མེར་གེན་པཎྚི་ཏ་ཧུ་ཐོག་ཐུ་བློ་བཟང་བསྟན་པ་དར་རྒྱས་ཀྱི་རྣམ་ཐར།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-09-07 11:21:10     རྩོམ་པ་པོ།   དཀོན་མཆོག་བསྟན་པའི་སྒྲོན་མེ།    ཀློག་ཐེངས།  

མེར་གེན་པཎྚི་ཏའི་རྣམ་ཐར་ནོར་བུའི་མེ་ལོང་།

༄༅། །བསྟན་པའི་རྩ་ལག་ཡིལ་གོག་སན་ཨེར་ཏི་ནི་མེར་གེན་པཎྚི་ཏ་ཧུ་ཐོག་ཐུ་བློ་བཟང་བསྟན་པ་དར་རྒྱས་ཀྱི་རྣམ་ཐར་ནོར་བུའི་མེ་ལོང་ཞེས་བྱ་བ་བཞུགས་སོ། །

ནོརཛཱཀྵཱཏིཔདྨཏྲཙཻབཻཏནོ། །སྒྲིབ་མེད་སྤྱན་རས་ཟུར་ཙམ་བཙའ་བས་ཀྱང༌། །

བིཀྵནོབིཀྵཤཱིལཔིམཱབྷཱམཎེ། །ཕྲ་ཞིབ་བླང་དོར་གནས་ཀུན་འཁྲུལ་མེད་དུ། །

དེཤཀཔྲཱཏིབྷཱནསྱདྷིཡཛིཀཾ །སྨྲ་བའི་བློ་དང་སྤོབས་པའི་མཆོག་སྦྱིན་པ། །

མཉྫུནཱཐསྠཙཀྲཤྴུབྷཾཡཙྪཏུ། །འཇམ་མགོན་བརྟན་པའི་འཁོར་ལོས་ཤིས་པ་སྩོལ། །

བློ་བཟང་རྒྱལ་བསྟན་ཉིན་མོར་བྱེད་པ་ལ། །ཐུགས་བསྐྱེད་དར་བབ་འཕྲིན་ལས་འོད་སྟོང་གིས། །ཕན་བདེ་སྦྲང་རྩིའི་དགའ་སྟོན་རྒྱས་མཛད་པ། །མཚུངས་བྲལ་འགྲོ་བའི་མགོན་པོ་རྒྱལ་གྱུར་ཅིག །རྡོ་རྗེ་རྣོན་པོའི་གསང་གསུམ་སྒྱུ་འཕྲུལ་གར། །སྲས་བཅས་རྒྱལ་བའི་ལོངས་སྤྱོད་འཁོར་ལོ་རུ། །བསྐལ་པའི་ཕྱི་མཐར་བཀྲམ་ཡང་གཏུགས་མིན་པ། །བློ་ཆུང་སྦྲང་བུའི་འདབ་མས་ཇི་ལྟར་གཞལ། །གསེར་ལྡན་ཁོར་ཡུག་ཡངས་པའི་ནོར་སྦྱིན་ཕྱོགས། །ཐུབ་བསྟན་དབྱར་གྱི་ལང་ཚོས་ཟིན་པ་ན། །མཁས་དང་གྲུབ་པའི་སྐྱེས་མཆོག་པངྨའི་འཕྲེང༌། །ཀུན་ཀྱང་ལྗོངས་དེར་རྒྱན་དུ་ལྷགས་པ་བཞིན། །སྣང་མཐའ་སྤྱན་རས་གཟིགས་བཅས་སྤྲུལ་བའི་གར། །རྒྱལ་དབང་ཡབ་སྲས་རྡོ་རྗེའི་བཀའ་ལུང་གིས། །བསྟན་པའི་ཉི་མ་རིམ་བརྒྱུད་སྐྱེ་བའི་འཕྲེང༌། །བསྔགས་པའི་མནྡ་ར་བ་ཅི་ཡང་འཐོར། །ཨུཏྤལ་འདབ་ལྟར་ཡངས་པ་མཁྱེན་པའི་སྤྱན། །ལྡན་པ་གང་དག་མཛད་པའི་སྒོ་གཅིག་ནས། །རྒྱན་གྱི་འཁོར་ལོའི་བཀོད་པ་རྫོགས་པའི་ཚུལ། །མངོན་པར་ཆུབ་པས་མོས་གུས་སྤུ་ལོང་གཡོ། །འོན་ཏེ་ལྐོག་གྱུར་གནས་ལ་ཚད་མའི་ལུང༌། །དབང་དུ་བྱས་ཏེ་ཚུ་རོལ་མཐོང་བས་ཀྱང༌། །མངོན་པར་དམིགས་པའི་མཛད་པ་ཐུན་མོང་བ། །འགའ་ཙམ་དད་པའི་གསོས་སུ་སྤེལ་བར་བྱ། །དགེ་ལེགས་རྣམ་པར་རྒྱལ་བའི་ཁང་བཟང་གི།རྨང་གཞི་དད་པའི་རྩ་བ་རབ་བརྟན་ཅིང༌། །ཚུལ་བཞིན་དཔྱོད་པའི་བློ་གྲོས་ཡངས་པ་རྣམས། །ཕྱོགས་ལྷུང་དོར་ཏེ་གུས་པས་བསྟེན་པར་མཛོད། །

དེའང་འཇམ་དཔལ་རྩ་རྒྱུད་ལས། ཡི་གེ་ཧ་བྱ་དགེ་དང་ལྡན། །ཞེས་རི་བོ་དགེ་ལྡན་པའི་ལུགས་བཟང་བྱང་ནས་བྱང་གི་ཕྱོགས་མཐར་དར་བར་ལུང་བསྟན་པ་བཞིན་གྱི་དུས་ལ་བབས་པ་ན། དཔལ་འཕྲེང་སེང་གེ་ང་རོའི་མདོ་ལས་རྒྱལ་སྲས་ཀྱི་སྨོན་ལམ་མཐའ་ཡས་པ་ཐམས་ཅད་སྨོན་ལམ་ཆེན་པོ་གཅིག་གི་ནང་དུ་འདུས་ཤིང་ཆུབ་པ་ནི་དམ་པའི་ཆོས་འཛིན་པའི་སྨོན་ལམ་དུ་གསུངས་པ་དང༌། ལུང་གཞན་ལས་ཀྱང༌། དེ་ཚེ་གྲགས་ཆེན་རྒྱལ་སྲས་རྣམས། །ཕྱོགས་དེར་བསྟན་པ་འཛིན་པར་སྨོན། །ཞེས་གསུངས་པ་ལྟར། རྒྱལ་སྲས་བདག་ཉིད་ཆེན་པོ་རྣམས་ནི་ཡུལ་དང་དུས་གང་ན་སངས་རྒྱས་ཀྱི་བསྟན་པ་དར་བ་དེར་བསམ་བཞིན་སྐྱེ་བ་བཞེས་ནས་གདུལ་བྱའི་སྐལ་བ་དང་འཚམ་པར་ཐེག་པ་གསུམ་གྱི་བྱང་ཆུབ་ཏུ་བཀྲི་བར་མཛད་པ་ནི་རྒྱ་མཚོའི་རླབས་བཞིན་དུས་ལས་ཡོལ་བ་ནམ་ཡང་མི་སྲིད་པས། རྒྱལ་སྲས་བདག་ཉིད་ཆེན་པོ། ལུང་དང་རྟོགས་པའི་ཡོན་ཏན་གྱི་གཏེར་མཛོད། བྱང་ཕྱོགས་ཀྱི་སྐྱེ་འགྲོ་རྣམས་མཐོ་རིས་དང་ཐར་པར་འཁྲིད་པའི་འདྲེན་པ་བླ་ན་མ་མཆིས་པ། འཇམ་མགོན་བསྟན་པའི་རྩ་ལག་བློ་བཟང་བསྟན་པ་དར་རྒྱས་ཞེས་ཡོངས་སུ་གྲགས་པ་འདི་ཉིད་རླབས་པོ་ཆེའི་ཐུགས་བསྐྱེད་རྟ་ལྗང་ཤིང་རྟ་བདུན་གྱིས་དྲངས་ཏེ། སྐལ་བཟང་གདུལ་བྱའི་བསོད་ནམས་ཡངས་པའི་ལྷ་ལམ་ངོས་ལ་ཡང་ཡང་མངོན་པར་ཤར་ནས། སྐྱེ་དགུའི་ལེགས་བྱས་ཀྱི་པད་ཚལ་ཅིར་ཡང་བཞད་པར་མཛད་པའི་ཚུལ་ཀུན་གཟིགས་རྒྱལ་བའི་དབང་པོས་མཛད་པའི་འཁྲུངས་རབས་བདུན་མ་དང༌། པཎ་ཆེན་ཐམས་ཅད་མཁྱེན་པས་མཛད་པའི་འཁྲུངས་རབས་བཅུ་གསུམ་མ་སོགས་ཡིད་ཆེས་པའི་ལུང་གིས་གསལ་བར་བསྟན་པ་ལྟར་ཡིན་ལ། དེའི་ནང་ནས་འདིར་འགའ་ཙམ་སྨོས་ན། སྟོབས་བཅུ་མངའ་བའི་མདུན་སར་ཁྱེའུ་སྣང་བ་བསམ་གྱིས་མི་ཁྱབ་པར་འཁྲུངས་ཏེ་སེམས་བསྐྱེད་པ་ནི་མཚོན་པ་ཙམ་ཡིན་ཏེ། བདག་ཅག་གི་སྟོན་པའི་ཐུགས་བསྐྱེད་ཚུལ་ལའང་དྲིན་ལན་བསབ་པ། མདོ་སྡེ་བསྐལ་བཟང༌། པད་དཀར། མྱང་འདས། རབ་གསལ་གྱི་རྟོགས་བརྗོད་སོགས་ལས་མི་འདྲ་བ་སྣ་ཚོགས་གསུངས་པ་ལྟར། དམ་པ་འདིའང་རྔོག་ལེགས་པའི་ཤེས་རབ་ཀྱི་སྐྱེ་བར་གསུངས་ལ། དེ་ནི་ཇོ་བོ་ཡབ་སྲས་དང་སྐུ་འཕྲེང་དུ་མར་འབྲེལ་ཏེ་རྒྱལ་སྲས་ཀྱི་སྤྱོད་པ་ལ་བསླབ་ཚུལ་བཀའ་གདམས་གླེགས་བམ་ལས་འབྱུང་བ་ལྟར་རོ། །དེར་མ་ཟད་ཁུ་རྔོག་འབྲོམ་གསུམ་འཕགས་པ་རིགས་གསུམ་མགོན་པོ་དང་སྦྱར་བའི་ཚེ་རྔོག་འཇམ་དཔལ་གྱི་རྣམ་འཕྲུལ་དུ་གསུངས་ལ། དེ་ལྟར་ན་ཟླ་བས་འཇུག་འགྲེལ་དུ། འཕགས་པ་འཇམ་དཔལ་བྱང་ཆུབ་སེམས་དཔར་གྱུར་པ་ཉིད་ཀྱིས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ་སོགས་པ་སེམས་བསྐྱེད་པ་འཛིན་དུ་གཞུག་པར་འདོན་པ་ཡིན་ནོ། །ཞེས་བཤད་པ་ལྟར་རྒྱལ་བ་ཀུན་གྱི་ཡབ་ཏུ་གྱུར་པ་དང༌། རྒྱལ་བ་ཀུན་གྱི་སྲས་ཀྱི་ཐུ་བོའི་ཚུལ་འཛིན་པ་སོགས་གསང་བ་བསམ་གྱིས་མི་ཁྱབ་པའི་གནས་ནི་སྨྲ་བསམ་གྱི་ར་བ་ལས་འདས་སོ། །ཐུན་མོང་བ་ལྟར་ནའང་ལྷ་ཆོས་བདུན་ལྡན་གྱི་བཀའ་གདམས་ནོར་བུའི་ཕྲེང་བའི་བདག་པོར་གྱུར་ཏེ། མན་ངག་བྱིན་རླབས་ཀྱི་བརྒྱུད་པའི་རྩ་བ་འདི་ཉིད་ལ་ཐུག་གོ །དེ་བཞིན་དུ་ཤར་ཆེན་ཡེ་ཤེས་རྒྱལ་མཚན་ཡང་མཁྱེན་བརྩེ་ནུས་པ་མངོན་ཤེས་རྫུ་འཕྲུལ་སོགས་ལ་དབང་འབྱོར་ཅིང༌། ངོར་ཆེན་སོགས་སྐབས་དེའི་ས་སྐྱའི་བསྟན་འཛིན་ཀུན་གྱིས་གཙུག་རྒྱན་དུ་བཀུར་ཏེ་གསུང་ངག་ལམ་འབྲས་ཀྱི་གདམས་པའི་བདག་པོར་གྱུར་པ་དང༌། དེ་ནས་ཁྲི་ཐོག་བཅུ་དྲུག་པ་རྒྱ་ར་གུར་པ་ཆོས་སྐྱོང་རྒྱ་མཚོའང་རྗེ་བླ་མའི་མདོ་སྔགས་ཀྱི་ཆོས་ཚུལ་མཐའ་དག་ཐུགས་སུ་ཆུད་དེ་བྱང་རྩེ་དང་དགའ་ལྡན་གྱི་ཁྲིར་ཕེབས། ཐུབ་པའི་གོས་སྐུ་ཆེན་མོ་བཞེངས་པ་སོགས་མཛད་པ་རླབས་ཆེ་ཞིང་།སྨད་རྒྱུད་ཀྱི་ཁྲིད་ཆེན་བརྒྱད་ཀྱང་འདི་ཉིད་ཀྱིས་མཛད་དེ་དགེ་ལྡན་བསྟན་པའི་བདག་པོར་གྱུར་པ་སོགས་རྒྱ་བོད་ཀུན་ཏུ་མཁས་གྲུབ་ཀྱི་སྐྱེ་འཕྲེང་དུ་མ་བཞེས་ནས་བསྟན་པའི་སྲོག་བཟུང་བ་ཡིན་ལ། དེ་ནས་དུས་ཀྱི་རིམ་པས་བྱང་ཕྱོགས་ཆེན་པོ་ཧོར་གྱི་ཡུལ་དུ་བློ་བཟང་རྒྱལ་བའི་བསྟན་པ་སྤེལ་བའི་ཐུགས་བསྐྱེད་འཕྲིན་ལས་ཀྱི་དུས་ལ་བབས་པ་ན། ཐུགས་རྗེ་དང་མཁྱེན་པ་ཟུང་དུ་འཇུག་པས་འགྲོ་ཀུན་ཐར་པའི་ལམ་དུ་བཀྲི་བ་ལ་འཕྲིན་ལས་ནམ་མཁའ་དང་མཉམ་པ་འགྲོ་མགོན་བསྟན་པའི་ཉི་མ་དང༌། དེའི་ཡང་སྲིད་ལུས་ཅན་མཐའ་དག་ལ་བརྩེ་བའི་གཞན་དབང་དུ་གྱུར་པ་བདག་ཉིད་ཆེན་པོ་རྗེ་བཙུན་བསྟན་པའི་རྒྱལ་མཚན་སོགས་སྐུ་འཕྲེང་གོང་མ་སོསོའི་རྣམ་ཐར་རྒྱས་པ་གཞན་ལས་ཤེས་པར་བྱ་ཡི་འདིར་དཔྱོད་པའི་སྒོ་ཙམ་བསྟན་པ་ཡིན་ནོ། །

དྲི་བྲལ་དྭངས་པའི་ཤེལ་གྱི་མེ་ལོང་ནི། །ཚོན་བརྒྱར་འགྲོགས་པའི་མདངས་སུ་གསལ་བ་བཞིན། །གང་ལ་གང་འཚམ་གདུལ་བྱའི་སྐལ་བ་དང༌། །མཐུན་པར་བསྟན་པའི་བཀོད་པ་བསམ་མི་ཁྱབ། །རྒྱལ་བའི་ཆོས་ཀྱི་གསང་མཛོད་འཕགས་ལམ་གྱི། །ཡན་ལག་བརྒྱད་ལྡན་ཀླུང་ཆེན་འབབ་པའི་ཕྱོགས། །དེ་ན་ཐབས་ཤེས་གཤོག་ཡངས་གོམ་པ་ཡིས། །རྒྱལ་སྲས་ཆུ་སྐྱར་ཚོགས་རྣམས་ལྡིང་ཞིང་རྩེན། །དེ་ནས་སྐྱེ་བའི་འཕྲེང་བ་འདི་ཉིད་བཞེས་ཏེ་བསྟན་འགྲོའི་མགོན་མཛད་པའི་ཚུལ་ནི། བྱ་རའི་ལུང་ཨོ་ནམ་པ་ལ་ཇིང་ཞེས་པའི་ཀླུང་ཆེན་གྱི་འགྲམ་དུ་རྒད་པོ་ཚེ་དབང་བྱ་བ་དང་རྒན་མོ་དགེ་འཕེལ་བྱ་བ་རིགས་རྒྱུད་མེད་ཅིང་ལོངས་སྤྱོད་ཀྱིས་དབུལ་བས་ཤིན་ཏུ་ཉམ་ཐག་པ་གཉིས་ཡོད་པར་བརྩེ་བས་དགོངས་ཤིང་རྗེས་སུ་འཛིན་པའི་སྐལ་བ་ཅན་དུ་དགོངས་ཏེ་བྱོན་པ་ཡིན་ནོ། །དེའང་རབ་བྱུང་བཅུ་གསུམ་པའི་བགྲང་བྱ་བཅུ་གཅིག་པ་སྟོད་འགྲེལ་ལྟར་ན་ཨི་ཤྭ་ར་སྟེ་དབང་ཕྱུག །ཙི་ནའི་སྐད་དུ་ཁང་ཚེའུ། དབང་ཐང་བསྟུན་པ་མེ་མོ་གླང་གི་ལོ་འབྲས་ལྡན་གྱི་དུས་སུ་རྒན་མོ་དེ་ཉིད་ལྕི་བ་འཐུ་བར་སོང་བའི་ཚེ་ཆུ་འགྲམ་གྱི་གད་རྩ་ཞིག་ཏུ་བདག་པོ་མེད་པར་བྱིས་པ་ཤིན་ཏུ་ཆུང་ངུ་ཞིག་འདུག་པ་མཐོང་ཙམ་ནས་ཡིད་དུ་འོང་བའི་དགའ་བ་ཆེན་པོ་དང་བུའི་འདུ་ཤེས་སྐྱེས་ནས་བླངས་ཏེ། འདི་ནི་ཆེད་དུ་བརྗོད་པའི་ཚོམས་ལས། གང་ན་དམ་པ་བཞུགས་པ་ཡི། །ས་དེ་ཡིད་དུ་འོང་བ་ཡིན། །ཞེས་པ་ལྟར་བྱམས་པ་གོམས་པའི་བདག་འབྲས་དང་ལས་འབྲེལ་གྱི་མཐུར་མངོན་ནོ། །སློབ་དཔོན་པདྨ་རྫུས་སྐྱེས་སུ་གྲགས་པའི་རྩ་བའང་འདི་འདྲ་ཞིག་ལ་བརྟེན་པའི་ལོ་རྒྱུས་ཡོད་ལ། རྗེ་བཙུན་ཏཱ་ར་ནཱ་ཐས་མཛད་པའི་སློབ་དཔོན་གྱི་རྣམ་ཐར་རྒྱ་གར་ལུགས་ལས་ཡབ་ཡུམ་གྱི་མིང་དང་བཅས་པ་གསུངས་སོ། །དེ་ནས་ཁོང་གཉིས་ཀྱིས་བུ་བཞིན་གཅེས་པར་བསྐྱངས་པས་རྫིང་གི་པདྨ་བཞིན་དུ་ལང་ཚོ་འཕེལ་ཞིང༌། དེ་ཕྱིན་ཆད་ཁོང་གཉིས་ཀྱང་སྔར་དང་མི་འདྲ་བར་འཚོ་ཆས་སོགས་རྙེད་སླ་བས་དགའ་སྤྲོ་དང་ལྡན་པར་གྱུར། རྒན་མོ་རང་བཞིན་གྱིས་དྲང་ཞིང་སྙིང་རྗེ་ཆེ་བ་ཞིག་ཡིན་པའི་སྟེང་དུ་དམ་པ་འདི་ཉིད་ཕེབས་པའི་བྱིན་རླབས་ཀྱིས་དཀོན་མཆོག་ལ་ཤིན་ཏུ་གུས་ཤིང༌། གང་འབྱོར་གྱི་སྦྱིན་པ་ལ་སྤྲོ་བ་རྒྱས་ཏེ། རྒྱུས་ཡོད་མེད་ལ་མ་ལྟོས་པར་ཐག་རིང་གི་མགྲོན་པོ་ངལ་དུབ་ཀྱིས་གདུངས་པ་རྣམས་ལ་འཚོ་བ་སྟོབ་པ་སོགས་རྣམ་དཀར་ལ་བརྩོན་པར་གྱུར། བྱིས་པ་དེའང་ཐ་མལ་གྱི་བྱིས་པ་གཞན་དང་མི་འདྲ་བར་རྩེད་མོ་བྱེད་པའི་ཚེའང་ས་རྡོ་ཤིང་སོགས་ལ་སངས་རྒྱས་དང་ཆོས་མཆོད་རྟེན། བླ་མ་དགོན་པ་སོགས་ཀྱི་མིང་བཏགས་ནས་བསྒྲིགས་ཏེ་ཆོས་བཤད་པ་དང་དགོན་འདེབས་པ་སོགས་ལེགས་པའི་རྟེན་འབྲེལ་དུ་འགྱུར་བ་ཁོ་ན་མཛད། སྐྱེ་བས་ཐོབ་པའི་ཡོན་ཏན་གྱིས་དཀོན་མཆོག་ལ་མཆོད་པ་དང༌། གཟུངས་སྔགས་བཟླས་བརྗོད་ལ་བརྩོན་པ། འགྲོ་བ་ལ་སྙིང་བརྩེ་བ། མངོན་ཤེས་དང་ནུས་མཐུ་ལྡན་པ་སྟེ། མ་རྒན་གྱི་མིག་ན་བའི་ཚེ་བསང་ཤིང་གིས་བདུག་པའི་རྣམ་པ་བྱས་པས་མྱུར་དུ་བདེ་བ་དང༌། མིག་ལ་ལིང་ཏོག་བྱུང་བ་འགའ་ཞིག་ལ་ཕྱག་གིས་བྱུག་པས་ནད་ཞི་བ་དང༌། ལ་ལར་ཁྱོད་ཀྱི་ནད་ལོ་ཟླ་འདི་ཙམ་ན་སོས་ཡོང་ཞེས་གསུང་བ་དེ་ཁོ་ན་བཞིན་གྱུར་པས་ངོ་མཚར་གྱི་གནས་ལ་བཀོད་དེ། ལམ་སྒྲོན་ལས། མངོན་ཤེས་ལྡན་པའི་ཉིན་མཚན་གྱི། །བསོད་ནམས་དག་ནི་གང་ཡིན་ཏེ༌། །མངོན་ཤེས་དག་དང་བྲལ་གྱུར་ལ། །སྐྱེ་བ་བརྒྱར་ཡང་ཡོད་མ་ཡིན། །གསུངས་པ་ལྟར་གཞན་དོན་རླབས་པོ་ཆེ་འགྲུབ་པའི་རྒྱུ་ལ་དབང་འབྱོར་བའི་རྣམ་ཐར་རོ། །

སྐབས་ཤིག་རོ་གྲིབ་ཀྱིས་གསུང་ངག་མི་གསལ་བ་ཞིག་བྱུང་ཡང་རིམ་གྱིས་ཇེ་དྭངས་སུ་སོང༌། དགུང་ལོ་བདུན་པའི་ཚེ་ཡབ་ཡུམ་གཉིས་རྒྱལ་པོའི་ཁྲལ་གྱིས་ཧོབ་ཏེ་ཞེས་པའི་ས་ཆར་འོངས། སྔ་ཕྱིའི་མཛད་པ་ཡ་མཚན་པ་རྣམས་ལ་བརྟེན་ནས་ཡབ་ཡུམ་གཉིས་དོགས་པ་སྐྱེས་ཤིང༌། དཔྱོད་ལྡན་གྱི་སྐྱེས་བུ་གཞན་རྣམས་ཀྱང་འདི་རང་དགའ་བ་ཞིག་མིན་པར་འདུག་ཅེས་གླེང་བ་བྱུང་བའི་ཐོག། །ཉིན་གཅིག་གློ་བུར་དུ་ངེད་ཡིལ་གོག་སན་ཧུ་ཐོག་ཐུ་ཡིན་ཞེས་གསལ་བར་གསུངས། དགུང་ལོ་བཅུ་པའི་སྐབས་རྨི་ལམ་དུ་མདུན་གྱི་ནམ་མཁའ་ལ་མཾ་ཡིག་ཁ་དོག་དམར་པོ་འོད་འཚེར་བ་ཞིག་འདུག་པའི་འོད་ཀྱིས་འཛམ་གླིང་གི་སྣོད་བཅུད་ཐམས་ཅད་གསལ་བར་བྱེད་པ་བྱུང་བ་ནི་བྱམས་མགོན་གྱིས་རྗེས་སུ་འཛིན་པ་དང་འཕྲིན་ལས་ཕྱོགས་མཐར་རྒྱས་པའི་ལྟས་སུ་མངོན། དགུང་ལོ་བཅུ་གཉིས་པའི་ཚེ་ཡབ་རྒན་དུས་ཆོས་སུ་གྱུར་པར་ཅི་འབྱོར་གྱི་དགེ་བ་བསྒྲུབས། དེ་ནས་གཞན་ལས་བཟའ་བཏུང་སོགས་བསླངས་ཏེ་རྒན་མོ་རང་གི་མ་དང་འདྲ་བར་དྲིན་ཆེ་བར་དགོངས་ནས་ཤིན་ཏུ་བཀུར་ཞིང་གསོ་བར་མཛད་པའང་དམ་པའི་ངང་ཚུལ་ཡིན་ཏེ། དཔག་བསམ་འཁྲི་ཤིང་ལས། དེ་སྐད་མ་ཡི་སྲི་ཞུ་ནི། །ཆོས་ཀྱི་མཆོག་ཏུ་བཅོམ་ལྡན་གསུང༌། །ཞེས་པ་ལྟར་རོ། །ཕྱོགས་གཞན་ལ་འཚོ་བ་སློང་བར་ཕྱིན་ནས་ཕྱིར་ལྡོག་པའི་ལམ་དུ་བྱ་ཁྱི་ལྟོག་པ་མང་པོ་གཟིགས་ནས་གང་རྙེད་དེ་དག་ལ་བྱིན་ཏེ་ཕྱིར་ལག་སྟོང་དུ་འོང་བའི་དུས་མང་ལ། རེས་འགའ་ཕྱག་ན་སྟེར་རྒྱུའི་ཟས་མེད་པའི་ཚེ་བཙན་ཐབས་ཀྱིས་བསྐྱུགས་ཏེ་དེ་དག་ལ་བྱིན་ནས་ཚིམ་པར་མཛད། འདིའང་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་སྦྱིན་པ་ལ་ཕྱི་དང་ནང་དང་གཉི་གའི་སྦྱིན་པ་གསུམ་དུ་བྱས་པའི་ཕྱི་མར་གསུངས་ཏེ། སྙིང་རྗེས་རང་དབང་མེད་པར་བསྐུལ་བའི་མཛད་པ་ངོ་མཚར་རྨད་དུ་གྱུར་པའོ། །དབུ་མ་འཇུག་པར། རང་ཤ་སྟེར་ལའང་གུས་པར་བྱས་པ་ཡིས། །སྣང་དུ་མི་རུང་དཔོག་པའི་རྒྱུར་ཡང་འགྱུར། །ཞེས་པ་ལྟར་སྦྱིན་པ་ལ་ལྷག་པར་དགྱེས་པ་ནི་ནང་གི་བྱམས་པ་དང་སྙིང་རྗེའི་ནུས་པ་རྗེས་སུ་དཔོག་པའི་མཚན་མ་ཡིན་ཏེ། ཁྭ་ཏ་དང་སྐྱ་ག་སོགས་བྱ་རྣམས་ཀྱང་མི་སྐྲག་པར་སྐུ་དྲུང་དུ་བསྙེན་པ་ནི། སྔོན་རྣལ་འབྱོར་པ་ཆེན་པོའི་དྲུང་དུ་རི་བོང་གི་ཕྲུག་གུ་ཞིག་འོངས་ནས་རྩེ་བ་དང༌། ཝ་ཞིག་ན་བཟའ་ལ་སྣོམ་ཞིང་ཕྱི་བཞིན་འབྲང་བ་སོགས་བྱམས་པ་གོམས་པའི་འབྲས་རྟགས་སུ་གསུངས་པ་བཞིན་ནོ། །འབྱོར་པ་ཆུང་ཡང་རང་བཞིན་བཟང་ཞིང་འགྲོགས་ན་བདེ་བ། མགོན་གྱི་བསྙེན་བཀུར་སོགས་ལ་འབད་པའི་དབང་གིས་སྐྱེ་བོ་དྲག་ཞན་སྣ་ཚོགས་འདྲ་བ་ཞིག་ཡོད་པས། ཉིན་གཅིག་མི་བཅུ་གསུམ་འོངས་པར་མ་ལ་བཟའ་བཏུང་སྦྱིན་རྒྱུའི་སྐུལ་མ་བྱས་པ་ན་ཅིའང་མེད་པས་ཐབས་མི་འདུག་ཟེར་བ་ལ། མཆོད་པའི་ལྷག་རོ་ཁྲེ་དང་འོ་མ་ཕོར་ཆུང་གང་རེ་ཙམ་འདུག་པ་འདི་བཙོས་ནས་བྱིན་བྱས་པར། འདིས་ཅིའང་མི་འདེང་བས་དགོས་པ་མེད་བྱས་ཀྱང་ངས་ཤེས་ཞེས་ནན་གྱིས་འཚོད་དུ་བཅུག་སྟེ་བྱིན་པས་ཐམས་ཅད་འགྲང་ཡང་ད་དུང་མི་ཟད་པའི་རྫུ་འཕྲུལ་ལྟ་བུ་བསྟན་ནས་ཐམས་ཅད་ངོ་མཚར་ལ་བཀོད། ལན་ཅིག་མི་ཚང་གཞན་ཞིག་གི་ཁྱིམ་དུ་གཟིམས་པའི་ཚེ་ཁྱིམ་གྱི་ནང་ཐམས་ཅད་འོད་ཀྱིས་གང་སྟེ་ཡོ་བྱད་ཆུང་ངུ་རྣམས་ཀྱང་གསལ་བར་མཐོང་བ་ན། དེའི་བཟའ་མི་གཉིས་ཀས་བྱིས་པ་འདིའི་མཐུ་ཡིན་པར་ཤེས་ནས་གུས་འདུད་བྱས། གནས་བརྟན་འདུལ་བ་འཛིན་པ་བློ་བཟང་རིན་ཆེན་དཔལ་བཟང་པོ་ལས་རབ་ཏུ་བྱུང་ནས་མཚན་བློ་བཟང་བསྟན་པ་དར་རྒྱས་སུ་གསོལ་ཞིང་དཀྱུས་གཅིག་ལ་དགེ་ཚུལ་གྱི་སྡོམ་པའང་བཞེས་ཏེ་བསླབ་པའི་གཞི་བཅུས་བསྡུས་པའི་ཚུལ་ཁྲིམས་ལེགས་པར་བསྲུང་ཞིང་ཐོས་བསམ་ལའང་སྐབས་གང་ཡོད་དུ་འབད་པ་ལྷུར་བཞེས་པས་རྒན་མོའི་བནྡེ་ཞེས་ཡ་རབས་ཚུལ་བཟང་གི་དཔེར་བྱེད་པ་བྱུང༌། ལོངས་སྤྱོད་ཁ་དྲག་ཅིའང་མེད་པས་གནད་མ་གོ་བ་རྣམས་བརྙས་ཐབས་ལྟ་བུ་བྱེད། དམ་པ་ཉིད་ནས་ངེད་ཀྱིས་སླར་ཧོབ་ཏོའི་མཁན་པོ་བྱེད་དགོས། ཨལ་དར་ཟེར་བའི་ས་འདིར་ཡང་དགོན་པ་ཞིག་འདེབས་དགོས་ཞེས་འབྱུང་འགྱུར་རྗེན་པར་གཟིགས་པའི་གསུང་དྲང་པོར་ཕེབས་ནའང༌། སྐབས་དེའི་སྣང་ཚོད་ལ་དེ་འདྲ་ཞིག་ཡོད་ཚུལ་ཤེས་བྱར་མི་སྲིད་པ་ལྟ་བུ་དང༌། ཡིད་ཀྱི་དགུ་ནའང་མེད་པ་ཞིག་ཡིན་སྟབས་ཕལ་མོ་ཆེ་བཞད་གད་དུ་བྱེད་དེ། འཇམ་མགོན་ས་པཎ་གྱིས། ནང་དུ་ཡོན་ཏན་ཀུན་ལྡན་ཡང༌། །ཆ་ལུགས་ངན་ན་ཀུན་གྱིས་བརྙས། །གསུངས་པའི་དཔེར་སྣང་ངོ༌། །འོན་ཀྱང་འཁྲི་ཤིང་ལས། སྤྲིན་གྱིས་ལོང་ཡང་གཟའ་ནང་ན། །ཀུ་མུད་ལྡན་ལ་ཟླ་བ་སྡུག །ཅེས་གསུངས་པ་བཞིན་བླ་མ་བློ་བཟང་རིན་ཆེན་དཔལ་བཟང་པོ་དེ་ཉིད་ནས་བུམ་ནང་གི་མར་མེ་བཞིན་དམ་པ་འདི་ཉིད་ནང་དུ་ཉམས་རྟོགས་ཀྱི་ཡོན་ཏན་ལ་མངའ་འབྱོར་བ་མཁྱེན་ཏེ། འདི་ནི་སྐྱེས་བུ་ཕལ་བ་ཞིག་མིན་ཞེས་མཐོང་གཟོས་ཆེ་བར་མཛད་ཅིང་སྤྱན་གྱི་འབྲས་བུ་བཞིན་དུ་བསྐྱངས། དམ་པ་འདི་ཉིད་དྲུང་ནས་དབང་རྡོ་རྗེ་འཕྲེང་བ་ཞེས་རྡོ་རྗེ་རྣལ་འབྱོར་མས་ཨ་བྷྱཱ་ཀཱ་ར་ལ་དངོས་སུ་སྩལ་བ་རྒྱུད་སྡེ་བཞིའི་དཀྱིལ་འཁོར་གྱི་འཁོར་ལོ་ཧྲག་བསྡུས་ཀྱི་སྨིན་བྱེད་དབང་གི་རིམ་པ་དརྤན་གྱི་ཀྲི་ཡ་དང་སྦྲགས་པ་ཡོངས་སུ་རྫོགས་པར་གསན། གསང་ཆེན་རྒྱུད་སྡེའི་རྒྱ་མཚོར་ཞུགས་ནས་དངོས་གྲུབ་ཀྱི་རྩ་བ་དམ་ཚིག་སྤྱི་དང་བྱེ་བྲག་མཐའ་དག་མིག་གི་འབྲས་བུ་བཞིན་དུ་བསྲུངས། སྐབས་ཤིག་ནས་ཨུ་ལ་ཡ་སུ་ཐའི་མཁར་གྱི་ཉེ་འཁོར་དུ་བྱོན་ནས་དེར་བཞུགས། དགུང་ལོ་ཉེར་བརྒྱད་ཀྱི་སྐབས་ནུབ་ཅིག་མནལ་ལམ་དུ་ཚེས་གསུམ་གྱི་ཟླ་ཚེས་ལྟ་བུ་མང་དུ་བརྩེགས་ཏེ་ལྷ་ལམ་ཡོངས་སུ་གང་བའི་དབུས་ན་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ཕྱག་མཚན་དགྲ་སྟ་ཡུ་བ་དམར་པོ་རྩེ་མོར་སྣ་ཚོགས་རྡོ་རྗེ་དང་རྩ་བར་རྡོ་རྗེ་རྩེ་ལྔ་བས་མཚན་པ་ཞིག་རྨིས་པ་དང༌། ཉེར་དགུའི་སྐབས་ལུག་ཐུག་དམར་པོ་ཞེས་པའི་རིའི་གཡོན་ཟུར་དུ་གུར་ཆེ་བ་བཞི་ཡོད་པའི་མདུན་མའི་ནང་དུ་དངུལ་དཀར་ལས་གྲུབ་པའི་ཐབ་ཤིན་ཏུ་ཆེ་ཞིང་བརྟན་ལ་ཡིད་དུ་འོང་བ་ཞིག་ན་སོལ་བ་ཁ་ཤས་ཡོད་པ་རྣམས་དོར་ནས་ཐབ་དེ་བླངས་འོང་བ་ཞིག་རྨིས་པ་སོགས་ནས་བཟུང་སྙན་གྲགས་རྒྱས་ཏེ་ཡུལ་མི་རྣམས་གུས་པ་ཇེ་ཆེ་དང་འཕྲིན་ལས་ཇེ་རྒྱས་སུ་སོང་སྣང་བས་མནལ་ལམ་དེའང་བཅོམ་ལྡན་འདས་གཤིན་རྗེའི་གཤེད་ཀྱི་འཕྲིན་ལས་ལ་བརྟེན་ནས་ནག་ཕྱོགས་ཀྱི་བདུད་སྡེ་ཕམ་པར་བྱས་ཏེ་གཞན་ཕན་འཕྲིན་ལས་ཀྱི་འོད་སྣང་དཀར་པོ་ཡར་ཚེས་ཀྱི་ཟླ་བ་བཞིན་གོང་འཕེལ་དུ་འགྲོ་བ། ཟང་ཟིང་གི་འབྱོར་པ་ཇི་ཙམ་རྒྱས་ཀྱང་དཀོར་སྒྲིབ་ཀྱི་རྒྱུར་མི་འགྱུར་བར་རྣམ་དཀར་རླབས་པོ་ཆེ་སྒྲུབ་པའི་ཐབས་སུ་འཁྱེར་བས་དད་ལྡན་སྦྱིན་བདག་རྣམས་ཀྱི་སྡིག་ལྟུང་ལྷག་མེད་དུ་བསྲེག་པ་སོགས་ཀྱི་མཚོན་དོན་ཞིག་ཡིན་ནམ་སྙམ། དེ་ནས་མཁན་པོ་གུ་ཤྲི་ཆོས་རྗེ་དང༌། དབེན་པར་སྒྲུབ་པ་ལ་གཞོལ་བ་གུ་ཤྲི་མཐུ་སྟོབས་རྣམ་གཉིས་ཀྱི་དྲུང་ནས་ལྷག་ལྷ་དུ་མའི་རྗེས་གནང་སོགས་འདོད་ཆོས་མང་དུ་གསན། དགུང་ལོ་སོ་གསུམ་གྱི་དུས་རྒྱལ་བའི་བསྟན་པ་ཡོངས་ལ་གཞན་དྲིང་མི་འཇོག་པའི་མཁྱེན་པ་ཅན་ནམ་ཆི་གུ་ཤྲི་དཔལ་རྡོ་རྗེ་ལས་བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད། རྟ་མགྲིན་ཡང་གསང༌། སྤྱན་རས་གཟིགས་སོགས་ཀྱི་དབང་དང༌། སྒྲུབ་ཐབས་རིན་འབྱུང་གི་རྗེས་གནང་ཡོངས་སུ་རྗོགས་པ་གསན། འདི་དག་གི་སྐབས་སྔ་ཕྱི་ཀུན་ཏུ་ཆོས་གསན་པ། དཔེ་ཆ་འཛིན་སྐྱོར། ཐུགས་དམ་བཟླས་བརྗོད། ཕྱག་དང་མཆོད་པ་སོགས་ཆོས་སྤྱོད་རྣམ་བཅུ་ཡ་མ་བྲལ་བར་མཛད་པས། བཀའ་གདམས་གླེགས་བམ་དུ། ང་ཐོས་དུས་ཙ་ན་བསམ་སྒོམ་བསྡོ། །བསམ་དུས་ཙ་ན་ཐོས་སྒོམ་བསྡོ། །གསུངས་པ་བཞིན་ཐོས་བསམ་སྒོམ་གསུམ་ལྷན་དུ་མཛད་པས་གཞུང་ལུགས་རྒྱ་མཚོའི་དོན་ལ་མཁྱེན་རབ་ཀྱི་ཀློང་རྡོལ་ཞིང་ཉམས་རྟོགས་ཀྱི་ཡོན་ཏན་དབྱར་མཚོ་བཞིན་དུ་རྒྱས། གདུལ་བྱ་འཕྲིན་ལས་ཀྱང་ཆེར་རྒྱས་ཏེ་དད་ལྡན་གྱི་གྲྭ་སློབ་སྤྲིན་བཞིན་འདུས། ནད་པ་ཉམ་ཐག་འགའ་ཞིག་སོགས་མགོན་མེད་པ་རྣམས་ཀྱི་མགོན་མཛད་ཅིང༌། ལེགས་ཉེས་ཀྱི་བླང་དོར་སོགས་གསལ་བར་ལུང་བསྟན་པས་གྲགས་སྙན་གྱི་རོལ་མོ་ཕྱོགས་ཀུན་ཏུ་ཁྱབ་བོ། །ཁྱད་པར་དུ་དགུང་ལོ་སོ་དྲུག་པ་ཆུ་བྱིའི་ལོར་བྱང་ཕྱོགས་སྐྱེ་དགུའི་འདྲེན་མཆོག་རྗེ་བཙུན་དམ་པའི་ཞབས་ལ་མཇལ་བར་དགྱེས་པའི་བཀའ་མཆིད་མང་དུ་གནང་ཞིང་བརྩེ་གཟིགས་ཆེ་བར་མཛད། བསྟན་པའི་བཙས་སུ་དགོངས་ཏེ་གདན་ལྔ་བརྩེགས་རྒྱབ་ཡོལ་དང་བཅས་པའི་གཟོས་སྒོ་དང༌། ཨེར་ཏི་ནི་ཡིལ་གོག་སན་མེར་གེན་པནྜི་ཏ་ཞེས་པའི་ཆོ་ལོ་གནང༌། དངུལ་དེམ་སོགས་ཟང་ཟིང་གི་གནང་ཆའང་སྤམ་མཐོ་བ་སྩལ། རྗེ་བཙུན་དམ་པའི་བཀའ་ལུང་དེ་ལ་བརྟེན་ནས་ཕྱོགས་ཉེ་རིང་ཀུན་ཏུ་ཡིལ་གོག་སན་མེ་གེན་ཞེས་མཚན་གྱིས་ཁྱབ་པར་གྱུར། ཆོས་ཀྱི་གདན་ཁྲིར་བཞུགས་པའི་བླ་མ་ཆེ་ཆུང་དང་།སྡེ་འབངས་སྟོབས་འབྱོར་ལུང་ལས་སོགས་ཀྱིས་མཐོ་བའི་དཔོན་ཁག་མང་པོ། ཆོས་དོན་དུ་གཉེར་པའི་ཚུལ་མཐུན་གྱི་གྲྭ་སློབ། ནད་གདོན་གྱིས་གཟིར་བའི་འགྲོ་བ་ཉམ་ཐག་པ་སོགས་མཆོག་དམན་ཀུན་གྱིས་གཙུག་རྒྱན་དུ་བཀུར་ཏེ་འདི་ཕྱིའི་རེ་ས་དང་བསོད་ནམས་ཀྱི་ཞིང་ས་དམ་པར་གྱུར་ཏོ། །

སྐུ་སྔ་མའི་དུས་སོགས་སུ་གོང་མ་བདག་པོ་ཆེན་པོས་མི་མཁྱེན་ཀྱང་སྐབས་འདིར་ཧོབ་ཏུའི་དམག་གི་འགོ་པ་ཨམ་བན་ཚེ་དཔག་ཟེར་བས་དམ་པ་འདི་ཉིད་ཀྱི་མཛད་ཕྲིན་སོགས་མཐོང་ནས་གུས་པར་ཡོད་པའི་ཐོག། །ཀུན་ཏུ་བདེ་བའི་ལྷ་ཁང་གི་མཁན་པོ་ན་རོ་པཎ་ཆེན་ཧོ་ཐོག་ཐུ་འཕོས་ནས་དེའི་ཚབ་ཅིག་བསྐོ་དགོས་བྱུང་བའི་ཚེ་ཨམ་བན་གྱིས་གོང་མ་ཆེན་པོར། དམ་པ་འདི་ཉིད་སངས་རྒྱས་ཀྱི་བསྟན་པ་ལ་ཕན་ཆེ་ཞིང་ཡུལ་ཕྱོགས་ཀྱི་སྐྱེ་བོ་ཐམས་ཅད་ཤིན་ཏུ་གུས་པ་ཞིག་འདུག་པས་ཀུན་ཏུ་བདེ་བའི་ལྷ་ཁང་གི་མཁན་པོར་བསྐོས་ན་ཨེ་ཆོག་ཅེས་གྲེ་ཙི་ཕུལ་བར་དགྱེས་པའི་བཀའ་བབས་ཏེ། དགུང་ལོ་ཞེ་དྲུག་པ་རྔ་ཆེན་ཞེས་པ་ཆུ་ཕོ་ཁྱིའི་ལོ་སྟོན་ཟླ་ར་བའི་ཡར་ཚེས་ཀྱི་དགའ་བ་དང་པོར་ཀུན་ཏུ་བདེ་པའི་ལྷ་ཁང་གི་མཁན་པོར་མངའ་གསོལ། སྔར་ཉིན་ནས་མཁན་ས་འདིར་བཞུགས་རྒྱུའི་གསུང་ཕེབས་ཐོག་ཏུ་ཁེལ་བས། དེ་དུས་བརྙས་ཐབས་བྱེད་པ་རྣམས་ཀྱང་འགྱོད་པ་སྐྱེས་ནས་ཞབས་སྤྱི་བོར་བླངས་ཏེ་སངས་རྒྱས་དངོས་ཀྱི་འདུ་ཤེས་སྐྱེས། དགོན་འདིའི་མཁན་པོ་སྔ་མ་རྣམས་གོང་མ་ཆེན་པོའི་མཇལ་ཞུ་མ་ནུས་ཀྱང༌། ཉིད་ནས་ཞུས་པར་དགྱེས་པའི་སྤྱན་བསྐྱངས་དང་གསེར་གྱི་བཀའ་བཟང་པོ་བབས། མཁན་ས་འདིར་བཞུགས་པ་ནས་བཟུང་དུར་བེད། ཇ་ཧ་ཆུང༌། ཐོར་གོད། ཨ་རི་ཡན་ཧས་སོགས་ཐམས་ཅད་ཀྱིས་བླ་མར་བཀུར། ཇི་སྐད་དུ་ལུང་ལས། དམ་པའི་མགོན་བཅས་བདེ་དང་ཆོས་ལྡན་ཞིང༌། །དེ་ཡི་གྲགས་པ་ཕྱོགས་སུ་རྒྱས་པར་འགྱུར། །ཞེས་གསུངས་པ་བཞིན། བླ་མའི་ཐུགས་རྗེ་ལ་བརྟེན་ནས་ཡུལ་ཕྱོགས་དེ་རྣམས་སུའང་ནད་འཁྲུག་མུ་གེ་སོགས་མེད་པར་བདེ་ཞིང་སྐྱིད་པ་དང་རྣམ་དཀར་དགེ་བའི་ལས་ལ་བརྩོན་པར་གྱུར། ཚང་མས་མགྲིན་གཅིག་ཏུ་དམ་པ་འདི་ཉིད་ལ་གསོལ་བ་འདེབས་ཤིང་བསྔགས་པ་བརྗོད་པ་ལྷུར་བྱེད་དོ། །སྔར་ཉིད་ཀྱི་སྦྱིན་བདག་ཧལ་ཧ་གཡས་རུའི་རཱ་གཉིས་ཀྱིས་གཙོས་པའི་དཔོན་ཁག་རྣམས་ནས་ཀུན་མཁྱེན་རྒྱལ་བའི་དབང་པོ་མཆོག་ལ་རྗེ་འདིའི་འཁྲུངས་རབས་ཀྱི་བཀའ་རྩོམ་ཞུས་པས་འཁྲུངས་རབས་བདུན་ཙམ་གྱི་གསོལ་འདེབས་ཤིག་གསུང་ཡོད་ནའང༌། སྐབས་འདིར་གུང་ཚེ་བརྟན་རྡོ་རྗེ་དང་ཆོས་མཛད་བློ་བཟང་བསྟན་འཛིན་གཉིས་ཀྱིས་པཎ་ཆེན་ཐམས་ཅད་མཁྱེན་པར་ཞུས་ནས་འཁྲུངས་རབས་བཅུ་གསུམ་གྱི་གསོལ་འདེབས་རྒྱས་པ་ཞིག་བཀའ་རྩོམ་དང༌། ཉིད་ལ་འབོབ་ལྕག་ཆ་སོགས་ཀྱི་གནང་ཆ་དང་བཅས་གཟེངས་བསྟོད་མཛད། སྐབས་ཤིག་ཧར་ཤ་ཏའི་ཐོར་གོད་ཀྱི་དཔོན་པོ་བསྟན་སྐྱོང་དབང་རྒྱལ་གྱི་ཡུལ་ཕྱོགས་སུ་འབྲུམ་ནག་མཆེད་ཚབས་ཆེ་བས་སྐྱེ་བོ་མང་པོ་སྡུག་བསྔལ་བར་གྱུར་པའི་མགོན་སྐྱབས་ལ་དམ་པ་ཉིད་ཕེབས་དགོས་པར་གོང་མ་ཆེན་པོའི་གསེར་གྱི་བཀའ་བབ་པ་བཞིན་ཕྱོགས་དེར་ཕེབས། སྐྱེ་བོ་བརྒྱ་ཕྲག་དུ་མ་དུས་ཀྱི་འཇིགས་པ་ལས་བསྐྱབས་ཏེ་ཕན་བདེའི་ལམ་ལ་བཀོད། སོ་སོ་ནས་ཀྱང་གསེར་དངུལ་གོས་དར་རྐང་འགྲོ་སོགས་བདོག་པའི་དངོས་པོ་ཡོད་དགུའི་མཆོད་སྤྲིན་རྫོགས་ལྡན་གྱི་སྤྲིན་བཞིན་དུ་གཏིབས། འོན་ཀྱང་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ལས་ཀྱི་རྣམ་པར་སྨིན་པ་ནི་མ་གཏོགས་སོ། །

ཞེས་ལས་ཀྱི་འབྲས་བུ་དུས་སུ་སྨིན་ན་སངས་རྒྱས་ཀྱིས་ཀྱང་སྐྱོབ་པའི་ཐབས་མེད་པར་གསུངས་པ་བཞིན་དཔོན་པོ་དེ་ཉིད་སྔོན་གྱི་འཕེན་པ་ཟད་པའི་ལས་དབང་བཟློག་ཏུ་མེད་པར་གཟིགས་ནས་འདིའི་སྲོག་ངེད་ཀྱིས་སྐྱོབ་མི་ནུས་པར་འདུག་ཅེས་གསལ་བར་གསུངས་ཤིང༌། དེས་ཡོན་ཕུལ་བ་རྣམས་ཀྱང་ལན་གྱི་ཚུལ་དུ་ཕྱིར་སློག་སྟེ་བདག་གིར་མ་མཛད། ཉིད་རང་ཡུལ་དུ་ཕྱིར་ཆིབས་བསྒྱུར་ཕྲལ་དཔོན་པོ་དེའང་དུས་ཀྱི་ཆོས་ཉིད་དུ་གྱུར་པས་ཐམས་ཅད་སྔར་གྱི་གསུང་ལ་ཡིད་ཆེས་ལྷག་པར་སྐྱེས། ཡང་སྐབས་ཤིག་གོང་མ་ཆེན་པོའི་བཀའ་ཕེབས་ཏེ་ཧོ་པག་ས་རའི་ཐོར་གོད་ཀྱི་ས་ཆར་བྱོན་ནས་དེ་ཕྱོགས་ཀྱི་རྗེ་བློན་སྡེ་འབངས་མཐའ་དག་མངོན་མཐོ་ངེས་ལེགས་ཀྱི་ལམ་ལ་སྦྱར། དགུང་ལོ་ང་ལྔ་པ་ལྕགས་མོ་ལུག་གི་ལོ་གོང་མའི་གསེར་ཞལ་མཇལ་སྐབས་བསྟན་འགྲོ་ལ་ཕན་འདོགས་ཆེ་བར་དགོངས་ནས་དགྱེས་པ་ཆེན་པོས་གསེར་གྱི་བཀའ་ལུང་བཟང་པོ་དང༌། གོས་ཆེན་སེར་པོ། བྱུ་རུའི་རྒྱན་འཕྲེང༌། ཤིང་རྟ་ལྗང་གུ་སོགས་གནང་སྟེ་བཀའ་དྲིན་ཚད་མེད་པས་བསྐྱངས༌། འཇམ་དབྱངས་མི་རྗེའི་རྣམ་པར་རོལ་པ་གོང་མ་བདག་པོ་ཆེན་པོ་ཞབས་པད་བསྐལ་པ་ཁྲི་ཕྲག་ཁྲི་ཕྲག་གི་བར་དུ་བརྟན་པའི་ཆེད་དགོན་པ་ཞིག་གསར་བཞེངས་ཀྱི་འཕེན་པ་གནང་སྟེ། ཨུ་ཡི་ཡ་སུ་ཐའི་མཁར་གྱི་ཇང་ཇུན་ཨམ་འབན་བརྒྱུད་ནས་༸གོང་དུ་གྲེའི་ཙི་ཕུལ་བར་བཀའ་ལན་འདོད་པ་བཞིན་བབས་པས་ཆུ་སྤྲེལ་ནས་བཟུང་ལས་མགོ་བརྩམས་ཏེ། ལྷ་ཁང་ཆེ་བ་གཅིག་ཆུང་བ་ལྔ། འདུ་ཁང་སྒོ་ཁང་བཅས་བརྒྱད་ཀ་རྩིག་པ་ཤིང་ཆ་སོགས་སྲ་ཞིང་བརྟན་པ། བཀོད་པས་ཐོན་ཞིང་གསེར་ཚོན་བཟང་པོས་ཤིན་ཏུ་མཛེས་པ་རྣམ་པར་རྒྱལ་བའི་ཁང་བཟང་ལྟ་བུ་དང༌། ཁོར་ཡུག་ལྕགས་རི་རྒྱ་ཆེན་པོ། ལྷ་ཁང་ཆེ་བའི་ནང་དུ་དུས་གསུམ་སངས་རྒྱས་ཀྱི་སྐུ་བརྙན་ཤིན་ཏུ་བྱོན་ལེགས། སངས་རྒྱས་འོད་སྲུང་གི་འཕེལ་གདུང་དང་རྗེ་བླ་མའི་དབུ་ལོ་སོགས་རིང་བསྲེལ་རྣམ་བཞིས་ཡོངས་སུ་གཏམས་པས་བྱིན་རླབས་ཀྱི་གཟི་འོད་འབར་བ། སེང་ཁྲི་རྒྱབ་ཡོལ་སོགས་ཀྱང་གསེར་འོད་འབར་ཞིང་རིན་པོ་ཆེའི་ཕྲ་ཚོམ་གྱིས་སྤ་བ་དང༌། འཁོར་ཉེ་བའི་སྲས་བརྒྱད། གནས་བརྟན་བཅུ་དྲུག་སོགས་ཀྱི་སྐུ་བརྙན་གྲངས་མཚུངས། ལྡེབས་རིས་ལ་སངས་རྒྱས་སྟོང་སྐུ། ཚེ་ལྷ་རྣམ་གསུམ་དང་སྒྲོལ་ལྗང་བཞིའི་སྐུ་བརྒྱ་ཕྲག་རེ། འདུ་ཁང་ནང་དུ་རྒྱལ་བ་རིགས་ལྔའི་སྐུ་དང་བཀའ་འགྱུར་ཆ་ཚང༌། སྟེང་གི་གནམ་རྒྱན་ལ་ཚེ་དཔག་སྟོང༌། ཆོས་སྐྱོང་མང་པོའི་སྐུ་ཐང་སོགས་དང༌། ལྷ་ཁང་གཞན་རྣམས་ལ་གསང་བདེ་འཇིགས་གསུམ་སོགས་ཡི་དམ་ལྷག་པའི་ལྷ་མང་པོ་དང༌། མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་སོགས་དམ་ཅན་ཆོས་སྲུང་མང་པོའི་སྐུ་བརྙན་རྔམ་བརྗིད་དང་ལྡན་ཞིང་བྱིན་རླབས་ཀྱི་གཟི་འོད་འབར་བ་རྣམས་བཞེངས། ཞི་རྒྱས་དབང་དྲག་གི་ཉམས་དང་ལྡན་པའི་རྒྱལ་ཆེན་བཞི་སོགས་སྐུ་ཐམས་ཅད་ཀྱང་མདོ་རྒྱུད་ནས་གསུངས་པའི་ཆག་ཚད་དང་ལྡན་ཞིང་གཟི་འོད་འབར་བས་མིག་གི་བདུད་རྩི་ལྟ་བུར་བསྐྲུན། ལྷ་ཁང་ཐམས་ཅད་དུ་མཛོད་གོས་གསེར་མ་སོགས་ཀྱི་བླ་བྲེ་དང༌། ཕྱེ་འཕུར་རྒྱལ་མཚན་ཀ་འཕན་སོགས་ཀྱིས་མངོན་པར་བཀྲ་བ་འཇའ་འོད་འཁྱུག་པ་ལྟ་བུ། དབྱིབས་ལེགས་འོད་འབར་རྒྱུ་བཟོ་སོགས་ཁྱད་དུ་འཕགས་པའི་མཆོད་པའི་ཡོ་བྱད་དུ་མ་ཚར་དུ་དངར། ཕྱི་ངོས་ཀྱི་ལྡེབས་རིས་ལ་ཉེ་སྲས་བརྒྱད། གྲུབ་ཆེན་བརྒྱད་ཅུ། ཉིད་ཀྱི་འཁྲུངས་རབས་བཅུ་གསུམ་མ། མཆོད་པའི་ལྷ་མོ་མང་པོ་དང་བཅས་གོ་མཚམས་མེད་པར་བྲིས་པ་སོགས་མཐོང་ཐོས་དྲན་རེག་དོན་ལྡན་དུ་འགྱུར་བའི་བཀོད་པ་བླ་ན་མེད་པ་གནང་སྟེ་ཉེ་ཞོ་མེད་པར་ཐུགས་ཀྱི་བཞེད་པ་བཞིན་གྲུབ། རྟེན་བརྟེན་པ་ཀུན་གྱི་རྒྱུ་སོང་དང༌། ལས་བྱེད་ཀུན་ལ་ཡོན་སོགས་གང་འོས་ཡིད་ཚིམ་པར་སྩལ་བ་བཅས་རགས་རིམ་ཕྱོགས་བསྡོམས་བགྱིས་པ་དངུལ་སྲང་ཁྲི་ཕྲག་ལྔ་ཙམ་སོང་བས་དད་ལྡན་རྣམས་ཀྱིས་ཕུལ་བའི་བདོག་པ་མཐའ་དག་བྱང་ཆུབ་སྙིང་པོ་མཆོག་གི་མཐས་གཏུགས་པར་སྨིན་པའི་བསོད་ནམས་མི་ཟད་པའི་གཏེར་དུ་བསྒྲུབས་ཏེ་འབྲེལ་ཚད་དོན་དང་ལྡན་པར་མཛད། ན་ཚོད་ལྡན་ཞེས་པ་ཤིང་མོ་ཕག་གི་ལོ་སྟོན་ཟླ་འབྲིང་པོའི་ཡར་ངོ་གཟའ་སྐར་འཕྲོད་སྦྱོར་ཕུན་སུམ་ཚོགས་པའི་དུས་ཚེས་དགེ་བ་ལ་དགེ་འདུན་རིག་པ་འཛིན་པའི་ཚོགས་དང་བཅས་པས་སྤྱན་དབྱེའི་ཆོ་ག་སྨིན་རྒྱས་ཕྱག་ལེན་རྣམ་པར་དག་པའི་སྒོ་ནས་ལེགས་པར་བསྒྲུབས་ཏེ་དམ་ཡེ་དབྱེར་མེད་དུ་བརྟན་པར་བྱས། མཇུག་ཏུ་འཆམ་དང་བྱམས་པ་གླིང་སྐོར་སོགས་བྱས་པའི་ཚེ་མེ་ཏོག་གི་འདབ་མའི་རྣམ་པ་གསལ་བའི་ཁ་བ་ཅུང་ཟད་བབས་པས་ས་སྟེང་དཀར་འཇམ་དུ་བྱས། དེ་འཕྲལ་ནམ་མཁའ་ཡོངས་སུ་དྭངས་ཤིང་ཉི་འོད་གསལ་བས་བག་དྲོ་ཞིང་བྱིན་ཆགས་པ་སོགས་རྟེན་འབྲེལ་རང་འགྲིག་ཏུ་བྱུང༌། དེ་ནས་ཧལ་ཧ། དུར་བེད། ཇ་ཧ་ཆིང༌། ཐོར་གོད། ཨུ་རེ་ཡ་ན་ཧས་སོགས་ཀྱི་སྦྱིན་བདག་སེར་སྐྱ་དྲག་ཞན་མང་དུ་འདུས་པ་ཐམས་ཅད་ཀྱིས་ལྷ་ཁང་རྣམས་ལ་ཕྱག་མཆོད། དགེ་འདུན་ལ་བསྙེན་བཀུར་སོགས་ལྷ་མཆོད་མི་མཆོད་རྒྱ་ཆེན་པོ་དང༌། རྗེ་བཙུན་བླ་མ་དམ་པ་ཉིད་ལ་ན་བཟའ་ཉེར་སྤྱད། དངུལ་སྲང་སྟོང་རྭ་ཅན་སོགས་ཀྱི་མཆོད་སྤྲིན་སྤྲོས་ཏེ་ཞབས་པད་ཡུན་བརྟན་གྱི་གསོལ་འདེབས་ཞུས། བྱིན་རྟེན་དང་དངོས་པོའི་གནང་ཆ་སོགས་གང་འཚམ་དུ་སྩལ་ཏེ་མགུ་བར་མཛད་དོ། །དེ་ལྟར་བསྟན་འགྲོ་ལ་སྨན་པའི་ཐུགས་བསྐྱེད་རླབས་པོ་ཆེའི་ས་བོན་དུས་སུ་སྨིན་པའི་འཕྲིན་ལས་ཀྱི་ཡལ་ག་ཕྱོགས་བརྒྱར་རྒྱས། ཟབ་མོ་རྡོ་རྗེའི་རྣལ་འབྱོར་ལས་གཡོ་བ་མེད་པའི་ཉམས་རྟོགས་ཀྱི་འབྲས་བུ་གཡུར་དུ་ཟ། སྙན་པར་གྲགས་པའི་དྲི་བསུང་མངར་པོ་བྱང་ཕྱོགས་ཀྱི་འཛིན་མའི་ཁོར་ཡུག་ཁྱབ་པར་འཕྲོ། ཐབས་མཁས་ཐུགས་རྗེའི་གྲིབ་བསིལ་སྣུམ་པོས་ཉམ་ཐག་འགྲོ་བ་ཀུན་ལ་ཕན་བདེའི་མཆོག་སྦྱིན་སྩོལ་བཞིན་པར་བློ༷་བཟ༷ང་རྒྱལ་བསྟ༷ན་ཡངས་པའི་དགའ་ཚལ་མཛེས་པའི་རྒྱན་དུ་འཚོ་ཞིང་གཞེས་པར་བཞུགས་ཏེ། སྲིད་ཞིའི་རྣམ་དཀར་གྱི་ལེགས་ཚོགས་མ་ལུས་པ༷་ད༷ར་ཞིང་རྒྱ༷ས་པའི་སྐབས་སུ་གནས་བཞིན་པ་ལགས་སོ། །

སྨྲས་པ། ནན་ཆེར་བསྐུལ་བའི་ནོར་རྒྱས་ཀྱིས་དྲངས་པ། །བདག་བློའི་རིན་ཆེན་རི་བོ་མནྡ་རས། །དམ་པའི་ཡོན་ཏན་ཆུ་གཏེར་བསྲུབས་པ་ལས། །རྟོགས་བརྗོད་གསར་པའི་ཟླ་བ་འདི་འཁྲུངས་སོ། །ལེགས་བཤད་རྫིང་བུར་འཁྱིལ་བ་ཕྱོགས་དང་མཚམས། །གང་དུ་དྲངས་ཀྱང་ཆིལ་ཆིལ་འབབ་པ་ལས། །ངོ་མཚར་ལྦུ་བ་དཀར་པོའི་འཕྲེང་དཀྲིགས་པ། །ཆེད་དུ་བརྗོད་པའི་ཉལ་འགྲོའི་རྒྱུན་འདི་བབས། །རྣམ་པ་གསུམ་གྱིས་བསྐལ་པའི་བཤུལ་རིང་ལམ། །ཡིད་ཆེས་ལུང་དང་བདེན་ཚིག་འཁར་བ་ལ། །བརྟེན་ནས་སྡེབ་ལེགས་གོམ་སྟབས་བསྐྱོད་པ་འདིར། །ནོངས་པ་མཆིས་གང་མཁས་པའི་ཚོགས་ལ་འཆགས། །རླབས་ཆེན་ཐུགས་བསྐྱེད་ཡུ་བ་རབ་བརྟན་ཅིང༌། །ངེས་ལེགས་དབང་གི་རྒྱལ་པོའི་ཏོག་མཛེས་པ། །བཤེས་གཉེན་དམ་པའི་མཛད་བཟང་གདུགས་དཀར་པོའི། །བསིལ་བར་བྱང་ཕྱོགས་སྐྱེ་དགུས་ངལ་གསོ་མཛོད། །གནམ་སའི་ཁོར་ཡུག་འགེངས་པར་གདངས་པའི་ཞལ། །སྲིད་གསུམ་དགྲ་བགེགས་ཁམ་དུ་བྱེད་པ་ཡི། །སྲུང་མ་ཡེ་ཤེས་སྤྱན་ལྡན་ཚོགས་རྣམས་ཀྱིས། །བསྟན་དང་བསྟན་འཛིན་སྐྱོང་བའི་བྱ་ར་མཛོད། །འདྲེན་མཆོག་ཞབས་པད་རྡོ་རྗེའི་གཤིས་སུ་བརྟན། །མཛད་འཕྲིན་འོད་སྣང་ས་གསུམ་ཀུན་ཏུ་ཁྱབ། །འཇམ་དཔལ་སྙིང་པོའི་རིང་ལུགས་ཕྱོགས་མཐར་རྒྱས། །རྫོགས་ལྡན་གསར་པའི་དགའ་སྟོན་འཕེལ་གྱུར་ཅིག། །རྩེ་གཅིག་གུས་པ་ལྷུར་ལེན་སློབ་མའི་ཚོགས། །རྒྱལ་བློན་འབངས་བཅས་ཚེ་རབས་འཕྲེང་བ་རུ། །བླ་མ་མཆོག་གིས་འབྲལ་མེད་རྗེས་བཟུང་སྟེ། །ཡང་དག་ལམ་གྱི་བགྲོད་པ་མཐར་ཕྱིན་ཤོག། །

ཅེས་བྱང་ཕྱོགས་བསྟན་འགྲོའི་ཕན་བདེའི་རྩ་ལག་དམ་པར་གྱུར་པ་ཡིལ་གོག་སན་ཨེར་ཏི་ནི་མེར་གན་པཎྚི་ཏ་ཧོ་ཐོག་ཐུ་བློ་བཟང་བསྟན་པ་དར་རྒྱས་ཀྱི་རྣམ་པར་ཐར་པ་ནོར་བུའི་མེ་ལོང་ཞེས་བྱ་བ་འདི་ནི་བསྟན་པའི་གསལ་བྱེད་དཔའ་རིས་ཞབས་དྲུང་ཨེར་ཏི་ནི་མཁན་པོ་ངག་དབང་མཁྱེན་བརྩེ་སོགས་ཐུར་ཆེན་དགོན་ཐོས་བསམ་དར་རྒྱས་གླིང་གི་བླ་སྤྱི་ཐུན་མོང་ནས་སྔ་ཕྱིར་ཡང་ཡང་བསྐུལ་ཞིང༌། ཆོས་རྗེ་བློ་བཟང་དཀོན་མཆོག་ངོ་གཡོག་ཆེད་གཏད་ཀྱིས་འོངས་ཏེ་བསྐུལ་བ་བཞིན། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་རྒྱལ་བའི་ལུང་གིས་ཟིན་པའི་ཆོས་གྲྭ་ཆེན་པོ་བཤད་སྒྲུབ་བསྟན་པའི་འབྱུང་གནས་དཔལ་ལྡན་བཀྲ་ཤིས་འཁྱིལ་དུ་སྦྱར་བའི་ཡི་གེ་པ་ནི་སྔགས་རམས་པ་རཏྣ་ཨཱ་ནནྟས་བགྱིས་པ་འདིས་ཀྱང་སརྦ་པྲ་ཛ་ཀཱ་ལེ་ཥུ་ཤྲི་ཡཿ ཤུ་བྷ་མ་སྟུཿ།།

                                                                                                 རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།
གསལ་འདེབས། 
               རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།