་ཕེབས། སྒྲུབ་གྲོགས་དགེ་བཤེས་བཞི་དང་བཅས། སྐྱབས་སེམས་ཡན་ལག་བདུན་པ་མཎྜལ་དང་བཅས་པ། ཐུན་དྲུག་གི་རྣལ་འབྱོར། བླ་མའི་རྣལ་འབྱོར་སོགས་ཀྱིས་ཐོག་དྲངས་ཡི་དམ་རྡོ་རྗེ་འཇིགས་བྱེད་ཀྱི་མངོན་རྟོགས་བཟླས་པ་དང་བཅས་པ་སྔོན་དུ་འགྲོ་བས་དམ་ཅན་ཆོས་ཀྱི་རྒྱལ་པོའི་བསྐང་བཤགས་ཚར་ཁ་ཤས་གསུང་ནས་ཕྱོགས་བཞིར་དྲུག་ཅུ་པ་བསྔོས། གཞི་བདག་ལ་བསང་དང་གཏོར་བསྔོ་གནང༌། དངོས་གཞི་དམིགས་བརྩེ་མའི་ལས་ཚོགས་ལྟར་དང༌། རྒྱབ་ཆོས་གཏོར་མ་བརྒྱ་རྩ། ཀླུ་གཏོར། འབྱུང་གཞི་གཏོར་མ་བཅས་ཉིན་གསུམ་གྱི་རིང་ལ་བསྒྲུབས་པས་ཆར་གྱི་རྒྱུན་འཇམ་པོ་ཟད་མི་ཤེས་པ་ཉིན་མཚན་ཁོར་ཡུག་ཏུ་བབས་ནས་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པས་མི་ཕྱུགས་ལོ་ཏོག་སོགས་ཀུན་གྱི་དབུགས་གསོས་པར་མཛད་དེ་ཐུགས་རྗེ་དང་བཀའ་དྲིན་གཞལ་བར་དཀའ་བའི་གནས་སུ་གྱུར། དེ་ནས་ཡུན་རིང་པོའི་བར་དུ་བཅད་རྒྱ་དམ་པོས་ལམ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཉམས་བཞེས་ཏིང་འཛིན་བདུད་རྩིའི་ཟིལ་མངར་ལ་གཅིག་ཏུ་རོལ་བར་མཛད། དགུན་ཟླ་དང་པོར་རྗེ་རིན་པོ་ཆེའི་དུས་མཆོད་སྐབས་ལོ་ལྟར་འཆར་ཅན་གྱི་ཕྱག་བཞེས་བཞིན་ཚོགས་ཆེན་འདུ་ཁང་གི་རབ་གསལ་དུ་རྗེ་གསུང་འབྱོན་མའི་མདུན་དུ་བླ་མཆོད་དུས་བཟང་གི་ཚོགས་དབུར་ཕེབས་ཏེ་ཉིན་ཁ་ཤས་ཀྱི་རིང་ལ་བསྟན་འགྲོར་སྨན་པའི་ཐུགས་བསྐྱེད་རླབས་པོ་ཆེ་གནང༌། དགུན་ཟླ་འབྲིང་པོའི་ཡར་ངོའི་ཚེས་བཅུ་ནས་མར་ངོའི་ཚེས་བཅུའི་བར་ལ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་དཀྱིལ་འཁོར་སྒྲུབ་ཅིང་དབང་བླངས་པ། ཚོགས་ཀྱི་འཁོར་ལོར་ཚིམ་པ་དྲུག་ལྡན་དུ་རོལ་པས་དམ་ཚིག་སྐོང་ཞིང་གནས་གསུམ་དཔའ་བོ་མཁའ་འགྲོའི་ཚོགས་ཀུན་དགྱེས་པ་བསྐྱེད། དེ་ནས་སྐུ་མཚམས་གནང་སྟེ་ཐུན་དངོས་གཞིར་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་བསྐྱངས་ཤིང༌། ཐུན་མཚམས་སུ་ལྟུང་བཤགས་དང་འབྲེལ་བའི་ཕྱག་སྦྱང་ནན་ཆེར་མཛད། སྐབས་ཤིག་སྐུ་བསྙུང་ཅུང་ཟད་བཞེས་པར་ཕྱག་གཉེར་སོགས་ཞབས་གྲས་ཐུན་མོང་ནས་ཞབས་བརྟན་ཅི་འདྲ་སྒྲུབ་རྒྱུ་རྗེ་ཉིད་ལ་ཞུས་པར། སྨན་བླའི་ཆོ་ག་མཆོད་པ་གང་རྒྱས་ཀྱི་སྟེང་ནས་ཚོགས་ཆེན་དུ་གསུང་ན་ལེགས་ཞེས་བཀའ་ཕེབས་པ་བཞིན་བསྒྲུབས། ཡང་ཞབས་གྲས་ཐུན་མོང་ནས་སྐུ་འབུམ་ཆོས་སྐྱོང་ལ་ལུང་བསྟན་ཞུས་པར། རྣམ་རྒྱལ་མའི་སྟོང་མཆོད་གང་མང་དང་སྒྲོལ་དཀར་གྱི་ཚེ་སྒྲུབ་དགོས་ཞེས་སྩལ་བའང་གནད་སྨིན་བྱས་ཏེ་བསྒྲུབས། མཚོ་སྐྱིད་པཻ་ཟེའི་ཤོག་གི་སྨན་པ་ལོ་ལོན་མཁས་པ་ཞིག་འདུག་པ་གདན་དྲངས་པར་ཁོང་གིས་ཕྱག་རྩ་བརྟག་ནས་སྨན་ཕུལ་བས་སྐུ་ཁམས་ཅུང་ཞིག་དྭངས་པ་བྱུང༌། ཞབས་གྲས་ཐུན་མོང་ནས་ཞབས་པད་བརྟན་པའི་སྙན་ཞུས་ནན་ཏན་དུ་ཕུལ་བར། ཞལ་ནས་ད་ལྟ་གང་ཡིན་ཀྱང་བཟང༌། ཚེ་འདིར་དགེ་བའི་བྱ་བ་གང་བསམ་ཡིད་སྨོན་ལྟར་འགྲུབ་པས་འགྱོད་པ་མེད། ལོའང་རྒས་པས་ངེས་པ་ཅི་ཡོད་ཅེས་གསུང་བས་ཞབས་ཕྱི་བ་རྣམས་གསུང་དེ་ཅི་འདྲ་ཡིན་སྙམ་ཐེ་ཚོམ་དུ་གྱུར་ལ། ད་ནི་པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས། ཚེ་རིང་དུ་གནས་ན་རྣམ་དཀར་གྱི། །ལས་བཟང་པོ་སྒྲུབ་པོ་ཤི་ཡང་སླ། །སེམས་བག་ཆགས་བཟང་པོའི་ངང་དུ་འཆི། །ཨ་ལ་ལ་གསོན་ཤི་སེམས་ལ་སྙོམ། །ཚེ་སྒྲུབ་ཀུན་ཇི་ལྟར་དགྱེས་དགྱེས་མཛོད། །གསུངས་པ་ལྟར་གདེང་ཐོབ་པའི་གསུང་ཞར་ལ་གོ་རྒྱུ་མང་པོ་ཅན་གནད་ཟབ་མོ་ཞིག་གོ །ཏ་རི་གངྒཱའི་རབ་འབྱམས་པ་ངག་དབང་བསྟན་འཛིན་ནས། ལྷ་རྫས། མཎྜལ། སྐུ་གསུང་ཐུགས་རྟེན། གོས་ཀྱི་ཞབས་ཆག་སོགས་ཀྱིས་ཐོག་དྲངས་ནས་ཞབས་བརྟན་ཕུལ་ཏེ་འདིའང་རྟེན་འབྲེལ་གྱི་དབང་ཞིག་ཏུ་ཐལ་བར་སྣང༌། ཞབས་ཕྱི་བ་དགེ་ཚུལ་བློ་བཟང་དོན་གྲུབ་ཀྱིས་ཀྱང་བདོག་བའི་ཚན་གྲངས་དང་བཅས་ཞབས་བརྟན་ཕུལ། མེར་གེན་དཀའ་བཅུ་སྨོན་ལམ་རིན་ཆེན་དང༌། དུར་བེད་ཐཻ་ཇི་བློ་བཟང་དོན་གྲུབ་ཀྱི་བུ་ཆུང་བཀྲ་ཤིས་ཚེ་བརྟན། ཐོ་ཡོན་འཇིགས་མེད་སོགས་ནས་ཕྱག་དབང་ཞུས། གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་དང་གཞན་ཆོས་བཀའ་མང་ཙམ་གནང༌། བསྒྲུབ་བྱ་ལྔ་བཅུ་ལྷག་དགེ་ཚུལ་དང༌། སུམ་ཅུ་བརྒལ་བ་ལ་དགེ་སློང་གི་སྡོམ་པ་སྩལ། དེ་ནས་དགུང་ལོ་རེ་གཉིས་པ་འཛིན་བྱེད་ཅེས་པ་བྱི་བའི་གནམ་ལོ་གསར་ཚེས་ཉིན་སྐུ་ཚ་ཞབས་དྲུང་དང་ཕྱག་མཛོད་ཆེ་ཆིང་ཆོས་རྗེ་གཉིས་ཀྱིས་གཙོས་གྲྭ་རིགས་ཐུན་མོང་ནས་མཁའ་འགྲོའི་བསུན་བཟློག་དང་འབྲེལ་བའི་ཞབས་བརྟན་ཕུལ་ནས་རྟེན་འབྲེལ་གང་ལེགས་བསྒྲིགས། ཆོ་འཕྲུལ་སྨོན་ལམ་ལ་འདུས་པ་སེར་སྐྱ་ཆེ་ཕྲ་ཆིག་སྟོང་བརྒལ་བ་ལ་ཕྱག་དབང་འདོད་ཆོས་སྩལ་ནས་ཡིད་ཚིམ་པར་བྱས། ཕེ་ཀྱཱ་ཞབས་དྲུང་གོ་འཕང་ཧུ་ཐོག་ཐུས་འཇིགས་བྱེད་དཔའ་གཅིག །གསང་འདུས། རྟ་མགྲིན་གསང་སྒྲུབ་སོགས་ཀྱི་དབང་སྟ་གོན་དང་བཅས་ཞུས་པར། ཆེ་ཤོས་སྤྲུལ་བའི་སྐུ་རིན་པོ་ཆེས་གཙོས་སྤྲུལ་སྐུའི་རིགས་དང༌། མཚོ་སྔོན་མཚོ་སྐྱེས་པཻ་ཟི། དུར་བེད་ཐོ་ཡོན་འཇིགས་མེད། ཐའི་ཇི་བཀྲ་ཤིས་ཚེ་བརྟན། དགེ་བཤེས་མང་པོ་བཅས་དགེ་འདུན་དྲུག་བརྒྱ་ལྷག་ལ་སྩལ། བསྒྲུབ་བྱ་བརྒྱ་དང་བདུན་ཅུ་ལྷག་ལ་དགེ་ཚུལ་སློང་གི་སྡོམ་པ་སྩལ་ཏེ་ཐར་པའི་རྒྱ་མཚོར་འཇུག་པའི་གྲུ་གཟིངས་འཇུག་པར་མཛད། མེརྒེན་དཀའ་བཅུ་སྨོན་ལམ་རིན་ཆེན་ལ་བཀའ་ཤོག་དང་གཟེངས་བསྟོད་ཀྱིས་མེརྒེན་པཎྚི་ཏའི་ཆོ་ལོ་བཅས་སྩལ། ཟླ་བ་གཅིག་གི་རིང་ལ་སྐུ་མཚམས་བསྡམས། མཚམས་གྲོལ་རྗེས་བསྟན་པའི་སྦྱིན་བདག་པཻ་ཟི་རཏྣ་སིངྡྷི་དང་ཛ་སག་དའི་ཆིང་རྡོ་རྗེ་གཉིས་ནས་ལྷ་རྫས་མཎྜལ། སྐུ་གསུང་ཐུགས་རྟེན་བཅས་ཞབས་བརྟན་རིམ་བཞིན་ཕུལ། པཻ་ཟིས་འདོད་མོས་བཞིན་ཡི་དམ་ཆོས་སྲུང་ལ་གཏོར་བསྔོས་ཕྲིན་བཅོལ་མཛད། སྐབས་དེར་ངེད་ཀྱིས་བྲིས་པའི་དགའ་ལྡན་བསྟན་པ་རྒྱས་པའི་སྨོན་ཚིག་གི་དཔེ་ཞིག་ཕྱག་ཏུ་འབྱོར་བས་དགྱེས་ཚོར་ཆེར་མཛད་ཅིང༌། སྦྱར་བྱང་གི་ཐད་དུ། དེང་དུས་རྗེ་བླ་མའི་བསྟན་པ་འདི་ཟུངས་ཟད་ཀྱི་ནད་པ་སྨན་པས་བོར་བ་བཞིན་བདག་ཏུ་འཛིན་པ་མི་འདུག་ཅེས་པ་དེ་ཤིན་ཏུ་བདེན་པར་འདུག་གསུངས་ནས་ཐུགས་ཤིན་ཏུ་སྐྱོ་བས་སྤྱན་ཆབ་བསིལ། དེ་སྐབས་ཆེ་ཤོས་སྤྲུལ་བའི་སྐུ་རིན་པོ་ཆེ་སྐུ་འབུམ་གྱི་མཁན་ཁྲིར་བཞུགས་རྒྱུའི་སྟ་གོན་གྱི་སྐབས་ཡིན་པས། ཁོང་ལ་ཁྱེད་ཁྲིར་བཞུགས་རྒྱུ་དང་སྨོན་ཚིག་འདི་འབྱོར་རྟེན་འབྲེལ་འགྲིག་པས་ཚོགས་སུ་བཙུགས་ན་ལེགས་གསུངས་ཏེ། རྣམ་པ་གཉི་ག་དགོངས་མཐུན་གྱིས་ཚོགས་ཆེན་དང་བཤད་སྒྲུབ་གླིང་གཉི་གར་བཙུགས། དེའི་ཐུགས་དགོངས་ནི་ཁོང་ཁྲི་འདོན་ལ་རྟེན་འབྲེལ་འགྲིག་པར་མ་ཟད། ཉིད་ཀྱི་སྐུ་ཚེ་ཧྲིལ་པོར་བསྟན་པའི་བྱ་བ་ཁོ་ན་མཛད་དེ་རྗེ་བླ་མས། དང་པོར་རྒྱ་ཆེན་ཐོས་པ་མང་དུ་བཙལ། །བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར། །ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས། །ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོས། །གསུངས་པ་ལྟར་བསྟན་པ་རྒྱས་པའི་རྒྱུ་འབའ་ཞིག་ཏུ་བསྔོ་བའི་ཐུགས་འདུན་ནར་མར་ཡོད་པ་དང་ངོ་འཕྲོད་པར་མངོན་ཏེ། ཉིད་ནས་བླ་མཆོད་ཀྱི་དུས་བཟང་ཞིག་སྔར་ནས་འཛུག་པར་གནང་ཡོད་པ་དེའི་སྐབས་སུའང་སྨོན་ཚིག་འདི་ཆག་མེད་དགོས་པའི་ཞལ་ཏ་ནན་ཆེར་སྩལ། གྲྭ་པ་བགྲེས་གཞོན་ཚང་མས་ཀྱང་ཐུགས་འདུན་རྩེ་གཅིག་གིས་དང་དུ་བཞེས་པས་རྟེན་འབྲེལ་ལེགས་ཚོགས་ཆེ་བ་བྱུང༌། དེ་ནས་དཔྱིད་ཟླ་གསུམ་པར་ཁྲི་ཀའི་ཕྱོགས་སུ་ཕྱག་བཏེག །ཉིད་ཀྱི་དགོན་པ་དགའ་ལྡན་དར་རྒྱས་གླིང་གི་འདུ་ཁང་སྟེང་དུ་ཚ་གསེར་གྱི་གཉྫི་ར་ཆེ་བ་གཟུངས་གཞུག་བཅས་འཇོག་པ་གནང་ནས་རབ་གནས་ཀྱང་མཛད། དེ་ནས་མཆོད་རྟེན་མི་ཉག་གྲྭ་ཚང་བཀྲ་ཤིས་ཆོས་གླིང་དུ་ཕེབས། རྒྱ་བོད་སོགས་ནས་ལོ་ཏོག་གི་དོན་དུ་ཆར་འབེབས་ཞུས་པར་ཉིན་གསུམ་གྱི་རིང་ལ་སྤྱན་འདྲེན་ཁྲུས་གསོལ། བརྒྱ་རྩ། ཀླུ་གཏོར། འབྱུང་བཞི་དང་ལན་ཆགས་གཏོར་མ་སོགས་བསྔོ་བ་གནང་བར་བརྟེན་ཉིན་ཁ་ཤས་ལ་ཆར་གྱི་རྒྱུན་ཆེན་པོ་བབས་པས་ལུས་ཅན་རྣམས་ཀྱི་རེ་བ་བསྐངས། རེ་ཞིག་ཕྱི་མཚམས་ཀྱི་ཁོངས་ནས་རྒྱ་བོད་ཀྱི་མཁས་གྲུབ་པཎྚི་ཏ་རྣམས་ཀྱི་གསུང་དང༌། རྗེ་ཡབ་སྲས་ཀྱི་ལེགས་བཤད་སོགས་ཕྱག་དཔེའི་སྐོར་ལ་གཟིགས་རྟོག་ཞིབ་རྒྱས་གནང༌། དེ་ནས་ཕྱག་གཉེར་སོགས་གྲྭ་རིགས་ཐུན་མོང་ནས་སྐུ་གོང་མའི་སྒྲུབ་གནས་བྱིན་ཅན་གསང་སྔགས་བདེ་ཆེན་ཆོས་འཕེལ་གླིང་དུ་དབྱར་གནས་ཤིག་འཛུག་རྒྱུའི་གནས་ཚུལ་ནན་ཆེར་ཞུས་ཤིང༌། རྗེ་ཉིད་ལའང་སྔ་སོར་༸རྒྱལ་དབང་ཐམས་ཅད་མཁྱེན་པ་ནས་དབྱར་གནས་དང་གསོ་སྦྱོང་བྱེད་རྒྱུར་དགོངས་ནས་གཎྜི་གནང་འདུག་པས། ད་ལམ་བསྟན་འགྲོའི་ཕན་བདེར་དམིགས་དབྱར་གནས་ཤིག་འཛུག་རྒྱུ་བྱུང་ན་དགོངས་ཡོད་པར་བརྟེན། དབྱར་ཟླ་དྲུག་པ་ནས་རྗེ་འདི་པས་གཙོས་ཚད་ལྡན་དགེ་བའི་བཤེས་གཉེན་རྣམས་ཀྱིས་གཞི་གསུམ་གྱི་ཉམས་ལེན་ཆོས་འདུལ་བའི་དགོངས་པ་ཇི་ལྟ་བ་བཞིན་ཕྱག་བཞེས་ལ་ཐེབས་ངེས་བྱས་ཏེ་བཙུགས། དུས་རྒྱུན་གྱི་ཞལ་འདོན་ལ་མདོ་སྔགས་ཟུང་གི་ཉམས་ལེན་གྱི་གནད་ཡོངས་སུ་རྫོགས་པ་བླ་མཆོད་ཆོ་གའི་ངག་འདོན་གྱི་རིམ་པ་རྣམས་མ་ལུས་པར་མཛད་སྲོལ་བཏོད་པས་ཡུལ་ཕྱོགས་བཀྲ་ཤིས་པའི་རྟེན་འབྲེལ་སྒོ་དུ་མ་ནས་འགྲིགས། སྟོན་ཟླ་འབྲིང་པོ་ནས་སྔར་གྱི་ཁྲག་རླུང་གི་བསྙུན་གཞི་ཆེར་འཕར་ཏེ་སྐུ་ཁམས་ཤིན་ཏུ་མི་དྭངས་པའི་ཚུལ་མཛད་པས། ཕྱག་གཉེར་སོགས་ནས་སྐུ་འབུམ་ཆོས་སྐྱོང་རྣམ་གཉིས་ཀྱིས་གཙོས་ལྷ་དང་བླ་མ་ཐམས་ཅད་ལ་ལུང་བསྟན་ཞུས་པར། ཞབས་བརྟན་རིམ་གྲོ་རྒྱ་ཆེར་ཕབ་ཅིང་།ལུང་བསྟན་རྣམས་སུ་སྐུའི་བསྙུང་གཞི་དྭངས་མི་དྭངས་གཙོ་ཆེར་རྗེ་ཉིད་ཀྱི་དགོངས་པ་ལ་རག་ལས་ཚུལ་རྗེན་པར་གསུངས། མི་ཉག་གྲྭ་ཚང་དུ་སྨན་བླ་གསུང་བ་དང་བཀའ་འགྱུར་གསུང་སྒྲོགས་བྱས། དགའ་ལྡན་དར་རྒྱས་གླིང་གི་དགེ་འདུན་སུམ་ཅུ་ཙམ་གྱིས་སྨན་བླའི་ཆོ་ག་དང་ཆོས་རྒྱལ་གྱི་གཏོར་སྒྲུབ་བཙུགས། བླ་མ་ཨ་ལག་ཤེས་རབ་ནས་ཀྱང་རྣམ་འཇོམས་བུམ་སྒྲུབ་དང་བྱབས་ཁྲུས་ཞུས། བདེ་ཆེན་དཔོན་སློབ་རིན་པོ་ཆེས་ཀྱང་ཞབས་བརྟན་གྱི་སྐོར་མང་དུ་བསྒྲུབས། སྐུ་འབུམ་ཚོགས་ཆེན་དུ་སྨན་བླའི་སྟོང་མཆོད་ཚར་འགའ། བཀའ་འགྱུར། གདུགས་དཀར་སོགས་གསུངས་པ་དང༌། རྒྱུད་སྨན་གྲྭ་ཚང་སོ་སོར་ཞབས་བརྟན་གྱི་སྐོར་རྣམས་རྒྱ་ཆེར་བསྒྲུབས། བླ་བྲང་རང་དུ་གདུགས་དཀར་ཟློག་ཆེན། གཙུག་ཏོར་རྣམ་རྒྱལ་མའི་སྟོང་མཆོད་ཚར་ལྔ། སྒྲོལ་དཀར་གྱི་ཚེ་སྒྲུབ་སོགས་སྤྱི་སྒེར་ཀུན་ནས་ཞབས་བརྟན་ཚད་མེད་པ་བསྒྲུབས། མུ་རི་ཝང་གི་ཤོག་ནས་སྨན་པ་མཁས་པ་ཞིག་བོས་ཏེ་སྨན་ཕུལ་ཡང་ཕན་ཆེར་མ་ཐོགས། འོན་ཀྱང་ཞབས་གྲས་ཐུན་མོང་ནས་སྐུའི་རིམ་གྲོ་རྒྱ་ཆེར་བསྒྲུབས་ཏེ་ཞབས་བརྟན་གནད་དུ་སྨིན་པ་ཞིག་ཕུལ་བས། ཐུགས་རྗེས་ཉེ་བར་གཟིགས་ཏེ་སྐུ་ཅུང་ཟད་དྭངས་པའི་ཚུལ་གནང༌། དེ་ནས་སྐུ་འབུམ་དུ་ཕེབས། བསྙུན་གྱི་མཇུག་མ་དྭངས་པས་སྐུ་ཁམས་སྔར་དང་མི་འདྲའང་སྙིང་རྗེའི་གོ་ཆ་མི་ལྷོད་པས་དོན་གཉེར་བ་མང་པོར་རྣམ་རྒྱལ་ལྷ་དགུ །འཇམ་དབྱངས་དམར་སེར། ཐུབ་པ་དམ་ཚིག་གསུམ་བཀོད། ལྷ་མོ་འོད་ཟེར་ཅན་མ། རི་ཁྲོད་ལོ་མ་གྱོན་མ། ནོར་རྒྱུན་མ། སོར་འབྲང་སོགས་ཀྱི་རྗེས་གནང་དང༌། བླ་མཆོད་དང་ལམ་རིམ་བདེ་ལམ་སོགས་ཀྱི་ལུང་བཅས་སྩལ་ཏེ་རང་རང་གི་རེ་བ་ཡོངས་སུ་སྐོང་བར་མཛད། དགུན་ཟླ་འབྲིང་པོར་ཆོས་སྡེ་ཆེན་པོའི་གདན་ས་བ་བསྟན་པའི་གསལ་བྱེད་ཆེ་ཤོས་མཁན་རིན་པོ་ཆེས་གཙོ་མཛད། སྨན་པ་བླ་ཟུར་ཉ་ཀྱཱ་དགེ་བཤེས་རྒྱལ་མཚན་ནོར་བུ་སོགས་བླ་མཆོད་ཀྱི་དུས་བཟང་བ་ཚོགས་ཡོངས་ནས་གནས་བརྟན་ཆོ་ག་དང་འབྲེལ་བའི་བརྟན་བཞུགས་ཕུལ་བའི་ཐོག །ཆེ་ཤོས་མཁན་རིན་པོ་ཆེས་དུས་ཀྱི་ཐ་མ་འདིར་ཐུབ་བསྟན་འཛིན་སྐྱོང་སྤེལ་བའི་རྒྱུ་ཚོགས་མ་ཚང་བ་མེད་པའི་སྐྱབས་མགོན་ཉིད་ལྟ་བུ་ཞབས་པད་བརྟན་དགོས་ཚུལ་ཚིག་གི་ན་ཡམ་ཙམ་མ་ཡིན་པར་ཐུགས་རྗེ་འཁུལ་ནུས་པའི་ཞུ་འབུལ་གནད་སྨིན་བཅས་ཕུལ། དེ་ནས་བཅད་རྒྱ་བསྡམས་ནས་ཡི་དམ་རྡོ་རྗེ་རྣལ་འབྱོར་མའི་ལྗགས་བསྙེན་ལ་རོལ་ཞིང༌། བདག་འཇུག་ཀྱང་ཡུན་རིང་པོའི་བར་དུ་བཞེས་པར་མཛད། བཅད་རྒྱ་གྲོལ་ཏེ་གསེར་སྐུ་ལི་མ་ཆེ་ཆུང་ལྔ་བཅུ་བརྒལ་བ་ལ་གཟུངས་གཞུག་ཚུལ་བཞིན་དུ་ཕུལ་ཞིང་ནང་རྟེན་གསར་རྙིང་ཐམས་ཅད་ལ་རབ་གནས་མཛད། དཔལ་ལྡན་སྨད་རྒྱུད་གཉིས་པ་གསང་ཆེན་སྔགས་ཀྱི་གྲྭ་ཚང་གི་དཔོན་སློབ་གྲོ་ཚང་ཞབས་དྲུང་སྐལ་བཟང་བཀྲ་ཤིས་རྒྱ་མཚོས་གཙོས་དགེ་འདུན་འདུས་ཚོགས་ཡོངས་ནས་བདེ་མཆོག་དཀར་པོའི་ཚེ་སྒྲུབ་མཛད་པའི་མཇུག་ཏུ་དཔོན་སློབ་རིན་པོ་ཆེས་ཞུ་འབུལ་གནད་སྨིན་གྱི་སྒོ་ནས་ལྷ་རྫས་མཎྜལ། ཚེ་བུམ་བཅས་ཕྱག་ཏུ་ཕུལ་ཏེ་རྒྱུད་པ་གྲྭ་ཚང་འདུས་ཚོགས་ཡོངས་ནས་ཞབས་བརྟན་ཕུལ་བར། རྗེ་ཉིད་ཀྱིས་ཕྱག་ཐལ་མོ་སྦྱར་ཏེ་གུས་པ་ཆེན་པོས་བདག་སོ་སོ་སྐྱེ་བོ་འཆིང་བ་ཀུན་ལྡན་ལ་སྐྱེས་ཆེན་དམ་པ་རྣམས་དང་འདྲ་བའི་རང་དབང་ནི་ག་ལ་མཆིས། དམ་པ་གོང་མ་རྗེ་མི་ཉག་རྡོ་རྗེ་འཆང་དེ་ཉིད་ཀྱི་མཚན་རྣམ་པར་དག་པས་བྱིན་གྱིས་བརླབས་པའི་ཕྲན་བདག་ལ། དེང་དགེ་བའི་ཉིན་འདིར་དཔལ་ལྡན་སྨད་རྒྱུད་ཀྱི་དཔོན་སློབ་རིན་པོ་ཆེས་གཙོས་དགེ་འདུན་འདུས་ཚོགས་ཡོངས་ནས་ཆོས་དམ་ཚིག་གི་འབྲེལ་བ་ཟབ་མོ་ཐུགས་ལ་དགོངས་ཏེ་རྟེན་འབྲེལ་གྱི་ཁྱད་དེ་ལྟར་གནང་བ་ནི་བཀའ་དྲིན་ཤིན་ཏུ་གཞལ་དཀའ་བའི་གནས་ལགས། རྡོ་རྗེ་འཆང་དངོས་སུ་ཕེབས་ནས་འཆི་མེད་ཚེའི་དངོས་གྲུབ་མངོན་གྱུར་དུ་གནང་བ་དང་ཁྱད་མེད། གང་ཡིན་ཀྱང་ཕྲན་རང་ངོས་ནས་ཚེ་ཡུན་རིང་གནས་པའི་ཆེད་དུ་ཟླ་མེད་མཆོག་གསུམ་དམ་པར་གསོལ་འདེབས་བགྱིད། དཔོན་སློབ་རིན་པོ་ཆེ་དང་དགེ་འདུན་འདུས་ཚོགས་ཡོངས་ནས་ཀྱང་བདག་གི་ཆོས་ལྡན་གྱི་བགྱི་བ་གེགས་མེད་འགྲུབ་པའི་སྐྱབས་འཇུག་དང་ཤིས་བརྗོད་ཅིག་གནང་བར་ཞུ་གསུང༌། དེའི་ཕྱི་ཉིན་ནས་སྐུ་ཁམས་སྔར་ལས་ཆེར་དྭངས་ཤིང་ཞལ་འདོན་གྱི་སྐོར་ཡང་བསྙུན་མེད་དུས་ལྟར་མཛད་པས་གྲྭ་སློབ་རྣམས་ཀྱིས་སྐྱེས་བུ་དམ་པའི་ཁྱད་ཆོས་གཞན་དང་མི་འདྲ་བ་རེད། ཁ་སང་རྒྱུད་པ་གྲྭ་ཚང་བྱོན་ནས་ཞབས་བརྟན་ཕུལ་བས་སྐུ་བསྙུན་གྲོལ་ཞིང་མཛད་སྤྱོད་ཐམས་ཅད་སྔར་ལྟར་འདུག་ཅེས་དགའ་བའི་ཅ་ཅོ་སྒྲོགས་པར་གྱུར། དེ་ནས་བསྟན་པའི་སྦྱིན་བདག་མཚོ་སྔོན་ཝང་ཚེ་རིང་དོན་འགྲུབ་སྐུ་འབུམ་དུ་ཕེབས། རྗེ་འདི་པར་མཇལ་ཞིང་སྐུ་མདུན་དུ་ཉིན་ཁ་ཤས་བཞུགས་སྐབས་དཔོན་པོ་ལ། ད་ནི་ངེད་རང་ལོའང་རྒས་ཤིང་ཁྲག་རླུང་སྟོད་འཚང་ལྟ་བུས་འབྱུང་བཞི་ཆེར་མི་སྙོམས་པ་ཡང་ཡང་འོང་ཚུལ་ལ་བལྟས་ན་འཆི་བ་ནམ་ཡོང་མི་ཤེས། དྲིན་ཅན་རྩ་བའི་བླ་མ་རྡོ་རྗེ་འཆང་རྗེ་འཇམ་དབྱངས་བཞད་པ་རིན་པོ་ཆེ་དང་།སྐྱབས་མགོན་ཆུ་བཟང་རིན་པོ་ཆེ་སོགས་ཀྱི་སྐུ་གོང་མ་དེ་དག་ཞིང་གཞན་དུ་གཤེགས་ནས་བདག་ཅག་རྣམས་མགོན་མེད་དུ་གྱུར་པ་སོགས་བསམས་ནའང༌། བདག་ལྟ་བུའི་སོ་སོ་སྐྱེ་བོ་ལྟ་ཅི་སྨོས་ཞེས་སོགས་དུས་ཀྱི་འཕོ་འགྱུར། འཁོར་བ་ལ་ཡིད་བརྟན་མེད་ཚུལ་སོགས་དང་ལེགས་ཉེས་ཀྱི་བླང་དོར་རྣམས་མང་དུ་གསུངས། ལྷག་པར་ངེད་སྔོན་གྲྭ་རྐྱང་ཡིན་དུས་སུ་ཁྱེད་ཀྱི་ཡབ་མེས་སོགས་ཀྱིས་མཐུན་རྐྱེན་བསྒྲུབས་ཏེ་ཆོས་སྡེ་འདིའི་ཆོས་གྲྭར་ཞུགས་སུ་བཅུག་པ་དང༌། དེར་མ་ཟད་ཀུན་མཁྱེན་འཇམ་དབྱངས་བཞད་པ་ཨུརྒེར་གདན་དྲངས་ནས། དུ་ལན་གོལ་གྱི་དགོན་པར་མི་ཏྲ་བརྒྱ་རྩའི་དབང༌། དུས་འཁོར་སོགས་ཀྱི་དབང་གཞན་མང་པོ། རྗེས་གནང་མཐའ་ཡས་པ་སོགས་གནང་དུས། ཝང་ནས་མགོ་འདྲེན་བྱས་ཏེ་སྡེ་ཐོག་ནས་ཁལ་རྟ་ཁྱེར་འོངས་ནས་ངེད་ལ་དབང་ཉན་རྒྱུར་ཡོང་དགོས་གསུང་སྟེ་བཀའ་ཆོས་ཀྱི་སྐོར་ཚང་མ་ཉན་དུ་བཅུག་པ་སོགས་གང་ཐད་ནས་བསམ་ནའང་བདག་ལ་དྲིན་ཅན་གྱི་ཕ་མ་ལས་ཀྱང་དྲིན་ཤིན་ཏུ་ཆེ། ཡབ་མེས་ཀྱི་འབྲེལ་བ་དེ་ཚོ་ཐུགས་ལ་བཞག་སྟེ་ཕྱིས་སུ་བདག་གི་ཆོས་ལྡན་གྱི་བྱ་བ་གང་ཡོད་ཐམས་ཅད་དཔོན་པོ་ཉིད་ནས་ཐུགས་ལ་འཛིན་དགོས། སླར་ཡང་བསྐྱར་ཨེ་ཐུག་མི་ཤེས་པས་ངས་གང་ཞུས་ཐམས་ཅད་ཐུགས་ནས་མ་བརྗེད་ཅེས་གསུངས་པས། དཔོན་པོས་ཀྱང་རང་གི་དྲིན་ཅན་རྩ་བའི་བླ་མའི་བཀའ་ལས་འདའ་མི་ཉན་པའི་ཚུལ་ཞིབ་རྒྱས་ཞུས་ཏེ། གསུང་ལྟར་རང་གིས་གང་ལྕོགས་ཀྱི་ཞབས་འདེགས་བྱས་ཆོག་ཅེས་ཞུས། ཝང་གིས་ལྷ་རྫས་མཎྜལ། སྐུ་གསུང་ཐུགས་རྟེན་སོགས་ཀྱི་མཆོད་སྤྲིན་དང་བཅས་བརྟན་བཞུགས་དང་ཞུ་འབུལ་རྒྱས་པ་ཕུལ། དཔོན་པོའི་མངའ་འོག་གི་སྨན་པ་མཁས་པ་བྱམས་པ་ཨེམྖི་ལ་དཔོན་རིན་པོ་ཆེས་བཀའ་ཕེབས་ཏེ་སྐུ་མདུན་དུ་འདུག་ཏུ་བཅུག་ནས་དེས་ཀྱང་སྐུ་ཁམས་དང་བསྟུན་ཏེ་སྨན་ཕུལ། དེ་ནས་བཅད་རྒྱའི་ངང་ལ་ཕྱག་མཆོད་ཡན་ལག་བདུན་པ་མཎྜལ་དང་བཅས་པ་སོགས་གཙོར་འདོན་གྱིས་ཡུན་རིང་པོའི་བར་དུ་བཞུགས། བླ་བྲང་རང་ནས་ཞབས་བརྟན་དུ་རྣམ་རྒྱལ་མའི་སྟོང་མཆོད་དང་བཀའ་འགྱུར་ཀློག་འདོན་སོགས་གནད་སྨིན་བསྒྲུབས་ཏེ་ཡོན་འབུལ་ཡང་གཟབས། དགུང་ལོ་དྲུག་ཅུ་རེ་གསུམ་པ་དབང་ཕྱུག་ཅེས་པ་མེ་གླང་གནམ་ལོ་གསར་བཞད་ཀྱི་ཉིན་ཞབས་དྲུང་དང་ཕྱག་མཛོད་ཆེ་ཆིང་ཆོས་རྗེ་གཉིས་ཀྱིས་གཙོས་གྲྭ་རིགས་ཐུན་མོང་ནས་མཁའ་འགྲོའི་བརྟན་བཞུགས་དང་འབྲེལ་བར་ལྷ་རྫས་མཎྜལ། སྐུ་གསུང་ཐུགས་རྟེན་བཅས་ཕུལ་ཏེ་ཞབས་བརྟན་གྱི་རྟེན་འབྲེལ་ལེགས་པར་བསྒྲིགས། སྟོད་སྨད་ཀྱི་སྦྱིན་བདག་སེར་སྐྱ་དྲག་ཞན་ལྔ་བརྒྱ་བརྒལ་བ་ལ་ཕྱག་དབང༌། རྗེས་གནང༌། ལུང་ཁྲིད་སོགས་སོ་སོའི་འདོད་པ་ལྟར་ཡིད་ཚིམ་ངེས་བཀའ་དྲིན་བསྐྱང༌། ཨོར་དུ་སུ་ཤོག་གི་ཞབས་དྲུང་ངག་དབང་དཔལ་ལྡན་ཉི་མ་སོགས་བསྒྲུབ་བྱ་སུམ་ཅུ་ལྷག་ལ་དགེ་སློང་གི་སྡོམ་པ་སྩལ་ནས་ཐར་པའི་ས་བོན་བསྐྲུན། ཆ་ཧར་ཤོག་གི་ཐོ་ཡོན་རྣམ་རྒྱལ་ཟླ་བ་དང༌། ནེ་མན་ཤོག་གི་དགེ་བཤེས་ངག་དབང་བསྟན་འཛིན་གཉིས་ནས་དབྱངས་ཅན་མ་དཀར་དམར་ནོར་རྒྱུན་མ་སོགས་ཀྱི་རྗེས་གནང་ཞུས་པའི་འདུན་པ་བསྐངས། དྲུང་ཡིག་མཆོད་དཔོན་དགེ་སློང་ཚུལ་ཁྲིམས་བསྟན་འཛིན་གྱིས་འཇམ་དབྱངས་དཀར་པོའི་རྗེས་གནང་དང་དེའི་མངོན་རྟོགས་ཀྱི་ལུང་ཞུས་པ་ལྟར་བཀའ་དྲིན་དུ་སྩལ། མཚན་སྒྲོགས་མཁན་ཆེན་བློ་བཟང་དར་རྒྱས་ཀྱི་སྤྲུལ་སྐུ་ལ་བསྙེན་རྫོགས་ཀྱི་སྡོམ་པ་གནང་ནས་ངུར་སྨྲིག་གི་རྒྱལ་མཚན་བསྒྲེངས། དེ་ནས་ཕྱག་དཔེའི་སྐོར་ལ་ཡུན་རིང་དུ་གཟིགས་རྟོག་རྒྱ་ཆེར་གནང་ཞིང་འཐོར་བསྡེབས་ཆད་བསབ་ཐོ་གསལ་སོགས་ཞིབ་ཏིག་མཛད། ཚོགས་ཆེན་འདུ་ཁང་གསར་བསྐྲུན་གྱི་མཁར་ལས་ལ་བརྟེན་ཚོགས་ཆེན་རྒྱུད་གྲྭའི་འདུ་ཁང་དུ་ཚོགས་ཤིང༌། རྒྱུད་པ་གྲྭ་ཚང་གི་དཔྱིད་ཆོས་རྣམས་རྗེ་རང་གི་བླ་བྲང་དུ་བཙུགས་པ་ལ་བསྙེན་བཀུར་གཟབ་རྒྱས་ཞུས། དབྱར་ཟླ་དང་པོའི་ནང་ནས་སྔར་གྱི་བསྙུན་གཞི་ཆེས་ཆར་འཕར་ཏེ་ཕྱག་གཉེར་ཐུན་མོང་ནས་སྐུ་འབུམ་ཆོས་སྐྱོང་སོགས་ལྷ་བླ་མ་ཐམས་ཅད་ལ་ལུང་བསྟན་ཞུས་པར། གཙོ་ཆེར་སྐུ་ཞབས་ཉིད་ཀྱི་ཐུགས་བསྐྱེད་ལ་རག་ལས་ཚུལ་རྗེན་པར་གསུང་ཞིང་ཞབས་བརྟན་རིམ་འགྲོའང་རྒྱ་ཆེར་བབས། རྗེ་ཉིད་ལ་ཞུས་པར། ང་ལ་རིམ་གྲོ་སྨན་བླའི་ཆོ་ག་མཆོད་པ་རྒྱ་གང་ཆེ་དང་བཅས་གནད་དུ་འགྲོ་ངེས་པ་ཆེས་མང་པོ་བསྒྲུབ་ན་དེས་ཆོག་ཅེས་གསུངས་པས། ཚོགས་ཆེན་དུ་གཙང་ཞིང་གྱ་ནོམ་པའི་མཆོད་པ་ཤིན་ཏུ་རྒྱ་ཆེན་པོ་དང་བཅས་སྨན་བླའི་སྟོང་མཆོད་ཚར་མང་པོ་བསྒྲུབས་ཤིང་དགེ་འདུན་རྣམས་ལ་བསྙེན་བཀུར་ཡང་ཕུལ་དུ་ཕྱིན་པ་ཞུས། ཞབས་ཕྱི་བ་རྣམས་ནས་སྤྱི་བསྡུས་ཀྱིས་ཚོགས་ཆེན་དང་གྲྭ་ཚང་སོ་སོར་མང་ཇ། གྲྭ་ཇ། སྤོམ་བཏེག་རྒྱ་གང་ཆེ་ཕུལ་ཏེ་བཀའ་འགྱུར་དང་བསྟན་འགྱུར་དག་ཚར། གདུགས་ཤེར་སྒྲོལ་མ་སོགས་འགྲོ་གང་ཆེ་དང༌། བླ་བྲང་རང་དུ་རྣམ་རྒྱལ་མའི་སྟོང་མཆོད་ཚར་ལྔ་ཙམ། སེང་གདོང་མའི་གཏོར་ཟློག །གཙུག་ཏོར་ཟློག་ཆེན། སྒྲོལ་དཀར་གྱི་ཚེ་སྒྲུབ། སྒྲོལ་མ་མཎྜལ་བཞི་ཆོག་ཚར་བརྒྱ་ཕྲག་སོགས་ཞབས་བརྟན་གྱི་སྐོར་རྒྱ་ཆེན་པོ་བསྒྲུབས། དར་རྒྱས་གུང་གི་སྡེ་ཐོག་ནས་སྨན་པ་མཁས་པ་ཞིག་བོས་ཏེ་སྨན་ཕུལ་ཡང་ཕན་མ་ཐོགས་པས། ཉིད་ཀྱི་ཞལ་ནས་སྨན་པའི་སྨན་གྱིས་ཕན་མི་ཐོགས། དེ་བས་དཀོན་མཆོག་ལ་བློ་བཀལ་ན་སྐྱོན་མེད་འགྲོ་གསུང་ཞིང་སྐུ་ཁམས་ཅུང་ཟད་བདེ་ཉམས་བྱུང༌། དེའི་མཚམས་སུ་ཧལ་ཧའི་ཕྱོགས་ཀྱི་རི་ཁྲོད་པ་ཐོ་ཡོན་ཚེ་རིང་སྐྱབས་ནས་གཅོད་ནམ་མཁའ་སྒོ་འབྱེད་ཀྱི་དབང་ཞུས་པར། སྤྱིའི་ཆོས་བཤད་མདོ་རྒྱུད་ཁུངས་དང་གཞུང་བཤད་དངོས་གཞི་ལ་མན་ངག་ཞལ་ཤེས་སོགས་རྗེན་པར་སྩལ་ཏེ་དགྱེས་ཉམས་དང་བཅས་བཤེས་གཉེན་བཅུ་ལྷག་ཙམ་ལ་གནང༌། དེ་དུས་སྐུ་བསྙུན་བཞེས་ཚུལ་ཡེ་མེད་པར་ཁམས་བདེ་སྐབས་བཞིན་དུ་སྩལ་བས་བཀའ་ཆོས་ཀྱི་ཐ་མ་འདི་ཡིན་འདུག་ལ། ཆོས་མཇུག་འདིར་ཁེལ་བ་རྟེན་འབྲེལ་གྱི་དབང་ཞིག་ཏུ་ཐལ་བར་མངོན། དེ་ནས་རྒྱུད་པ་གྲྭ་ཚང་གི་དབྱར་གྱི་ཆོས་ཐོག་ཀྱང་འདི་གའི་བླ་བྲང་དུ་ཚུགས་ཡོད་སྟབས། ཉིད་ཀྱི་ཐུགས་བཞེད་ལ་གྲྭ་ཚང་རིན་པོ་ཆེའི་ཁྲུས་དབང་གསན་འདུན་བྱུང་བ་ལྟར། རྒྱུད་པའི་དཔོན་སློབ་གསེར་ཏོག་ནོ་མོན་ཧན་རིན་པོ་ཆེའི་སྤྲུལ་བའི་སྐུ་ཡེ་ཤེས་ཐུབ་བསྟན་རྒྱ་མཚོའི་ཞལ་སྔ་ནས་ཀྱིས་དབུ་མཛད་འདུས་ཚོགས་ཡོངས་ལ་ཉིན་བདུན་གྱི་རིང་བསྙེན་བཀུར་གྱ་ནོམ་པ་ཞུས་པའི་སྟེང་ནས་ཁྲུས་དབང་གསན། ཞལ་ནས། གྲྭ་ཚང་བྱིན་རླབས་ཅན་འདི་འདྲ་བའི་དྲུང་ནས་ཁྲུས་དབང་ཉན་རྒྱུ་ཕར་ཞོག་ཡང་ཡང་མཇལ་རྒྱུའང་དཀའ་བས་ད་ལན་སྐལ་བ་བཟང་ཞེས་གསུངས་ཏེ། སྐྱེ་བོ་རྣམས་བསོད་ནམས་ཀྱི་ཞིང་ལ་གུས་པ་བསྐྱེད་པའི་ཐབས་མཁས་དང་དགོངས་གཞི་གཞན་ཡང་ཡོད་པར་མངོན། དགེ་བའི་བཤེས་གཉེན་ཨ་ལག་ཤེས་རབ་ཀྱིས་རྣམ་འཇོམས་བུམ་སྒྲུབ་ཡུན་རིང་མཛད་ནས་བཀྲུས་བྱབས་སྲུང་བའི་རིམ་པ་སོགས་ཀྱང་ཡང་ཡང་ཞུས། དེ་ནས་ཁྲི་གའི་ཕྱོགས་ཀྱི་རྟེན་གྲུའི་ལྷ་ཁང་ཡུལ་ཕྱོགས་དེའི་དད་ལྡན་ཚང་མས་ཁུར་བླང་གིས་གསར་བཞེངས་བྱས་པའི་སྟེང་དུ་རྗེ་ཉིད་ནས་ཕུན་སུམ་ཚོགས་པའི་གཟི་བརྗིད་ཀྱི་འོད་ཟེར་ཕྱོགས་ཐམས་ཅད་དུ་འཕྲོ་ཞིང༌། བཀྲ་ཤིས་པའི་དཔལ་གྱིས་ཀུན་ནས་ལྷམ་མེར་བྱས་པ་རིན་པོ་ཆེ་ས་ལེ་སྦྲམ་གྱི་གཉྫི་ར་མཐོ་ཁྱད་དང་ལྡན་པ་གཟུངས་འབུལ་རབ་གནས་སོགས་ཀྱིས་བྱིན་རླབས་མི་ཟད་པའི་གཏེར་དུ་བསྒྲུབས་པ་འཛུག་པར་མཛད། དེའང་གཉྫི་ར་ཞེས་པ་ནི་བོད་ཀྱི་སྐད་དུ་མཛོད་ལྡན་ཞེས་པ་ཡིན་པས། ཆོས་སྲིད་དཔལ་འབྱོར་གྱི་བང་མཛོད་ཟད་མི་ཤེས་པའི་དགའ་སྟོན་ལ་འདོད་དགུར་ལོངས་སྤྱོད་པའི་རྟེན་འབྲེལ་གྱི་སྒོ་འཕར་ཕྱེ་བ་ཡིན་པར་མངོན། ལེགས་བྱས་དགེ་མཚན་དེ་ཉིད་སུ་པྲ་ཏིཥྛ་བཛྲ་ཞེས་རབ་ཏུ་བརྟན་པའི་རྡོ་རྗེའི་རང་བཞིན་དུ་བྱ་བའི་ཕྱིར། ཁྲི་ཚབ་དགེ་བའི་བཤེས་གཉེན་ཤེས་རབ་དབང་ཕྱུག་ལ་གསུང་ཡིག་བསྐུར་ཏེ། ཡང་བསྐྱར་དུའང་རབ་གནས་སོགས་དགེ་ལེགས་སྤེལ་བའི་ཆོ་ག་རྒྱ་ཆེར་བྱེད་དུ་བཅུག །དེ་བཞིན་དུ་བཤད་སྒྲུབ་བསྟན་པའི་འབྱུང་གནས་ཆོས་གྲྭ་ཆེན་པོ་སྐུ་འབུམ་བྱམས་པ་གླིང་གི་རིག་གྲོལ་འཕགས་ཚོགས་འདུ་བའི་བསྟི་གནས་འདུ་ཁང་ཆེན་མོ་གསར་བསྐྲུན་གྱི་སྟེང་དུའང་གསེར་གྱི་འཁོར་ལོ་ཤིན་ཏུ་ཆེ་བ་ཉིན་བྱེད་གཞོན་ནུའི་གཟི་འོད་མངོན་པར་འཕྲོ་ཞིང༌།བྱིན་རླབས་རྟེན་གྱིས་གཏམས་པས་མི་ཤིས་རྒུད་པའི་མུན་པ་དྲུངས་ནས་འབྱིན་ནུས་པ། གཡས་གཡོན་དུ་དེ་ལས་དམའ་བའི་རི་དྭགས་ཕོ་མོའི་གཟུགས་དང་བཅས་པ་འཇོག་པར་མཛད། འདི་ནི་དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་ལ་འབྱུང་ཞིང༌། དེའི་རྒྱུ་མཚན་སངས་རྒྱས་བཅོམ་ལྡན་འདས་མི་འཇིགས་པ་བཞི་ལ་མངའ་བརྙེས་ཏེ་སེང་གེའི་སྒྲ་བསྒྲགས་པ་ན་སྨྲ་བ་ངན་པའི་རི་སྐྱེས་མཐའ་དག་ཟིལ་གྱིས་གནོན་པ་ལ་བཤད་པ་དང༌། ཡང་རི་དྭགས་རྣམས་སྒྲ་ལ་དགའ་བས་ཆོས་ཀྱི་སྒྲ་དབྱངས་སྙན་པར་བསྒྲགས་ཏེ་ཐར་འདོད་ཀྱི་གདུལ་བྱ་མ་ལུས་པ་མགྲོན་དུ་འགུག་པ་ལ་བཤད་པ་དང༌། དངོས་གནས་ལའང་བཅོམ་ལྡན་འདས་ཀྱིས་ཝ་ར་ཎཱ་སིར་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚེ་རི་དྭགས་རུ་རུ་གསེར་གྱི་མདོག་ཅན་གཉིས་དེར་འོངས་ནས་ཆོས་ཉན་པའི་རྟེན་འབྲེལ་ལ་བཤད་པ་སོགས་གང་ལྟར་ཡང་སྐུ་འཕྲེང་ཕྱི་མ་རྣམས་སུ་གདན་ས་ཆེན་པོ་འདིས་མཚོན་ཡངས་པའི་འཇིག་རྟེན་ཀུན་ཏུ་ཆོས་ཀྱི་འཁོར་ལོ་བརྒྱུད་མར་བསྐོར་ཏེ་བློ་བཟང་རྒྱལ་བའི་བསྟན་པ་ལ་ལོག་པར་འཁུ་བ་རྣམས་ཟིལ་གྱིས་གནོན་ཅིང་ཐར་འདོད་ཡོངས་ཀྱི་རེ་བ་སྐོང་བའི་རྟེན་འབྲེལ་རྨད་དུ་བྱུང་བ་བསྒྲིག་པར་མཛད་པ་ཡིན་ནོ། །

དེའང་རྣམ་པར་ཐར་པའི་སྤྱིའི་ཁོག་འབུབ་ལུགས་ནི། བཀའ་གདམས་གོང་མ་རྣམས་བསྟན་པ་ཐམས་ཅད་འགལ་མེད་དང༌། གསུང་རབ་མ་ལུས་གདམས་པར་ཤར་བ་གཅིག་ལ་དྲ་ཕད་དུ་བལ་བཅུག་པ་རེ་མིག་གང་ནས་དྲངས་ཀྱང་རྫོགས་པར་ཐོན་པ་བཞིན་རང་གིས་ཉམས་སུ་ལེན་ནའང་དམིགས་སྐོར་གཅིག་གི་ནང་དུ་སྦྱོར་བའི་བསྒོམ་བྱའི་རྣམ་པ་མཐའ་དག་མ་ཚང་བ་མེད་པར་བསྡུས་སྒོམ་དུ་བྱས་ཆོག་པ་དང༌། གཞན་ལ་སྟོན་པ་ནའང་གང་ནས་བཤད་ཀྱང་རུང་བ། ཅི་ཙམ་བཤད་ཀྱང་རན་པ། ཇི་ལྟར་བཤད་ཀྱང་འབྲེལ་བ་ཞིག་འོང་བར་གསུང་བ་ལྟར། དམ་པའི་རྣམ་པར་ཐར་པའང་ཆེན་པོ་བདུན་དུ་བསྡུས་ཏེ་བཤད་པའམ། ཕར་ཕྱིན་དྲུག་ཏུ་བསྡུས་ཏེ་བཤད་པའམ། སྟོབས་ལྔར་བསྡུས་ཏེ་བཤད་པའམ། བསྡུ་བའི་དངོས་པོ་བཞིར་བསྡུས་ཏེ་བཤད་པའམ། བསླབ་པ་གསུམ་དུ་བསྡུས་ཏེ་བཤད་པའམ། ཚོགས་གཉིས་ཀྱི་སྤྱོད་པ་དང་ལམ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཉམས་ལེན་གཉིས་སུ་བསྡུས་ཏེ་བཤད་པའམ། བྱང་ཆུབ་ལམ་གྱི་རིམ་པའི་ལུས་གཅིག་ཏུ་དྲིལ་ཏེ་བཤད་པ་སོགས་གང་བྱས་ཀྱང་རྣམ་ཐར་ཐམས་ཅད་དེའི་ཁུངས་སུ་འདུ་ཞིང་འབྲེལ་ཆགས་པ་ཞིག་འབྱུང་མོད། ད་ལྟ་ཡོངས་སུ་གྲགས་པའི་ས་བཅད་ལེན་ལུགས་མཁས་བཙུན་བཟང་གསུམ། ལྟ་སྒོམ་སྤྱོད་གསུམ། མཁྱེན་བརྩེ་ནུས་གསུམ། བསླབ་པ་གསུམ་སོགས་ལ་སྦྱོར་བ་རྣམས་གཙོ་བོར་བྱེད་པར་སྣང་ལ། དེ་རྣམས་ཀྱང་ཚད་མ་རྣམ་འགྲེལ་ལས། ཤེས་ལ་ཡོད་པའི་དོན་དེ་རྣམས། །འདི་ལྟར་ལྡོག་པའི་དངོས་པོ་ཅན། །ཞེས་དང༌། བྱང་ཆུབ་སེམས་འགྲེལ་ལས། བྱས་དང་མི་རྟག་དག་བཞིན་ནོ། །ཞེས་པ་ལྟར་ལྡོག་པ་ཐ་དད་ལ་ལྟོས་པ་དང་དགོས་ནུས་ཀྱིས་ཕྱེ་བའི་ལྡོག་ཆ་ཐ་དད་ཙམ་གྱི་གོ་བ་སྟེར་ལུགས་མི་འདྲ་བ་རེ་ཡོད་ཀྱང༌། རྗེ་བླ་མས་བྱང་ཆུབ་ལམ་རིམ་ཆེན་མོར་བཤེས་གཉེན་གྱི་མཚན་ཉིད་སྟོན་པའི་རིམ་པ་ཐམས་ཅད་ལས་བསྟན་པ་སྤྱི་བབ་དང་མཐུན་པའི་རྒྱུད་འདུལ་ལུགས་ཤིག་གལ་ཆེ་བས་མདོ་སྡེ་རྒྱན་གྱིས་བསླབ་པ་གསུམ་དང་སྦྱར་བའི་རྒྱུད་འདུལ་ཚུལ་འདི་གཙོ་བོར་བྱེད་དགོས་པར་གསུངས་པ་བཞིན་ཡིན་ཏེ། དེའི་རྒྱུ་མཚན་ནི་སངས་རྒྱས་ཀྱིས་ཆོས་ཕུང་ཇི་སྙེད་ཅིག་གསུངས་པ་ཐམས་ཅད་གདུལ་བྱའི་རྒྱུད་འདུལ་བའི་ཐབས་སུ་གསུངས་པ་ཤ་སྟག་ཡིན་ལ། རྒྱུད་འདུལ་ཚུལ་ཉོན་མོངས་པའི་འཆིང་བ་དྲུངས་ནས་འབྱིན་བྱེད་ལྷག་པའི་ཤེས་རབ་ཡིན་ཀྱང༌། དེ་ལ་སྔོན་དུ་མངོན་གྱུར་པ་མགོ་གནོན་པའི་ཏིང་ངེ་འཛིན་དང༌། དེ་ལ་ཉེས་སྤྱོད་རགས་པ་བཟློག་པའི་ཚུལ་ཁྲིམས་སྔོན་དུ་འགྲོ་བས་བརྗོད་བྱ་རྟོགས་པའི་བསྟན་པ་ཐམས་ཅད་བསླབ་པ་གསུམ་དུ་ངེས། དེའི་རྒྱུ་མཚན་གྱིས་རྗོད་བྱེད་ལུང་གི་བསྟན་པ་ཐམས་ཅད་སྡེ་སྣོད་གསུམ་དུ་འདུ་བ་དང༌། དེ་འཛིན་པའི་ཚུལ་ཡང་བཤད་པ་དང་སྒྲུབ་པ་གཉིས་སུ་ཁ་ཚོན་ཆོད་པར་གསུང་སྟེ། མཛོད་ལས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་པ་སྨྲ་བྱེད་པ། །སྒྲུབ་པར་བྱེད་པ་ཁོ་ན་ཡིན། །ཞེས་གསུངས་སོ། །དེ་ལྟར་བྱས་ན་དོན་ཚན་གཞན་རྣམས་ཀྱང་འདིའི་ཁོངས་སུ་འདུ་སྟེ། མཁས་བཙུན་བཟང་གསུམ་ཞེས་པའི་མཁས་པ་ནི་ལྷག་པ་ཤེས་རབ་ཀྱི་བསླབ་པའི་ཡོན་ཏན་དང༌། བཙུན་པ་ནི་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པའི་ཡོན་ཏན་ཡིན། བཟང་པོ་ཞེས་པ་བྱང་ཆུབ་ཀྱི་སེམས་དང་དེས་ཟིན་པའི་སྤྱོད་པའི་མིང་ཡིན་ཞིང༌། ཐུན་མོང་མ་ཡིན་པའི་ཏིང་ངེ་འཛིན་ནི་གཙོ་བོ་བྱང་ཆུབ་ཀྱི་སེམས་ལ་བྱེད་དགོས་པས་སྤྱོད་འཇུག་ཏུ་བསམ་གཏན་གྱི་ལེའུར་བྱང་ཆུབ་ཀྱི་སེམས་བསྐྱེད་ཚུལ་རྒྱས་པར་གསུངས་པ་དང༌། རྒྱན་སྣང་ལས་ཀྱང༌། ཐེག་པ་གཞན་དང་མ་འདྲེས་པའི་སེམས་རྩེ་གཅིག་པ་དང༌། ཞེས་བསམ་གཏན་གྱིས་རྩེ་གཅིག་ཏུ་བྱེད་ཚུལ་བྱིང་རྒོད་ཁེགས་པ་ཙམ་ལ་མི་བྱེད་པར་ཉན་རང་གི་ཡིད་བྱེད་སོགས་དང་མ་འདྲེས་པ་གལ་ཆེ་བར་གསུངས་པས་ཤེས་སོ། །ལྟ་སྒོམ་སྤྱོད་གསུམ་ནི་བོད་ཀྱི་བརྡ་སྦྱོར་ཚུལ་ཙམ་མ་གཏོགས། ལྟ་བ་ཤེས་རབ་སྒོམ་པ་ཏིང་འཛིན། སྤྱོད་པ་ཚུལ་ཁྲིམས་ལས་གཞན་དུ་མེད་དོ། །འཆད་རྩོད་རྩོམ་གསུམ་ནི་མཁས་པའི་ཡོན་ཏན་ཤེས་རབ་ཀྱི་བསླབ་པའི་ཁོངས་སུ་བསྡུས་སོ། །མཁྱེན་བརྩེ་ནུས་གསུམ་ཡང༌། མཁྱེན་པ་ཤེས་རབ་ཀྱི་བསླབ་པ་དང༌། བརྩེ་བ་གོང་དུ་སྙིང་རྗེའི་སྙིང་པོ་ཅན་གྱི་བྱང་ཆུབ་ཀྱི་སེམས་ཏིང་འཛིན་གྱི་བསླབ་པའི་གཙོ་བོར་བཤད་པ་དེ་བཞིན་ཡིན་ལ། ནུས་པ་ནི། ཏིང་ངེ་འཛིན་ལས་བསམ་པའི་དོན། །འབྱོར་པ་ཐམས་ཅད་སྐྱེ་བར་འགྱུར། །ཞེས་མི་འདོད་པ་སེལ་བ་དང༌། འདོད་དོན་སྒྲུབ་པའི་ནུས་པ་ཐམས་ཅད་ཏིང་ངེ་འཛིན་ལས་འབྱུང་བར་གསུངས་པས་དེར་ཡང་སྦྱར་ཆོག་མོད། འོན་ཀྱང་གསང་སྔགས་ཀྱི་ལས་རབ་འབྱམས་འགྲུབ་པའི་ནུས་པ་འབྱུང་བ། དང་པོ་ཚུལ་ཁྲིམས་ཀྱི་རྩ་བ་ཚུགས་པ་ལ་རག་ལས་པའི་ཚུལ་དཔུང་བཟང་གི་རྒྱུད་ལས། སྔགས་ཀྱི་རྩ་བ་དང་པོར་ཚུལ་ཁྲིམས་ཏེ། །ཞེས་དང༌། འཇམ་དཔལ་རྩ་རྒྱུད་ལས། ཚུལ་ཁྲིམས་འཆལ་ལ་ཐུབ་དབང་གིས། །སྔགས་འགྲུབ་པར་ནི་མ་གསུངས་ཏེ། །ཞེས་གསུངས་པའི་ཕྱིར། འདིར་ནུས་པའི་ཡོན་ཏན་གཙོ་བོར་ཚུལ་ཁྲིམས་ཀྱི་ལག་རྗེས་ལ་སྦྱར་ནས་བཤད་ན་འབྲེལ་ཆེའོ། །དེས་ན་དང་པོ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པའི་ཡོན་ཏན་ནི་སྟོན་པའི་གདུང་འཚོབ་འདུལ་བ་འཛིན་པ་ཆེན་པོ་བུམ་པར་ཚུལ་ཁྲིམས་རྒྱ་མཚོ་དང༌། དགེ་ལྡན་བསྟན་པའི་མངའ་བདག་སྐྱབས་མགོན་ཆུ་བཟང་རིན་པོ་ཆེ་རྣམས་ཀྱི་དྲུང་ནས་སོ་ཐར་གྱི་ཚིགས་སྔ་ཕྱིའི་སྡོམ་པ་བཞེས་ཏེ་བསྟན་པའི་སྒོར་ཞུགས། རིགས་བརྒྱའི་ཁྱབ་བདག་ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེ་དང༌། དཔལ་ལྡན་རྡོ་རྗེ་འཛིན་པ་ཆེན་པོ་ཆུ་རུ་ཁ་པ་སོགས་ཕྱི་ནང་གི་དེ་ཉིད་ཉི་ཤུ་དང་ལྡན་པའི་རྡོ་རྗེ་སློབ་དཔོན་དུ་མའི་དྲུང་ནས་དབང་བསྐུར་རྣམ་པར་དག་པས་གསང་བ་སྔགས་ཀྱི་ལམ་དུ་སྨིན་པར་མཛད། དེ་ནས་བཟུང་སྟེ་སྒོ་གསུམ་བག་མེད་པའི་དབང་དུ་སྐད་ཅིག་ཙམ་ཡང་མི་གཏོང་བར། དྲན་ཤེས་ཀྱི་བྱ་ར་གཡེལ་བ་མེད་པས་སྡོམ་པ་གསུམ་གྱི་བཅས་མཚམས་ལས་ཅུང་ཟད་ཀྱང་མི་འདའ་བར་མིག་གི་འབྲས་བུ་བཞིན་དུ་བསྲུང་བ་ཁོ་ན་སྒྲུབ་པའི་སྙིང་པོ་དང་ཉམས་ལེན་གྱི་མཐིལ་དུ་མཛད་པར་སྣང་སྟེ། ཐུགས་དམ་བཅད་རྒྱ་མཛད་པའི་སྐབས་ཐམས་ཅད་ལའང་དབང་སྡུད་ཚེ་སྒྲུབ་སོགས་མི་གནང་བར་ལམ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཁྲིད་དམིགས་སྐྱོང་བ་དང༌། ལྷག་པར་བདག་ཉིད་འཇུག་ཅིང་དབང་བླངས་པའི་སྒོ་ནས་དམ་ཚིག་གསོ་བ་རྩལ་འདོན་མཛད། བརྒྱ་ལ་ཉེས་པ་ཕྲ་མོ་རེས་གོས་ནའང་ལྟུང་བཤགས་དང་སྡོམ་པ་སོ་སོའི་ཕྱིར་བཅོས་ཚུལ་བཞིན་མཛད་དེ་རྒྱ་མཚོ་རོ་དང་མི་འགྲོགས་པ་ལྟར་ལྟུང་བ་དང་ཞག་ཏུ་མི་འགྲོགས་པ་ཇོ་བོ་ཨ་ཏི་ཤའི་རྣམ་ཐར་བསྐྱངས། རྒྱུན་ཁྱེར་ཆག་མེད་ཀྱི་ཐུགས་དམ་མཛད་ཚུལ་ཡང༌། དགུང་ལོ་ཉེར་གསུམ་གྱི་སྐབས་ནས་བཟུང་སྐུ་ཚེ་ཧྲིལ་བོར་དུས་རྒྱུན་ཞོགས་ཀ་སྔ་བར་བཞེངས་ནས་ལྟུང་བཤགས་དང་སྤྱི་བཤགས་ཚར་ཉེར་གཅིག་གི་རིང་ལ་ཕྱག་སྦྱང་མཛད་པའི་མཐར་ཡན་ལག་བདུན་པ་མཎྜལ་བཅས་པ་ཕུལ་ཏེ་ལམ་རིམ་གྱི་ཁྲིད་དམིགས་ཆ་ཚང་བ་རྒྱས་བསྡུས་ཅི་རིགས་དང༌། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་བསྐྱེད་རྫོགས་ཀྱི་དམིགས་རིམ་གཙོ་བོར་གྱུར་པའི་སྔགས་ཀྱི་ཟབ་ཁྲིད་མང་པོ་སྐྱོང་བར་མཛད། ནངས་ཇ་བཞེས་ནས་དྲོས་ཇའི་བར་ལ། བླ་མའི་རྣལ་འབྱོར་དང་རྗེའི་གསུང་གི་བསྟོད་ཆེན་བཞི། ས་གསུམ་མ། རྒྱན་འཇུག་དང་བརྒྱད་སྟོང་གང་འགྲོ། བླ་མཆོད་ཆོ་ག །ཕྱག་ཆེན་རྩ་བ་སོགས་གསུང་སྟེ་ཟབ་རྒྱས་ཀྱི་ལམ་ལ་ཤར་སྒོམ་རྩལ་འདོན་གནང༌། དུས་མཚམས་སོ་སོར་ཐུན་དྲུག་གི་རྣལ་འབྱོར་ཡོལ་བ་མེད་པར་སྐྱོང་ཞིང་སྐབས་གང་བདེར་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་བསྐྱེད་རིམ་ཟབ་གནད་ཚང་བའི་ཉམས་བཞེས་གཙོར་འདོན་གྱི་སྒོ་ནས་ཨོཾ་གསུམ་མའི་བཟླས་པ་མང་ཉུང་གང་ལྕོགས་དང་འདུས་པའི་རྩ་རྒྱུད་ཀྱང་ཞལ་འདོན་མཛད། ཕྱི་དྲོའི་ཆར་སྒྲོལ་འདོན་རྒྱས་བསྡུས་ཅི་རིགས་དང༌། ཡི་དམ་རྡོ་རྗེ་འཇིགས་བྱེད་ཀྱི་བདག་བསྐྱེད་བཟླས་པ་གང་འགྲོ་དང་བཅས་པའི་མཐར་ཆོས་སྲུང་སྤྱིའི་གཏོར་འབུལ་གང་རྒྱས་དང་གཅོད་ཀྱི་ཉམས་བཞེས། གཟིམ་ཁར་ཡང་ཐུན་དྲུག་རྣལ་འབྱོར་གྱི་ཁོངས་ནས་ལྟུང་བའི་བསྔོ་བགྲང་དང་ཕྱིར་བཅོས་གནད་སྨིན་སོགས་མཛད་དེ་ཉིན་རེ་བཞིན་བྲེལ་གཡེང་ཇི་ལྟར་བྱུང་ཡང་ཐུགས་དམ་ཞལ་འདོན་གྱི་རིགས་དེ་རྣམས་ཆག་མེད་གནང༌། ཕྱོགས་གཞན་དུ་ཕེབས་པའི་ཚེའང་ཐུབ་དབང་གི་སྐུ་བརྙན་ལི་མ། སྒྲོལ་དཀར་ལྗང་གཉིས་ཀྱི་སྐུ་བོད་ལི། སྨན་འདམ་ལས་གྲུབ་པའི་ཇོ་བོ་རྗེའི་སྐུ། སྐུ་འབུམ་ཙན་དན་ལས་གྲུབ་པའི་རྗེ་ཙོང་ཁ་པའི་སྐུ་དང་རྗེ་གླིང་འཕུར་མ། རྗེ་འཇམ་དབྱངས་བཞད་པ་རིན་པོ་ཆེ་དང་སྐྱབས་མགོན་ཆུ་བཟང་རིན་པོ་ཆེ་རྣམ་གཉིས་ཀྱི་འཁྲུངས་རབས་སྐུ་ཐང༌། གསུང་གི་རྟེན་བརྒྱད་སྟོང་པ། མདོ་སྡེ་མཛངས་བླུན། རྒྱན་འཇུག །འདུལ་བ་མདོ་རྩ། བྱང་ཆུབ་ལམ་སྒྲོན། རྗེ་རིན་པོ་ཆེ། པཎ་ཆེན་བློ་བཟང་ཆོས་རྒྱན། རྗེ་འཇམ་དབྱངས་བཞད་པ་སྐུ་སྔ་ཕྱི། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོ་རྣམས་ཀྱི་གསུང་འབུམ། གྲུབ་ཆེན་སྐལ་ལྡན་རྒྱ་མཚོའི་མགུར་འབུམ། ལམ་རིམ་མཆན་མ་སོགས་གླེགས་བམ་པུ་ཏི་བརྒྱད་ཅུ་ཙམ་དང༌། ཐུགས་རྟེན་བཀའ་གདམས་མཆོད་རྟེན་རྣམས་འབྲལ་མེད་བསྣམས་ནས་གནས་གར་བཞུགས་སུ་དེ་དག་བཀོད་པ་གང་མཛེས་སུ་བཀྲམ་པའི་མདུན་དུ་ཕྱག་འཚལ་བ་མཆོད་པ་གང་རྒྱས་མཎྜལ་དང་བཅས་པ་དབུལ་བ། ཉེས་ལྟུང་ཕྲ་མོ་ཙམ་ཡང་བཏང་སྙོམས་སུ་མི་འཇོག་པར་བཤགས་ཤིང་སྡོམ་པ་སོགས་ཇོ་བོ་ཆེན་པོས་འབྲལ་སྤངས་མཆོད་རྟེན་གྱི་དྲུང་དུ་ཇི་ལྟར་མཛད་པ་བཞིན་གནང༌། ལྷག་པར་སྟོན་པ་ཐུགས་རྗེ་ཅན་གྱི་སྐུ་བརྙན་བྱིན་ཅན་ཆུང་ངུ་ཞིག་དང༌། སྐུ་གོང་མའི་མགུལ་ཕུར་ཞིག་ཡོད་པ་རྒྱུན་དུ་སྐུ་ལ་བསྣམས་ཤིང༌། ཁམས་བསངས་སོགས་ཀྱི་ཚེ་གཙང་སར་འཇོག །གཞན་ཡང་ཡི་དམ་གྱི་གསང་ཐང༌། རྒྱུད་ཀྱི་གླེགས་བམ། རྡོར་དྲིལ། ཌཱ་མ་རུ། ཁ་ཊྭཱཾ་ག །རྒྱན་དྲུག །ཀ་པཱ་ལ། བུམ་པ་སོགས་དངོས་དང་ཙཀ་ལི་ཅི་རིགས་པའི་དམ་ཚིག་གི་རྫས་རྣམས་འབྲལ་སྤངས་སུ་མཛད་ཅིང༌། དེ་དག་གཞན་སུས་ཀྱང་ལག་མི་བརྒྱུད་པ་དང་མཐོང་ཡུལ་དུ་མི་འཇོག་པར་ཆེས་སྦ་བ་གནང་སྟེ་བསྲུང་བསྟེན་བཟའ་བའི་དམ་ཚིག་གི་ཆ་ཕྲ་མོ་ཙམ་ལས་ཀྱང་མི་འདའ་བས་ངེས་པ་དོན་གྱི་རིག་པ་འཛིན་པའི་རྗེ་བོར་གྱུར། ལྷ་ཁང་ཆུང་ངུ་ཞིག་ཏུ་མཆོད་མཇལ་གནང་ནའང་བཤགས་སྦྱང་གཙོ་བོར་གྱུར་པའི་ཡན་ལག་བདུན་པ་མཎྜལ་དང་བཅས་པ་ཕུལ་ཏེ་ལམ་ཐུན་མོང་བའི་ལུས་ཡོངས་རྫོགས། ཐུན་དྲུག་རྣལ་འབྱོར་གྱི་སྒོ་ནས་སྔགས་ཀྱི་དམ་ཚིག་གཙང་མར་མཛད་དེ་ལམ་ཐུན་མོང་མ་ཡིན་པའི་ཉམས་ལེན་སྐྱོང་བ་ལས་རིགས་འདྲ་མི་འདྲ་མང་པོ་མི་མཛད། གཞན་ཕན་འཕྲིན་ལས་སྐྱོང་བའི་དུས་དང་ཐ་ན་ཆར་འབེབས་གཅོད་ཅིག་ཚུན་ཆད་ཀྱི་སྐབས་སུའང་དེའི་དམིགས་བསལ་གྱི་ཞལ་འདོན་རེ་ཡོད་ཀྱང་ཚང་མའི་སྔོན་འགྲོ་དང་རྨང་གཞི་ལྟ་བུ་ལ་དམ་ཚིག་གསོ་བའི་རིམ་པ་སོགས་རྒྱུན་གྱི་འཆར་ཅན་དེ་རྣམས་ཆག་མེད་ཡིན་ལ། དེར་མ་ཟད་ཟབ་ཟབ་མོ་ཞིག་རྗེས་ན་ཡོད་མདོག་གིས་འདི་རྣམས་ཁྲལ་རྒྱུག་ལྟ་བུའི་སབ་སུབ་བྲེལ་དབང་དུ་མི་གཏོང་བར་གང་རྒྱས་གནད་སྨིན་ཁོ་ན་མཛད་པས། སྦྱིན་བདག་ལ་ལའི་བསམ་པར་ཁོས་ཞུས་པའི་རིམ་གྲོ་གལ་ཆེན་མི་གནང་བར་ཁོང་རང་གི་ཞལ་འདོན་ཞིག་གནང་གི་འདུག་སྙམ་པ་འཆར་ཡང༌། གནད་ཤེས་ན་ཉམས་ལེན་དང་ལོག་གནོན་ཐམས་ཅད་གཅིག་གིས་གོ་ཆོད་པར་བློ་སྦྱོང་རྩ་ཚིག་ལས་གསུངས་པ་བཞིན། གཅིག་ཤེས་ཀུན་གྲོལ་རྣམས་ཀྱིས་མཛད་ལུགས་འདི་འདྲ་ཞིག་ཡིན་དགོས་ཏེ། གླང་རི་ཐང་པས། ཆོས་ཟབ་མི་ཟབ་མིན། བློ་ཟབ་མི་ཟབ་ཡིན་གསུངས་པ་དང༌། འགྲོ་མགོན་སངས་རྒྱས་དབོན་གྱིས་ཀྱང༌། མི་རྟག་རྒྱུད་ལ་མ་སྐྱེས་ན། །གསང་བ་འདུས་པ་མི་ཟབ་སྟེ། །འཆི་བ་མི་རྟག་དྲན་པ་ན། །སྐྱབས་འགྲོ་ཚིག་གསུམ་ཟབ་པ་ཡིན། །གསུངས་པ་ལྟར། ལམ་ཐུན་མོང་བའི་ཀུན་སློང་དང་དམ་ཚིག་རྣམ་པར་དག་པས་དངོས་གྲུབ་གཉིས་ཀྱི་གཏེར་སྒོ་ཕྱེས་པ་ཞིག་ལ་ལས་གང་བྱེད་ཀྱང་འགྲུབ་སླ་ལ་ཚེགས་མེད་པ་ཆོས་ཉིད་ཡིན་པས། ཁྱ་དགེ་བློ་གྲོས་རྒྱ་མཚོས། ཆོས་ཉམས་ལེན་ཤེས་ན་ཐམས་ཅད་ཟབ། །ལྷ་སྒྲུབ་ཚུལ་ཤེས་ན་ཐམས་ཅད་མྱུར། །གསུངས་པ་ལྟར་རོ། །སྤྱི་མཐུན་གྱི་ལས་ཀྱིས་བསྐྱེད་པའི་ཐན་ཁྱེར་ཆེན་པོ་མཐའི་བསྐལ་པ་མངོན་དུ་འོང་བ་ལྟ་བུའི་སྐབས་དུ་མར་ཡང་གོང་སྨོས་བཞིན་ཆར་འབེབས་ཀྱི་རིམ་པ་རེ་མཛད་པ་ཙམ་གྱིས་བདེ་བླག་ཏུ་བབས་པ་ན། ཚང་མས་འདོན་རྒྱུའི་ཆོ་ག །བསགས་རྒྱུའི་རྫས། བྱེད་རྒྱུའི་ལག་ལེན་ཐམས་ཅད་འདྲའང་འབྲས་བུ་མི་འདྲ་བ་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པའི་སྟོབས་མི་འདྲ་བའི་ཁྱད་ཡིན་ཏེ། འདི་འདྲ་ལའང་ཚུལ་ཁྲིམས་གཙང་བ་ཁོ་ན་གལ་ཆེ་བ་བློ་སྦྱོང་མཚོན་ཆ་འཁོར་ལོ་ལས། སད་སེར་ལ་སོགས་མི་འདོད་བྱུང་བའི་ཚེ། །དམ་ཚིག་ཚུལ་ཁྲིམས་ཚུལ་བཞིན་མ་བསྲུང་བའི། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་ཚུལ་ཁྲིམས་ལ་སོགས་གཙང་བར་བྱ། །ཞེས་གསུངས་ལ། འདུལ་བ་ལུང་ལས། ཚུལ་ཁྲིམས་ལྡན་པ་སྨོན་པས་འགྲུབ། །གསུངས་པ་བཞིན་ཚུལ་ཁྲིམས་རྣམ་པར་དག་པའི་བདེན་ཚིག་བརྗོད་ན་ཤིང་སྐམ་ལའང་མེ་ཏོག་བདུན་རེ་འཁྲུངས་ན། ཆར་ཆུ་དུས་སུ་འབེབས་པ་དང༌། རབ་གནས་སོགས་མཛད་པའི་ཡུལ་དུ་དགེ་མཚན་རྒྱ་ཆེན་པོ་འབྱུང་བ་རྣམས་དེའི་ནུས་པའི་ཆ་ཤས་ཕྲ་མོ་ཙམ་ཞིག་ཡིན་པར་མངོན་ནོ། །དེང་དུས་ཕལ་མོ་ཆེ་ལམ་ཐུན་མོང་བ་ལ་སྣ་མི་ཕེབས་པར་སྔགས་ལ་མཐོ་སྙེགས་བྱེད། སྔགས་ཀྱི་འཇུག་སྒོ་དབང་དང་དམ་ཚིག་ལ་རྩལ་དུ་མི་འདོན་པར་ལག་ལེན་ལ་རྔམས། ལག་ལེན་ཡང་བསྙེན་སྒྲུབ་བཞག་ནས་ལས་སྦྱོར་ལ་འཇུག་པ་ནི་ཤོག་བུའི་མེ་ཏོག་དང་རི་མོའི་མར་མེ་བཞིན་དགོས་ནུས་ཅི་ཡང་མེད་པའི་གཟུགས་བརྙན་ཙམ་དུ་འགྱུར་རོ། །དམ་པ་འདིས་ནི་དེ་ལས་བཟློག་སྟེ་བསྟོད་པ་བརྒྱ་ལྔ་བཅུ་པ་ལས། ཁྱོད་ནི་ཡོན་ཏན་རྒྱུ་རྣམས་ལ། །མངོན་དགྱེས་འབྲས་བུ་རྣམས་ལ་མིན། །སྒྲུབ་པ་བཟང་པོ་འདི་ཉིད་ཀྱིས། །ཁྱོད་ཀྱི་ཡོན་ཏན་ཕུན་སུམ་ཚོགས། །གསུངས་པ་བཞིན། འབྲས་བུ་དེ་དང་དེ་འགྲུབ་པ་ལ་རྒྱུ་གང་དང་གང་གཙོ་བ་དེ་ཉིད་ནན་ཏན་དུ་བསྒྲུབས་ཏེ་མཆོད་རྟེན་གྱི་བང་རིམ་བཞིན་མས་རིམ་ནས་བརྟན་པར་བྱས་པའི་མཐུས། འབྲས་བུ་གྲུབ་པའི་ཚེ་ན་ཟོ་ཆུན་གྱི་འཕྲུལ་འཁོར་བཞིན་དུ་སྟབས་གཅིག་ལ་དོན་ཐམས་ཅད་ཕུན་སུམ་ཚོགས་པར་འགྱུར་ཏེ། ནད་གདོན་སོགས་ཀྱིས་གཙེས་པའི་ཤིན་ཏུ་ཉམ་ཐག་པ་རྣམས་སྲུང་མདུད་བུམ་ཆུ་ཙམ་གྱིས་ཞི་བར་བྱས་པ་དང༌། ནོར་ལོངས་སྤྱོད་ཀྱི་དབུལ་བས་གདུངས་པ་རྣམས་ཞལ་གཡང་ཙམ་གྱིས་སྟོབས་འབྱོར་རྒྱས་པ་དང༌། སྐྱེ་བོ་ཁེངས་དྲེགས་ཅན་དུ་མ་ཞལ་མཐོང་བ་ཙམ་གྱིས་དབང་དུ་གྱུར་པ་དང༌། བསྟན་པ་ལ་ལོག་པར་འཁུ་བ་མང་པོ་ཐུགས་མ་མཉེས་པ་ཙམ་གྱིས་ནུས་པ་ཟད་དེ་སྤ་བཀོང་བའི་ཚུལ་གོང་དུ་ཟུར་ཙམ་སྨོས་པ་དང༌། གཞན་ཡང་ཉིད་ལ་ལོག་པར་འཁུ་བའི་བསམ་སྦྱོར་ཅན་དུ་མ་ཟློག་པ་སོགས་མཛད་ཀྱང་རང་ཉེས་སུ་སོང་བའི་ལོ་རྒྱུས་མང་དུ་ཡོད་པར་སྣང་ངོ༌། །

དེ་ལྟར་ཐུགས་རྗེ་དང་བྱིན་རླབས་མངོན་ཚན་ཤིན་ཏུ་ཆེ་བའི་དབང་གིས་མཐོང་ཐོས་ཀྱི་སྐྱེ་བོ་རིགས་མི་གཅིག་པ་ཚང་མས་བླ་མར་བཀུར་ཞིང་ཞབས་ཀྱིས་རེག་པའི་རྡུལ་ཙམ་ཡང་དད་པའི་རྟེན་དུ་བྱེད་པ་དང༌། ཁེངས་དྲེགས་དོར་ཏེ་ཉིད་ཀྱི་སློབ་མ་དང་སྦྱིན་བདག་གི་གྲངས་སུ་ཨེ་ཆུད་བལྟས་ནས་པདྨའི་མཚོ་ལ་བུང་བ་འདུ་བ་བཞིན་བྱེད་པ་དེ་ཐམས་ཅད་ཀྱང་ལྷག་པའི་ཚུལ་ཁྲིམས་རྣམ་པར་དག་པའི་འབྲས་བུ་ཡིན་ཏེ། ཕར་ཕྱིན་བསྡུས་པ་ལས། རྐང་པས་བཀྲ་ཤིས་གྱུར་པའི་རྡུལ་དག་ཀྱང༌། །ཕྱག་འཚལ་མགོས་གཏུགས་ཐོབ་པ་ཀུན་ཏུ་འཁྱེར། །ཞེས་དང༌། རྗེ་བདག་ཉིད་ཆེན་པོས། ཚུལ་ཁྲིམས་ཉེས་སྤྱོད་དྲི་མ་འཁྲུད་པའི་ཆུ། །ཉོན་མོངས་ཚ་གདུང་སེལ་བའི་ཟླ་བའི་འོད། །སྐྱེ་དགུའི་དབུས་ན་ལྷུན་པོ་ལྟ་བུར་བརྗིད། །སྟོབས་ཀྱིས་བསྡིགས་པ་མེད་པར་འགྲོ་ཀུན་འདུད། །ཅེས་གསུངས་པ་བཞིན་ནོ། །

གཉིས་པ་ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པའི་ཡོན་ཏན་ནི། འདི་ལ་ཐུན་མོང་བ་ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་དང༌། ཐུན་མོང་མ་ཡིན་པ་ཕར་ཕྱིན་ཐེག་པ་ནས་བཤད་པ་གཞན་དོན་ལ་རྩེ་གཅིག་པའི་བྱང་ཆུབ་ཀྱི་སེམས་དང་མཚུངས་པར་ལྡན་པའི་ཏིང་ངེ་འཛིན་དང༌། རྡོ་རྗེ་ཐེག་པ་ནས་བཤད་པ་བདེ་སྟོང་གི་ཏིང་ངེ་འཛིན་གསུམ་ཡོད་པས། དང་པོ་མངའ་ཚུལ་ནི། ཞུས་ལན་ནོར་བུའི་ཕྲེང་བར། བདག་གི་ཡོན་ཏན་སྦ་བྱ་ཞིང༌། །ཞེས་པ་ལྟར། དམ་པ་འདི་ནི་ཡོན་ཏན་ཐམས་ཅད་བུམ་ནང་གི་མར་མེ་ལྟར་སྦས་པ་བཀའ་གདམས་གཙང་མའི་བརྟུལ་ཞུགས་ཁོ་ན་ལྷུར་བཞེས་པས་དེ་ཙམ་ཡང་ཡོད་པའི་རྣམ་པ་ཞལ་གྱིས་མི་བཞེས་མོད། འོན་ཀྱང་དེ་ཡོད་པར་རྒྱུ་དང་འབྲས་བུ་གཉིས་ཀྱི་སྒོ་ནས་རྗེས་སུ་དཔོག་ནུས་ཏེ། ཞི་གནས་ཀྱི་ཚོགས་ལ་ཉན་ས་དང་སྒོམ་རིམ་བྱང་ཆུབ་བཟང་པོ་ཇོ་བོའི་ཏིང་ངེ་འཛིན་གྱི་ཚོགས་ཀྱི་ལེའུ་གཉིས་སོགས་ལས་ཆེས་མང་དུ་གསུངས་ནའང༌། བེའུ་བུམ་སྔོན་མོ་ལས། ཏིང་འཛིན་བསྐྱེད་ཕྱིར་ཡན་ལག་ལ་གནས། །དེ་ཡི་གཙོ་བོའི་ཡན་ལག་ཚུལ་ཁྲིམས། །ཞེས་སོགས་ལྟར། ཐམས་ཅད་ཀྱི་སྡོམ་དང་རྩ་བ་ལྟ་བུ་ཚུལ་ཁྲིམས་རྣམ་པར་དག་པ་དང་དྲན་ཤེས་མི་ལྷོད་པ་གཉིས་ཡིན་པས། དང་པོ་གོང་དུ་བསྒྲུབས་ཟིན་ཅིང་དྲན་ཤེས་གཡོ་བ་མེད་པའི་ཚུལ་ནི་ཉིད་ཀྱི་མགུར་ལས། གཡེང་བའི་དྲན་པ་ནང་དུ་བཀུག་ནས། །ཞེས་དང༌། ཡིད་ཀྱི་བུ་ཆུང་ཚིམ་དང་ལྷན་ཅིག །དྲན་ཤེས་ཨ་མ་བརྟན་པར་ཆགས་སོང༌། །ཞེས་སོགས་ཀྱིས་གོ་ནུས་ཏེ། ཚོགས་ཀྱི་སྐད་དོད་སམྦྷ་ར་ཞེས་པ་ཡང་དག་པར་འགྲུབ་པའི་དངོས་པོ་ཞེས་པ་ཡིན་པས་ཚིག་གི་ནུས་པས་ཀྱང་ཤེས་ལ། ཚད་མ་རྣམ་འགྲེལ་ལས་ཀྱང༌། རྒྱུ་ཚོགས་པ་ལས་འབྲས་སྐྱེས་པར། །རྗེས་སུ་དཔོག་པ་གང་ཡིན་པ། །དོན་གཞན་ལ་ནི་མི་ལྟོས་ཕྱིར། །དེ་ནི་རང་བཞིན་ཡིན་པར་བརྗོད། །ཅེས་གསུངས་སོ། །འབྲས་བུའི་སྒོ་ནས་ཀྱང་རྗེས་སུ་དཔོག་ནུས་ཏེ། བྱང་སེམས་ཀྱི་ཞི་གནས་སྒྲུབ་པའི་དགོས་པའི་གཙོ་བོ་གཅིག་ནི། ལམ་སྒྲོན་ལས། མྱུར་དུ་རྫོགས་པའི་བྱང་ཆུབ་ཚོགས། །ཡོངས་སུ་རྫོགས་པར་འདོད་གྱུར་པ། །དེས་ནི་འབད་བྱས་མངོན་ཤེས་དག །འགྲུབ་པར་འགྱུར་གྱི་ལེ་ལོས་མིན། །ཞི་གནས་གྲུབ་པ་མ་ཡིན་པར། །མངོན་ཤེས་འབྱུང་བར་མི་འགྱུར་ལ། །ཞེས་གཞན་དོན་རང་རང་གིས་སྐལ་བ་བཞིན་བྱེད་པ་ལ་མངོན་ཤེས་དགོས་པ་དང༌། མངོན་ཤེས་མཚན་ཉིད་པ་འགྲུབ་པ་ལ་ཞི་གནས་སྔོན་དུ་འགྲོ་དགོས་པར་གསུངས་སོ། །བདག་ཉིད་ཆེན་པོ་འདི་ནི་སྙིགས་དུས་ཀྱི་སྐྱེས་སྤྲུལ་ལ་ལ་ལྟར་ལྷ་མཐོང་འདྲེ་མཐོང་གི་རྣམ་པས་ཡིན་མིན་ཐམས་ཅད་ཕྱོགས་གཅིག་ཏུ་བཤད་ནས་རེ་རེའི་ཐོག་ཏུ་ཁེལ་བ་ན་མངོན་ཤེས་ཀྱི་ཁ་བོ་སྒྲོགས་པ་དེ་འདྲ་མི་མཛད་ཀྱང༌། རང་ལ་བློ་གཏད་པའི་གྲྭ་སློབ་ཡོན་བདག་གི་རིགས་ལ་ཆོས་སྲིད་རྣམ་དཀར་གྱི་བྱ་བ་གང་བསྒོ་བ་དེ་གསུང་བཞིན་དུ་བསྒྲུབས་ན་རྒྱ་མཚོའི་རླབས་བཞིན་དུས་ལས་མི་ཡོལ་བར་འགྲུབ་ངེས་པ་དང༌། དེ་འདྲ་མ་བྱེད་ཅེས་བཀག་པའམ། དངོས་སུ་མ་བཀག་ཀྱང་དང་པོ་ནས་ཐུགས་ལ་མི་བཞེད་པ་རྣམས་མི་འགྲུབ་པའམ། འགྲུབ་ཀྱང་སྐྱོན་དང་བཅས་པར་འགྲོ་བ་ཨ་ཀྱཱ་རིན་པོ་ཆེས་གསུངས་ཚུལ་གོང་དུ་བཀོད་པ་དེས་མཚོན་ཏེ་རྒྱུས་ཡོད་ཐམས་ཅད་ལ་མཐུན་སྣང་དུ་གྲུབ་པ་ནི་མངོན་ཤེས་ཀྱི་གཟིགས་པ་སྒྲིབ་པ་མེད་པའི་འབྲས་རྟགས་ཡང་དག་ཡིན་ནོ། །དེའང་ཆོས་ཟབ་པ་རྒྱུ་མཚན་དུ་བྱས་པའམ། གང་ཟག་གཅིག་ལ་ཕན་པ་རྒྱུ་མཚན་དུ་བྱས་ཏེ་ཐམས་ཅད་པར་གཅིག་ཏུ་བཏབ་ན་གདུལ་བྱ་སོ་སོའི་སྐལ་བ་མཆོག་དམན། དབང་པོ་རྣོ་རྟུལ། ཁམས་དང་མོས་པ་མི་འདྲ་བས་མཐའ་གཅིག་ཏུ་ཕན་དཀའ་ལ། རྗེ་འདིས་ནི་སོ་སོར་གཟིགས་ཏེ། ལ་ལ་ནི་མདོ་སྔགས་ཀྱི་ལུས་ཡོངས་སུ་རྫོགས་པའི་ཟབ་གནད་ཀྱི་སྒྲུབ་པ་ལ་སྦྱོར། ལ་ལ་ནི་འཕགས་བོད་ཀྱི་གཞུང་ཆེན་མོར་མཐའ་རྒྱ་ཆོད་པའི་ཐོས་བསམ་ལ་སྦྱོར། ལ་ལ་ནི་བསག་སྦྱང་དང་ཁ་འདོན་བཟླས་བརྗོད་སོགས་ལ་སྦྱོར། ལ་ལ་ནི་སྨན་རྩིས་སྒྲ་སྙན་ངག་སོགས་ཐ་སྙད་རིག་གནས་ཀྱི་བསླབ་སྦྱང་ལ་སྦྱོར། ལ་ལ་ནི་གར་ཐིག་དབྱངས་གསུམ་སོགས་ཆོ་ག་ཕྱག་ལེན་གྱི་རིམ་པ་ལ་སྦྱོར། ལ་ལ་ནི་སུམ་རྟགས་དང་གཟབ་གཤར་གྱི་ཡི་གེ་འདྲི་ཀློག་གཏོར་མའི་བཅའ་བཟོ་ཚུན་ཆད་སློབ་ཏུ་བཅུག་སྟེ། རང་རང་གི་བློ་ནུས་དང་མཐུན་པའི་དགོས་དོན་འདི་འགྲུབ་སྙམ་དུ་སེམས་ལ་འཛིན་རྒྱུ་དང༌། དེའི་སྒོ་ནས་བླ་མའི་བཀའ་དྲིན་དྲན་རྒྱུ་རེ་ངེས་ཅན་དུ་འོང་རྒྱུ་ཡོད་པས། མཐོང་ཐོས་དྲན་རེག་ཐམས་ཅད་དོན་དང་ལྡན་ཞིང༌། སྒོ་མཐའ་དག་ནས་འགྲོ་བའི་རྒུད་པ་སེལ་ཐབས་དང༌། འཕྲལ་ཡུན་གྱི་ཕུན་ཚོགས་འགྲུབ་པའི་ཐབས་མ་ཚང་བ་མེད་པར་འགྱུར་བ་བསྔགས་འོས་བསྔགས་བསྟོད་ལས། ཁྱོད་ཀྱིས་གང་ལས་འགྲོ་བ་དག །མ་དྲངས་རྒུད་པ་དེ་གང་མཆིས། །གང་དང་འཇིག་རྟེན་མ་སྤྲད་པའི། །ཕུན་ཚོགས་དེ་ཡང་གང་ཞིག་མཆིས། །ཞེས་གསུངས་པ་ལྟར་རོ། །

གཉིས་པ་བྱང་ཆུབ་སེམས་དཔའི་ཐུན་མོང་མ་ཡིན་པའི་བསམ་གཏན་གྱི་བསླབ་པའི་གཙོ་བོ་གཞན་དོན་ལ་རྩེ་གཅིག་ཏུ་གྱུར་པའི་ཚུལ་ནི། མ་བརྟག་བཏང་སྙོམས་སོགས་ཀྱི་དབང་དུ་ཅུང་ཟད་ཙམ་ཡང་འབྱུང་བ་མི་སྲིད་པར་གདུལ་བྱའི་ཁམས་དང་དབང་པོའི་རིམ་པ་སྔོན་དང་ཕྱི་མའི་གནས་སྐབས་ཐམས་ཅད་གཟིགས་ནས་གང་ཕན་གྱི་ཐབས་ལ་སྦྱོར་ཚུལ་བཤད་མ་ཐག་པ་དེ་ཉིད་བྱང་ཆུབ་ཀྱི་སེམས་ཀྱི་བྱེད་པས་གཞན་དོན་ལ་རྩེ་གཅིག་ཏུ་གཞོལ་ཚུལ་ཡང་ཡིན་ཏེ། བུ་སྟོན་ཐམས་ཅད་མཁྱེན་པས། གཞན་དོན་ཆོས་ཀྱི་གཙོ་བོར་གསུངས་པ་ཡང༌། །གདུལ་བྱའི་དབང་པོ་ཁམས་དང་བག་ལ་ཉལ། །ཚོགས་དང་སྔོན་དང་ཕྱི་མའི་མཐའ་ཤེས་ཤིང༌། །རང་དོན་མ་ཆགས་གདུལ་བྱ་འདུལ་ལ་དགོངས། །ཞེས་སོ། །དེར་མ་ཟད་བསྔོ་བ་ཚིག་བཞི་པ་གཅིག་མཛད་ནའང་བསྟན་འགྲོ་སྤྱིའི་དོན་དུ་བསྔོ་ཚུལ་རྣམ་ཐར་གྱི་དཀྱུས་སུ་ཡང་ཡང་སྨོས་པ་དེ་དག་ཀྱང༌། དབུ་མ་བཞི་བརྒྱ་པར། དབུགས་ཀྱང་སེམས་ཅན་རྣམས་ལ་ནི། །སྨན་སླད་ཁོ་ནར་འབྱུང༌། གསུངས་པ་བཞིན་སྤྱོད་ལམ་ཐམས་ཅད་གཞན་དོན་ཁོ་ནར་གཞོལ་བའི་མཚན་མ་ཡིན་ལ། སྦྱིན་བདག་ལས་ནོར་ལོངས་སྤྱོད་སོགས་བསོད་པ་ལ་གཞན་དོན་གྱི་མིང་བཏགས་པའང༌། དེང་དུས་ཕལ་མོ་ཆེ་ཚོལ་བའི་སྐབས་སུ་མིང་ལ་གཞན་དོན་ཟེར་ཡང༌། ལག་ཏུ་ཚུད་པ་ན་རྣམ་དཀར་ཕྱོགས་སུ་ཅུང་ཟད་ཀྱང་མི་གཏོང་བར། གཉེན་བཤེས་བདུན་རྒྱུད་ཚུན་ཆད་ཀྱི་དོན་ལ་མཛོད་ཕུགས་སུ་རྒྱ་རིམ་པ་བདུན་གྱིས་བཏབ་ནས་འཇོག་པ་རྣམས་ནི་གཞན་དོན་གྱི་དྲི་མི་བྲོ་བར་མ་ཟད། ལེགས་པར་བརྟགས་ན་རང་གིས་རང་བསླུས་པ་ཁོ་ན་ཡིན་པས་རང་དོན་ཡང་མེད་དེ། མཁས་གྲུབ་ཐམས་ཅད་མཁྱེན་པས། དབང་ཁྲིད་ལུང་གིས་ཟས་ནོར་ཚོལ་བ་དང༌། །ལྟོ་ཕྱིར་རྫུན་གྱི་ཆོ་ག་བྱུང་རྒྱལ་གྱིས། །ཕན་སེམས་མེད་པར་གྲོང་ཆོག་བརྩོན་པ་ནི། །བདག་གཞན་བསླུ་བའི་གཞན་དོན་གཟུགས་བརྙན་ཡིན། །གསུངས་པ་ལྟར་རོ། །འདི་པས་གནས་སྐབས་དེར་སྦྱིན་བདག་གིས་ཕུལ་བ་ལེན་པའི་རྣམ་པ་ཙམ་མཛད་ཀྱང་ཞལ་ཏ་བའི་འདུ་ཤེས་ཙམ་གྱིས་དེའི་དད་རྫས་དེ་ཅུང་ཟད་ཙམ་ཡང་ཆུད་མ་ཟོས་པར་དཀོན་མཆོག་གི་རྟེན་བཞེངས་པ་དང༌། སྡེ་འདིས་མཚོན་པའི་ཆོས་སྡེ་ཆེ་ཆུང་དུ་མར་བཤད་སྒྲུབ་ཀྱི་རྒྱུན་སྐྱོང་བའི་འཛིན་ཐེབས་སུ་གཏོང་བ། དབུས་ཀྱི་རྒྱལ་བ་ཡབ་སྲས་སོགས་དམ་པ་རྣམས་ལ་དངོས་འབུལ། ཇོ་ཤཱཀ་སོགས་རྟེན་ལ་མཆོད་པ། གདན་ས་ཆེན་པོ་བཞིས་མཚོན་པའི་དགེ་འདུན་ལ་བསྙེན་བཀུར། རི་བོ་རྩེ་ལྔ་སོགས་རྒྱ་བོད་ཀྱི་གནས་ཆེན་ཀུན་ལ་མཆོད་འབུལ་དང་གཏོང་ཐེབས་སོགས་སུ་སྦྱར་ཏེ་སྤྱོད་རྒྱུད་ཚེ་དཔག་མེད་ཀྱི་སྐབས་ལས་གསུངས་པ་བཞིན་རྣམ་དཀར་གོང་འཕེལ་གྱི་ཚོགས་སུ་འགྲོ་ངེས་མཛད་པ་ནི་ངེས་དོན་གྱི་གཞན་དོན་ཡིན་ནོ། །རྒྱལ་སྲས་བདག་ཉིད་ཆེན་པོ་རྣམས་དབེན་པར་ཏིང་ངེ་འཛིན་བསྒྲུབ་པ་ལས་ཀྱང་འདི་བཞིན་མཛད་ན་སྒྲུབ་པའི་མཆོག་ཏུ་འགྱུར་བའི་ཚུལ་དང༌། དེ་ཉིད་དེའི་དབེན་པའི་དོན་དུ་འགྱུར་བའི་ཚུལ། ཉི་ཁྲི་ལས། ཉན་ཐོས་དང༌། རང་སངས་རྒྱས་ཀྱི་ཡིད་ལ་བྱ་བ་དང་མ་འདྲེས་ན། བྱང་ཆུབ་སེམས་དཔའ་ཆེན་པོ་དེ་ནི་དབེན་པར་རྣམ་པར་སྤྱོད་པ་ཡིན་ནོ། །ཞེས་གསུངས་པའི་དོན། ཡོན་ཏན་རིན་པོ་ཆེ་སྡུད་པ་ལས། གང་ཞིག་གྲོང་ངམ་འོན་ཏེ་དགོན་པར་གནས་ཀྱང་རུང༌། །ཐེག་པ་གཉིས་ཀྱི་སེམས་བྲལ་བྱང་ཆུབ་མཆོག་ངེས་ན། །འདི་ནི་འགྲོ་དོན་ཞུགས་པ་རྣམས་ཀྱི་དབེན་པ་སྟེ། །ཞེས་དང༌། དབེན་པ་འདི་མི་ཤེས་པའི་ཞེས་སོགས་ཀྱིས་རང་དོན་ཡིད་བྱེད་ཀྱིས་དབེན་ཚུལ་འདི་མ་ཤེས་པར་རི་སུལ་སྟོང་པར་ལོ་བརྒྱ་སྟོང་དུ་བསྒོམས་ཀྱང་བྱང་སེམས་ཀྱི་དབེན་པའི་དོན་མ་ཚང་བར་གསུངས། ༸རྒྱལ་དབང་བསྐལ་བཟང་རྒྱ་མཚོས་ཀྱང༌། དོན་བྱ་བ་ཉུང་བ་ལྷུར་བྱེད་པ། །སྤྱིར་དམ་པས་བསྔགས་འོས་མཆོག་ཡིན་ཀྱང༌། །ཁྱེད་སེམས་དཔའ་ཆེ་ལ་མཛེས་མ་ཡིན། །ཞེས་གསུངས་སོ། །གཞན་ཡང་སྡུད་པ་ལས། གལ་ཏེ་བྱང་ཆུབ་སེམས་དཔའི་ཏིང་འཛིན་བསམ་གཏན་གནས། །དགྲ་བཅོམ་རང་རྒྱལ་ཐེག་པར་འདོད་པའི་བློ་སྐྱེད་ན། །མཉམ་པར་མ་བཞག་རྒོད་ཅིང་སེམས་གཡེང་གྱུར་པ་སྟེ། །ཞེས་བྱང་སེམས་ཐུན་མོང་མ་ཡིན་པའི་ཏིང་ངེ་འཛིན་གྱི་བསླབ་པའི་མི་མཐུན་ཕྱོགས་སྤོང་བ་ལ། སྤྱིར་བཏང་གི་བྱིང་རྒོད་དང་རྣམ་གཡེང་བཀག་པ་ཙམ་གྱིས་མི་ཆོག་པར། ཉན་ཐོས་འཇིག་སྲེད་ཀྱི་སྒྲིབ་པ་དང༌། རང་རྒྱལ་བརྩེ་མེད་ཀྱི་སྒྲིབ་པ་སོགས་རང་དོན་ཡིད་བྱེད་ཀྱི་མཚན་མ་རྣམས་འདིའི་ལྡོག་ཟླའི་རྣམ་གཡེང་གི་གཙོ་བོ་ཡིན་པས་དེ་སྤོང་དགོས་པར་གསུངས་ཏེ། རྣམ་གཡེང་གི་གཙོ་བོ་དེར་ངོས་བཟུང་བའི་ཤུགས་ལ་བསམ་གཏན་གྱི་གཙོ་བོ་གཞན་དོན་ཁོ་ནར་གཞོལ་བའི་བྱང་ཆུབ་ཀྱི་སེམས་སུ་གོ་ནུས་ལ། བསམ་གཏན་གྱི་ཕར་ཕྱིན་དང་བྱང་སེམས་ཀྱི་ཐུན་མོང་མ་ཡིན་པའི་ཏིང་ངེ་འཛིན་གྱི་བསླབ་པ་གཉིས་དོན་གཅིག་པ་ཐེག་པ་ཆེན་པོའི་སྤྱི་སྐད་ཡིན་ནོ། །

གསུམ་པ་བདེ་སྟོང་དབྱེར་མེད་ཀྱི་ཏིང་ངེ་འཛིན་བརྙེས་ཚུལ་ནི། སྐུ་ཚེ་ཧྲིལ་བོར་གཙོ་བོ་རྡོ་རྗེ་འཇིགས་བྱེད་དང་རྗེ་བཙུན་རྣལ་འབྱོར་མའི་རིམ་གཉིས་ཉམས་ལེན་གྱི་མཐིལ་དུ་མཛད་དེ་སྐྱེས་སྦྱང་གི་ཤེས་རབ། རྟག་སྦྱོར་གུས་སྦྱོར་གྱི་བརྩོན་པ། དམ་ཚིག་སྡོམ་པའི་བསྲུང་མཚམས། ལྷ་སྔགས་ལ་ཡིད་ཆེས་སོགས་བྱང་ཆུབ་རྡོ་རྗེས་ཇི་ལྟར་གསུངས་པའི་ཐབས་ཀྱི་རྣམ་པ་མ་ཚང་བ་མེད་པར་སྒྲུབ་པ་མཛད་འདུག་པས་འབྲས་བུ་རྟོགས་པ་ཁྱད་པར་ཅན་འཁྲུངས་ཡོད་མེད་ལ་དོགས་པའི་གནས་ཙམ་ཡང་ག་ལ་མཆིས། འོན་ཀྱང་སྦས་པའི་བརྟུལ་ཞུགས་ཀྱིས་དངོས་སུ་ཞལ་གྱིས་འཆེས་པ་མ་མཛད་པས་རྒྱ་ཆེར་སྨྲ་བ་དཀའང་ཟུར་ཙམ་བརྗོད་ན། མཚན་མོའི་རིང་ལ་གཟིམ་དང་ཏིང་ངེ་འཛིན་བསྲེས་ནས་དགེ་སྦྱོར་སྐྱོང་བ་ཞིག་ཡོད་ཅེས་རྒྱུས་ཡོད་རྣམས་གླེང་བས། ཕལ་པ་གཉིད་ལོག་པ་བཞིན་ལུས་སེམས་ཐམས་ཅད་ལྷོད་ལྷོད་པོ་དང་ཤིག་ཤིག་པོར་སོང་བ་དེ་འདྲ་མིན་པར། ཤ་ཚུགས་ཀྱི་སྒྲིམ་ཆ་དང༌། མདངས་ཀྱི་གསལ་ཆ་སོགས་གང་ལ་བལྟས་ནའང་ནང་དུ་ཏིང་ངེ་འཛིན་ཞིག་ལ་མཉམ་པར་བཞག་ཡོད་པའི་ཉམས་ཤེས་རྒྱུ་ཡོད་པ་ཞིག་ཡིན་པར་སྣང༌། དེ་ལྟ་ན་གཟིམ་དང་བསྲེས་ནས་སྐྱོང་རྒྱུའི་དགེ་སྦྱོར་ཡང་དགེ་སེམས་གང་ཡང་རུང་བ་ཙམ་ཞིག་མ་ཡིན་པར་ངེས་ཏེ། ཁྲུས་ལྡང་ཁ་ཟས་ཀྱི་རྣལ་འབྱོར་སོགས་བླ་མེད་ཀྱི་རྒྱུད་དོན་ལྟར་རྣམ་པ་ཀུན་ཏུ་མཛད་བཞིན་པ་མངོན་སུམ་གྱིས་གྲུབ་པས། དེ་ལ་དཔག་ན་འདིའི་སྐབས་སུའང་ཉལ་བ་གཉིད་ཀྱི་རྣལ་འབྱོར་ཞེས་བྱ་བ་ལྷོ་བྲག་མར་པའི་ཐུགས་བཅུད། བསྲེ་བ་སྐོར་དགུའི་མན་ངག་གི་སྙིང་པོ་དེ་ཉིད་ཡིན་པ་གོར་མ་ཆག་གོ །དེའི་སྐྱོང་ཚུལ་ནི་གཉིད་དུ་འགྲོ་བའི་ཚེ་སྡུད་རིམ་གྱི་དམིགས་པ་བསྐྱངས་ཏེ། སྟོང་བཞི་རིམ་པར་ཤར་བའི་འོད་གསལ་གྱི་དུས་ན་དེ་དང་སྟོང་པ་ཉིད་སྦྱར་བའི་བདེ་སྟོང་དབྱེར་མེད་ཀྱི་ཏིང་ངེ་འཛིན་ལ་མཉམ་པར་འཇོག་པ་གཙོ་བོ་ཡིན་ལ། སྤྱོད་བསྡུས་ལས། ས་མཐུག་གྱུར་པས་རབ་ཏུ་རིང་གཉིད་ལོག །ཅེས་སོགས་ཀྱིས་ཕལ་བ་ལའང་རྣམ་པ་སྣ་ཚོགས་འབྱུང་རྒྱུ་ཡོད་པ་བཞིན། བདག་ཉིད་ཆེན་པོ་རྣམས་ལ་ཚོགས་རླབས་པོ་ཆེ་རྫོགས་པར་བྱེད་པའི་རྗེས་ཐོབ་ཀྱི་ཉམས་ལེན་ངོ་མཚར་བ་མང་པོའང་སྐྱོང་རྒྱུ་ཡོད་པར་སྣང་བས་དེ་འདྲ་ཞིག་ཡིན་པར་མངོན་ནོ། །

གསུམ་པ་ལྷག་པ་ཤེས་རབ་ཀྱི་བསླབ་པའི་ཡོན་ཏན་ནི། གནས་ལུགས་རིགས་པ་དོན་དམ་རྟོགས་པའི་ཤེས་རབ། གནས་ལྔ་རིགས་པ་ཀུན་རྫོབ་རྟོགས་པའི་ཤེས་རབ། སེམས་ཅན་གྱི་དོན་སྣ་ཚོགས་སྒྲུབ་ཚུལ་ཤེས་པའི་ཤེས་རབ་གསུམ་དང༌། ཡང་ན་ལྟ་བ་རིགས་པ། ཇི་སྙེད་པ་རིགས་པ། གནས་ལྔ་རིག་པའི་ཤེས་རབ་གསུམ་ཟབ་པ་མྱུར་བ་གསལ་བ་རྒྱ་ཆེ་བའི་ཤེས་རབ་བཞི། འཆད་རྩོད་རྩོམ་པའི་ཤེས་རབ། སྐྱེས་སྦྱང་གི་ཤེས་རབ་གཉིས། ཐོས་བསམ་སྒོམ་པའི་ཤེས་རབ་གསུམ་སོགས་ཇི་ལྟར་དུ་བྱས་ཏེ་བཤད་ཀྱང་རུང་མོད། འདིར་ཤེས་རབ་ཕུན་སུམ་ཚོགས་པའི་རྒྱུ་དང་འབྲས་བུ་གཉིས་ཀྱི་དབང་དུ་བྱས་ཏེ་བརྗོད་ན། དང་པོ་ལ་ལྷན་ཅིག་བྱེད་པའི་རྐྱེན་དགེ་བའི་བཤེས་གཉེན་བསྟེན་པའི་ཚུལ་དང༌། ཉེར་ལེན་གྱི་རྒྱུ་ཚུལ་བཞིན་ཡིད་ལ་བྱེད་པས་གཞུང་ལུགས་རྒྱ་མཚོར་སྦྱངས་ཚུལ་གཉིས། དང་པོ་ནི། བསྟན་པ་སྤྱི་དང་བྱེ་བྲག་གི་སྒོར་འཇུག་པའི་བཤེས་གཉེན་གོང་དུ་སྨོས་པ་རྣམས་དང༌། ཁྱད་པར་མདོ་སྔགས་ཟབ་རྒྱས་ཀྱི་གདམས་པ་ཟད་མི་ཤེས་པ་རྒྱ་མཚོ་ལས་ཆུ་བཅུ་པ་བཞིན་མནོས་ཏེ་བསྟན་པའི་གནད་ལ་ངེས་པ་སྟེར་བའི་བཀའ་དྲིན་མཚུངས་པ་མེད་པ་ནི་ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེ་ཡིན་ལ། གཞན་ཡང་དགེ་ལྡན་བསྟན་པའི་སྲོག་ཤིང་དགའ་ལྡན་ཁྲི་རིན་པོ་ཆེ། དཔལ་ལྡན་རིགས་བརྒྱའི་ཁྱབ་བདག་རྗེ་ཐུའུ་བཀྭན་རིན་པོ་ཆེ། ཆོས་བརྒྱད་ཀྱི་འཆིང་བ་རྩད་ནས་ཆོད་པ་ཀུན་སྤངས་བློ་བཟང་རྒྱལ་མཚན། རིགས་པའི་དབང་ཕྱུག་ངག་དབང་ཉི་མ་སོགས་བཤེས་གཉེན་དམ་པ་དུ་མ་རིགས་ཀྱི་ཅོད་པན་དུ་བཀུར་ཏེ། གསུང་གི་བདུད་རྩི་མནོས་ནས་གོད་པ་མེད་པར་ཐུགས་རྒྱུད་ལ་གཏམས་པས་ཡོན་ཏན་མི་ཟད་པའི་གཏེར་དུ་གྱུར་པ་ཡིན་ནོ། །གཉིས་པ་ཉེར་ལེན་གྱི་རྒྱུ་གཞུང་ལུགས་ལ་སྦྱང་བ་མཛད་ཚུལ་ཡང་རྒྱས་པར་གོང་དུ་བརྗོད་ཟིན་པ་ལྟར་རྒྱལ་བའི་བསྟན་པ་འཛིན་པ་ལ་ཐོག་མར་མང་དུ་ཐོས་པ་གལ་ཆེ་བར་གཟིགས་ནས། ཆེན་པོའི་མིང་དང་གོ་ས་སོགས་ཀྱིས་ཆོག་ཤེས་རློམ་སེམས་མ་མཛད་པར་ཁེངས་དྲེགས་དོར་ཞིང་དཀའ་བ་ཁྱད་དུ་བསད་དེ་ཉིན་མཚན་ཁོར་མོ་ཡུག་ཏུ་དཔེ་འཛིན་སྐྱོར་སྦྱང༌། དེའི་དོན་ལ་དཔྱོད་པ། བརྒལ་བརྟགས་ཀྱིས་རྩོད་པ། གཞུང་གི་དཔེ་ཁྲིད། དཀའ་གནད་ལ་དྲི་རྨེད་སོགས་ཕྱོགས་སྒོར་མོ་ནས་གསན་སྦྱོང་རྡོ་རུས་ཐུག་པ་མཛད། ཁྱད་པར་དུ་གཞུང་ཆེན་མོ་པོ་ཏི་བཅུ་ཕྲག་ལྷག་པ་འཛིན་སྐྱོར་གནང་སྟེ་ཚོགས་རྒྱུགས་ཕུལ་ཚུལ་སོགས་སྔར་བཤད་ཟིན་ལ། རྒྱུད་གྲྭར་ཕེབས་ནས་མདོ་སྡེ་ཀུན་གྱི་ཟ་མ་ཏོག་དང་རྒྱུད་སྡེ་ཀུན་གྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྩ་བའི་རྒྱུད་ཀྱི་སྦས་པའི་གནད་རྣམས་བཤད་རྒྱུད་ཆེན་པོ་དྲུག་ལ་བརྟེན་ནས་འགྲེལ་ཚུལ་དཔལ་ལྡན་ཟླ་བ་དང་རྗེ་བླ་མའི་ལེགས་བཤད་རྣམས་ཀྱིས་གཙོས་གསང་ཆེན་རྒྱུད་སྡེ་ཀུན་གྱི་གནད་དོན་ལམ་རིམ་པ་གཉིས་སུ་བསྡུས་ནས་ཉམས་སུ་ལེན་ཚུལ། ཞལ་ཤེས་ཀྱི་མན་ངག །ཆོ་ག་ཕྱག་ལེན་སོགས་མཐའ་དག་ལ་སྦྱང་བ་མཐིལ་ཕྱིན་པ་དང༌། ཞར་བྱུང་རིག་གནས་ཀུན་ལའང་སྦྱངས་ཚུལ་སོགས་ཀྱང་གོང་དུ་སོང་ཟིན་པས་བསྐྱར་མི་དགོས། གཉིས་པ་རྒྱུ་རྐྱེན་དེ་དག་གི་འབྲས་བུ་འཆད་རྩོད་རྩོམ་གསུམ་ལ་མཚུངས་ཟླ་མེད་པའི་མཁས་པའི་གོ་འཕང་མངོན་དུ་མཛད་ཚུལ་ལ། འཆད་པའི་ཡོན་ཏན་ནི། རྣམ་པར་བཤད་པའི་སྒོ་བསྡུ་བ་དང༌། དབྱིག་གཉེན་གྱི་རྣམ་བཤད་རིགས་པ་སོགས་ནས་བྱུང་བ་ལྟར་བཤད་ཚུལ་གྱི་སྐྱོན་ཐམས་ཅད་དང་བྲལ་ཞིང༌། ཡོན་ཏན་ཚང་བའི་ཚུལ་བརྗོད་བྱའི་རྣམ་གྲངས་མང་ཡང་སྙིང་པོ་བསྡུས་ན། དང་པོར་ཆོས་སྟོན་པའི་ཀུན་སློང་བྱམས་སྙིང་རྗེ་དང་བསྟན་པ་རིང་དུ་གནས་པའི་འདུ་ཤེས་སོགས་ཀྱི་སྒོ་ནས། སྟོན་ཚུལ་བརྗོད་དོན་གྱི་སྙིང་པོ་མི་གསལ་བ། གོང་འོག་འཁྲུགས་པ། ཧ་ཅང་རྒྱ་འབྱམས་པས་གནད་དུ་མི་འདྲིལ་བ། ཟེར་ཟློས་ཀྱི་རྣམ་གྲངས་མང་པོས་ཉི་མ་འཕུལ་བ། གཞན་ལ་བསྙད་འདོགས་ཟུར་ཟ་མང་པོས་དྲི་མ་ཅན་དུ་བྱེད་པ། ལུང་རིགས་ཀྱི་གཏད་སོ་མེད་པར་ཚོད་འཇོག་བྱེད་པ་སོགས་ཀྱི་སྐྱོན་དང་བྲལ་བར་མདོ་རྒྱུད་བསྟན་བཅོས་ཚད་མ་དང༌། ལྷག་པར་རྗེ་ཡབ་སྲས་ཀྱི་གསུང་དྲི་མ་མེད་པ་རེ་གཞིར་བཞག་སྟེ། འབྲེལ་དང་མཚམས་སྦྱོར་མདོར་རྒྱས་སྤྲོད་ཚུལ་གྱིས་གོ་བདེ་བ། གནད་འགག་གི་སྤྱི་སྡོམས་ནས་བཟུང་སྟེ་གསུང་བས་འདུས་ཆེ་བ། ལུང་རིགས་ཀྱི་ཟུར་ཕྱིན་པས་ངེས་ཤེས་བརྟན་པོ་སྐྱེད་པ། རྟོགས་སླའི་དཔེ་དང་སྦྱར་བས་ཉན་སྤྲོ་བ། ཁྱད་པར་དུ་གང་གསུང་ཐམས་ཅད་ཆོས་ཀྱི་མདེའུ་སྣེ་ནང་དུ་བསྐོར་ཏེ་རྒྱུད་འདུལ་ཐབས་འབའ་ཞིག་ཏུ་མཛད་པས་ཕན་ཆེ་བ་སོགས་ཁྱད་ཆོས་བསམ་ལས་འདས་པ་ཞིག་ཡོད་པའི་སྟོབས་ཀྱིས་ཉན་པ་པོ་མིང་དང་གོ་སས་རློམ་པ། རྟོག་གེའི་ང་རྒྱལ་གྱིས་དྲེགས་པ། སྟོབས་འབྱོར་མངའ་ཐང་གིས་ཁེངས་པ། རིགས་རུས་ཀྱིས་སྙེམས་པ་ཐམས་ཅད་ཀྱང་རྟ་དམུ་རྒོད་སྲབ་ཀྱིས་ཁ་ལོ་བསྒྱུར་བ་བཞིན་བློ་སྣ་རང་དབང་མེད་པར་བསྒྱུར་ཐུབ་པ་དང༌། སླར་ཡུན་རིང་འགོར་ཡང་དེའི་ཚེ་འདི་གསུངས་པ་ཡིན་སྙམ་དུ་སེམས་ལ་གཟེར་བཏབ་པ་བཞིན་མི་བརྗེད་པར་འཛིན་རྒྱུ་ཡོད་པས་ཡིད་དང་རྣ་བས་སྐྱེལ་མཁས་པ་སྟེ། མདོར་ན་པོ་ཏོ་བའི་རྣམ་ཐར་མཛེས་པའི་པདྨོ་ལས། བརྒལ་ལན་སུན་འབྱིན་ཆོས་དམག་ཟེར་མཆུ་ཉུང༌། །དབང་ཟ་རང་བཟོས་བསྡུས་དོན་མི་མཛད་ཅིང༌། །དོན་གྱི་མཐའ་ཆོད་ཚིག་ཉུང་དོན་ཀུན་གོ །མང་ཐོས་ལུང་ལྡན་དོན་གྱི་ས་མཚམས་ཕྱེད། །གྲུབ་མཐའ་མ་འདྲེས་ཆོས་སྐད་བཟང་ལ་བརྟེན། །ཅི་བཤད་སྒོམ་དོན་བློ་སྣ་བསྒྱུར་ལ་མཁས། །ཉམས་པ་ཟུར་གསོ་ཚིག་འབྲུ་དམ་པ་བཀྲོལ། །འཁྲུགས་པ་ཀུན་བསྡེབས་འབྱམས་པ་ངག་ཏུ་འདྲིལ། །ཞེས་གསུངས་པ་ཇི་ལྟ་བ་བཞིན་ཚང་ངོ༌། །དེའི་གནད་ཀྱིས་ཆོས་དོན་དུ་གཉེར་བའི་མཁས་པ་གཟུ་བོར་གནས་པ་ཐམས་ཅད་སློབ་མར་གྱུར་ཏེ་གསུང་ལས་སྐྱེས་པའི་བུ་སློབ་ཀྱིས་རྒྱ་བོད་ཧོར་གསུམ་གྱི་ཡུལ་ཐམས་ཅད་དུ་ཁྱབ་པ་བྱུང་བ་ནི། བསྟོད་པ་བརྒྱ་ལྔ་བཅུ་པ་ལས། ཁྱོད་ཀྱིས་སློབ་མ་བཟང་པོའི་ཤིང༌། །དགེ་བའི་མེ་ཏོག་གིས་བརྒྱན་པ། །དཔྱིད་ཀྱི་ཤིང་ནི་མེ་ཏོག་གིས། །བརྒྱན་པ་ལྟ་བུར་མཛེས་པ་ལགས། །ཞེས་པ་འདིའི་ཚིག་རིས་ལྟར་བྱས་ན་སློབ་མ་དེ་ཉིད་ཡོན་ཏན་གྱི་རྒྱན་གྱིས་མཛེས་པའི་དོན་ལྟ་བུར་འགྲོའང༌། འདི་སློབ་མ་བླ་མའི་རྒྱན་དུ་སོང་ནས་ཆེ་བ་འདོན་ཚུལ་ཡིན་པས། འགྱུར་ཡང༌། སློབ་མ་དགེ་བའི་མེ་ཏོག་གིས། །བཟང་པོའི་ཤིང་ཁྱོད་བརྒྱན་གྱུར་པ། །དཔྱིད་ཀྱི་ཤིང་ནི་མེ་ཏོག་གིས། །བརྒྱན་པ་ལྟ་བུར་མཛེས་པ་ལགས། །བྱས་ན་ཤིང་ལས་སྐྱེས་པའི་མེ་ཏོག་གིས་ཤིང་བརྒྱན་པ་བཞིན། བླ་མའི་གསུང་ལས་སྐྱེས་པའི་སློབ་མས་བླ་མ་བརྒྱན་པའི་དཔེ་དོན་གཉིས་ཤིན་ཏུ་འབྲེལ་ལོ། །

ས་པཎ་གྱིས་ཐུབ་པའི་བསྟོད་པ་ལས་ཀྱང༌། ཁྱོད་ཀྱི་ཡོན་ཏན་སྨོས་ཅི་འཚལ། །སྲས་ཀྱི་ཡོན་ཏན་མཐོང་བས་ཁུམས། །སྐྱ་རེངས་ཤར་བའི་གཟི་བརྗིད་ཀྱིས། །པདྨོའི་གཉེན་གྱི་འོད་ཟེར་གོ །ཞེས་གསུངས་པ་ལྟར། བླ་མའི་སྐུའི་ཆེ་བ་འདོན་པའི་མཛེས་རྒྱན་ཡིན་ཀྱང་ཞིབ་པར་བགྲང་གིས་མི་ལང་ལ། རགས་རིམ་ཙམ་ཞིག་སྨོས་ན། ཉིད་ཀྱི་བླ་མའི་ཁྲོད་ན་ཚུར་ཡང་ཆོས་གསན་པའི་བླ་སློབ་གཉི་གར་གྱུར་པ་དབུས་འགྱུར་བསྟན་པའི་སྲོག་ཤིང་དགའ་ལྡན་ཁྲི་རིན་པོ་ཆེ་ངག་དབང་སྙན་གྲགས། ངེས་དོན་གྱི་རྣལ་འབྱོར་དབང་ཕྱུག་རྒྱ་རྩང་སྒོམ་ཆེན་བློ་བཟང་རྒྱལ་མཚན་རྣམ་པ་གཉིས་དང༌། ཨ་ཀྱཱ་རིན་པོ་ཆེའི་མདུན་ནས་ཀྱང་ཆོས་ལུང་འགའ་ཞིག་གསན་ལ། འོན་ཀྱང་བསྟན་པའི་རྩ་ལག་ཨ་ཀྱཱ་རིན་པོ་ཆེ་བློ་བཟང་འཇམ་དབྱངས་རྒྱ་མཚོ་ནི་རྗེ་འདི་ཉིད་ལས་མདོ་སྔགས་ཟབ་རྒྱས་ཀྱི་གདམས་པའི་ཐུགས་བཅུད་མ་ཚང་མེད་པར་བུམ་པ་གང་བྱོའི་ཚུལ་དུ་བཞེས་པའི་ནང་གི་ཐུགས་སྲས་གཙོ་བོ་ཡིན་ནོ། །གཞན་ཡང་འགྲོ་བ་མཐའ་ཡས་པའི་འདྲེན་མཆོག་མཚུངས་ཟླ་མེད་པ་བྱང་ཕྱོགས་བསྟན་པའི་མགོན་པོ་ཧལ་ཧ་རྗེ་བཙུན་དམ་པ་དབང་ཕྱུག་འཇིགས་མེད་རྒྱ་མཚོ། ཏ་ལེའི་ཧུ་ཐོག་ཐུ་བསྐལ་བཟང་ཐུབ་བསྟན་རབ་རྒྱས། དགོན་ཀྱཱ་དམ་ཆོས་བསྟན་འཛིན་རྒྱ་མཚོ། གསེར་ཏོག་སྤྲུལ་བའི་སྐུ་ཡེ་ཤེས་ཐུབ་བསྟན་རྒྱ་མཚོ། སྟག་མཚེར་སྤྲུལ་བའི་སྐུ་བློ་བཟང་མཁས་གྲུབ་ཉི་མ། ཆེ་ཤོས་སྤྲུལ་བའི་སྐུ་ངག་དབང་བཤད་སྒྲུབ་བསྟན་པའི་ཉི་མ། གྲོ་ཚང་རྒྱུད་པ་བླ་ཟུར་སྐལ་བཟང་བཀྲ་ཤིས་རྒྱ་མཚོ། མཚན་སྒྲོགས་མཁན་ཆེན་དགེ་འདུན་དོན་གྲུབ་ཀྱི་སྤྲུལ་སྐུ། རྒྱ་ཡག་སྤྲུལ་སྐུ་བློ་བཟང་བསྟན་པའི་ཉི་མ། སྐེ་ཀྱཱ་ཞབས་དྲུང་།སྒོམ་ཆེན་རིན་པོ་ཆེའི་སྤྲུལ་སྐུ་བློ་བཟང་དགེ་ལེགས་ཉི་མ། སྨན་པ་བླ་ཟུར་ཉ་ཀྱཱ་རྒྱལ་མཚན་ནོར་བུ། སྨན་པ་བླ་ཟུར་གྲོ་ཚང་སྤྲུལ་སྐུ། དེའི་བླ་ཟུར་སོ་ཉིད་ངག་དབང་དམ་ཆོས། སྨན་པའི་ཁྲི་བ་གྲོ་ཀྱཱ་བསྟན་འཛིན་རྒྱ་མཚོ། ཅོ་ནེ་ཞབས་དྲུང་སྐལ་བཟང་བསྟན་འཛིན་རྒྱ་མཚོ། ཨ་རིག་ཞབས་དྲུང་བསོད་ནམས་བསྟན་པའི་རྒྱལ་མཚན། བསྟན་པའི་གསལ་བྱེད་ལྕང་ལུང་པཎྚི་ཏ། མཁས་དབང་པཱ་རིན་ཐོ་ཡོན་བློ་བཟང་དགེ་ལེགས་བསྟན་འཛིན། ཨ་བག་ལྷ་རམས་པ་ངག་དབང་ཡར་འཕེལ། དུར་བེད་ཨེརྟི་ནི་དར་ཧན་མཁན་པོའི་སྤྲུལ་སྐུ་ངག་དབང་ཐུབ་བསྟན་ཉི་མ། ཏ་རེ་གངྒཱའི་པཎྚི་ཏ་བླ་མ་བསྟན་འཛིན། ཧོར་ཏུན་ཏཱ་ཡན་ཆིའི་སྤྲུལ་སྐུ་བློ་བཟང་མཁས་མཆོག་གྲགས་པ། མུར་གུ་ཆིག་བདེ་ལྡན་བཀོད་པ་གླིང་གི་མེར་གེན་ཏའི་ཆིང་ཆོས་རྗེ་བློ་བཟང་བསྟན་པའི་རྒྱལ་མཚན། ཆ་ཧར་ཁུ་བེ་ཐུ་ཨུ་ལན་གྱི་ཆོས་རྗེ་བློ་བཟང་དགེ་ལེགས། ཞབས་དྲུང་འཇིགས་མེད་བསྟན་འཛིན་ཉི་མ། སོ་ཉིག་བསྟན་པ་དར་རྒྱས་གླིང་གི་སྤྲུལ་སྐུ་བློ་བཟང་ཚུལ་ཁྲིམས་ཉི་མ། མེརྒེན་པཎྚི་ཏ་ཆོས་རྗེ་བསོད་ནམས་བསྟན་པའི་རྒྱལ་མཚན། སུ་ཉིད་གཡས་རུའི་ཝང་གི་སྐུ་མཆེད་མཁན་པོ་བླ་མ་སངས་རྒྱས་བཀྲ་ཤིས་རྒྱ་མཚོ། སུ་ཉིད་གཡོན་རུ་ཏི་ལེ་བི་ཤྲི་རུ་ཆོས་རྗེའི་སྤྲུལ་སྐུ་བློ་བཟང་དཔལ་ལྡན་ཆོས་འབྱོར། ཨ་བ་ག་ཞབས་དྲུང༌། ཨོར་དུ་སུ་ཨེར་ཏི་ནི་ཆོས་རྗེའི་ཞབས་དྲུང་ངག་དབང་དཔལ་ལྡན་ཉི་མ། ཨོར་དུ་སུ་སྨན་པ་བླ་ཟུར་དཀོན་མཆོག་རབ་རྒྱས། ཨོར་དུ་སུ་ཧང་གིན་ཞབས་དྲུང་རིན་ཆེན་འབྱུང་གནས། གྲོ་ཀྱཱ་ཞབས་དྲུང་སོགས་དམ་པའི་སྐྱེ་འཕྲེང་འཛིན་པའི་སྤྲུལ་སྐུ་དང་ཆོས་ཀྱི་གདན་ཁྲི་འཛིན་པའི་བླ་མ་མང་པོ་དང༌། གཞན་ཡང་ཨོར་དུ་སུ་ཤོག་གི་སྦས་པའི་རྣལ་འབྱོར་པ་ཆེན་པོ་ངག་དབང་སྨོན་ལམ། ཨོར་དུ་སུ་ཝང་གི་ཤོག་ནས་སྒྲུབ་པའི་རྒྱལ་མཚན་འཛིན་པ་རི་ཁྲོད་པ་དཀོན་མཆོག་སྙན་གྲགས། ཨོར་དུ་སུ་གླིང་བསྲེས་དཀའ་བཅུ་མཐུ་སྟོབས། ཨུ་རད་སྨོན་རམས་པ་དཔལ་འབྱོར་སོགས་གཞུང་ལུགས་རྒྱ་མཚོར་བློ་གྲོས་ཀྱི་གྲུ་གཟིངས་འདོད་དགུར་འཇུག་པའི་དགེ་བཤེས། ཆོས་བརྒྱད་ཀྱི་འཆིང་བ་དོར་ཏེ་སྤོང་བ་བསམ་གཏན་ལ་གཅིག་ཏུ་གཞོལ་བའི་རི་ཁྲོད་པ་སོགས་བགྲང་གིས་མི་ལང་ངོ༌། །མཆོད་ཅིང་བསྙེན་བཀུར་བའི་སྦྱིན་བདག་གི་རིམ་པ་ནི། ཐོག་མཐའ་བར་གསུམ་དུ་མཛད་འཕྲིན་གྱི་གདུགས་དཀར་འདེག་པའི་ཡུ་བ་ལྟ་བུ་མི་རྗེ་མཚུངས་པ་མེད་པ་ཆིང་ཝང་བསོད་ནམས་རྡོ་རྗེ། དེའི་སྲས་ས་སྐྱོང་མིའི་དབང་ཕྱུག་དམ་པ་ཝང་ཚེ་རིང་དོན་གྲུབ། མུ་རིང་ཝང་ཕྱག་རྡོར། པཻ་ལི་འཇིགས་མེད། དེའི་སྲས་པཻ་ལི་འཇམ་དཔལ། པཻ་ལི་འཕྲིན་ལས་དཔལ་འབྱོར། པེ་ཟི་མི་འགྱུར། དེའི་སྲས་པེ་ཟི་རཏྣ་སིངྡྷི། པེ་ཟི་མཚོ་སྐྱེས། དར་རྒྱས་གུང༌། ཇ་སག་ཨུལ་ཅུས་ཐུ་དའི་ཆིང་རྡོ་རྗེ། སྲས་ཇ་སག་དའི་ཆིང་དབང་ཆེན་དོན་གྲུབ། ཚྭ་འདམ་ཇ་སག་ཨེང་ཁི་བ་ཡར། ཇ་སག་བསྟན་སྐྱོང༌། དེའི་སྲས་ཇ་སག་རབ་བརྟན་སོགས་མཚོ་སྔོན་གྱི་སའི་ཆར་གཏོགས་པའི་དཔོན་རིགས་ཆེས་མང་པོ་དང༌། བྱང་ཕྱོགས་ཧོར་གྱི་ཡུལ་ནས་ས་སྐྱོང་དམ་པ་སུ་ཉིད་གཡས་རུའི་དུའི་རེད་ཝང་རཏྣ་སིདྡྷི་སྐུ་མཆེད་བཅས། དུར་བེད་ཏཱ་ཝང་ཕུན་ཚོགས་བསམ་འགྲུབ། ཧོའུ་ཆིང་ཝང༌། ཨོར་དུ་སུ་ཇུན་གར་ཏཱ་བེ་ཟི་སོགས་དད་པའི་ལང་ཚོ་གཏོང་བའི་རྒྱན་གྱིས་མཛེས་པའི་དཔོན་པོ་ཆེ་ཆུང༌། མི་བཟང་སེ་དོད། ཁྱིམ་བདག་འབྱོར་ལྡན་སོགས་མཐའ་ཡས་སོ། །དགེ་ཚུལ་སློང་བསྙེན་གནས་དགེ་བསྙེན་སོགས་ཀྱི་སྡོམ་པ་མནོས་ཏེ་བྱང་ཆུབ་གསུམ་གྱི་ཁང་བཟང་དུ་འཇུག་པའི་ནོར་བུའི་ཐེམ་སྐས་བཙུགས་པ་ཁྲི་ཕྲག་ལས་ལྷག་ལ། ཆོས་འབྲེལ་ཙམ་མནོས་ཏེ་མཐོ་རིས་དང་ཐར་པའི་ས་བོན་བསྐྲུན་པ་ཚུན་ཆད་ནི་བགྲང་གིས་མི་ལང་ངོ༌། །

རྩོད་པའི་ཡོན་ཏན་ནི། སྤྱིར་ད་ལྟ་བཤད་སྒྲུབ་ཀྱི་བསྟན་པའི་བྱ་བ་ཀུན་གྱི་ནང་ན་མདོ་དབུས་ཡོངས་ལ་དར་རྒྱས་ཆེ་བ་རྩོད་པ་ཡིན་པར་གྲགས་མོད་ཀྱང༌། ཕལ་མོ་ཆེ་ཞིག་གིས་རྩོད་ཚུལ་ནི། མཁས་གྲུབ་ཐམས་ཅད་མཁྱེན་པས། རྙེད་བཀུར་འཁོར་དང་གྲགས་པ་དོན་གཉེར་བའི། །འགྲན་སེམས་ཕྲག་དོག་བདག་བསྟོད་གཞན་སྨོད་ཀྱིས། །ངེས་ཤེས་གྲངས་དང་ཤག་སྦྱོང་ལྷུར་ལེན་པ། །ཉོན་མོངས་སོ་ནམ་ཐོས་པའི་གཟུགས་བརྙན་ཡིན། །གསུངས་པ་ལྟ་བུར་སོང་བ་མང་ལ། དེ་མིན་ཡང་རྐུན་པོ་སྡར་མ་ནོར་ལ་འཇབ་པ་བཞིན་དུ་རང་གི་ཞེ་འདོད་ཕ་རོལ་པོས་ཤེས་ཀྱིས་དོགས་པའི་ཚིག་སུབ་སུབ་བོས་མིང་ཟུར་རེའི་སྟེང་ནས་ཡིན་ཀྱང་མགོ་སྐོར་ཅི་ཐུབ་དང༌། ཕྱི་རྒོལ་གྱི་ཁ་ནོར་བ་ཙམ་ལའང་དངོས་འགལ་གྱི་རྒྱང་འབོད་ཨེ་ཐུབ་ལྟ་བ་སོགས་རེ་དོགས་མང་པོ། དཔལ་ཆོས་ཀྱི་གྲགས་པའི་རྩོད་རིགས་དང༌། ས་པན་གྱི་མཁས་འཇུག་སོགས་ལས་རྩོད་པ་རྣམ་དག་གི་འགལ་ཟླར་གསུང་བ་ཁོ་ན་ལས། ཆོས་ཀྱི་དེ་ཉིད་རིགས་པ་གསུམ་གྱིས་གཏན་ལ་ཕབ་སྟེ་མ་རྟོགས་ལོག་རྟོག་གི་དྲི་མ་དྲུངས་ནས་འབྱིན་པས་རང་གཞན་གཉི་གར་སྨན་པ་དེ་ལྟ་བུ་དཀོན་ཡང། དམ་པ་འདིས་ནི་གཞུང་ཆེན་མོའི་གོ་དོན་གཞིར་བཟུང་སྟེ་རང་གཞན་གཉི་ག་ཆོས་ཀྱི་གནད་ལ་ངེས་པ་སྣ་རེ་ཡིན་ཀྱང་སྐྱེད་ཅི་ཐུབ། ལོག་རྟོག་རེ་རེའང་སེལ་ཅི་ཐུབ་ཀྱི་ཕན་སེམས་དང་འདུན་པ་རྣམ་པར་དག་པ་ལས། མཁས་གྲགས་ཀྱི་རེ་བ་དང༌། ཕྱི་རྒོལ་སྨ་འབེབ་ཀྱི་བསམ་པ་སོགས་ནམ་ཡང་མི་མཛད་པས། རྩོད་ཟླ་རྣམས་ཀྱང་ཅི་ཙམ་འགྲོགས་པ་བཞིན་ཇེ་གུས་སུ་འགྲོ་བ་ཞིག་ཡོད་པ་གྲྭ་ཐོག་མཉམ་པའི་རྒྱུས་ཡོད་རྣམས་གླེང་ངོ༌། །རྩོམ་པའི་ཡོན་ཏན་ནི་དཀོན་མཆོག་རྗེས་དྲན་གྱི་མདོར། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ་ཞེས་སོགས་དང༌། མདོ་སྡེ་རྒྱན་ལས། གཟུགས་རྒྱན་རང་བཞིན་ཡོན་ཏན་ལྡན་པ་མེ་ལོང་ནང་སོང་ན། །ཞེས་སོགས་ཀྱིས་རང་བཞིན་གྱི་རྒྱན་ཟབ་རྒྱས་ཀྱི་ལུས་བཟང་པོའང་རྗོད་བྱེད་ཕུན་སུམ་ཚོགས་པའི་གསལ་བྱེད་ཀྱི་རྒྱན་གྱིས་མཛེས་པར་བྱེད་དགོས་པར་གསུངས་ལ། རྗེ་བླ་མའི་རིན་པོ་ཆེ་གསུམ་གྱི་གཏམ་གྱི་སྦྱོར་བར་ཡང་དེ་བཞིན་དུ་གསུངས་ཏེ། བསྟན་བཅོས་ཀྱི་སྤྱི་ཁོག་ཤིན་ཏུ་བཟང་བའི་ནང་དུའང་སྦྱོར་ཚུལ་ཉེས་པ་རེ་རེ་བྱུང་ན་རྒྱན་མང་ན་ཆུང་སྣ་བཅད་པ་བཞིན་དུ་མཛེས་པ་དམན་པར་བྱེད་པར་དཎྜིས་གསུངས་སོ། །དེ་ལྟར་ཚིག་དོན་ཕུན་སུམ་ཚོགས་པ་འབྱུང་བ་ལ་སྙན་ངག་གི་གཞུང་སོགས་ལ་སྦྱང་དགོས་པར་གཟིགས་ཏེ་ཐ་སྙད་པའི་རིག་གནས་རྣམས་ལའང་ཐོས་བསམ་ཚུལ་བཞིན་དུ་མཛད་པ་ན་སྐྱེས་སྦྱང་གི་བློ་གྲོས་ཕུན་སུམ་ཚོགས་པས་དཀའ་ཚེགས་མེད་པར་སྨྲ་བའི་དབང་ཕྱུག་ཏུ་གྱུར་པར་ངེས་ཏེ། སྔོན་ཀུན་མཁྱེན་འཇམ་དབྱངས་བཞད་པ་རིན་པོ་ཆེའི་བཀས་བསྐུལ་ནས་ཐ་སྙད་རིག་གནས་རྣམས་ལ་སྦྱང་བ་མཛད་པའི་ཚེ་རྗེ་དེ་ཉིད་ཀྱིས་སྩལ་བའི་ཆབ་ཤོག་ལས། ཡིད་འཕྲོག་ཆུས་སྐྱེས་ལྟེ་བར་འཇོ་སྒེག་མཁན། །བཻ་ཌཱུར་རྒྱུད་མངས་སྒྲ་ལས་ཆོས་ཕུང་ཀུན། །གླུར་ལེན་སྨྲ་མཁས་འདོད་པ་རྣམས་ཀྱི་ལྷ། །ཚངས་པའི་བུ་མོས་དགེ་ལེགས་སྩོལ་གྱུར་ཅིག །ཐ་སྙད་རིག་གནས་ཤེས་བྱའི་ཐང་ཆེན་དུ། །བློ་གྲོས་ཅང་ཤེས་གོམ་སྟབས་བསྒྱུར་མཁས་ཤིང༌། །ལེགས་བཤད་ངོ་མཚར་ལྟད་མོས་ཚིམ་གྱུར་པ།།དམ་པའི་རང་རྟགས་གསལ་བའི་བློ་ལྡན་ཁྱོད། །ཅེས་ཐུགས་ཤིན་ཏུ་མགུ་བའི་བཀའ་ཕེབས་པ་དང༌། རྗེ་ཐུའུ་བཀྭན་རིན་པོ་ཆེས་སྩལ་བའི་ཆབ་ཤོག་ལས་ཀྱང༌། རྨོངས་ཆེན་གླང་པོའི་མཆེ་བ་ཉེར་ཕྱུང་ནས། །སྣ་ཚོགས་རིག་གནས་སྒྲོ་མདངས་མཚར་སྡུག་ཅན། །རྒྱ་ཆེན་ཐོས་པའི་རྨ་བྱ་ཞོན་ནས་སུ། །མཁས་མང་འཆི་མེད་གྲལ་དུ་ཉེར་སླེབ་སྟེ། །མ་རིག་མུན་སེལ་རིག་གཞུང་གསེར་གྱི་སྒྲོན། །རྣམ་དཔྱོད་སུག་པར་ཐོགས་པས་དུས་མཐའ་འདིའི། །སྐྱེ་སྤྲུལ་བཟང་རྫུའི་མུན་ཁུང་འདོད་སྲེད་ཀྱི། །གཉིད་དུ་ཡུར་བ་རྣམས་ལ་ཅོ་འདྲི་ཞིང༌། །ཞེས་དང༌། དར་ཟབ་ཀྱིས་དཀྲིས་ལྡེར་བཟོའི་རྣམ་པར་ཐར། །འཛིན་མིན་ལྗགས་མཉེན་གློག་གི་གར་བསྒྱུར་བས། །ལེགས་བཤད་སྒྲ་བརྒྱ་སྒྲོགས་པའི་ཆོས་ཀྱི་སྤྲིན། །ཁྱོད་ཀོ་ཐུབ་བསྟན་ལྷ་ལམ་མཛེས་རྒྱན་ཉིད། །ཅེས་གཅམ་བུ་ཙམ་མ་ཡིན་པར་གནས་ཚུལ་གྱི་རང་བཞིན་དྲང་པོར་འདོམས་པའི་གསུང་གིས་བསྔགས་པ་བརྗོད་པས་ཤེས་སོ། །

འོན་ཀྱང་བར་སྐབས་ཤིག་ནས་ཇོ་བོ་ཆེན་པོས། ངང་པའི་ཆུ་ལས་འོ་མ་ལེན་པ་ལྟར། །རང་གི་འདོད་པ་དང་དུ་བླང་བར་བྱ། །ཞེས་དང༌། སྙིང་པོ་ངེས་པར་བསྡུ་བ་ལས་ཀྱང་གསུངས་པ་ལྟར་བེའུ་བུམ་སྔོན་མོར་ཡང༌། བསྒོམས་པས་ཚེ་འདི་དོན་ཡོད་བྱས་ལ། །རིག་པའི་གནས་ལྔ་སྨོན་ལམ་གྱིས་སྦྱང༌། །ཞེས་གསུངས་པ་བཞིན་ནང་དུ་ཡང་དག་འཇོག་ལ་རྩེ་གཅིག་ཏུ་གཞོལ་བར་གྱུར་ཏེ། དེ་ལ་ལྟོས་ནས་ཐ་སྙད་རིག་གནས་ཀྱི་སྤྲོས་པ་དང་རྩོམ་པའི་རྣམ་གྲངས་མང་པོ་གཡེང་བའི་རྒྱུར་གཟིགས་ནས་ཆེར་མ་མཛད་ཀྱང༌། དད་ལྡན་རྣམས་ཀྱིས་ནན་ཏན་ཆེན་པོས་ཡང་ཡང་བསྐུལ་ཏེ་སྔ་ཕྱིར་གསུང་རྩོམ་ཐོར་བུ་གནང་བ་ཕྱོགས་གཅིག་ཏུ་བསྡེབས་ན་པོ་ཏི་གཅིག་ལྷག་ཙམ་ཡོད་པ་རྣམས་ནི། དོན་ཟབ་ཅིང་ཚིག་སྦྱོར་ལེགས་པ། གོ་བདེ་ལ་འདུས་ཆེ་བ་སོགས་མཁས་པ་མགུ་བའི་ལེགས་བཤད་འབའ་ཞིག་ཏུ་ཡོད་དོ། །དེ་ལྟར་ཤེས་བྱ་རིག་པའི་གནས་ལྔ་ལ་མཁས་པས་འཆད་རྩོད་རྩོམ་གསུམ་ལ་ཐོགས་པ་མེད་པ་ཁྱུ་མཆོག་རླབས་པོ་ཆེའི་གནས་ཐོབ་པའི་ཚུལ་དེ་རྣམས་ཀྱང་ལྷག་པ་ཤེས་རབ་ཀྱི་བསླབ་པའི་ཡོན་ཏན་ཡིན་ལ། འོན་ཀྱང་མདོ་སྡེ་རྣམས་ལས་ལྷག་པ་ཤེས་རབ་ཀྱི་བསླབ་པའི་དབྱེ་བ་གཙོ་བོར་དངོས་སུ་གསུངས་པ་ནི། རྣམ་བཤད་དགོངས་པ་རབ་གསལ་ལས། ལྷག་པའི་ཤེས་རབ་ཀྱི་བསླབ་པ་གསུམ་འཇོག་པ་ལ། ས་འདིར་བྱང་ཕྱོགས་སོ་བདུན་རགས་པ་དང་ཕྲ་བ་ལ་ཆེས་མཁས་པའི་ཤེས་རབ་ཀྱི་བསླབ་པ་ཞེས་སོགས་ཀྱི་དོན་དབུ་མ་འཇུག་པར། བྱང་ཆུབ་ཕྱོགས་ལྷག་བསྒོམ་པ་ལས་སྐྱེས་པའི། །ཞེས་བྱང་ཕྱོགས་སོ་བདུན་སོགས་ལམ་ལ་མཁས་པའི་ཤེས་རབ་ཀྱི་བསླབ་པ་དང༌། བདེན་རང་བཞིན། ཞིབ་མོར་རྟོགས་ལའང་ཤིན་ཏུ་མཁས་པ་འཐོབ། །ཅེས་བདེན་བཞི་ལ་མཁས་པའི་ལྷག་པ་ཤེས་རབ་ཀྱི་བསླབ་པ་དང༌། འདི་བརྟེན་འབྱུང་བའི་དེ་ཉིད་མཐོང་བ་དེ། །ཤེས་རབ་གནས་པས་འགོག་པ་ཐོབ་པར་འགྱུར། །ཞེས་རྟེན་འབྱུང་གི་དེ་ཁོ་ན་ཉིད་རྟོགས་པའི་ལྷག་པ་ཤེས་རབ་ཀྱི་བསླབ་པ་གསུམ་དུ་གསུངས་པ་དེ་དག་ཐུགས་རྒྱུད་ལ་འཁྲུངས་པར་ཚུལ་འདི་ཉིད་ཀྱིས་ཤེས་དགོས་ཏེ། ཉིད་ཀྱི་རྟོགས་བརྗོད་སྐལ་ལྡན་མ་ལས། གཞུང་ཕར་ཕྱིན་དབུ་མ་ལ་སོགས་པ། །ནང་བལྟས་ཀྱི་བློ་ཡིས་གང་ནུས་སྦྱོར། །ཞེས་བཀའ་པོད་ཆེན་པོ་ལྔ་ལ་སྦྱང་བ་མཛད་པ་དེའང་ཁ་ཕྱིར་བལྟས་ཀྱི་རྩོད་པའི་ཡན་ལག་ཙམ་མ་ཡིན་པར་ཐུགས་རྒྱུད་ལ་ནང་དུ་བསྐོར་ཏེ་དེ་དང་དེའི་དོན་གྱི་རྟོགས་པ་ཁྱད་པར་ཅན་འཁྲུངས་པ་འབའ་ཞིག་གི་ཕྱིར་དུ་མཛད་ངེས་པ་དང༌། དེ་ལྟར་ན་ཕར་ཕྱིན་གྱི་གཞུང་ལ་སྦྱངས་པས་གཞུང་ཕ་རོལ་ཏུ་ཕྱིན་པའི་སྦས་དོན་མངོན་པར་རྟོགས་པ་མཐའ་དག །མཚན་མེད་རབ་ཏུ་སྦྱིན་ལ་སོགས། །ཞེས་སོགས་ཀྱིས་མདོར་བསྟན་པ་བཞིན་དུ་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པར་བསྡུས་ཏེ་རྣལ་འབྱོར་བ་གཅིག་གི་ཉམས་ལེན་གྱི་ལུས་གཅིག་ཏུ་འདྲིལ་བས་ལམ་ཕྲ་རགས་ཀྱི་གནད་ཐམས་ཅད་ལ་ངེས་པ་རྙེད་དེ་ལྷག་པའི་ཤེས་རབ་དང་པོ་ཐུགས་ལ་སྐྱེས་པར་འགྲུབ། མངོན་པ་མཛོད་ལ་སྦྱངས་པའང་གནས་དང་པོ་གསུམ་གྱིས་ཁམས་ཀྱི་རབ་དབྱེ་མཐའ་ཡས་དང་སྣོད་བཅུད་ཀྱི་འཇིག་རྟེན་མཐའ་དག་གིས་བསྡུས་པའི་ཤེས་བྱ་སྡུག་བསྔལ་གྱི་བདེན་པ་གཏན་ལ་འབེབས། གནས་བཞི་པ་ལྔ་པ་གཉིས་ཀྱིས་ལས་ཀྱི་དབྱེ་བ་དང་དེའི་རྩ་བ་ཕྲ་རྒྱས་དྲུག་སོགས་སྤང་བྱ་ཀུན་འབྱུང་གི་བདེན་པ་གཏན་ལ་འབེབས། གནས་ཕྱི་མ་གསུམ་གྱིས་འགོག་ལམ་གྱི་བདེན་པ་གཏན་ལ་འབེབས་པས་ལྷག་པའི་ཤེས་རབ་གཉིས་པ་ཐུགས་ལ་འཁྲུངས་པར་འགྲུབ། དབུ་མའི་གཞུང་ལ་ནང་དུ་བསྐོར་ཏེ་སྦྱངས་པས་སྲིད་པའི་ནད་བརྒྱ་སེལ་བའི་སྨན་མཆོག །ཉེས་བརྒྱའི་འཆིང་བ་གཅོད་པའི་རལ་གྲི། བསྟན་པའི་སྙིང་པོ་དཔལ་མགོན་ཀླུ་སྒྲུབ་ཡབ་སྲས་དང་འཇམ་མགོན་ཙོང་ཁ་པ་ཡབ་སྲས་ཀྱི་ཐུགས་བཅུད་ཟབ་མོ་རྟེན་འབྱུང་གི་དེ་ཁོ་ན་ཉིད་གཟིགས་པས་ལྷག་པའི་ཤེས་རབ་གསུམ་པ་ཐུགས་ལ་འཁྲུངས་པར་འགྲུབ་ཅིང༌། རྣམ་འགྲེལ་ནི་དབུ་ཚད་སེང་གེ་མཇིང་བསྣོལ་ཞེས་དབུ་མའི་ལྟ་བ་གཏན་ལ་འབེབས་པའི་རིགས་པར་ངར་འདོགས་བྱེད་ཀྱི་ཡན་ལག་དང་།འདུལ་བ་ནི་དེ་དག་ཐམས་ཅད་ཀྱི་གཞི་རྟེན་དུ་དགོངས་པས། མདོར་ན་རྒྱུ་ཐོས་བསམ་མཛད་ཚུལ་ཚིག་གི་ན་ཡམ་དང་ཤགས་འགྱེད་པ་ཙམ་དུ་མ་སོང་བའི་རྣམ་པར་དག་པ་འདི་ཉིད་ཀྱི་སྒོ་ནས་འབྲས་བུ་ལྷག་པའི་ཤེས་རབ་ཕུན་སུམ་ཚོགས་པ་ཐུགས་རྒྱུད་ལ་འཁྲུངས་ཚུལ་རྗེས་སུ་དཔོག་པར་བྱེད་དགོས་པ་ཡིན་ནོ། །མདོར་ན་ཕྱིན་དྲུག་བསྡུ་བཞི་སོགས་རྒྱལ་སྲས་ཀྱི་སྤྱོད་པ་མཐའ་དག་ལ་གོམས་པ་ངང་དུ་གྱུར་པས་སྐུ་གསུང་ཐུགས་ཀྱི་མཛད་པ་མཐའ་དག་བསྟན་འགྲོའི་གསོས་སྨན་དུ་འགྱུར་ཞིང༌། རང་དོན་ཡིད་བྱེད་ཀྱིས་བསླད་པ་ཅུང་ཟད་ཀྱང་མེད་པར་དེ་ཐམས་ཅད་གཞན་དོན་འབའ་ཞིག་ཏུ་བསྔོ་བར་མཛད་པའི་སྟབས་ཀྱིས་སླད་མར་ཡང་ནམ་མཁའ་ཇི་སྲིད་གནས་ཀྱི་བར་དུ་ཚོགས་གཉིས་ཀྱི་སྤྱོད་པ་རླབས་པོ་ཆེ་ཅུང་ཟད་ཙམ་ཡང་མི་ཉམས་པར་གོང་ནས་གོང་དུ་འཕེལ་ཞིང༌། འགྲོ་བ་མ་ལུས་པའི་མགོན་དང་སྐྱབས་སུ་འགྱུར་བ་སོགས་གསང་བ་གསུམ་གྱི་ཡོན་ཏན་མི་ཟད་པའི་གཏེར་དུ་གྱུར་པ་ཡིན་ཏེ། མདོ་སྡེ་རྒྱན་ལས། ཐབས་མཆོག་ཤེས་པ་གང་ཞིག་བསོད་ནམས་ཡང་དག་བསྡུས་པ་ཤིན་ཏུ་རྒྱ་ཆེན་ཀུན། །གཞན་དང་ཐུན་མོང་བྱས་ནས་ཉིན་གཅིག་བཞིན་དུ་རྫོགས་པའི་བྱང་ཆུབ་ཡོངས་བསྔོ་ཞིང༌། །བཟང་པོའི་གནས་སུ་སྐྱེས་པས་རྟག་ཏུ་དགེ་བྱེད་མངོན་ཤེས་ཡོན་ཏན་རྣམས་ཀྱིས་རྩེན། །སངས་རྒྱས་སྲས་དེ་ཀུན་གྱི་བླ་ན་འདུག་པ་ཡོན་ཏན་གཏེར་དུ་ཤེས་པར་བྱ། །ཞེས་གསུངས་པ་བཞིན་ནོ། །རྣམ་དག་ཚུ༷ལ་ཁྲི༷མས་ཆུ་གཏེར་ལས་འཁྲུངས་ཏིང་འཛིན་ཤེས་རབ་འོད་སྟོང་འབར། །མདོ་མངོན་འདུལ་བསྟ༷ན་ཆ་ཤས་ཡོངས་གང་འཆད་རྩོད་རྩོམ་པ༷འི་བསིལ་ཟེར་འགྱེད། །བཤད་སྒྲུབ་ཉི༷་ཟླ་ཟུང་དུ་འཇུག་པས་ས་གསུམ་མུན་པའི་བླ་གོས་ཕྲོགས། །དཔལ་ལྡན་བླ་མ༷་མཁྱེན་བརྩེའི་བདག་ཉིད་ཀུན་བཟང་སྤྱོད་པའི་ཕ་རོལ་སོན། །འབྲེལ་མེད་ཕྱེ་བསྡུས་བཤད་པས་མགོ་སྐོར་དང༌། །གནད་དོན་མ་ཕིག་ཁ་འཆལ་རྩོད་པ་དང༌། །གཞན་ལས་བརྐུས་ཏེ་རྩོམ་པའི་ཁུར་འཛིན་རྣམས། །རེ་ཞིག་ཐུགས་ངལ་སྤངས་ཏེ་བདེ་བར་མནོལ། །ཁྱོད་གསུང་ཚད་མར་གྱུར་པ་ཚངས་པའི་ཐིག །སྡེ་སྣོད་མཚམས་ལས་མི་འདའ་རྒྱལ་གསུང་ཀུན། །མདོ་དང་སྔགས་ཀྱི་ལམ་བཟང་ལུས་གཅིག་ཏུ། །གནོན་པའི་རྒྱལ་ཐབས་ཁྱབ་འཇུག་གོམ་པ་བཞིན། །གང་གི་ཡོན་ཏན་ཉི་འོད་གསེར་ཞུན་གྱིས། །བྲིས་པའི་ཡི་གེ་བཀླག་པས་གང་དུ་རྫོགས། །འོན་ཀྱང་རྨད་བྱུང་རྣམ་ཐར་བདུད་རྩིའི་རྒྱུན། །ཅི་ཙམ་མྱང་བས་གདུང་སེལ་བདེ་བ་སྟེར། །ཞེས་དགེ་ལྡན་བསྟན་པའི་རྩ་ལག་མཁས་ཤིང་གྲུབ་པའི་དབང་ཕྱུག་རྗེ་བཙུན་བླ་མ་དམ་པ་ཚུལ་ཁྲིམས་བསྟན་པའི་ཉི་མ་དཔལ་བཟང་པོའི་རྣམ་པར་ཐར་པ་ནོར་བུའི་དོ་ཤལ་ལས་སྐུ་ཚེའི་མཇུག་གི་མཛད་པ་རྣམ་ཐར་སྤྱིའི་དོན་བསྡུ་དང་བཅས་པའི་དྲ་བ་སྟེ་དྲུག་པའོ།། །།

དེ་ནས་སྐུ་བསྙུན་ཤིན་ཏུ་ལྕི་བའི་ཚུལ་བཞེས་ཤིང༌། གསོལ་བའང་ཆེར་མི་མཛད་པར་ཤས་ཆེར་མཉམ་གཞག་ལྟ་བུ་ཞིག་གི་ངང་དུ་བཞུགས་པ་ན། ཞབས་ཕྱི་བ་ནང་མ་རྣམས་ཀྱིས་ད་ནི་བསྙུན་གཞི་དང་སྐུའི་བབ། གསུང་གི་ཤུགས་གང་ལ་དཔྱད་ནའང་དགོངས་པ་གཞན་དུ་གཏད་ཚར་འདུག་སྙམ་དུ་ཁོ་ཐག་ཆད་པའི་མྱ་ངན་གྱི་ཤུགས་དང་བཅས་ཏེ་འཕྲལ་ཐུགས་ཀྱི་གནས་ཚུལ་དུ་མ་དང༌། ལྷག་པར་སྤྱིར་བསྟན་འགྲོ་དང༌། སྒོས་ངེད་ཅག་རྣམས་ཀྱི་མགོན་དུ་སྤྲུལ་བའི་སྐུ་དྭངས་གསལ་མྱུར་འབྱོན་གྱི་བཀའ་དྲིན་དུས་ལས་མི་ཡོལ་བ་ཐུགས་རྗེས་གཟིགས་དགོས་ཚུལ་དང་སྐུ་གདུང་ཇི་ལྟར་བྱེད་རྒྱུའི་སྐོར་རྣམས་ཞུས་པར། བླ་མ་དང་དཀོན་མཆོག་རིན་པོ་ཆེའི་ཐུགས་རྗེ་ཁོ་ན་ལ་རག་ལས་གཙོ་ཆེར་རིམ་གྲོ་ལ་འབད་པ་གལ་ཆེ། ཁྱོད་ཚོ་རང་རང་སོ་སོ་ནས་ལེགས་ཉེས་ཅི་བྱུང་ཡང་མཆོག་གསུམ་དམ་པར་གསོལ་འདེབས་ལེགས་པོ་གྱིས་ཞེས་སོགས་ཀྱི་བསླབ་བྱ་དང༌། གདུང་ཞུགས་འབུལ་བྱས་ན་དངོས་གཙང་བ་ཡོང་ཚུལ་སོགས་འབྱུང་འགྱུར་གྱི་སྐོར་རྣམས་བརྩེ་བས་ཉེ་བར་གཟིགས་ཏེ་ཞིབ་རྒྱས་སུ་གསུངས། ལྷ་རྟེན་དང་ཕྱག་དཔེ་དོ་དམ་བྱེད་རྒྱུ་དང༌། རེ་ཞིག་ཞལ་འདོན་གྱི་སྐོར་ཆ་བགོས་ཏེ་མདུན་ནས་འདོན་རྒྱུ་སོགས་སྐུ་ཚ་ཞབས་དྲུང་སྐལ་བཟང་བསྟན་འཛིན་རྒྱ་མཚོ་དང༌། གཞན་གྲྭ་པ་གཉིས་ལ་གཏད་པ་གནང་བས་ཁོང་རྣམས་ཀྱིས་བཏོན་པའི་ཚེ་ཞལ་འདོན་བགོས་སྐལ་གྱི་ཆ་ཤས་རེ་དེའང་ཚར་དཀའ་བ་བྱུང་བས་ལྷག་པར་ཡ་མཚན་དུ་གྱུར། ཞབས་ཕྱི་བ་ནང་མ་གཉིས་ལ་ཉིན་རེ་བཞིན་ཁྲུས་གསོལ་དང་མནོལ་བསང་བདུག་རྒྱུའི་བཀོད་པ་གནང་བ་འདའ་ཀ་མའི་ཐུགས་དམ་གསལ་ཆེད་ཡིན་པར་སྣང༌། ཆོས་སྡེ་ཆེན་པོའི་གདན་ས་པ་ཆེ་ཤོས་མཁན་རིན་པོ་ཆེ་གཙོས་འདུས་སྤྱི་ནས་ཞབས་བརྟན་འབུལ་རྒྱུའི་སྙན་གསན་ཞུས་པར། བཀའ་དྲིན་འཁོར་མཐའ་མ་མཆིས་པ་ལགས། འོན་ཀྱང་དུས་ཚོད་སྟོན་ཟླ་འབྲིང་པོའི་ཚེས་མགོ་ལ་ཕུལ་ན་ལེགས་ཞེས་རྗེས་ཀྱི་རྟེན་འབྲེལ་དུ་སྒྱུར་བར་མཛད་དོ། །དེ་ལྟར་དགུང་ལོ་རེ་གསུམ་གྱི་བར་དུ་བསྟན་པ་དང་འགྲོ་བའི་དོན་བསམ་གྱིས་མི་ཁྱབ་པ་མཛད་དེ་ཞིང་འདིའི་སྐུ་དངོས་ཀྱི་གདུལ་བྱ་རྫོགས་པས། མེ་མོ་གླང་གི་ལོ་ཧོར་ཟླ་བརྒྱད་པའི་ཚེས་གཅིག་གི་སྔ་དྲོའི་ཆར། ཞལ་འདོན་གྱི་སྐོར་རྣམས་སྔར་རྒྱུན་ལྟར་གསུང་ཞིང་ཁམས་ཤིན་ཏུ་དྭངས་པ། བསྙུན་གྱི་ཚུལ་ཡང་ཡེ་མེད་པར་བཞུགས་པ་ལ། ཉིན་གུང་གི་སྔོན་ཙམ་རྟའི་དུས་ཚོད་ལ་སླེབས་པ་ན་གློ་བུར་དུ་སྔར་བཤམས་པའི་ཁྲི་ཁར་ཞབས་གཉིས་སྐྱིལ་ཀྲུང༌། ཕྱག་གཉིས་སྡིགས་མཛུབ་བསྣོལ་ཐབས་སུ་བྱས་པ་རྡོ་རྗེ་འཆང་གི་ཕྱག་རྒྱ་མཛད་དེ་གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བའི་ཕྱིར་དུ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་པའི་ཚུལ་བསྟན་ཏོ། །

མི་ཤིགས་རྟག་པའི་ངང་ཚུ༷ལ་རྡོ་རྗེ་སྐུ། །འཕོ་འཇིག་དུས་ཀྱི་བཀའ་ཁྲི༷མས་ལས་འདས་ཀྱང༌། །ཞིང་གཞན་བསྟ༷ན་འགྲོར་ཕན་པ་ཡངས་པ༷འི་རླབས། །གཟིགས་པའི་ཉི༷་མ༷་ནུབ་རིའི་ཕག་ཏུ་འཚལ། །ཞལ་བཟང་མཐོང་བ་ཙམ་གྱིས་དངོས་གྲུབ་ཀུན། །སྩོལ་མཛད་ནོར་བུ་དྲན་པའི་ཡུལ་དུ་གྱུར། །སྲིད་ཞིའི་གདུང་བ་མ་ལུས་སེལ་བ་ཡིན། །གསུང་སྙན་དེ་ཡང་ཐོས་པའི་ལམ་ལས་འདས། །ཀྱེ་ཧུད་བུས་པ་མྱ་ངམ་ཐང་བསྐྱུར་བཞིན། །མགོན་མེད་སྐྱབས་མེད་གྱུར་པའི་གདུལ་བྱ་རྣམས། །ཐུགས་རྗེས་ནམ་ཡང་འདོར་བ་མི་རིགས་པས། །སླད་ཀྱང་བརྩེ་བས་རྗེས་འཛིན་བཀའ་དྲིན་མཛོད། །དེའི་མོད་ལ་སྐུ་མདངས་སྔར་ལས་ཇེ་གསལ་དུ་སོང་ཞིང་སྐུ་བོངས་ཇེ་ཆུང་དང་གཉེར་མ་སོགས་ཡེ་མེད་པར་གཞོན་ཤ་ཆགས་པའི་འོད་ཕུང་གི་རང་བཞིན་ཅན། ཡ་མཚན་པའི་དྲིས་ཉེ་སྐོར་ཀུན་ལ་ཁྱབ་པ་བྱུང༌། ནང་གི་རྟོགས་པའི་རྟེན་འབྲེལ་གྱིས་ཕྱི་རོལ་ཏུ་ནམ་མཁའི་དཀྱིལ་ཤིན་ཏུ་གཡའ་དག་ཅིང་རྒྱ་མཐིང་བཟང་པོ་ལྟར་སྔོ་བ་དང༌། མཐའ་སྐོར་གྱི་ཕྱོགས་ཀུན་ནས་མཆོད་ལྷ་རྣམས་ཀྱིས་གདུགས་རྒྱལ་མཚན་སོགས་མཆོད་རྫས་སྣ་ཚོགས་ཐོགས་ནས་མཆོད་པ་ཕུལ་བའི་རྣམ་པ་ལྟ་བུའི་སྤྲིན་དཀར་གྱི་ཕྲེང་བ་ཉེ་བར་འཁྲིགས། རླུང་བསེར་བུའི་རྒྱུ་བ་ཕྲ་མོ་ཙམ་ཡང་མེད་པས་ཉིན་ཞག་གསུམ་གྱི་བར་དུ་གཟིམས་ཆུང་གི་ཁྱམས་སུ་མཆོད་པ་སྣ་ཚོགས་དང༌། ཁྱད་པར་དུ་མཆོད་མེ་སྟོང་ཕྲག་བརྒལ་བ་ཕུལ་བ་རེ་རེའང་རླུང་གིས་མི་བསྐྱོད་པ་སོགས་ངོ་མཚར་བའི་རྟགས་མང་དུ་བྱུང་བས་སྐྱེ་བོ་རྣམས་བཤེས་གཉེན་དམ་པའི་དམིགས་བུ་དང་བྲལ་བའི་མྱ་ངན་གྱིས་ནོན་བཞིན་དུའང་ཡ་མཚན་གྱིས་ལྟས་ཀྱིས་ཡིད་འཕྲོག་སྟེ་ཆེད་དུ་བརྗོད་པའང་བྱུང་ངོ༌། །ཚོགས་ཆེན་གྱི་དགེ་འདུན་ཚང་མས་གདུང་མདུན་དུ་ཁྲུས་གསོལ་དང་སྨོན་ལམ་སོགས་གསུངས་ཏེ་ཞལ་མཇལ་ཞུས་ཤིང་བཤད་སྒྲུབ་གླིང་སོགས་གྲྭ་ཚང་སོ་སོ་ནས་སྒེར་དུའང་ཁྲུས་གསོལ་དང་སྨོན་ལམ་བཅས་གསུངས་ཏེ་ཚེ་རབས་རྗེས་འཛིན་དང་ཡང་སྲིད་མྱུར་འབྱོན་སོགས་ཀྱི་གསོལ་འདེབས་ནན་ཏན་ཞུས། ཞག་གསུམ་གྱི་མཚམས་ནས་འོད་གསལ་ཆོས་དབྱིངས་སུ་བཞུགས་པའི་ཐུགས་དམ་གྲོལ་བའི་རྟགས་ཤངས་བུག་སོགས་ནས་བྱང་སེམས་དཀར་དམར་གྱི་རྒྱུན་བབས་པ་སོགས་བྱུང༌། དེ་ནས་སླར་ཡང་ཚད་ལྡན་གྱི་གཞུང་དང་ཕྱག་བཞེས་ཇི་ལྟ་བ་བཞིན་དྲི་བཟང་གི་ཆུས་ཁྲུས་གསོལ་ལེགས་པར་བྱས་ཤིང་གནས་ཡིག་སྦྱོར་བ་དང༌། ན་བཟའ་དབུ་རྒྱན་སོགས་ཕུལ་ནས་བཞུགས་སུ་བཅུག་སྟེ། མཆོད་པའི་ཡོ་བྱད་སྣ་ཚོགས་པ་བཀོད་པ་གང་མཛེས་ཀྱིས་མཐའ་བསྐོར། ཕྱོགས་ཉེ་རིང་གི་སློབ་མ་ཆེ་ཕྲ་མང་པོ་དང༌། ལྷག་པར་ཞབས་ཕྱི་བ་རྣམས་ཀྱིས་ཉིན་མཚན་ཁོར་ཡུག་ཏུ་བླ་མཆོད་དང་ཁྲུས་གསོལ། གསོལ་འདེབས་མང་པོ། སྨོན་ལམ་གྱི་རིགས་ཕྱག་དང་མཆོད་པ་ཅི་འབྱོར་ཡང་ཡང་བཤམས་པ་སོགས་རྗེ་བཙུན་བླ་མ་དམ་པ་དེ་ཉིད་ཀྱི་ཐུགས་ཟག་པ་མེད་པའི་དགོངས་པ་ཡོངས་སུ་རྫོགས་པའི་ཐབས་ལ་སྒོ་དུ་མ་ནས་གཞོལ་བར་གྱུར། དགེ་བའི་བཤེས་གཉེན་དམ་པ་ཁ་ཤས་ཀྱིས་གདུང་ཆོག་གནད་སྨིན་གསུངས། ཆེ་ཤོས་མཁན་རིན་པོ་ཆེས་དབུ་མཛད་བླ་མ་མཆོད་པའི་དུས་བཟང་པ་ཚོགས་ཡོངས་ནས་ཉིན་བཅོ་བརྒྱད་ཀྱི་རིང་ལ་དུས་བཟང་གི་འདོན་ཆ་དཀྱུས་བཞིན་གསུང༌། གཞན་ཆོག་གྲྭ་པ་སོ་སོ་ནས་གསང་འདུས། འཇིགས་བྱེད། བདེ་མཆོག །དུས་འཁོར། ཀུན་རིག་སོགས་རྒྱུད་སྡེ་སོ་སོའི་དཀྱིལ་འཁོར་བསྒྲུབས་ཤིང་དབང་ལེན་མཁན་གྱི་དགེ་འདུན་ཁྱོན་བསྡོམས་ལྔ་བརྒྱ་ལྷག་དང༌། དཔལ་ལྡན་སྨད་རྒྱུད་ནས་ཀྱང་སྐུ་གདུང་གི་མདུན་དེར་བདེ་གསང་འཇིགས་གསུམ་གྱི་དཀྱིལ་འཁོར་བསྒྲུབས་ནས་བདག་འཇུག་བཞེས་ཤིང༌། སྨན་པ་གྲྭ་ཚང་ནས་ཀྱང་དེ་བཞིན་གནང་བ་སོགས་དམ་པ་དེ་ཉིད་ཀྱི་ཐུགས་དགོངས་རྫོགས་པའི་དགེ་བ་རླབས་ཆེན་ཞག་ཞེ་དགུའི་བར་དུ་བསྒྲུབས་པ་ལ་ཕྱག་གཉེར་སོགས་ནས་ཁུར་བླང་གིས་བསྙེན་བཀུར་ཞབས་ཏོག་གྱ་ནོམ་པས་མཉེས་པར་བྱས། སྐུ་འབུམ་ཆོས་སྡེ་ཆེན་པོའི་དགེ་འདུན་སུམ་སྟོང་བརྒལ་བ་ལ་མང་ཇ་བཅུ་ཕྲག་ལྷག་དང༌། སྐུ་འགྱེད་ཞོ་དོ་སྐར་ལྔ། བཤད་སྒྲུབ་གླིང་སོགས་ལ་སྐུ་འགྱེད་ཞོ་རེ། སྨད་རྒྱུད་གྲྭ་ཚང་ལ་ཞོ་ལྔ་སོགས་འཚེམ་མེད་དུ་ཕུལ། ཆུ་བཟང༌། གསེར་ཁོག།དགོན་ལུང༌། བཀྲ་ཤིས་འཁྱིལ་སོགས་དགོན་སྡེ་ཆེ་ཆུང་མང་པོ་ལའང་མང་འགྱེད་ཀྱི་བསྙེན་བཀུར་ཕུན་སུམ་ཚོགས་པ་ཞུས། རྗེ་ཆུ་བཟང་སྤྲུལ་བའི་སྐུ་རིན་པོ་ཆེར་ཁ་བཏགས། མཎྜལ་འགྱོག་བྱང༌། དངུལ་གོས་སོགས་དང༌། རྗེ་འཇམ་དབྱངས་བཞད་པའི་མཆོག་སྤྲུལ་རིན་པོ་ཆེ། རྗེ་ཐུའུ་བཀྭན་རིན་པོ་ཆེའི་སྤྲུལ་བའི་སྐུ། ཁོ་བོ་ཅག་སོགས་ལའང་ལྷ་རྫས་མཛོད་བཏགས། གོས་ཆེན་ཡུག །དངུལ་སོགས་བདོག་པ་རྒྱ་ཆེར་བསྟར། སྐུ་འབུམ་དུ་བཞུགས་པའི་བླ་མ་གདན་ཟུར། སྤྲུལ་སྐུ་ཆེ་ཕྲ་མཐའ་དག་གཅིག་ཀྱང་མ་ལུས་པ་ལ་ཕྱག་རྟེན་གྱ་ནོམ་པ་ཕུལ། རྗེ་ཉིད་ཀྱི་གྲྭ་ཚང་བཀྲ་ཤིས་ཆོས་གླིང༌། དགའ་ལྡན་དར་རྒྱས་གླིང་སོགས་ཀྱིས་མཚོན་དགོན་སྒྲུབ་སྡེ་རྣམས་ལ་མང་འགྱེད་གང་རྒྱས་བཅས་དགོངས་རྫོགས་ཀྱི་ཞག་གྲངས་ཁོངས་སུ་ཕུལ་ཞིང་སླར་རིམ་པ་བཞིན། དབུས་སུ་པཎ་ཆེན་ཐམས་ཅད་མཁྱེན་པར་ལྗགས་བསྔོ་ཞུ་རྟེན་ལྷ་རྫས་གོས་དར་སོགས་གྱ་ནོམ་པ་དང༌། ཡོངས་འཛིན་དགའ་ལྡན་ཁྲི་རིན་པོ་ཆེར་ལྷ་རྫས་གོས་དར་སོགས་རྒྱ་ཆེ་བ་ཕུལ། ལྷ་ས་སྨོན་ལམ་གྱི་ཚོགས་ལ་མང་ཇ་སོགས་ཀྱི་བསྙེན་བཀུར། རྒྱལ་ཚབ་དེ་མོ་ནོ་མོན་ཧན་སོགས་དབུས་གཙང་གི་སྤྲུལ་སྐུ་ཆེ་ཕྲ་མང་པོ་དང༌། མདོ་སྨད་ཀྱི་བླ་མ་གདན་ཟུར་སྤྲུལ་སྐུའི་རིགས་མང་པོ་ལའང་འོས་བསྟུན་གྱི་ཕྱག་རྟེན་རིམ་པར་བསྟར། རྗེ་ཉིད་ལ་དད་པ་ཐོབ་པའི་བླ་དཔོན་ཆེ་ཕྲ་དང་སེར་སྐྱ་མཐའ་དག་གིས་གདུང་འབུལ་གྱི་ཞལ་འདེབས་ཀྱང་སོ་སོའི་འབྱོར་འཁོས་དང་བསྟུན་པའི་གང་ལེགས་བགྱིས་ཏེ་སྐྱེ་བའི་ཕྲེང་བར་མཉེས་པ་གསུམ་གྱིས་མཉེས་པར་བྱེད་པའི་རྟེན་འབྲེལ་བསྒྲིགས། གཟའ་ཚེས་དགེ་བའི་ཉིན་སྨད་རྒྱུད་དཔོན་སློབ་གསེར་ཏོག་སྤྲུལ་བའི་སྐུ་ཡེ་ཤེས་ཐུབ་བསྟན་རྒྱ་མཚོ་དགེ་འདུན་རིག་པ་འཛིན་པའི་ཚོགས་དང་བཅས་པས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ཆོ་ག་ལ་བརྟེན་ནས་སྐུ་གདུང་རིན་པོ་ཆེ་ཞུགས་འབུལ་མཛད། དེའི་ཚེ་ནམ་མཁའ་གཡའ་དག་ཅིང༌། ནུབ་ཕྱོགས་བྱམས་པ་ལུང་པ་ཟེར་བ་ནས་འཇའ་ཚོན་ཞིག་ཤར་ཏེ་པུར་ཁང་གི་སྟེང་དུ་ཟུག་པ་མང་པོས་མཐོང་ཞིང༌། དུ་བའི་མདོག་ཀྱང་ལྷ་བྲིས་མཁས་པས་ཚོན་མདངས་སྤེལ་པ་ལྟ་བུར་ཤིན་ཏུ་བཀྲ་བའི་ཡ་མཚན་པ་པུར་ཁང་གི་སྟེང་དུ་ཡིད་ཙམ་འཁོད་ནས་ཐོག་མར་ནུབ་བྱང་དང༌། དེ་ནས་ཕྱོགས་ཀུན་ཏུ་སོང༌། ཞུགས་འབུལ་མཛད་མཁན་གྱི་བླ་མ་དགེ་འདུན་རྣམས་ལ་ཡོན་འབུལ་དང་ཞབས་ཏོག་གཟབ་རྒྱས་ཞུས། པུར་ཁང་ལ་ཉིན་ཞག་དྲུག་གི་རིང་མཆོད་པ་རྒྱ་ཆེར་ཕུལ་ཏེ། ནང་སློབ་འགའ་ཞིག་དང་ཞབས་ཕྱི་བ་རྣམས་པུར་ཁང་གི་སྒོ་ཕྱེ་བར། ས་པཎ་གྱི་སྡོམ་གསུམ་རབ་དབྱེ་ལས། འཕགས་པ་གསུམ་གྱི་རིང་བསྲེལ་ནི། །ཡོན་ཏན་སྟོབས་ཀྱིས་བྱུང་བ་སྟེ། །སྐྱེ་བོ་རྣམས་ཀྱི་བསོད་ནམས་རྟེན། །ཞེས་དང༌། ཀརྨ་ཆགས་མེད་ཀྱིས། དབུ་བུམ་རི་ལ་དུང་དཀར་གཡས་འཁྱིལ་སོགས། །དེ་བྱུང་ན་མཆོག་སྟེ་ནོར་འཁྲུལ་མེད། །ཅེས་པ་ལྟར་དབུ་ཐོད་རིལ་པོར་བཞུགས་པའི་ནང་དུ་ཐུགས་ལྗགས་སྤྱན་གསུམ་བབས་ཤིང༌། རིང་བསྲེལ་མང་དུ་བྱོན་པ་དེར་འཁོད་ཐམས་ཅད་ཀྱིས་མངོན་སུམ་དུ་མཇལ་བས་ལྷག་པར་དད་པའི་གསོས་སུ་གྱུར། གདུང་རུས་བཏུ་ཚུལ་དང་ཤུལ་དུ་ཇི་ལྟར་བྱ་བ་རྣམས་ཀྱང་ཕྱག་ལེན་ལྟར་བྱས། སྐུ་ཚ་ཞབས་དྲུང་དང་ཕྱག་མཛོད་ཆེ་ཆིང་ཆོས་རྗེ་སོགས་ཞབས་ཕྱི་བ་རྣམས་ནས་ཁུར་བླང་བགྱིས་ཏེ་སྐུ་གདུང་རིན་པོ་ཆེ་བཞུགས་ཡུལ་གྱི་མཆོད་རྟེན་ཕྱག་ཚད་དང་ལྡན་ཞིང་གསེར་མདངས་གཟི་འོད་འབར་བ། རིན་པོ་ཆེ་དུ་མའི་ཕྲ་ཚོམ་གྱིས་མཛེས་པའི་བཀོད་པ་ཕུན་སུམ་ཚོགས་པ་ཆེ་ལེགས་གཉིས་བསྒྲུབས་པའི་ནང་དུ་ཐུགས་ལྗགས་སྤྱན་གསུམ་དང་སྐུ་གདུང་གི་རིང་བསྲེལ་རྣམས་བཞུགས་སུ་གསོལ།གཞན་ཡང་རྟེན་སྣ་དུ་མ་དང་གཟུངས་གཞུག་ཆ་ཚང་བ་སོགས་དམ་པ་གོང་མའི་ཕྱག་ལེན་དང་མཐུན་པར་ཕུལ་ནས་ཁྲི་ཀའི་གདན་ས་བཀྲ་ཤིས་ཆོས་གླིང་བླ་བྲང་དང༌། སྐུ་འབུམ་ཆོས་སྡེ་ཆེན་པོའི་ཉིད་ཀྱི་བླ་བྲང་ཕུན་ཚོགས་འདོད་པ་འཇོ་བའི་གཟིམ་ཆུང་གཉིས་སུ་སྐྱེ་དགུའི་བསོད་ནམས་བསགས་པའི་ཞིང་ས་དམ་པར་བཞུགས་པ་ལ་རབ་གནས་ཀྱི་ཆོ་ག་རྒྱས་པར་བྱས་ཏེ་བྱིན་རླབས་ཀྱི་གཟི་འོད་འབར་ཞིང་དགེ་མཚན་གྱི་དཔལ་ཆེན་པོ་བརྒྱུད་མ་ནས་བརྒྱུད་མར་འབྱུང་བའི་རྟེན་འབྲེལ་ཕུན་སུམ་ཚོགས་པ་དུ་མའང་ལྷུན་གྱིས་གྲུབ་པར་གྱུར་ཏོ། །

དཔག་བསམ་ཤིང་དང་རྫོགས་ལྡན་སྤྲིན་བཞིན་དུ། །གཏན་པ་མེད་པའི་མཆོད་སྦྱིན་རླབས་པོ་ཆེས། །དཔལ་ལྡན་བླ་མའི་ཟག་མེད་དགོངས་པ་དང༌། །གདུལ་བྱའི་བསོད་ནམས་ཚོགས་ཆེན་ལྷན་ཅིག་རྫོགས། །མྱ་ངན་གདུང་བའི་རྣོ་རྩུབ་ཆབ་རོམ་ཡང༌། །ཐུགས་རྗེའི་འོད་ཀྱིས་ཆུ་རུ་ཞུ་བ་ལས། །རྣམ་དཀར་འདུ་བྱེད་ལྦུ་བའི་འཕྲེང་བར་བཅས། །རྟག་འཛིན་རྒྱུད་ཀྱི་ཞིང་སྐམ་རླན་པར་བྱེད། །ཧ་རི་ཙན་དན་བཅད་གཏུབས་བསྲེགས་པས་ཀྱང༌། །བསུང་ཞིམ་ངད་ཀྱི་དྲི་བཟང་འཐུལ་བ་ལྟར། །ཀུན་བཟང་སྤྱོད་པའི་སྒྱུ་འཕྲུལ་ཇི་ལྟར་དུ། །བསྟན་ཡང་འགྲོ་བའི་ཉེར་འཚོ་མཆོག་ཏུ་འགྱུར། །ཞེས་དགེ་ལྡན་བསྟན་པའི་རྩ་ལག་མཁས་ཤིང་གྲུབ་པའི་དབང་ཕྱུག་རྗེ་བཙུན་བླ་མ་དམ་པ་ཚུལ་ཁྲིམས་བསྟན་པའི་ཉི་མ་དཔལ་བཟང་པོའི་རྣམ་པར་ཐར་པ་ནོར་བུའི་དོ་ཤལ་ལས་སྐུ་མྱ་ངན་ལས་འདས་པའི་མཛད་པ་དགོངས་རྫོགས་ཀྱི་རྣམ་དཀར་སྒྲུབ་ཚུལ་དང་བཅས་པའི་དྲ་བ་ཕྱེད་པ་སྟེ་བདུན་པའོ།། །།

སྨྲས་པ། མི༷་འགྱུར་ལྷན་སྐྱེས་བདེ་ཆེན་ཉ༷ག་གཅིག་གཟུགས་སྐུའི་གར་རོལ་རྡོ༷་རྗེ༷་འཆ༷ང༌། །སླར་ཡང་ཐ་མལ་ཚུ༷ལ་གྱིས་ཁྲི༷མས་ལྡན་ངུར་སྨྲིག་འཆང་བའི་སྐུར་བཞེངས་ཏེ། །མ་ནོར་ལམ་བཟང་ཇི་བཞིན་བསྟ༷ན་ནས་ཐར་པར་འཁྲིད་པ༷འི་དེད་དཔོན་མཆོག །སྙིང་དབུས་ཉི༷་ཟླའི་གདན་ལ་རྟག་བཞུགས་མཆོག་ཐུན་དངོས་གྲུབ་མ༷་ལུས་སྩོལ། །མཁའ་མཉམ་སེམས་ཅན་རྒྱ་མཚོ་བསྒྲལ་བའི་ཕྱིར། །ཕྱོགས་བཅུའི་ཞིང་ཁམས་རྒྱ་མཚོར་དུས་ཀུན་ཏུ། །བྱ་དཀའི་སྤྱོད་པ་རྒྱ་མཚོར་བསླབ་པའི་ཚུལ། །བགྲང་ཡས་བསྐལ་པ་རྒྱ་མཚོར་བརྗོད་མི་ནུས། །འོན་ཀྱང་རྒྱས་སྲས་སྤྱོད་པའི་ཆ་ཤས་ཙམ། །རྙོག་བྲལ་དྭངས་པའི་ཡིད་ཀྱིས་བསྔགས་པ་ཡང༌། །བསོད་ནམས་མི་ཟད་གཏེར་དུ་འདོམས་པ་ཡི། །རྒྱལ་གསུང་ཚད་མས་ཡིད་ནི་སྤྲོ་བས་དྲངས། །རྒ་བས་ནོན་པའི་མི་སྡུག་སྤྲིན་ནག་ལས། །དར་བབ་ལྕེ་ཡི་འཁྲུལ་འཁོར་གློག་དམར་གྱི། །རྗེས་འགྲོ་ལེགས་བཤད་སྙན་འགྱུར་འབྲུག་གི་སྒྲས། །སྐལ་ལྡན་མདོངས་མཐའ་དད་པའི་གཏོས་བཟང་འཛིན། །རྙེད་བཀུར་བུང་བའི་གླུ་དང་མི་འགྲོགས་ཤིང༌། །ཕྱོགས་ལྷུང་ཚ་བའི་གདུང་བ་རིང་དུ་སྤངས། །རྣམ་དག་དད་པའི་ཆུ་གཏེར་རྒྱས་བྱེད་པ། །ཕུལ་བྱུང་རྟོགས་པ་བརྗོད་པའི་ཟླ་ཟེར་འདིས། །ཁམས་གསུམ་འབྱོར་པར་རྔམ་པའི་ཁ་གདངས་ཤིང༌། །ཆགས་སྡང་རིས་སུ་གཅོད་པའི་མཆེ་བ་གཙིགས། །ཆོས་མིན་ངར་སྐད་མཐོན་པོར་སྒྲོགས་རྣམས་ཀྱི།།ཞལ་གྱི་པདྨོ་པདྨོ་བཞིན་དུ་བྱེད། །རྣམ་འབྱེད་ཤེས་རབ་མིག་གིས་མཐོང་བའི་ལམ། །དད་བརྩོན་གོམ་པས་བགྲོད་པའི་གཟུར་གནས་རྣམས། །དེད་དཔོན་མཆོག་གི་བཤུལ་འདི་མ་བོར་བར། །མི་གནས་ཞི་བའི་གྲོང་ཁྱེར་བསྙེགས་པར་མཛོད། །སྒྲ་དོན་ཕུན་སུམ་ཚོགས་པའི་རྣམ་ཐར་གྱི། །རྒུན་འབྲུམ་ཡོངས་སྨིན་མངར་བའི་རོ་བདའ་བ། །ཕྱོགས་འཛིན་མཆུ་དང་བྲལ་བའི་མགྲོན་ཀུན་ལ། །ཕན་དང་བདེ་བའི་དགའ་སྟོན་མཆོག་ཏུ་སྤེལ། །ཚུ༷ལ་འདིར་འབད་པའི་རྣམ་དཀར་ལས་ཀྱིས་མཚོན། །སྦྱིན་དང་ཁྲི༷མས་བྱུང་བསྒོམ་པའི་དགེ་ཚོགས་མཐུས། །བསྟ༷ན་པ༷འི་སྙིང་པོ་ཉི༷་ལྟར་གསལ་བ་ཡིས། །མ༷་ལུས་འགྲོ་ལ་ཐར་ལམ་མཚོན་གྱུར་ཅིག །སླར་ཡ༷ང་ཡ༷ང་སྲིད་འཁྲུལ་བྲལ་ཀུན་དའི་གཉེན། །མ་ལུ༷ས་ལུ༷ས་ཅན་མགོན་དུ་མྱུར་གསལ་ཞིང༌། །ལེགས་གསུ༷ང་གསུ༷ང་གི་བསིལ་ཟེར་འབུམ་ཕྲག་གིས། །འགྲོ་ཀུ༷ན་ཀུ༷ན་དགའི་དཔལ་ལ་སྦྱོར་གྱུར་ཅིག །བླ་མ་ཡི་དམ་མཆོག་གསུམ་རྒྱ་མཚོའི་མཐུས། །བསྟན་དང་བསྟན་འཛིན་བསྟན་པའི་སྦྱིན་བདག་ཀུན། །ཆོས་སྲིད་དཔལ་འབྱོར་རྒྱས་བའི་དགེ་མཚན་གྱི། །རྫོགས་ལྡན་སྣང་བས་རྟག་ཏུ་རྩེན་གྱུར་ཅིག །

ཅེས་དགེ་ལྡན་བསྟན་པའི་རྩ་ལག་མཁས་ཤིང་གྲུབ་པའི་དབང་ཕྱུག་རྗེ་བཙུན་བླ་མ་དམ་པ་ཚུལ་ཁྲིམས་བསྟན་པའི་ཉི་མ་དཔལ་བཟང་པོའི་རྣམ་པར་ཐར་པ་ནོར་བུའི་དོ་ཤལ་ཞེས་བྱ་བ་འདི་ནི་སྐུ་ཚ་ཅོ་ནེ་ཞབས་དྲུང་སྐལ་བཟང་བསྟན་འཛིན་རྒྱ་མཚོ། བོ་ཀྱཱ་ཆོས་རྗེའི་སྤྲུལ་སྐུ་ངག་དབང་ཕུན་ཚོགས། ཕྱག་མཛོད་རྒན་པ་ཆེ་ཆིང་ཆོས་རྗེ་རབ་འབྱམས་པ་ཚུལ་ཁྲིམས་ཆོས་འཛིན། ཁྲི་ཚབ་བླ་མ་རབ་འབྱམས་ཤེས་རབ་དབང་ཕྱུག །སྒོམ་པ་ངག་དབང་སྨོན་ལམ། ཕྱག་མཛོད་གཞོན་པ་དར་ཧན་རབ་འབྱམས་པ་ངག་དབང་བསྟན་འཛིན། ཆོས་རྗེ་བསྟན་འཛིན་བཟང་པོ། རབ་འབྱམས་པ་ཚུལ་ཁྲིམས་བསྟན་འཛིན། རབ་འབྱམས་པ་མི་འཇིགས་རྡོ་རྗེ། རབ་འབྱམས་པ་ངག་དབང་ཕུན་ཚོགས། ཧོར་ཀྱཱའི་རི་ཁྲོད་པ་གྲགས་པ་དོན་གྲུབ། ཨོར་དུ་སུ་དགེ་སློང་དཀོན་མཆོག་སྙན་གྲགས། དབུ་མཛད་དགེ་སློང་བློ་བཟང་དོན་གྲུབ། དྲུང་ཡིག་དགེ་སློང་ཚུལ་ཁྲིམས་བསྟན་འཛིན། གསོལ་དཔོན་དགེ་སློང་བློ་བཟང་ཉི་མ། དེམྖི་དགེ་སློང་ཤེས་རབ་ཉི་མ། དགེ་ཚུལ་རྒྱལ་མཚན་དོན་གྲུབ། དགེ་ཚུལ་བློ་བཟང་དོན་གྲུབ། དགེ་ཚུལ་བློ་བཟང་ཚུལ་ཁྲིམས། དགེ་ཚུལ་ཤེས་རབ་དར་རྒྱས། དགེ་ཚུལ་རིན་ཆེན་ཟླ་བཟང༌། དགེ་ཚུལ་བློ་བཟང་དཔལ་འབྱོར། དགེ་ཚུལ་བློ་བཟང་སྐལ་ལྡན། བསྟན་པ་དར་རྒྱས་སོགས་ཞལ་སློབ་སྐུ་འཁོར་ཐུན་མོང་ནས་གསེར་གྱི་མཎྜལ་སོགས་བདོག་པ་རྒྱ་ཆེན་པོ་དང་བཅས་ནན་ཏན་དུ་བསྐུལ་ཞིང༌། ཉིད་ཀྱི་རྩ་བའི་སྦྱིན་བདག་ས་སྐྱོང་མིའི་དབང་པོ་ཝང་ཚེ་རིང་དོན་གྲུབ། པཻ་ལི་འཇམ་དཔལ་དོན་གྲུབ།པཻ་ཟེ་རཏྣ་སིངྡྷི། ཇ་སག་ཨུལ་ཇོས་ཐུ་དའི་ཆིང་རྡོ་རྗེ་སོགས་ནས་ཀྱང་དངུལ་གྱི་མཎྜལ། གོས་ཆེན་ཡུག་ཁ་ཤས་སོགས་ཀྱི་སྐྱེས་དང་བཅས་སྔ་ཕྱིར་བསྐུལ་བ་བཞིན། ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་རྩོམ་གདན་གྱི་ས་བོན་གསལ་ཞིང་ལེགས་པར་འདུག་པས་དེ་ཉིད་གཞིར་བཟུང༌། ངག་རྒྱུན་ཁུངས་དག་འགའ་ཞིག་རང་གིས་ཐོས་པ་དང༌། གོང་འོག་བསྒྲིགས་ཏེ་དཔྱད་པས་གོ་བ་རྙེད་པ་རྣམས་ཀྱིས་ཟུར་བརྒྱན་གལ་ཆེ་བ་རྣམས་ཚད་མའི་ལུང་དང་སྦྱར་ཏེ། རབ་བྱུང་བཅུ་བཞི་པའི་བགྲང་བྱ་བཅུ་གཉིས་སོང་བ་འབྲུ་མང་ཞེས་པ་ས་ཕོ་སྟག་གི་ལོར། རྒྱལ་བའི་ལུང་གིས་ཟིན་པའི་ཆོས་གྲྭ་ཆེན་པོ་བཀྲ་ཤིས་འཁྱིལ་དུ་དགུན་མཚམས་ཀྱི་སྐབས་ཐུན་གསེང་ལ་སུག་བྲིས་སུ་བགྱིས་པ་ལས། དཔེ་ཤོག་ཏུ་འབེབས་པ་པོ་ནི་གཙུག་ལག་འབྱེད་པའི་བློ་མིག་ཅན་སྔགས་རམས་པ་དཀོན་མཆོག་ཀུན་དགས་བགྱིས་པ་འདིས་ཀྱང་མཉྫུ་ནཱ་ཐ་དྭི་ཏཱི་ཡ་ཛ་ཡ་སྱ་ཤཱ་ས་ན་སརྦ་དིཀྐཱ་ལོ་ད་ཡ་ཙ་པུཥྚཾ་དཱི་རྒྷ་སྠཱསྟུཿ།།

(1)བླ་པར། འགྲུས་པར།

 

                                                                                                 རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།
གསལ་འདེབས། 
               རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།