བཤེས་གཉེན་ཆེན་པོ་མཁས་གྲུབ་བསྟན་འཛིན་པའི་རྟོགས་པ་བརྗོད་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-09-07 10:58:41     རྩོམ་པ་པོ།   དཀོན་མཆོག་བསྟན་པའི་སྒྲོན་མེ།    ཀློག་ཐེངས།  

བཤེས་གཉེན་ཆེན་པོ་མཁས་གྲུབ་བསྟན་འཛིན་པའི་རྟོགས་བརྗོད།

༄༅། །ངེས་པ་དོན་གྱི་བཤེས་གཉེན་ཆེན་པོ་མཁས་གྲུབ་བསྟན་འཛིན་པའི་རྟོགས་པ་བརྗོད་པ་ལེགས་ཚོགས་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ། །

མཚན་དཔེའི་དཔལ་གྱི་ཆ་ཤས་ཡོངས་གང་ཕྱག་རྒྱའི་རི་དྭགས་གཟུགས་ཀྱིས་མཛེས། །དམིགས་མེད་མཁའ་ལ་བདེ་ཆེན་སྙིང་རྗེའི་སྒྱུ་འཕྲུལ་རླུང་གི་བགྲོད་པ་བརྟེན། །རྣམ་པ་ཀུན་ཏུ་འཕེལ་འགྲིབ་སྣང་བས་འགོག་པ་མེད་པར་རྟག་འཆང་བ། །རྡོ་རྗེ་འཆང་དབང་ཞབས་སྐྱེས་ཀུནྡ་དད་པའི་ཟུར་ཕུད་རྒྱན་དུ་རོལ། །དེ་ཉིད་ངུར་སྨྲིག་འཆང་བའི་ཟོལ་བརྟེན་པ། །འཇམ་དབྱངས་བསྟན་པའི་པདྨ་བཞད་པའི་གཉེན། །འཇིགས་མེད་དབང་པོ་སྲིད་ཞིའི་གཙུག་གི་རྒྱན། །དེང་ནས་བྱང་ཆུབ་བར་གྱི་མགོན་མཛོད་ཅིག། །ཡོན་ཏན་ཀུན་གྱི་གཞིར་གྱུར་དྲིན་ཅན་རྗེ། །ཚུལ་བཞིན་བསྟེན་པ་ལམ་གྱི་རྩ་བ་རུ། །ལེགས་པར་མཐོང་ནས་འབད་པ་དུ་མ་ཡིས། །གུས་པ་ཆེན་པོས་ཚུལ་བཞིན་བསྟེན་པ་ལས། །དེ་ཡི་འབྲས་བུ་རྒྱལ་བའི་དགོངས་པ་བཞིན། །ཐུན་མོང་ལམ་གྱི་གཙོ་བོ་རྣམ་གསུམ་དང༌། །གསང་ཆེན་རིམ་གཉིས་རྣལ་འབྱོར་མཐར་སོན་པས། །མཁས་ཤིང་གྲུབ་བརྙེས་བསྟན་འཛིན་མཆོག་དེར་འདུད། །ཁེངས་དྲེགས་འདོད་པའི་ཕྱོགས་སུ་མ་ལྷུང་བས། །ནོར་བཟང་མཆེད་ཟླར་གྱུར་པ་དེ་ཡི་གཏམ། །རང་བཞིན་གསང་པོར་བརྗོད་པའི་བདེན་ཚིག་གིས། །ཐར་འདོད་འཇུག་ངོགས་མ་ནོར་དབྱེ་བར་བྱ། །

དེ་ཡང་སྔོན་རྒྱ་གར་འཕགས་པའི་ཡུལ་དུ་མཁས་ཤིང་གྲུབ་པའི་སྐྱེས་བུ་བསམ་གྱིས་མི་ཁྱབ་པ་བྱོན་པ་རྣམས་བསྟན་པའི་བྱུང་རིམ་ལྟ་བུ་སྤྱིའི་ལོ་རྒྱུས་ཀྱི་ཁོངས་སུ་ཐོར་བུ་ཐོར་བུར་བྱུང་བའམ། རྣམ་ཐར་དང་འབྲེལ་བའི་བསྟོད་པ་ཉུང་ཤས་རེ་དང༌། གདམས་པའི་བརྒྱུད་རིམ་ལྟ་བུར་བྱུང་བ་རྣམས་ཁོག་བསྒྲིགས་ཏེ། རྣམ་ཐར་གྱི་ངག་རྒྱུན་ཙམ་བྱུང་བ་ལས་པཎ་གྲུབ་རེ་རེ་བཞིན་གྱི་རྣམ་ཐར་སོ་སོར་བསྒྲིགས་པའི་སྲོལ་མ་བྱུང་ངོ༌། །འོན་ཀྱང་དེའི་ཚེ་གདུལ་བྱ་རྣམས་དབང་པོ་རྣོ་བས་ཕྱོགས་རེ་རེ་ཙམ་གྱི་སྒོ་ནས་ཀྱང་བླ་མའི་ཡོན་ཏན་དཔོག་ནུས་ཤིང༌། སྐྱེས་བུ་དམ་པ་དེ་དག་གིས་ཀྱང་རྒྱལ་བའི་བསྟན་པ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་སྤེལ་བའི་བཤད་རྒྱུན་དང་།ཟབ་མོའི་རྟོགས་པ་མངོན་དུ་གྱུར་པའི་གྲུབ་འབྲས་སོགས་བསྟན་པ་ལ་ཕྱག་རྗེས་རྒྱ་ཆེར་བཞག་པ་དང་།དེ་ལ་བརྟེན་པའི་གྲགས་སྙན་འཇིག་རྟེན་ཀུན་ལ་རི་མོར་བྲིས་པ་བཞིན་དུ་གནས་པས་རྣམ་ཐར་གྱི་ཡི་གེ་ལོགས་སུ་བཀོད་པ་ལ་མ་ལྟོས་སོ། །དེ་ནས་དུས་ཀྱི་ལང་ཚོ་རིམ་གྱིས་སྙིགས་མའི་མཐའ་ལ་གཞོལ་བས། དམ་པ་དང་དམ་པ་མ་ཡིན་པའི་བྱེ་བྲག་ཕྱེད་པ་ཉུང་བར་གྱུར་པ་ན། སྐྱེས་བུ་དམ་པ་རྣམས་ཀྱིས་དེའི་དབྱེ་བ་ཤེས་པ་དང་།བཤེས་གཉེན་ལ་དད་པ་འཕེལ་ཞིང་དེའི་མཛད་པའི་རྗེས་སུ་སློབ་པའི་ཕྱིར་བླ་མ་སོ་སོའི་རྣམ་ཐར་རེ་བསྒྲིགས་པའི་སྲོལ་ཕྱེ་བ་ཡིན་པར་སྣང་།དེ་ལས་ཀྱང་ད་དུང་ཆེས་ཤིན་ཏུ་སྙིགས་མར་གྱུར་པ་ན་སྐྱེ་བོ་རྣམས་བླང་དོར་འབྱེད་པའི་བློའི་ནུས་པ་ཆུང་ཞིང་།ཆགས་སྡང་གི་ཀུན་རྟོག་གཡོ་བའི་ཕྱོགས་སུ་ལྷུང་སྟེ་དགྲ་འདུལ་གཉེན་སྐྱོང་དང་།ཟང་ཟིང་གི་འདུ་འགོད་ཙམ་ལ་སྙིང་པོར་བྱེད་པའི་ངན་རྟོག་འདོད་པའི་ཕུགས་སུ་འཚང་བའི་རང་མདངས་ཀྱིས་བླ་མའི་རྣམ་ཐར་སྒྲིག་ཚུལ་སོགས་ཀྱང་སྲིད་ཀྱི་ཁེ་གྲགས་ཁོ་ན་རྩལ་དུ་བཏོན་པའི་གཏམ་གྱི་སྦྱོར་བ་མང་དུ་སྤྲོ་བར་སྣང་བ་ནི་བློ་གཟུ་བོར་གནས་ཤིང་བློ་གྲོས་ཀྱི་རྩལ་དང་ལྡན་པ་རྣམས་མགུ་བ་སྐྱེད་པའི་ཐབས་སུ་མི་འགྱུར་ཏེ། པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས། སྐྱོན་མང་དུག་གི་ཚེར་མའི་ཚོགས་འཁྲིགས་ཀྱང་། །ཡོན་ཏན་ཡོངས་འདུའི་ཚུལ་བཞིན་སྒྲོ་བཏགས་ཏེ། །དབྱར་སྐྱེས་རྔ་གསང་སྟོང་ལྟར་ཆེར་སྒྲོགས་པའི། །རྣམ་ཐར་ཚུལ་ལ་ཁོ་བོ་ཡིད་མ་ཆེས། །དམ་པའི་སྙིང་ལ་འཇིགས་པ་སྦྱིན་བྱེད་པ། །དུག་གསུམ་ཆང་གིས་རབ་ཏུ་མྱོས་པ་ཡི། །ཟློས་གར་མངོན་དུ་བསྒྱུར་ཀྱང་ཚུལ་བསྟན་ཞེས། །ཡོལ་བའི་ཕག་ཏུ་འཆེལ་ལའང་བདག་མི་དད། །མདོ་རྒྱུད་དམ་པའི་གཞུང་དང་བསྟུན་པ་ན། །མངོན་མཐོའི་འབྲས་བཟང་བསྐྲུན་པའི་ས་བོན་ཀྱང་། །རྣམ་པར་མྱགས་མོད་འོན་ཀྱང་ཀུན་མཁྱེན་དུ། །རློམ་ཞིང་གསལ་བར་སྒྲོགས་ལའང་བདག་མི་མགུ། །གཏི་མུག་མུན་པས་ཡིད་བསླད་ངོ་ཚ་བྲལ། །བག་མེད་སྨྱོན་པའི་རྣམ་འགྱུར་སྣ་ཚོགས་ཀྱང་། །ཐེག་མཆོག་གསང་བའི་རྣལ་འབྱོར་སྤྱོད་པ་ཞེས། །གྱ་གྱུའི་རྣམ་ཐར་ཚུལ་ལའང་བདག་མི་མོས། །ཆགས་སྡང་བརླིང་པོའི་ཐུགས་རྒྱུད་ཞོ་འཐུང་བུའི། །རུས་པར་འགྲན་ཀྱང་གསུང་འཇམ་ཞི་དུལ་ཅན། །ངུར་སྨྲིག་གིས་མཛེས་ཚེར་མ་དར་གཏུམས་ཅན། །འཕྱོན་མའི་རྣམ་ཐར་ཚུལ་ལའང་བདག་མི་དགའ། །ཞེས་གསུངས་པ་ལྟར་རོ། །

དེས་ན་སྔོན་གྱི་དམ་པ་རྣམས་ཀྱི་མཛད་པ་རྣམ་ཐར་ནི། འགའ་ཞིག་གིས་དལ་འབྱོར་རྙེད་དཀའི་ཆོས་སྐོར་ལ་རྩལ་དུ་བཏོན་པའི་ཁུངས་ནས་ས་ལམ་གྱི་རྟོགས་པ་གཞན་ཐམས་ཅད་རྡོལ་བ་ལྟ་བུ། ལ་ལས་མི་རྟག་པ་ཁོ་ན་གཙོ་བོར་བསྒོམ་པས། དེ་ལ་མྱོང་བ་ཐོན་པ་ན་དེས་སྣ་དྲངས་ཏེ་ས་ལམ་གྱི་རྟོགས་པ་གཞན་ཐམས་ཅད་རྩོལ་བ་མེད་པར་སྐྱེས་པ་ལྟ་བུ། འགའ་ཞིག་ལ་རང་གི་སེམས་ཉིད་ངོ་སྤྲད་པ་ན་དེའི་ཤུགས་ཀྱིས་སྒྲོ་འདོགས་ཐམས་ཅད་ལྷག་མ་མེད་པར་ཆོད་དེ་གྲུབ་པའི་གོ་འཕང་མཐོན་པོར་གྱུར་པ་སོགས་གདམས་པ་རང་རང་གི་བཀའ་བབས་མི་འདྲ་བའི་ལོ་རྒྱུས་སྣ་ཚོགས་ཡོད་ལ། དཔལ་ནཱ་རོ་པ། མཉམ་མེད་ཇོ་བོ་ཆེན་པོ། འབྲོམ་སྟོན་རྒྱལ་བའི་འབྱུང་གནས། མི་ལ་བཞད་པའི་རྡོ་རྗེ་སོགས་ཕལ་ཆེར་བཤེས་གཉེན་དམ་པ་དཀའ་བ་བརྒྱ་ཕྲག་གི་སྒོ་ནས་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་པ་ཁོ་ན་ལམ་གྱི་སྲོག་ཏུ་བྱས་པའི་སྟོབས་ཀྱིས་ལུང་དང་རྟོགས་པའི་ཡོན་ཏན་མ་ལུས་པའི་གཏེར་དུ་གྱུར་ཅིང་།རྣམ་པར་དཀར་བའི་འཕྲིན་ལས་ས་སྟེང་ཀུན་ཏུ་ཁྱབ་པ་བྱུང་ངོ་། །དེ་ནས་ཐེག་པ་ཆེ་ཆུང་མདོ་སྔགས་གང་གི་དབང་དུ་བྱས་ཀྱང་ཡང་དག་པའི་ལམ་གྱི་རྟོགས་པ་ཁྱད་པར་ཅན་སྐྱེ་བ་ལ་དེའི་རྨང་གཞི་ལྟ་བུ་ལམ་གྱི་རྩ་བ་བཤེས་གཉེན་བསྟེན་ཚུལ་འདི་ཉིད་ལ་ཆིག་དྲིལ་དུ་འབད་དགོས་པ་ནི་རྒྱལ་བའི་དགོངས་པ་མཐར་ཐུག་ཡིན་ཏེ། ཆོས་ཡང་དག་པར་སྡུད་པ་ལས། སངས་རྒྱས་ཆོས་རྣམས་དགེ་བའི་བཤེས་ལ་བསྟེན་ཏོ་ཞེས། །ཡོན་ཏན་ཀུན་གྱི་མཆོག་མངའ་རྒྱལ་བ་དེ་སྐད་གསུངས། །ཞེས་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཀྱང་ཐོག་མར་རྒྱུ་བཤེས་གཉེན་བསྟེན་ཚུལ་ཕྱིན་ཅི་མ་ལོག་པར་ཉམས་སུ་བསྟར་བ་དེའི་འབྲས་བུ་རང་རྒྱུད་ལ་སྤངས་རྟོགས་ཀྱི་ཡོན་ཏན་མཐར་ཕྱིན་པ་བརྙེས་ཏེ། རང་གིས་ཇི་ལྟར་མངོན་དུ་མཛད་པའི་ཐབས་ཀྱི་རིམ་པ་དེ་ཉིད་གདུལ་བྱ་རྣམས་ལ་སྟོན་པར་མཛད་པ་ཡིན་ནོ། །སྔོན་བྱོན་དམ་པའི་སྐྱེ་བོ་དེ་དག་གི་རྣམ་པར་ཐར་པ་ཇི་ལྟ་བ་བཞིན་དུ་བདག་ཉིད་ཆེན་པོ་འདིས་ཀྱང་ད་ལྟའི་སྐྱེ་བོ་ཡང་དག་པའི་ལམ་གྱི་རྨང་གཞི་འགྲམ་རྩ་ཟད་པའི་ཁང་རུལ་བཞིན་དུ་གྱུར་པ་ལ་ཅི་ཡང་མི་སེམས་པར་མན་ངག་ཟབ་ཟབ་མོ་ཁོ་ན་ལ་མཐོ་སྙེགས་སུ་བྱེད་པའི་ལུགས་དོར་ཏེ། ཐོག་མ་ཁོ་ནར་མགོ་བཤེས་གཉེན་བསྟེན་ཚུལ་འདི་ལ་རྟེན་འབྲེལ་གྱི་ཆ་ཕྲ་མོ་ཙམ་ཡང་མ་འཆུག་པར་གཞོན་ནུ་ནོར་བཟང་གི་རྣམ་ཐར་ལས་འབྱུང་བ་བཞིན་དུ་ཕྱག་ལེན་ལ་འདེབས་པར་མཛད་པ་ནི། རྣམ་པར་ཐར་པ་གཞན་ཐམས་ཅད་ཀྱི་རྩ་བ་དང་སྙིང་པོ་ལྟ་བུར་སྣང་བས། དེའི་གནས་ཚུལ་གྱི་གཞུང་བསྲིངས་ཤིང༌། དེ་ལ་བརྟེན་ནས་ལུང་རྟོགས་ཀྱི་ཡོན་ཏན་བརྙེས་ཚུལ་དང༌། བསྟན་འགྲོར་ཕན་པ་རླབས་པོ་ཆེ་མཛད་པ་སོགས་ཡན་ལག་གི་ཚུལ་དུ་བྱས་ཏེ་འགོད་པར་བྱའོ། །དེ་ལ་གང་དུ་འཁྲུངས་པའི་གནས་ནི་མདོ་སྨད་ལྷོ་རྒྱུད་ཀྱི་སའི་ཆ་མཛོ་དགེ་སྨད་དུ་གྲགས་པའི་ནང་ཚན་རུ་སྟོད་མའི་ཤོག་ཏུ་ཡབ་མཛོད་པ་སྒོམ་པ་རྒྱལ་དང༌། ཡུམ་འབྲུག་མོ་སྐྱིད་གཉིས་ཀྱི་སྲས་སུ་ཆུ་མོ་ཕག་གི་ལོར་སྐུ་འཁྲུངས། ཡབ་ཡུམ་གཉིས་ཀ་ཡང་རང་བཞིན་གྱིས་ཆོས་ལ་དཀར་ཞིང་སྡིག་སྤྱོད་ལ་འཛེམ་པ་སོགས་ཡ་རབས་ཀྱི་ངང་ཚུལ་ཅན་གཉིས་ཡིན་ལ། འབྱོར་པ་ཧ་ཅང་མི་ཆེ་ཡང་དབུལ་བས་ཉམ་ཐག་པ་ཡང་མ་ཡིན་པས་བར་མར་གནས་པ་ཞིག་སྟེ། དེ་ཡང་འདུལ་བ་ལུང་ལས། ཧ་ཅང་ཕྱུག་པོའི་ཁྱིམ་དང་ནི། །དབུལ་བའི་ཁྱིམ་དུ་མི་སྐྱེ་བར། །བར་མའི་ཁྱིམ་དུ་སྐྱེ་འགྱུར་ཞིང༌། །རྟག་ཏུ་རབ་བྱུང་མང་བར་ཤོག །

ཅེས་མཐའ་གཉིས་ཀར་མི་གནས་པའི་ཁྱིམ་དེ་ལྟ་བུར་སྐྱེས་པ་ནི་རབ་ཏུ་བྱུང་ཞིང་ཆོས་སྒྲུབ་པ་དང་རྗེས་སུ་མཐུན་པར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བསྔགས་པར་མཛད་དོ། །ལྷུམས་སུ་གནས་སྐབས་ཡུམ་གྱི་རྨི་ལམ་དུ་དགེ་སློང་དབང་ཕྱུག་སེང་གེ་ཟེར་བས་གསེར་གྱི་རྡོ་རྗེ་འོད་འཚེར་བ་ཞིག་གཏད་དེ་འདི་ལ་གཙང་སྦྲ་ལེགས་པར་གྱིས་ཞེས་ཟེར་བ་དང༌། ཡུལ་མི་གཞན་འགའ་ཞིག་ལ་ཡང་རྨི་ལྟས་ངོ་མཚར་བ་ཅི་རིགས་བྱུང་ཞིང༌། ཁྱད་པར་སྐུ་འཁྲུངས་པའི་མཚན་མོ་དེར་ཁུ་བོ་རྒྱལ་མཚན་ཟེར་བའི་དགེ་སློང་བསྒྲེས་པོ་རྗེ་བཙུན་མ་སྒྲོལ་མ་ཡི་དམ་གྱི་ལྷར་བཟུང་སྟེ་རྒྱུན་དུ་བསྙེན་སྒྲུབ་ལ་འབད་པས། བྱིན་རླབས་ཀྱི་རྟགས་མཚན་ཅི་རིགས་ཐོབ་པ་ཞིག་ཡོད་པ་དེའི་རྨི་ལམ་དུ་སྒོམ་པ་རྒྱལ་ཚང་གི་ཁྱིམ་གྱི་ཕུ་ན་སྟོན་པའི་གསེར་སྐུ་ཞིག་བཞུགས་པ་ལ་མི་མང་པོས་མཇལ་ཞིང༌། རྒྱ་མོའི་ཆ་བྱད་ཅན་གྱི་བུ་མོ་འགའ་ཞིག་གིས་ཁྲུས་གསོལ་བྱེད་པ་རྨིས་ཏེ། ཕྱི་ཉིན་ཞོགས་ཀ་དེའི་གནས་ཚུལ་བཤད་བཞིན་པའི་ཐོག་ཏུ་སྒོམ་པ་རྒྱལ་འོངས་ཏེ། ངེད་ལ་བུ་ཆུང་ཞིག་སྐྱེས་ཡོད་པས་དེར་ཁྲུས་ཤིག་བྱེད་དགོས་བྱས་པར། ཁོང་ཡང་ཡ་མཚན་དུ་གྱུར་ཏེ། དེ་མ་ཐག་དགའ་བཞིན་དུ་སོང་ནས་རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཆུས་ཁྲུས་དང་མནོལ་བསང་བདུག་པ་སོགས་བྱས། ཕ་མ་གཉིས་ལ་ཡང་གཙང་སྦྲ་གལ་ཆེ་ཚུལ་ནན་ཏན་གྱིས་བཤད། རྨི་ལམ་རྗེས་མ་འདི་ནི་འབྱུང་འགྱུར་དང་མཐུན་པའི་མཚན་མ་དོན་ཆེན་པོ་དང་ལྡན་པ་ཞིག་ཏུ་མངོན་ཏེ། ལུང་རྣམ་འབྱེད་ལས། རྒྱལ་བ་སྟོན་པ་དེ་ཡི་བསྟན་བཅོས་ནི། །མདོ་དང་ཆོས་མངོན་ཡིན་གསུངས་འདུལ་བ་ནི། །སྟོན་དང་བསྟན་པ་ཉིད་ཡིན།ཞེས་དང༌། སོ་སོར་ཐར་པའི་མདོ་ལས། ང་ནི་མྱ་ངན་འདས་འོག་ན། །འདི་ནི་ཁྱོད་ཀྱི་སྟོན་པ་ཞེས། །རང་བྱུང་ཉིད་ཀྱིས་གུས་བཅས་པར། །ནན་ཏན་དགེ་སློང་ཚོགས་མདུན་བསྟོད། །ཅེས་རྗོད་བྱེད་འདུལ་བའི་སྡེ་སྣོད་དང༌། བརྗོད་བྱ་ལྷག་པའི་ཚུལ་ཁྲིམས་གཉིས་ནི་བསྟན་པའི་གཞི་དང་སྟོན་པའི་དོད་དུ་གསུངས་ལ། དེའི་རྒྱུ་མཚན་གྱིས་འདུལ་བ་འཛིན་པ་ཆེན་པོ་དག་ལ་མཉམ་མེད་ཐུབ་པ་རིན་པོ་ཆེའི་ཆོས་ཀྱི་རྒྱལ་ཚབ་ཏུ་དབང་བསྐུར་བ་ཞེས་འདུལ་བའི་སྡེ་སྣོད་ཀུན་ཏུ་བསྔགས་པ་རྒྱ་ཆེར་མཛད་ཅིང༌། ཁྱད་པར་དུ་གསོ་སྦྱོང་གི་གཞི་ལས། འདུལ་བ་འཛིན་པ་དང༌། མདོ་སྡེ་འཛིན་པ་དང༌། མ་མོ་འཛིན་པ། ཞེས་པ་ནས། སྟོན་པ་འདས་པས་དེའི་བསྟན་པ་ལ་འདི་ནི་སྟོན་པ་དང༌། འདི་ནི་རྟེན་ཡིན་ཏེ། ཞེས་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་གདུང་འཚོབ་ཏུ་གསུངས་པ་དང༌། སྐུ་བརྙན་ཡང་ཀུན་རྫོབ་པའི་སངས་རྒྱས་ཞེས་སངས་རྒྱས་ཀྱི་དོད་དུ་བྱས་པ་འབྲེལ་ཤིན་ཏུ་མཚུངས་སོ། །ཡུམ་གྱི་རྨི་ལམ་ཡང་སྐབས་དེར་ཡུལ་ཕྱོགས་སུ་བུ་ཚོང་ཆེར་མ་དར་བའི་དུས་ཡིན་པས་རྨིས་པ་བདེན་ངེས་ཡིན་ལ། དེ་ལྟ་ན་རྗེའི་རྣམ་ཐར་སོགས་སུའང་འབྱུང་བ་ལྟར་དོན་ཤིན་ཏུ་ཆེའོ། །ཆུང་ངུའི་དུས་ནས་བྱིས་པ་ཕལ་བ་དང་མི་འདྲ་བར་སྤྱོད་པ་གཙང་ཞིང་མཐོང་ན་ཡིད་དུ་འཐད་པ་ཞིག་ཡོད་པས། ཐམས་ཅད་ཀྱིས་ཀྱང་འདི་ཆོས་ཀྱི་བག་ཆགས་ཅན་ཞིག་ཏུ་འདུག་ཅེས་གླེང་བ་བྱུང༌། རིམ་གྱིས་སྐྱེད་བསྲིངས་ཏེ་ཅུང་ཟད་ནར་སོན་པ་ན་ནེའུ་ལྡང་རྣམས་དང་ལྷན་ཅིག་རྩེད་མོ་བྱེད་པའི་ཚེ་ཡང་གཡམ་པ་སྒོར་མོའི་སྟེང་དུ་དཀར་གོང་སྤུངས་པས་མཎྜལ་འབུལ་བ་སོགས་སྐབས་དེར་མཐོང་འདྲིས་འོང་དོན་མེད་པའི་ཆོས་མཐུན་གྱི་རྩེད་མོ་སྣ་ཚོགས་བྱེད་པ་བྱུང༌། འདི་ནི་སྔར་སྒྲུབ་པ་ལ་གཞོལ་བ་དང༌། སྐུ་ཚེ་འདིར་ཡང་སྒྲུབ་པའི་རྒྱལ་མཚན་བསྒྲེངས་པར་འགྱུར་བའི་རྟེན་འབྲེལ་གནད་ཅན་ཞིག་སྟེ། ཁ་ཅིག་ང་ལ་རྟ་འདི་འདྲ་ཡོད། གཉེར་པ་འདི་འདྲ་ཡོད་ཟེར་བ་དག་ལས་བག་ཆགས་གོང་མར་གྱུར་པ་ཞིག་གོ །

དགུང་ལོ་བརྒྱད་པ་ལྕགས་རྟའི་ལོར་བར་མ་རབ་བྱུང་གི་ཚུལ་ཁྲིམས་བཞེས་ཤིང་མཚན་བསྟན་འཛིན་སེང་གེར་བཏགས། སྐབས་དེ་ན་བསྲུང་བྱའི་མཚམས་སོགས་དྲི་བའི་ཡུལ་འཕྲལ་དུ་མི་རྙེད་པས་ཐུགས་འཚེར་ཞིང་ལ་ལས་འདི་ལྟར་བྱེད་མི་རུང་ཟེར་བར་བྱུང་བར། དེ་མ་ཐག་ནས་དགའ་བཞིན་དུ་དེའི་ཚིག་དང་དུ་བླངས་ཏེ་སྤོང་ཅི་ཐུབ་མཛད། འདི་ནི་སྐྱེ་བའི་ཕྲེང་བར་འཆལ་ཚུལ་སྤོང་བ་ལ་གོམས་པ་ངང་དུ་གྱུར་པའི་རྣམ་ཐར་ཏེ། ད་ལྟ་འདུལ་བའི་གཞུང་ལུགས་རྒྱ་ཆེན་པོ་ལ་སྦྱངས་པ་མཐར་སོན་དུ་རློམ་པ་མང་པོ་ཡང༌། གང་ན་གནང་བའི་ཆ་ཞིག་ཡོད་སྙམ་དུ་ཡང་ཆ་འབའ་ཞིག་གི་སྒྲུབ་བྱེད་ཚོལ་བ་ནི་ཕུགས་རུལ་བའི་རྟགས་ཡིན་པས། ལག་ལེན་དོགས་མཐའ་ནས་བྱེད་དགོས་པར་ཀུན་མཁྱེན་མཚོ་སྣ་བ་དང༌། རྗེ་ཡབ་སྲས་ཀྱིས་གསུངས་སོ། །ཀློག་སློབ་པ་ན་ཡང་ཀློག་གི་སློབ་དཔོན་དེ་ལ་གུས་པ་ཆེ་ཞིང༌། དེས་གང་གསུངས་ཐམས་ཅད་དོ་གལ་ཆེན་པོས་ཐུགས་ལ་བཅངས་ཏེ་བརྩོན་པ་ལྷུར་མཛད་པས། མ་འགྱངས་པར་ཕྲལ་ཀློག་སྦྱར་ཀློག་ཀུན་ལ་བྱང་ཞིང༌། དེའི་ཞར་བྱུང་ལ་ཡུལ་ཕྱོགས་སུ་དར་ཆ་ཆེ་བའི་ཆོས་སྤྱོད་སོགས་ཀྱང་ཕལ་ཆེར་ཐུགས་ལ་ཆུད་པར་མཛད། ཀློག་གི་སློབ་དཔོན་དེ་ཉིད་རྗེས་སོར་འདས་པའི་སྐབས་སུ་གནས་དེར་བཞུགས་མེད་ཀྱང༌། གསན་མ་ཐག་ཏུ་ཕེབས་ནས་གདུང་གི་ཞབས་ལ་འཇུས་ཏེ། མཆི་མའི་རྒྱུན་བཅད་པར་དཀའ་བའི་གདུང་ཤུགས་དྲག་པོ་དང་བཅས་སྨོན་ལམ་དང་གསོལ་བ་བཏབ། ཕྱོགས་དབེན་པར་གདུང་གི་ཆ་ཐམས་ཅད་དྲི་བཟང་གི་ཆུས་ལེགས་པར་བཀྲུས་ཏེ་གནས་ཡིག་འགོད་པ་སོགས་བཀུར་སྟིའི་རིམ་གྲོ་ཕལ་བའི་བློར་མི་ཤོང་བ་ལྟ་བུ་མཛད། ད་ལྟ་མཐའ་དབུས་ཀུན་ཏུ་ཀློག་གི་སློབ་དཔོན་ལ་བླ་མར་བརྩི་བ་ཤིན་ཏུ་དཀོན་པས། ཆོས་ལ་འཇུག་པའི་ཐོག་མ་རང་ནས་དེའི་རྟེན་འབྲེལ་རྣམ་པ་གཞན་དུ་འགྲོ་བ་མང་ཡང༌། དམ་པ་འདི་ནི་གཞན་གྱིས་བཅོས་པ་ལ་མ་ལྟོས་པར། དེ་ལ་ཡང་བླ་མར་འཛིན་པ་ཞིག་ཤུགས་འབྱུང་དུ་ཡོད་པ་ནི། སྐྱེ་བོ་ཅོལ་ཆུང་བཀྲ་ཤིས་དང་དགེ་མཚན་གྱི་ལྟ་བ་ལ་གོམས་པ་འགའ་ཞིག །ཆུ་ཟོམ་རེ་དང་ཕྲད་པ་ཙམ་ལ་རྟེན་འབྲེལ་འགྲིག་པར་སྒྲོགས་པ་ལྟ་བུ་མ་ཡིན་པར་རྗེ་བླ་མས་གསུངས་པ་བཞིན། དེ་ནི་འདི་ཕྱིའི་ལེགས་ཚོགས་ཇི་སྙེད་པའི་རྟེན་འབྲེལ་ལེགས་པར་འགྲིག་པ་ཁོ་ན་ཡིན་ནོ། །དེས་ན་བདག་ལེགས་སུ་འདོད་པ་རྣམས་ཀྱིས་ཀློག་སློབ་པའི་སློབ་དཔོན་ལ་ཡང་ཤིན་ཏུ་གུས་པར་བྱ་དགོས་ཏེ། སློབ་དཔོན་ཨ་ནུས། བསླབ་པ་ཀུན་གྱི་གཞི་འཛིན་ཅིང༌། །རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ། །མིང་ཚིག་བརྗོད་པ་ཀུན་གྱི་གཞི། །ཡི་གེའི་སྦྱོར་བ་བཤད་པར་བྱ། །གསུངས་པ་བཞིན་ཐོས་བསམ་སྒོམ་པ་མཐའ་དག་འདིའི་སྟེང་ནས་བྱེད་དགོས་པས་བཀའ་དྲིན་ངོས་ཟིན་པར་གྱིས་ཤིག །ཀློག་ཕེར་བ་ཙམ་མ་ཡིན་པར་སུམ་རྟགས་ལ་ཡང་ཞིབ་ཐིགས་སུ་སྦྱངས་པས། སྔོན་འཇུག་རྗེས་འཇུག་ཕོ་མོ་མ་ནིང་གི་དབྱེ་བ་སོགས་གཙུག་ལག་གི་གནད་ལ་གོ་བ་གཏིང་ཚུགས་པ་བྱུང༌། བྱིས་པ་ཆུང་ངུའི་དུས་ནས་སྔ་མའི་ལས་འབྲེལ་གྱི་དབང་གིས་རྗེ་བཙུན་འཇམ་པའི་དབྱངས་ལ་ལྷག་པར་དད་པ་ཆེ་བ་ཞིག་ཡོད་པས། ལན་ཅིག་སྨན་པ་ཞིག་གིས་སྨན་འཐུ་བར་མངགས་པ་ན། གཟེར་འཇོམས་མེ་ཏོག་ཁ་ཏོག་དམར་སེར་ཅན་གྱིས་རི་ཀླུང་ཐམས་ཅད་གང་བའི་ཕྱོགས་གཅིག་གཟིགས་པའི་རྐྱེན་གྱིས་རྗེ་བཙུན་འཇམ་དབྱངས་ཀྱི་སྐུའི་རྣམ་པ་དང༌། དེའི་ཞིང་ཁམས་སོགས་རྗེས་སུ་དྲན་པའི་དད་གུས་ཀྱིས་བ་སྤུ་གཡོ་བ་བྱུང༌། འདི་ནི་སྔོན་བཅོམ་ལྡན་འདས་ཀྱི་དུས་ན་ཚོགས་སུ་མེ་ཏོག་སྔོན་པོ་བྲིམས་པ་སྣང་བའི་རྐྱེན་གྱིས་སྔ་མའི་བག་ཆགས་སད་དེ་ཟད་པར་སྔོན་པོའི་ཏིང་ངེ་འཛིན་གྲུབ་པའི་བྱུང་བ་དང་ཆ་འདྲའོ། །ན་ཚོད་གཞོན་ནུའི་སྐབས་དེར་ཡང་རེས་འགའ་རྗེ་བཙུན་འཇམ་དབྱངས་ཀྱི་སྐུའི་རྣམ་པ་ཡིད་ལ་བྱས་པ་ན་ཕྱོགས་མཚམས་ཐམས་ཅད་འཇམ་དབྱངས་ཀྱི་སྐུ་ཆེ་ཆུང་སྣ་ཚོགས་ཀྱིས་གོ་མཚམས་མེད་པར་གང་ནས་བཞུགས་པའི་ཉམས་དང༌། ཡང་སྤྱན་རས་གཟིགས་ཀྱི་སྐུའི་རྣམ་པ་ཡིད་ལ་བྱས་པ་ན། སྔ་མའི་སྣང་བ་གནས་གྱུར་ཏེ་སྤྱན་རས་གཟིགས་ཀྱི་སྐུ་དེ་ལྟ་བུས་གཏམས་པ་དང༌། དེ་བཞིན་དུ་ཕྱག་རྡོར་གྱི་སྐུ་དེ་འདྲ་བས་ཡོངས་སུ་གང་བ་སོགས་ཕལ་མོ་ཆེ་ཞིག་ཞལ་གཟིགས་སུ་སྒྲོགས་པའི་ཚོད་ཀྱི་སྣང་བ་དེ་འདྲ་བ་ནར་མར་འབྱུང་བ་ཞིག་ཡོད་ཀྱང༌། དམ་པ་འདི་ནི་ཐུགས་ཤིན་ཏུ་སྒམ་པས་དེ་ལ་མཚར་དུ་མི་འཛིན་པར། དཔེར་ན་རྒྱང་རིང་པོའི་གྲོང་ལ་སོགས་པའི་བཀོད་པ་ཡིད་ངོར་ལམ་གྱིས་ཤར་བ་དང་འདྲ་བར་ཉམས་དང་དོན་སྤྱིའི་སྣང་བ་ཙམ་ཡིན་པས། གཏད་པ་ཆེར་མེད་དགོངས་ཏེ་བཏང་སྙོམས་སུ་འཇོག་པ་གནང༌། དགུང་ལོ་བཅོ་བརྒྱད་པ་ལྕགས་འབྲུག་གི་ལོ། མཁས་པ་དང་གྲུབ་པ་མ་ལུས་པའི་གཙུག་གི་ནོར་བུ། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་སྐྱབས་མགོན་རྡོ་རྗེ་འཆང་རྗེ་བཙུན་དཀོན་མཆོག་འཇིགས་མེད་དབང་པོ་མཛོ་དགེའི་དགོན་པར་ཆིབས་ཀྱི་ཁ་ལོ་བསྒྱུར་བའི་ཚེ་ཞལ་གྱི་དཀྱིལ་འཁོར་མཇལ་བ་ན། ལན་གཅིག་མ་ཡིན་པར་རིགས་ཀྱི་བདག་པོར་གྱུར་པའི་བག་ཆགས་ཀྱིས་ཚད་མེད་པའི་མོས་གུས་དྲག་པོས་ཡིད་རང་དབང་མེད་པར་གཡོས་ཏེ་དད་པའི་མཆི་མ་འཁྲུག་ཅིང་ལུས་ཀྱི་བ་སྤུ་གཡོ་བ་བྱུང༌། དམ་པ་ཉིད་ཀྱི་ཞལ་ནས་ཀྱང༌། དེ་སྐབས་སྐྱབས་མགོན་རིན་པོ་ཆེའི་ཞལ་མཇལ་མ་ཐག་ཚེ་འདི་སྣང་གི་ཤེས་པ་འགག་འགྲོ་བ་ལྟ་བའི་དད་པ་སྐྱེས་ཤིང༌། དེ་ནས་བཟུང་སྟེ་ཉིན་མཚན་ཐམས་ཅད་དུ་ཀུན་མཁྱེན་འཇམ་དབྱངས་བཞད་པ་བརྗེད་མ་མྱོང་ཞེས་གསུངས་འདུག་པ་ནི་རྣམ་དཔྱོད་ཅན་ཞིག་གིས་བལྟས་ན་ངོ་མཚར་བའི་རྣམ་ཐར་ཆེན་པོ་ཡིན་ཏེ། འདིའི་དད་པ་སྐྱེ་ཚུལ་ཡང༌། ད་ལྟའི་སྐྱེ་བོ་རྒོད་པའི་ཁ་ལ་བལྟས་ན་རྒོད་བྲོ་ཞིང༌། ངུ་བའི་ཁ་ལ་བལྟས་ན་ངུ་བྲོ་བ་རྣམས་ཀྱི་དད་པ་གཡམ་ལ་རྒྱུག་གི་དགའ་ལྷང་ལྷང་བ་དེ་ཙམ་མ་ཡིན་པར། སློབ་དཔོན་འཕགས་པ་ལྷས། གཟུར་གནས་བློ་ལྡན་དོན་གཉེར་བ། །ཞེས་གསུངས་པ་ལྟར། བློ་གཟུ་བོར་གནས་པས་ཚེ་འདི་སྣང་གི་བྱ་བྱེད་སོགས་རང་གི་འདོད་དབང་ཐམས་ཅད་རྦད་ཆོད་བྱས་ཏེ། སྒོ་གསུམ་གྱི་བྱ་བ་མཐའ་དག་བླ་མའི་དཔང་དུ་བཞག་ནས་བདག་ཉིད་བྲན་དུ་དབུལ་ཞིང་དེའི་རྗེས་སུ་འཇུག་པ། ཅི་གསུང་གི་མཚམས་ལས་མི་འདའ་བ་ནི་སྣོད་ལྡན་སློབ་མའི་མཚན་ཉིད་ཀྱི་གཙོ་བོ། ཡོན་ཏན་ཐམས་ཅད་བསྲུང་ཞིང་འཕེལ་བར་བྱེད་པའི་རྨང་གཞིའི་དད་པ་རྣལ་མའི་སྐྱེ་ཚུལ་ཡིན་ནོ། །དེར་མ་ཟད་ཉིན་མཚན་ཀུན་ཏུ་བླ་མ་བརྗེད་མ་མྱོང་གསུང་བ་ཡང་དམ་པའི་རང་རྟགས་བླ་ན་མེད་པ་ཡིན་ཏེ། དཔེར་ན་བཀའ་གདམས་ཀྱི་དགེ་བའི་བཤེས་གཉེན་རྨོག་ལྕོག་པའི་ཞལ་ནས། སྤྱན་རས་གཟིགས་དཀར་ན་དཀར། ཀྱཻ་རྡོ་རྗེ་སྔོ་ན་སྔོ། རྗེ་བཙུན་མ་རང་དམར་ན་དམར། ང་ནི་གང་དུ་གནས་ཀྱང་བླ་མའི་སྣང་བ་དང་འབྲལ་མ་མྱོང་བས་ཚེ་གཅིག་གི་སངས་རྒྱས་དེ་ད་ཡོང་བ་འདྲ་ཞེས་གསུངས་པ་བཞིན་ནོ། །དེ་ནས་མཛོ་དགེའི་དགོན་པ་སྤྱིས་གསོལ་བ་བཏབ་པ་བཞིན་སྐྱབས་མགོན་རྡོ་རྗེ་འཆང་རྗེ་བཙུན་འཇིགས་མེད་དབང་པོ་ཉིད་དཀྱིལ་འཁོར་གྱི་འཁོར་ལོའི་བདག་པོར་བཞེངས་ཏེ། བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་མཛད་ལྷ་བཅུ་གསུམ་མའི་སྨིན་བྱེད་དབང་གི་རིམ་པ་སྟ་གོན་དང་བཅས་རྒྱས་པར་སྩལ་བའི་དབང་གྲལ་དུ་བཞུགས་ནས་ལེགས་པར་གསན། དེ་སྐབས་བན་གཞོན་དཀྱུས་མའི་གྲས་ཡིན་པས་མཐའ་གྲལ་ཙམ་ལས་མ་ཐོབ་ཀྱང་ལེགས་པར་བསྒྲིམས་ཏེ་གསན་པས་དབང་བརྡ་ཇི་བཞིན་པར་འཕྲོད། བླ་མ་འདི་ལྟ་བུ་དང་ས་ཁད་ཉེ་བ་འདི་ནས་ད་བར་དུ་མ་མཇལ་བར་ས་འོག་ཏུ་བསྡད་པ་ཨེ་ཡིན་སྙམ་གདུང་བ་དྲག་པོ་དང༌། གསུང་བཤད་ཕྱག་ལེན་ཀུན་གྱིས་ཡིད་གཏིང་ནས་ཕྲོགས་པས་མོས་གུས་སྤེལ་མས་མཆི་མ་ཡང་ཡང་འཆོར་བ་བྱུང༌། ཆོས་ཉན་པ་བླ་དཔོན་ཆེ་དགུ་མང་པོ་ཡོད་ཀྱང༌། སྒྲ་བསྒྱུར་མར་པས། མགྲོན་གྱི་གཙོ་བོ་ཨ་པོ་མཐུ་ཆེན་ཡིན་གསུངས་པ་དང༌། སྐྱོ་སྟོན་བསོད་ནམས་བླ་མས། དོན་གྱི་དབང་དེ་ལབ་སྒྲོན་གྱིས་ཐོབ་སོང༌། ཚིག་གི་དབང་དེ་ཁྱེད་རང་རྣམས་ཉོན་གསུངས་པ་ལྟར། དབང་གི་རྟོགས་པ་རྣལ་མ་སྐྱེས་པའི་རྡོ་རྗེ་སློབ་མ་མཆོག་ཏུ་གྱུར་པ་ནི་འདི་ཉིད་ཡིན་པ་སླར་རིམ་པས་གསལ་བར་གྱུར་པ་དེ་ཡིན་ནོ། །

དེ་ནས་དགུང་ལོ་ཉི་ཤུ་ཙམ་ལ་ཡོངས་ཀྱི་དགེ་བའི་བཤེས་གཉེན་འདུལ་བ་འཛིན་པ་ཆེན་པོ་མཁས་གྲུབ་རིན་ཆེན་པའི་ཞལ་སྔ་ནས་ཀྱི་དྲུང་ནས་འོག་མ་རྣམས་བསྐྱར་བསྒྲུབ་ཀྱི་ཐོག་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་ཡང་དག་པར་བཞེས་ཏེ་མཚན་མཁས་གྲུབ་བསྟན་འཛིན་དུ་བཏགས། དངོས་བླངས་ལས་འདས་པའི་ཕམ་འདྲ་དང་བཤགས་བྱའི་ཉེས་བྱས་རྣམས་དང༌། བླངས་པའི་ཕྱོགས་མཐུན་གྱི་བསྡམ་བྱའི་ཉེས་བྱས། ལྟུང་མེད་སོ་སོའི་དམིགས་བསལ་སོགས། མདོར་ན་གཞི་བཅུ་ལས་གྱུར་པའི་གནང་བཀག་གི་བཅས་མཚམས་ཕྲ་ཞིང་ཕྲ་བ་མཐའ་དག་དྲི་གཏུག་ཞིབ་ཏུ་བྱས་ཏེ་ཕྱག་ལེན་ལ་བཏབ། ཆོས་མཐུན་གྱི་སྤྱོད་པ་རྣམ་པར་དག་པ་ལ་བཤེས་གཉེན་པ་ཡང་ཐུགས་ཤིན་ཏུ་དགྱེས་ཏེ་སྤྱན་གྱི་འབྲས་བུ་བཞིན་དུ་བསྐྱངས། དམ་པ་དེ་ཉིད་ཀྱི་དྲུང་དུ་བཞུགས་ཏེ་ལོ་མཚམས་མཛད་ནས་ཉིན་རེ་བཞིན་ཚ་རྟིང་ཁར་བྱང་ཆུབ་བདེ་ལམ་གྱི་སྟེང་ནས་ཁྲིད་དམིགས་གང་འཚམ་རེ་གསན། དེའི་ཉམས་རྟོགས་གོ་བསྡུར་གྱིས་གེགས་སེལ་བོགས་འབྱིན་གྱི་སྒོ་ནས་རྒྱུད་དང་འབྱོར་ངེས་གནང་སྟེ། ཡང་ཁྲིད་ཀྱི་འཕྲོ་སྐྱོང་བ་སོགས་མདོར་ན་འཇམ་དཔལ་ཞལ་ལུང་ལས། བློ་གསར་བ་ལ་དགེ་རྒན་གྱིས་སྦྱོར་གཞུང་མཛུབ་ཁྲིད་བྱེད་པ་ལྟ་བུའི་བཅས་བདེ་སླ་ཆོས་སུ་མ་སོང་བ་དགོས་པར་གསུངས་པ་ལྟར། བཤད་ལུང་ལ་ཁྲིད་དུ་བཏགས་པ་ཙམ་མ་ཡིན་པར་སྨན་པ་མཁས་པས་ལག་ལེན་ངོ་སྤྲོད་བྱེད་པ་ལྟ་བུ་དམར་ཁྲིད་ཀྱི་ལུགས་སུ་གསན་ཅིང་སྐྱོང་བར་མཛད། རྡོར་སེམས་སྒོམ་བཟླས་དང་འབྲེལ་བའི་ཡིག་བརྒྱ་འབུམ་ཕྲག་སོགས་སྔོན་འགྲོའི་ཆོས་བཞི་ལ་ནན་ཏན་མཛདཅིང༌། ཁྱད་པར་བཤགས་སྦྱང་ལ་འགྲུས་པར་མཛད། ཐུན་མཚམས་སུ་བཀའ་གདམས་ཕ་ཆོས་བུ་ཆོས་སོགས་དམ་པ་གོང་མ་མང་པོའི་རྣམ་ཐར་ལ་གཟིགས་རྟོག་དང༌། སྲོད་ཐོ་རངས་གཉིས་སུ་ཡིག་དྲུག་གི་རྣལ་འབྱོར་གཙོ་བོར་བྱས། རི་བོ་དགེ་ལྡན་པའི་བསྟན་འཛིན་ཆེན་པོ་མཐའ་དག་གི་རྣམ་ཐར་ཕྱག་བཞེས་ལ་ཟུང་འཇུག་ནོར་བུའི་གླིང་དུ་བགྲོད་པའི་ལམ་གྱི་དེད་དཔོན་ལྟ་བུར་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་བསྙེན་སྒྲུབ་རྣམ་པར་དག་པ་རེ་སྒྲུབ་པའི་སྔོན་འགྲོ་ལྟ་བུར་བྱེད་དགོས་པས། ལོ་མཚམས་ཀྱི་མཇུག་གི་ཆ་ལ་དེའི་བསྙེན་པ་ཁ་སྐོང་གི་སྦྱིན་སྲེག་དང་བཅས་གྲངས་བསགས་པ་ཙམ་མ་ཡིན་པས་གནད་དུ་འགྲོ་ངེས་པ་གནང༌། མཚམས་གྲོལ་ནས་རང་ཡུལ་དུ་ཕེབས་ཏེ་ལོ་ཤས་དགུན་གྱི་རིང་ལ་སྐུ་མཚམས་དང༌། སྟོན་དཔྱིད་ཀྱང་ཟླ་མཚམས་རེ་ལྟ་བུ་མ་ཆག་པར་བྱས། སྐབས་ཤིག་ཏུ་སྐྱབས་མགོན་རྡོ་རྗེ་འཆང་ཆེན་པོར་མཇལ་རྒྱུའི་དོན་ལ་ཆེད་གཏད་ཀྱིས་བཀྲ་ཤིས་འཁྱིལ་དུ་ཕེབས། མཚན་མོ་རྨི་ལམ་དུ་འཇམ་དབྱངས་དམར་སེར་གྱི་སྐུ་ཤིན་ཏུ་བྱོན་ལེགས་འོད་ཟེར་འཕྲོ་བ་ཞིག་དང་མཇལ་བར་རྨིས། ཕྱི་ཉིན་མཇལ་ཁར་ཕེབས་པ་ན་གཟིམས་འགག་པ་རྣམས་ཀྱིས་གཞན་མའི་མཇལ་བ་ཆེ་ཕྲ་རྣམས་ནང་དུ་མངགས་ཀྱང༌། འདི་པ་ཡུན་རིང་པོར་བཀག་སྟེ་ནང་དུ་མ་བཏང༌། ཐབས་མཁས་ཀྱི་ཞུ་བ་ནན་ཏན་བྱས་ཀྱང་ཚིག་རྩུབ་མོས་སྤྱོ་བ་སོགས་འོ་བརྒྱལ་ཤིན་ཏུ་ཆེ་བར་བྱུང༌། འོན་ཀྱང་སྡོང་པོ་བཀོད་པ་ལས། འདི་ནི་བདག་གི་དགེ་བཤེས་ཆོས་སྨྲ་བ། །ཆོས་ཀུན་ཡོན་ཏན་ཡོངས་སུ་སྟོན་བྱེད་དེ། །བྱང་ཆུབ་སེམས་དཔའི་སྤྱོད་ལམ་ཡོངས་སྟོན་པ། །ཡིན་ཞེས་སེམས་གཅིག་བསམ་ནས་འདིར་འོངས་སོ། །འདི་དག་བསྐྱེད་པས་བདག་གི་མ་ལྟ་བུ། །ཡོན་ཏན་འོ་མ་ལྡུད་པས་མ་མ་འདྲ། །བྱང་ཆུབ་ཡན་ལག་ཡོངས་སུ་སྦྱོང་བ་ཡིན། །དགེ་བཤེས་འདི་དག་གནོད་པ་རྣམ་པར་བཟློག །རྒ་ཤི་ཐར་བྱེད་སྨན་པ་ལྟ་བུ་སྟེ། །བདུད་རྩིའི་ཆར་འབེབས་ལྷ་དབང་བརྒྱ་བྱིན་འདྲ། །ཟླ་ཉ་ལྟ་བུར་དཀར་པོའི་ཆོས་ཀྱིས་རྒྱས། །ཞི་བའི་ཕྱོགས་སྟོན་ཉི་མ་གསལ་བ་འདྲ། །དགྲ་དང་གྲོགས་ལ་རི་བོ་འདྲ་བ་སྟེ། །རྒྱ་མཚོ་བཞིན་དུ་མི་འཁྲུགས་སེམས་དང་ལྡན། །ཡོངས་སུ་སྐྱོང་དང་མཉན་པ་འདྲ་བ་ཞེས། །དེ་འདྲའི་སེམས་ཀྱིས་ནོར་བཟང་འདིར་འོངས་སོ། །བྱང་ཆུབ་སེམས་དཔའ་བདག་གི་བློ་སྐྱེད་པ། །སངས་རྒྱས་སྲས་པོ་བྱང་ཆུབ་སྐྱེད་བྱེད་པ། །འདི་དག་བདག་བཤེས་སངས་རྒྱས་བསྔགས་པ་ཞེས། །དེ་ལྟར་དགེ་བའི་སེམས་ཀྱིས་འདིར་འོངས་སོ། །

ཞེས་གསུངས་པའི་དོན་བཞིན་དགེ་བའི་བཤེས་གཉེན་དང་མཇལ་བའི་ཕན་ཡོན་སྒོ་དུ་མ་ནས་གཟིགས་པས་ཐུགས་དྲངས་ཏེ། དེ་དག་གི་བྱེད་སྤྱོད་སོགས་ལ་ཐུགས་སྣང་ཅི་ཡང་མེད་པར་བླ་མ་དང་ནམ་ཞིག་མཇལ་སྙམ་པའི་འདུན་པ་རྩེ་གཅིག་གིས་ཡུན་རིང་པོར་སྒུག་སྡོད་བྱས། མཚམས་ཤིག་ལ་གཞན་གྱི་མཇལ་བ་མང་པོ་ཞིག་ནང་དུ་བཏང་སོང་བའི་རྗེས་ལ་ཞེན་ནས་ཕེབས་པས་བཀའ་ཆོས་ཤིག་གནང་རྒྱུར་ཆོས་ཉན་པ་མང་དུ་འཚོགས་ཡོད་པ་དེའི་ཕྱི་མཐའི་སྒོ་འགྲམ་ཞིག་ཏུ་བཞུགས་པ་ན། སྐྱབས་མགོན་རྡོ་རྗེ་འཆང་ནས་གཟིགས་ཏེ་སྐུ་མདུན་པ་ཞིག་ལ་བཀའ་ཕེབས་ནས་ནང་དུ་བོས་ཏེ་ཆོས་ཉན་པའི་མདུན་གྲལ་ཞིག་ཏུ་འཇོག་པར་མཛད། འཇམ་དབྱངས་དམར་སེར་གྱི་རྗེས་གནང་ཞིག་གནང་བྱུང་བས་བླ་མ་འཇམ་པའི་དབྱངས་དངོས་སུ་མཐོང་བའི་མོས་གུས་དང་དགའ་སྐྱོ་འདྲེས་མའི་ཉམས་ཀྱིས་སྣང་བ་བུན་ལོང་དུ་གྱུར་ཏེ། ཡབ་སྲས་མཇལ་བའི་རྟོགས་པ་བརྗོད་པའི་འཁྲི་ཤིང་ལས། ཀུ་བཻ་ར་སོགས་སྨིན་མ་གཡོ་ལྡན་པས། །དེར་ནི་མངོན་པར་འཇུག་འདོད་བཟློག་གྱུར་པ། །བཞིན་ནི་མཛེས་བྲལ་བརྗོད་པ་འཁྲུག་གྱུར་པའི༌། །ས་བདག་མཆོག་ཏུ་གཟི་བྱིན་མེད་པར་གྱུར། །རྒྱལ་བའི་བཀའ་ཡིས་དེ་དག་རྣམས་ཀྱིས་བཏང༌། །ཅི་ཞིག་ལྟར་སྟེས་དེ་མདུན་ས་གཞི་ཐོབ། །ཟས་གཙང་སྤྱི་བོས་དེ་ལ་ཕྱག་འཚལ་ནས། །དེ་ཡི་མདུན་ན་རབ་དང་སེམས་ཀྱིས་གནས། །ཞེས་གསུངས་པ་ལྟ་བུ་ཞིག་བྱུང༌། ཚུལ་འདི་ནི་སྔོན་ཁྱ་དགེའི་དཔོན་སློབ་རིན་པོ་ཆེ་ཀུན་མཁྱེན་འཇམ་དབྱངས་བཞད་པ་མཇལ་བར་ཕེབས་སྐབས་གཤིན་རྗེའི་གཤེད་དམར་པོ་དང་མཇལ་བ་ཞིག་རྨིས་པས། རྗེས་སོར་མི་ཏྲའི་དབང་གི་མགོ་དེ་ནས་བརྩམས་ཏེ་གནང་བ་དང་འགྲིག་པ་ལྟར། ངེས་པའི་དོན་དུ་བླ་མ་དང་གཙོ་བོ་ཐ་མི་དད་པ་ལས་གསང་སྔགས་ཟབ་མོ་ཉན་པའི་རྡོ་རྗེ་སློབ་མ་མཆོག་ཏུ་སྒྲུབ་པའི་གཏན་ཚིགས་འཁྲུལ་པ་མེད་པའོ། །དེ་ཕྱིན་ཆད་ཀྱང་སྐྱབས་མགོན་མཆོག་དང་ནམ་མཇལ་རེས་ཀྱིས་འཇམ་པའི་དབྱངས་རྨི་ལམ་དུ་འབྱུང་བ་ཞིག་ཡོད་ལ། བཀའ་ཆོས་ཀྱི་ཐོག་མ་ཡང་འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་དབང་ནས་བརྩམས་པ་སོགས་བློའི་ནོར་ཅན་རྣམས་ཀྱིས་བརྟགས་ན་གུང་བསྒྲིག་རྒྱུ་མང་དུ་ཡོད་དམ་སྙམ། དེ་ནས་ཉམས་མགུར་གྱི་ཁྲིད། སྨན་ཆོག་བསྡུས་པའི་ལུང་སོགས་ཆོས་བཀའ་གཞན་ཡང་ཅི་རིགས་གསན་ཏེ་ཕྱིར་ཕེབས། རྩ་བའི་བླ་མ་དགོན་ལི་མཁས་མཆོག་རིན་པོ་ཆེ་ཡུན་རིང་པོར་བསྙུང་ཚུལ་བཞེས་སྐབས་ཉིན་མཚན་མེད་པར་བསྙུང་གཡོག་གང་དྲག་སུས་ཀྱང་དོ་ཟླ་མི་ཐུབ་པ་ཞིག་གནང༌། སྔར་ཚོགས་བསགས་སྒྲིབ་སྦྱང་ཇི་ཙམ་འབད་པ་ལས་ཀྱང་ད་རེས་ཀྱི་བསྙུན་གཡོག་བྱས་པ་དེ་སྒྲིབ་པ་དག་ཚབས་དང༌། བྱིན་རླབས་འཇུག་ཚབས་བླ་ལྷག་ཏུ་ཆེ་བའི་རྟགས་མཚན་མང་དུ་བྱུང་བ་ན། བླ་མས་འདི་ལྟར་གནང་བ་འདི་བདག་གི་སྒྲིབ་པ་འདག་པའི་ཐབས་ཁོ་ནར་འདུག་དགོངས་ཏེ་ལྷག་པར་དད་པ་ཇེ་འཕེལ་དང༌། དཀའ་སྤྱད་ལ་སྤྲོ་ཉམས་ཚ་བས་གདུང་བའི་གླང་ཆེན་པད་མཚོར་འཇུག་པ་ལྟ་བུར་གྱུར། བླ་མ་ཡང་རྒྱུན་པར་ཇོ་བོ་བཀའ་གདམས་པའི་རྣམ་ཐར་བཞིན་ཡོན་ཏན་ཐམས་ཅད་བུམ་ནང་གི་མར་མེ་ལྟར་སྦས་པ་ཁོ་ན་མཛད་ཀྱང༌། སྐབས་དེར་སློབ་མའི་རྒྱུད་ཤིན་ཏུ་དག་པར་གཟིགས་པའི་དགོས་དབང་དང༌། ཧ་ཅང་མཉེས་པའི་སྟོབས་ཀྱིས་གསང་བའི་རྣམ་པར་ཐར་པ་དུ་མ་ལྷུག་པར་གསུངས་ཤིང་འབྱུང་འགྱུར་གྱི་དོན་ལ་བསླབ་བྱ་མང་པོ་ཡང་ལུང་བསྟན་གྱི་ཚུལ་དུ་སྩལ། ཁྱད་པར་དུ་ཁྱོད་ལ་ཕྱིས་སུ་བྱམས་སྐུ་ཞིག་བཞེངས་པའི་ཁུར་འབབ་རྒྱུ་ཡིན་པས། དེ་དུས་བརྩོན་འགྲུས་ཆེན་པོ་བྱས་ན་དགོས་པ་ཁྱད་པར་ཅན་ཞིག་ཡོང་གསུངས་པ་དང༌། ཡང་ང་ཇོ་བོ་ཨ་ཏི་ཤ་ལྟ་བུ་ཞིག་ཡིན་ན་ཁྱོད་འབྲོམ་སྟོན་པ་ལྟ་བུ་ཞིག་རེད། ངེད་གཉིས་སྐྱེ་བ་སྔ་མ་མང་པོར་འབྲེལ་ཡོད་འདུག་ཅིང༌། ད་དུང་ཡང་མི་འབྲལ་བ་ཞིག་འོང་ཞེས་ཞལ་གྱིས་བཞེས། དེ་དང་མཐུན་པར་བླ་མ་སྐུ་འདས་ནས་ཞག་བདུན་སོང་བའི་མཚམས་སུ་དམ་པ་འདིའི་མནལ་ལམ་ལ། བླ་མ་ཕེབས་ནས་ཚེ་འདི་དང་བར་དོའི་སྒོམ་ཉམས་ལས་ཀྱང༌། ཕྱི་མའི་སྒོམ་གྱི་ཉམས་བརྒྱ་འགྱུར་གྱིས་ལྷག་པར་འདུག་གསུངས་པ་དང༌། ཡང་བླ་མ་ཉིད་ཀྱིས་ཆིབས་དཀར་པོ་ཞིག་བཅིབས། ཁོང་ཡང་ཆིབས་ཀྱི་འཕོངས་ལ་བཞག་སྟེ་བདེ་བ་ཅན་དང་དགའ་ལྡན་སོགས་དག་ཞིང་མང་པོར་ཕེབས། དེར་ཤིང་ལྗོན་པ་ཞིག་གི་སྟེང་ནས་ཤིང་ཐོག་སེར་པོ་དྲི་དང་ཁ་དོག་ཕུན་སུམ་ཚོགས་པ་ཞིག་ཕྱག་ཏུ་ལྷུང་བྱུང་བ་བཞེས་པས་ཐུགས་རྒྱུད་ལ་སྨྲ་མི་ཤེས་པའི་དགའ་བདེའི་ཉམས་ཁྱད་པར་ཅན་སྐྱེས་པའི་མནལ་ལྟས་ཡ་མཚན་པ་བྱུང་།བླ་མའི་དགོངས་རྫོགས་ཀྱི་བྱ་བྱེད་མཐའ་དག་ཀྱང་ཉིད་ནས་གཙོ་བོར་འགན་ཁུར་བཞེས་ཏེ། རྒྱ་ཆེ་ལ་དངོས་དག་པ་སྦྱོར་དངོས་ཐམས་ཅད་གྲ་འགྲིག་པའི་བཀོད་ཁྱབ་དང༌། རང་གི་བདོག་པའི་དངོས་པོ་ཕྲན་ཚེགས་ཡོད་པའི་ནང་ནས་ཅུང་དྲག་ཐམས་ཅད་ཀྱང་དེའི་ཁོངས་སུ་བཏང༌། དེ་ལྟར་འདས་མཆོད་ཀྱི་སྐོར་མཐའ་དག་པར་ཚགས་སུ་ཚུད་པ་ན། སྔར་བླ་མ་དམ་པ་ཉིད་ནས་ཕྱོགས་འདི་ན་ཁྱེད་རང་གི་རྒྱུན་དུ་བསྟེན་པའི་བླ་མ་ཞིག་ལ། ཁྱ་དགེའི་སྒོམ་ཆེན་རིན་པོ་ཆེའི་དངོས་སློབ། ཁ་གྲོའི་རི་ཁྲོད་པའི་གནས་བརྟན་པ་འདི་བཤེས་གཉེན་མཚན་ཉིད་དང་ལྡན་པ་ཞིག་ཡིན་པས་དེ་ལ་བརྟེན་ན་ལེགས་གསུངས་ཡོད་པའི་དོན་བཞིན། ཁ་གྲོན་ནང་པར་གྲགས་པའི་འདུལ་འཛིན་ཆེན་པོ་དེ་ཉིད་ཀྱི་དྲུང་དུ་བྱོན། གཟིམས་ཁང་གད་བདར་དང་སྐུ་གསུང་ཐུགས་རྟེན་དགྲམ་ཚུལ། མཆོད་ཤོམ་རྒྱ་ཆེ་ལ་བཀོད་པས་ཐོན་པ་གཟི་འོད་འབར་ཞིང་ཁོར་ཡུག་ཏུ་དྲི་བཟང་གི་ངད་འཐུལ་བ་ཞིག་བྱས་ཡོད་པ་གཟིགས་མ་ཐག་འདི་འདྲའི་བྱི་དོར་ལེགས་པོ་ཨང་ཞུས་པ་ན། འོ་བྱི་དོར་དང་མཆོད་ཤོམ་འདི་ལྟར་བྱེད་པ་ཇོ་བོ་བཀའ་གདམས་པའི་ཕྱག་ལེན་ཡིན་གསུངས་པས། ལས་འབྲེལ་གྱི་དབང་གིས་གསུང་དེ་ཙམ་ལ་བརྟེན་ནས་ཀྱང་དད་པ་ལྷག་པར་གཡོ་བ་ཞིག་བྱུང༌། བདེ་ལམ་གྱི་ཁྲིད་ཅིག་ཞུས་པ་དེ་ལན་གནང་རྒྱུར་མ་སོང་བས། སླར་ཡང་བསྐྱར་གྱིས་ཕེབས་ཏེ་གསན་པ་ཤིན་ཏུ་རྒྱུད་ལ་འབྱོར་པས་བློ་འཁུལ་ཆེ་བ་བྱུང༌། དགུང་ལོ་ཉེར་བརྒྱད་པ་ས་སྟག་ལོ། བེ་རི་དཔོན་སློབ་རིན་པོ་ཆེའི་མདུན་ནས་བདེ་ལམ་གྱི་ཁྲིད། དགའ་ལྡན་ལྷ་བརྒྱ་མའི་ཁྲིད། འཕོ་ཁྲིད་སོགས་ཁྲིད་དམིགས་དུ་མ་དང༌། གསང་འདུས་འཁོར་ཆེན་གཉིས་ཀྱི་དབང༌། ལྷག་པའི་ལྷ་དང་ཆོས་སྐྱོང་དུ་མའི་རྗེས་གནང་སོགས་ཆོས་བཀའ་མང་དུ་གསན། སངས་རྒྱས་རྣམས་ནི་རྒྱུ་མེད་པར་འགྲོ་བ་ཀུན་ལ་མཉེས་གཤིན་པ་ལྟར། སྐྱེ་བོ་མ་རབས་རྣམས་རྒྱུ་མེད་པར་དམ་པ་དག་ལ་སྡང་ཞིང་ཁོན་དུ་འཛིན་པ་ཆོས་ཉིད་ཡིན་པས། དམ་པ་འདིས་ཀྱང་མཛད་པ་མཐའ་དག་ཆོས་བཞིན་དུ་བྱས་པ་དེ་རང་རང་གི་སྤྱོད་པ་ངན་པ་དེ་ལ་སུན་འབྱིན་ལྟ་བུར་སོང་བ་མ་བཟོད་པའི་སྐྱེ་བོ་ངན་པ་འགའ་ཞིག་གིས་སྒོ་དུ་མ་ནས་སྙད་བཏགས་ཏེ་ཤིན་ཏུ་ཐུགས་སོས་མི་བདེ་བར་བྱས། འོན་ཀྱང་གཤེ་བའི་ལན་དུ་སླར་གཤེ་བ་སོགས་དགེ་སྦྱོང་གི་ཆོས་བཞི་དང་འགལ་བའི་བྱ་བ་ཅུང་ཟད་ཙམ་ཡང་མི་མཛད་པར་མ་ཟད། རྐྱེན་ངན་ལམ་དུ་ཁྱེར་བས་དགེ་སྦྱོར་གྱི་བསྐུལ་མར་སོང༌། འོན་ཀྱང་དེ་དག་དང་ཁད་ཉེ་བར་བཞུགས་ན་ལས་ངན་རྣམས་ཀྱིས་སྡིག་པ་གསོག་ཉེན་ཆེ་བར་དགོངས་ཏེ། དེ་རྣམས་ལ་བརྩེ་བའི་སེམས་ཀྱིས་རི་བོ་རྩེ་ལྔ་ལྟ་བུ་ཐག་རིང་བའི་གནས་ངེས་མེད་ཅིག་ཏུ་འབྱོན་རྩིས་གནང་ཡང༌། བེ་རི་དཔོན་སློབ་སོགས་བླ་མ་རྣམས་ཀྱིས་ས་འདིར་བཞུགས་ན་ཕུགས་སུ་བསྟན་པ་ལ་ཕན་ཆེ་བར་གཟིགས་ནས་བཤོལ་འདེབས་ཀྱི་གསུང་ནན་ཏན་གནང་བས་བླ་མའི་བཀའ་བཟློག་མ་ནུས་པར་བཞུགས། མི་བསྲུན་པའི་འགྲོ་བ་དེ་དག་གི་ཁྲོད་ནས་འགའ་ཞིག་ཕྱིས་སུ་དགེ་བའི་ལས་འཕྲོ་སད་དེ་རང་གི་ཉེས་པ་ལ་ཉེས་པར་མཐོང༌། དམ་པ་འདི་ཉིད་ཀྱི་མཛད་པ་སྐྱོན་ཅུང་ཟད་ཀྱང་མ་འདྲེས་པར་མཐོང་སྟེ་བདོག་པའི་དངོས་པོ་ཡོད་འབུལ་ལྟ་བུ་བྱས་ནས་བཀའ་བཞིན་སྒྲུབ་པའི་སློབ་མར་གྱུར་ཏེ། གང་ཞིག་སྔོན་ཆད་བག་མེད་གྱུར་པ་ཡང༌། །ཕྱི་ནས་བག་དང་ལྡན་པ་ཉིད་གྱུར་ནས། །ཟླ་བ་སྤྲིན་བྲལ་ལྟ་བུར་རྣམ་མཛེས་ཀྱི་དཔེར་སོང་བ་ཡང་ཡོད་དོ། །

དགུང་ལོ་ཉེར་དགུ་པའི་སྐབས་སུ་ཁ་གྲོན་ནང་པའི་དྲུང་ནས་གསེར་ཕྲེང་མ་གཏོགས་པ་རྗེའི་གསུང་འབུམ་ཡོངས་རྫོགས་ཀྱི་ལུང༌། ལམ་རིམ་དང་བློ་སྦྱོང་དུ་མའི་ལུང་ཁྲིད། ནམ་མཁའ་སྒོ་འབྱེད་ཀྱི་དབང་སོགས་ཆོས་བཀའ་མང་དུ་གསན། དེའི་སྟོན་ཀ་ལེགས་བཤད་གསེར་ཕྲེང་གི་ལུང་གྲུབ་དབང་བློ་བཟང་ཤེས་རབ་ཀྱི་དྲུང་དུ་གསན་ཏེ་ཁ་བསྐང༌། དགུན་དཔྱིད་ཕལ་ཆེར་སྐུ་མཚམས་མཛད་དེ་ལམ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཉམས་བཞེས་ཟབ་མོའི་རྒྱུན་བསྐྱངས། དེའི་ཕྱི་ལོ་བེ་རི་དཔོན་སློབ་རིན་པོ་ཆེའི་དྲུང་ནས་རྡོ་རྗེ་ཕྲེང་བའི་དབང་ཡོངས་རྫོགས། འཇིགས་བྱེད་དཔའ་བོ་གཅིག་པའི་དབང༌། འཇམ་དབྱངས་ཆོས་སྐོར་གྱི་རྗེས་གནང་སོགས་གསང་སྔགས་ཀྱི་ཟབ་ཆོས་དུ་མ་དང༌། འབུམ་ཁང་རི་ཁྲོད་ནས་སྒྲུབ་པའི་རྒྱལ་མཚན་འཛིན་པ་བློ་བཟང་སྦྱིན་པའི་དྲུང་དུ་པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་གསུང་འབུམ་ཡོངས་རྫོགས། ལྕང་སྐྱའི་གསུང་འབུམ་ཕལ་ཆེར་སོགས་ཀྱི་ལུང༌། གནས་བརྟན་འདུལ་བ་འཛིན་པ་ཆེན་པོ་ཁ་གྲོན་ནང་པའི་ཞབས་པད་ནས་ཡུམ་འབུམ་པ། ལྷོ་བྲག་བཀའ་འབུམ། དབེན་ས་བཀའ་འབུམ། མི་ལའི་རྣམ་མགུར་གཉིས། ཁྱ་དགེ་དཔོན་སློབ་རིན་པོ་ཆེའི་གསུང་འབུམ། གྲུབ་ཆེན་སྐལ་ལྡན་རྒྱ་མཚོའི་མགུར་འབུམ། བློ་སྦྱོང་མཚོན་ཆ་འཁོར་ལོ། ཚིག་རྐང་བརྒྱད་མ། བློ་སྦྱོང་དོན་བདུན་མ། བློ་སྦྱོང་ཉི་མའི་འོད་ཟེར། བླ་མཆོད་ཊཱིཀྐ་སོགས་དམ་པའི་ཆོས་ཀྱི་བདུད་རྩིའི་བགོ་སྐལ་རྒྱ་ཆེར་བཞེས། ཡུལ་གྱི་ལྷ་བཟོ་མཁས་པ་འགའ་ཞིག་བོས་ཏེ་སྐྱེས་རབས་སོ་བཞི་པའི་བྲིས་ཐང་ཤིན་ཏུ་བྱོན་ལེགས་མདོ་རྒྱུད་ནས་གསུངས་པའི་ཆག་ཚད་དང་ལྡན་ཞིང༌། གསར་ཚོན་གོང་གཤམ་ཞལ་ཁེབས་སོགས་ཆ་མཐའ་དག་ནས་ཕུན་སུམ་ཚོགས་པས་མིག་གི་བདུད་རྩིར་གྱུར་པ་ཞིག་གསར་དུ་བཞེངས། བཟོ་བོ་ལས་བྱེད་མཐའ་དག་ཀྱང་གཏང་རག་གི་ཡོན་རྒྱ་ཆེན་པོ་གནང་སྟེ་ཡིད་ཚིམ་པར་བྱས། སྐུ་ཚེ་འདིར་རྟེན་བཞེངས་རླབས་ཆེ་བ་མཛད་པའི་ཐོག་མ་འདི་ཉིད་ཡིན་འདུག་པ་ནི། ཇི་སྐད་དུ། དུ་བ་ལས་ནི་མེར་ཤེས་དང༌། །ཆུ་སྐྱར་ལས་ནི་ཆུར་ཤེས་བཞིན། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། །རིགས་ནི་མཚན་མ་དག་ལས་ཤེས། །ཞེས་གསུངས་པ་ལྟར། སྟོན་པ་ཐུབ་པའི་དབང་པོའི་རྣམ་པར་ཐར་པ་དམིགས་རྐྱེན་དུ་བྱས་ཏེ། དེའི་རྗེས་སུ་ཞུགས་ནས་རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེ་ལ་སློབ་པར་འདོད་པའི་ནང་གི་ལྷག་བསམ་རྗེས་སུ་དཔོགས་པའི་མཚན་མར་གདོན་མི་ཟའོ། །དགུང་ལོ་སོ་གཅིག་པའི་དཔྱིད་ཁ་གྲོན་ནང་པའི་དྲུང་ནས་འཇིགས་བྱེད་བསྐྱེད་རྫོགས་ཀྱི་ཁྲིད་སྨིན་རྒྱས་སུ་གསན་ཅིང༌། དཀྱིལ་འཁོར་གྱི་ཐིག་རྩ་སོགས་ལའང་ཞིབ་ཏུ་སྦྱངས། དེའི་སྟོན་ཀ་བེ་རི་ཚང་ནས་ཁ་གྲོན་ནང་པ་གདན་དྲངས་ཏེ་སྒྲུབ་ཐབས་རིན་འབྱུང་གི་རྗེས་གནང་ཞུས་པ་ལྷན་དུ་གསན། དེའི་ཞར་ལ་བེ་རི་ཚང་གི་དྲུང་ནས་ཀྱང་མགོན་པོ་བཀའ་བཅུ་གསུམ་དང༌། རྣམ་སྲས་བཀའ་ཆེན་བཅོ་ལྔའི་རྗེས་གནང་རྫོགས་པར་མནོས། དེ་ནས་ལོ་འགར་བཀྲ་ཤིས་འཁྱིལ་དུ་ཡང་ཡང་ཕེབས་ཏེ་སྐྱབས་མགོན་རྡོ་རྗེ་འཆང་གི་ཞབས་པད་ནས། རྒྱུད་སྡེ་གཞན་དང་བཤད་སྲོལ་མི་འདྲ་བ་དཔལ་དུས་ཀྱི་འཁོར་ལོའི་བྱིས་པ་འཇུག་པའི་དབང་བདུན། གོང་མ་གོང་ཆེན་རྡོ་རྗེ་སློབ་དཔོན་བདག་པོ་ཆེན་པོའི་དབང་དང་བཅས་རྗེ་བླ་མ་ཡབ་སྲས་ཀྱི་བཀའ་སྲོལ་ཐུན་མོང་མ་ཡིན་པའི་ཕྱག་བཞེས་ཊཱིཀ་ཆེན་དང་སྒྲུབ་ཐབས་པད་དཀར་ཞལ་ལུང༌། དབང་ཆོག་དགོངས་པ་རབ་གསལ་སོགས་ཀྱི་དགོངས་དོན་ཇི་ལྟ་བུ་བཞིན་གྱི་ཕྱག་ལེན་ཕྲ་ཞིབ། གསུང་བཤད་ཟབ་ཅིང་རྒྱ་ཆེ་བ་བཅས་སྩལ་བ་ལེགས་པར་གསན། གཞན་ཡང་གྲུབ་ཆེན་ལཱུ་ཨི་པའི་ལུགས་ཀྱི་འཁོར་ལོ་སྡོམ་པའི་དབང༌། གདུགས་དཀར་ལྷ་བཅུ་བདུན་མའི་དབང༌། ཐུགས་རྗེ་ཆེན་པོའི་དབང་སོགས་དབང་རྗེས་གནང་དུ་མ་དང༌། ཀུན་གཟིགས་ལྔ་པ་ཆེན་པོའི་གསུང་གི་སྙིང་པོ་འཇམ་དཔལ་ཞལ་ལུང་གི་ཁྲིད་ཤིན་ཏུ་རྒྱས་པ། རྟེན་འབྲེལ་བསྟོད་པའི་བཤད་ལུང༌། སྐྱབས་མགོན་རྡོ་རྗེ་འཆང་ཉིད་ཀྱི་གསུང་འབུམ་ཤས་ཆེ་བའི་ལུང་སོགས་ཆོས་ཀྱི་བདུད་རྩིའི་དགའ་སྟོན་ངོམས་པ་མེད་པར་སྤྱད། དེར་མ་ཟད་སྐབས་ཤིག་ཏུ་དམ་པ་འདི་ཉིད་ནས་ཁུར་ལེན་བྱས་ཏེ་སྐྱབས་མགོན་རྡོ་རྗེ་འཆང་མཛོ་དགེ་སྨད་དུ་གདན་དྲངས་ནས། གྲུབ་ཆེན་དྲིལ་བུ་པའི་ལུགས་ཀྱི་འཁོར་ལོ་བདེ་མཆོག་ཕྱི་དཀྱིལ་ལྷ་ལྔ་དང༌། ལུས་དཀྱིལ་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དབང༌། འཇིགས་བྱེད་སྔགས་བཏུའི་རྗེས་གནང་སོགས་ཟབ་ཆོས་མང་དུ་ཞུས། བདེ་ལམ་གྱི་ལུགས་ལྟར་སྨོན་འཇུག་སྟབས་གཅིག་པའི་སེམས་བསྐྱེད་ཀྱི་ཆོ་ག་མཛད། བསྙེན་བཀུར་འབུལ་ནོད་སོགས་ཀྱང་ནུས་པ་རྩལ་སྤྲུགས་ཀྱིས་གང་དྲག་བསྒྲུབས། བཀྲ་ཤིས་འཁྱིལ་ནས་རྒྱལ་སྲས་ཆེན་པོ་ཁྲི་པ་བློ་བཟང་སྙན་གྲགས། གྲུབ་པའི་དབང་ཕྱུག་ཁྲི་པ་བསོད་ནམས་གྲགས་པ། མཁས་པའི་གཙུག་རྒྱན་ཁྲི་པ་བསོད་ནམས་དབང་རྒྱལ་རྣམས་ཀྱི་སྐུ་དྲུང་དུ་ཡང་མདོ་སྔགས་ཀྱི་ཆོས་མང་དུ་གསན། ཁྱད་པར་དུ་ཁྲི་རིན་པོ་ཆེ་བསོད་ནམས་དབང་རྒྱལ་བའི་དྲུང་དུ་ཡང་ཡང་གཏུགས་ཏེ་ལམ་རིམ་ཆེན་མོའི་བཤད་ལུང༌། ལམ་སྒྲོན་དང་ལམ་གཙོ། བེའུ་བུམ་སྔོན་པོ། བློ་སྦྱོང་དོན་བདུན་མ། ཚིག་རྐང་བཞི་པ་རྣམས་ཀྱི་ཁྲིད། བཀའ་གདམས་གཞུང་དྲུག་གི་ལུང༌། བདེ་ལམ་གྱི་ཞལ་ཤེས་དང་ཞི་ཁྲོ་སྦྲགས་སྒྲུབ་ཀྱི་ཁྲིད་ལན་ཁ་ཤས་སོགས་སྙན་བརྒྱུད་མན་ངག་གི་གནད་ཤིན་ཏུ་མང་པོ་མནོག་ཆོས་སུ་གསན། ཁྲི་རིན་པོ་ཆེ་འདི་ཉིད་ཐུགས་རྒྱུད་ཞི་ཞིང་དུལ་བས་གཞན་ལ་སྐྱོན་བརྗོད་སྨད་ར་སོགས་གཏན་མི་མཛད་ཀྱང༌། དེ་སྐབས་སེ་འབྲས་དགེ་གསུམ་ན་འགྲན་ཟླ་མེད་པའི་མཁས་པའི་ཡང་རྩེ་ཡིན་པས། ཐུགས་ཁེངས་པ་ཞིག་སུས་ཀྱང་ཡོང་དཀའ་ནའང༌། དམ་པ་འདི་ལ་ཐུགས་གཏིང་ནས་མགུ་སྟེ། མཛོ་དགེའི་དགེ་ཚུལ་ཚང་དེ་གྲྭ་སར་མ་སྦྱངས་པ་ཞིག་ལ། གཞུང་ཆེན་མོའི་གོ་བ་གཏིང་ཚུགས་པ་དེ་འདྲ་ཡ་མཚན་ཞེས་ཡང་ཡང་བསྔགས་བརྗོད་མཛད་པ་བདག་གིས་དངོས་སུ་ཐོས། ཆོས་གསན་པ་དེ་ཐམས་ཅད་ཀྱང་ཉན་ལོ། ཐོབ་ལོ། ཤེས་ལོ་ཞེས་བྱ་བའི་རྣམ་གྲངས་བསགས་པ་ཙམ་མ་ཡིན་པར་ཁྲིད་རྣམས་རིམ་པ་བཞིན་བསྐྱངས་ཏེ་རྒྱུད་འཁུལ་ངེས་པ་དང༌། དབང་རྗེས་གནང་རྣམས་འབྲས་བུ་ལམ་བྱེད་ཀྱི་བག་ཆགས་ཐེབས་ངེས་སུ་མཛད། ལུང་རྣམས་ཀྱང་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག །ཅེས་དང༌། སེམས་ཐམས་ཅད་ཀྱིས་ཉན་པར་གསུངས་པ་བཞིན་དུ། ཚིག་གཅིག་ཀྱང་མ་ཆད་པར་རྣ་བ་ལེགས་པར་གཏོད་ཅིང༌། གཞུང་གི་ལེའུ་དང་མདོ་རྒྱས་ཀྱི་མཚམས་ཕྱེད་ལ། དོན་གྱི་སྤྱིའི་ཁོགས་ཕུབ་པ་སོགས་ཆོས་རྒྱུན་གྱི་ཏིང་ངེ་འཛིན་མྱུར་དུ་འགྲུབ་པའི་རྒྱུར་འགྲོ་ངེས་སུ་བྱས་ཏེ་གསན་པ་ཁོ་ན་ཡིན་པར་སྣང༌། ལོ་སྔ་ཕྱི་ཅི་རིགས་སུ་སྔ་མའི་སློབ་དཔོན་སྦྱིན་ཆུང་བ་དང༌། བེ་རི་དཔོན་སློབ་རིན་པོ་ཆེ་རྣམ་པ་གཉིས་ཀ་ཞིང་གཤེགས་པར་སྐུ་གདུང་གི་བྱ་བྱེད་དང༌། དགོངས་རྫོགས་ཀྱི་རྣམ་དཀར་སྒྲུབ་རྒྱུ་ཐམས་ཅད་ཀྱི་སྐབས་སུ་ཡང་གཞན་གྱི་ངོ་བསྲུང་ཙམ་མ་ཡིན་པར། བཀའ་གདམས་གོང་མ་རྣམས་འདུ་བྱས་ཀྱི་དགེ་རྩ་ཞིག་ལ་བླ་མའི་འདས་མཆོད་ལས་ལྷག་པ་མེད་པར་གསུངས་པའི་དོན་ཐུགས་ལ་བཅངས་ཏེ། རྒྱུ་བསམ་སྦྱོར་མཐའ་དག་གི་སྒོ་ནས་བླ་མའི་དགོངས་པ་ཡོངས་སུ་རྫོགས་པའི་ཐབས་ལ་འབད་པ་ལྷུར་བཞེས། ཀུན་མཁྱེན་འཇམ་དབྱངས་བཞད་པའི་གསུང་ནས་འབྱུང་བ་ལྟར་གྱི་རྗེ་བླ་མའི་རྣམ་ཐར་ཤིན་ཏུ་རྒྱས་པའི་ཞལ་ཐང་མཛེས་ཚོན་སྤེལ་བ་ཙམ་མ་ཡིན་པར་ལོ་རྒྱུས་ཞིང་བཀོད་དུ་ཐོན་ངེས་ཁ་བྱང་དང་བཅས་པ་ཉི་ཤུ་རྩ་གཉིས་གསར་དུ་བཞེངས་ཏེ། བཟང་གོས་སྣ་ཚོགས་ཀྱི་གོང་གཤམ་སོགས་རྒྱུ་ཡོན་འགྲོ་གང་ཆེའི་སྒོ་ནས་འཁོར་གསུམ་ཡོངས་སུ་དག་པར་བསྒྲུབས། ཞལ་ཐང་དེ་རྣམས་ཀྱང་རྗེས་སོར་ཞིག་སྐྱབས་མགོན་རྡོ་རྗེ་འཆང་ལ་ཕུལ་འདུག །མདོར་ན་ནོར་རྫས་ཕྱག་ཏུ་གང་བྱུང་ཐམས་ཅད་གཙོ་ཆེར་བླ་མ་ལ་ཕུལ་ཞིང༌། ལྷག་མས་སྐུ་གསུང་ཐུགས་རྟེན་བཞེངས་པ་དང༌། དཀོན་མཆོག་གི་མཆོད་པ་བསམ་ལས་འདས་པ་གནང༌། སྐུ་གསུང་ཐུགས་རྟེན་བཞེངས་ཚུལ་ཡང་གཞན་གྱི་མིག་སྔར་གང་མཛེས་དང༌། ངོམས་ཆེ་བའི་རིགས་མི་གནང་བར་རྒྱུ་གང་བཟང་རྣམས་དེའི་ཁོངས་སུ་འགྲོ་ཐབས་ཁོ་ན་གཙོར་འདོན་གནང་སྟེ། ཞལ་ཐང་རྣམས་ལ་ཡང་གོང་གཤམ་ཙམ་མ་ཡིན་པར། རྒྱབ་མདུན་གཉིས་ཀར་ཁྱད་མེད་དུ་གོས་ཆེན་བཟང་པོ་རིམ་པ་དུ་མ་དང༌། མཉྫི་ཚོས་འདོན་སོགས་ཀྱི་ཞལ་ཁེབས་བརྩེགས་མ་མང་པོ་ན་བཟའི་ཚུལ་དུ་འབུལ་བར་མཛད། རྟེན་བཞེངས་པ་དེ་དག་ཀྱང་ནོར་གྱི་འདུ་ཤེས་ལྟ་བུས་གཅིག་བསོགས་གཉིས་བསོགས་མི་གནང་བར་རེ་ཞིག་བར་དུ་མཆོད་པ་རྒྱ་ཆེན་པོ་རེ་ཕུལ་ནས། དེ་རྗེས་ཆོས་འབྲེལ་གང་ཐོབ་ཀྱི་བླ་མ་རྣམས་ལ་རིམ་བཞིན་འབུལ་བར་མཛད་དེ། ད་ལྟའི་ལྷ་རྟེན་སྒྲིག་མཁན་གྱི་བླ་མ་རྣམ་པའི་ཕྱག་ལེན་དང་ཤིན་ཏུ་མི་མཐུན་ནོ། །

དགུང་ལོ་སོ་བཞི་པའི་སྟེང་དུ་ལོ་ཧྲིལ་པོར་བཅད་རྒྱ་གནང་སྟེ། ཐུགས་དམ་ཟབ་མོའི་ཉམས་བཞེས་ཀྱི་རྒྱུན་བསྐྱངས་པས་ཉམས་རྟོགས་ཀྱི་ཀློང་རྡོལ་བ་བྱུང༌། སྐབས་འདི་ནས་བཟུང་སྐུ་ཚེ་ཧྲིལ་པོར་ལོ་རེ་བཞིན་བསྟན་པ་བསྟན་འཛིན་སྤྱི་དང༌། ཁྱད་པར་སྐྱབས་མགོན་རྡོ་རྗེ་འཆང་སོགས་ཀྱི་ཞབས་བརྟན་དུ་དམིགས་ཏེ་ལོ་རེ་བཞིན་མ་མཐའ་མར་རྒྱ་མ་བཞི་བརྒྱ་ལྷག་རེ་ཙམ་གྱིས་མཆོད་མེ་སོགས་མཆོད་པའི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་པ་འབུལ་བར་མཛད། སྐུ་མཚམས་གྲོལ་རྗེས་རྐང་ཚའི་སྒར་ནས་དོན་གཉེར་ཅན་འགའ་ཞིག་ལ་རྗེའི་གསུང་འབུམ་པོ་ཏི་བཅུ་སྐོར་གྱི་ལུང་དང༌། ཟམ་ཚ་ཆོས་འཁོར་ཕྱོགས་ཀྱི་དུ་མས་གདན་དྲངས་ཏེ་གསོལ་བ་བཏབ་པ་བཞིན་རྗེའི་གསུང་འབུམ་ཡོངས་རྫོགས་ཀྱི་ལུང་གནང༌། འདུལ་འཛིན་ཆེན་པོ་ཡེ་ཤེས་རྒྱ་མཚོའི་དྲུང་དུ་བརྒྱད་སྟོང་པའི་ལུང་གསན་ཅིང༌། ཁོང་གི་ཐུགས་བཞེད་བཞིན་ཕར་ལ་ཡང་ཏིང་ངེ་འཛིན་རྒྱལ་པོའི་ལུང་སོགས་ཆོས་བཀའ་ཅི་རིགས་ཕུལ། ར་ལུང་རི་ཁྲོད་དུ་ཡང་ལུང་ཁྲིད་སོགས་ཀྱི་བཀའ་དྲིན་ཞུ་མཁན་མང་དུ་བྱུང་བ་སོ་སོའི་རེ་བ་བསྐང༌། སྔར་མཛོ་དགེའི་ཕྱོགས་སུ་སྐུ་པར་སོགས་གཏན་མེད་པ་ལ། ཅོ་ནེ་ནས་འཇམ་དབྱངས་ཀྱི་སྐུ་པར་གཅིག་ཕྱག་ཏུ་འབྱོར་པ་བསྣམས་ཏེ་ཞབས་ཐང་ལ་ཀ་ཆུར་ཕེབས་ནས། དེ་ལ་མ་ཕྱི་བྱས་ཏེ་སྐུ་པར་མང་དུ་བླུགས། དགུང་ལོ་སོ་ལྔ་ནས་ལོ་ཁ་ཤས་ཀྱི་རིང་ཉིད་ཀྱིས་གཙོ་མཛད་དེ་རྗེ་བཙུན་འཇམ་དབྱངས་ཀྱི་སྐུ་འབུམ་ཕྲག་བཅུ་ལྷག་པ་བཞེངས། དེ་ཐམས་ཅད་ཀྱང་གྲངས་གང་འགྲོ་ཙམ་མ་ཡིན་པར། རྒྱུའི་འཇིམ་པ་བྱིན་གྱིས་བརླབས་པ་སོགས་ནས་བཟུང་རྒྱུད་སྡེའི་དགོངས་པ་དང་མཐུན་ཞིང་སླ་ཆོས་སུ་མ་སོང་བར་དྲི་གཙང་ཁང་ཡིད་དུ་འོང་བ་སོ་སོར་ལེགས་པར་བསྒྲིགས་ནས་དྲི་བཟང་གིས་བསྒོས་པའི་ཕྱེ་མས་བར་གཏམས་ཏེ། རེ་རེ་ཙམ་ཡང་དབུ་ཞབས་མ་ལོག་པའི་ལག་ལེན་ཤིན་ཏུ་དངོས་གཙང་བར་བྱས། དེའི་སྙིང་པོའི་ཚུལ་དུ་མཆོད་རྟེན་སྐུ་ཚད་མ་ལྔ་བཞེངས་ཤིང་སྔ་ཕྱི་ཀུན་ལ་པཎ་ཆེན་ཐམས་ཅད་མཁྱེན་པའི་ཕྱག་བཞེས་ལྟར་གྱི་སྲོག་ཤིང་གཏེར་འཁོར་གཟུངས་གཞུག་སོགས་གང་རྒྱས་དང༌། གཟུངས་ཀྱི་ན་བཟའ་ཡང་གོས་ཆེན་འབའ་ཞིག་ལས་བྱས་པ་སོགས་རྒྱུ་འགྲོས་ཆེ་བར་གནང༌། བཤེས་གཉེན་དམ་པ་ཁ་གྲོན་ནང་པ་དང༌། བྲག་སྒོམ་པ་རྣམ་གཉིས་ཀྱིས་རྒྱལ་བ་མི་ཕམ་མགོན་པོའི་སྣང་བརྙན་ཆེ་བ་རེ་བཞེངས་རྒྱུའི་ཐུགས་འདུན་གཏད་ཀྱང་བཟོ་བོ་མཁས་པ་ཞིག་ཡུལ་ཕྱོགས་ནས་མ་རྙེད་པར། དེའི་དོན་ལ་དམ་པ་འདི་ཉིད་རེབ་ཀོང་ཕྱོགས་སུ་ཞབས་ཐང་ལ་ཕེབས། ལྷ་བཟོ་དགེ་སློང་བསྟན་པ་རྒྱ་མཚོ་ཟེར་བས་བཞེངས་པ་རྣམས་བྱོན་ལེགས་པར་གཟིགས་ནས། དེ་ཉིད་བོས་ཏེ་ལྷན་དུ་ཕྱིར་ཕེབས། ལྷ་བཟོའི་གྲོགས་ལྡན་གང་དགོས་ཀྱི་རིགས་ཐམས་ཅད་ཉིད་ནས་བྲན་བཞིན་དུ་བསྒྲུབས། ནང་གི་སྐུ་བརྙན་ཆེ་ཆུང་དུ་མ་དང་།ཕྱིའི་གཙུག་ལག་ཁང་རྟེན་བརྟེན་པ་མཐའ་དག་གི་ལས་ཁུར་ཉིད་གཅིག་པུས་གཞུང་བཟུང་སྟེ་མཐར་ཕྱིན་པ་བསྒྲུབས་པས། བླ་མ་ཡང་ཐུགས་དགྱེས་པའི་རྩེར་སོན་པར་གྱུར། དགུང་ལོ་སོ་བདུན་པ་ས་མོ་ཕག་གི་ལོའི་སྟོན་ཀ་དེ་ཉིད་དུ་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པའི་གནས་བརྟན་འདུལ་བ་འཛིན་པ་ཆེན་པོ་བརྟན་མཁས་ཀྱི་ཡོན་ཏན་གཉིས་དང་ལྡན་པའི་བཤེས་གཉེན་དམ་པ་ཀ་གྲོན་ནང་པ་བློ་བཟང་བསྟན་འཛིན་དཔལ་བཟང་པོའི་ཞལ་སྔ་ནས་ཀྱིས་མཁན་སློབ་སྦྲགས་མ་མཛད་ཅིང་།ཁ་སྐོང་གི་དགེ་འདུན་གྲངས་ཚང་བའི་དབུས་སུ་བསྟན་པའི་གཞི་མ་ལྷག་པའི་ཚུལ་ཁྲིམས་ཀྱི་གཙོ་བོ་བསླབ་གཞི་ཡོངས་སུ་རྫོགས་པའི་དགེ་སློང་གི་སྡོམ་པ་བཞེས་ཏེ། ངུར་སྨྲིག་གི་རྒྱལ་མཚན་འཆང་བའི་རྗེ་བོ་དམ་པར་གྱུར། དེ་མ་ཐག་ལུང་སྡེ་བཞི་མཐའ་དག་གི་དགོངས་དོན་ལ་གཞན་དྲིང་མི་འཇོག་པའི་རྣམ་དཔྱོད་ཀྱི་རྩལ་དང་ལྡན་པ་འདུལ་འཛིན་ཆེན་པོ་ཡེ་ཤེས་རྒྱ་མཚོའི་དྲུང་ནས་འདུལ་བའི་བསླབ་བྱ་ལག་ལེན་དང་བཅས་པ་ཞིབ་ཏུ་གསན་ཏེ། དགག་སྒྲུབ་གནང་གསུམ་གྱི་བཅས་མཚམས་ཕྲ་རགས་ཐམས་ཅད་ཐུགས་སུ་ཆུད་པར་མཛད་དོ། །ཚུལ་འདི་ལྟ་བུ་ནི་སྔོན་ཐུབ་པའི་བསྟན་པ་ཡར་ལྡན་གྱི་དུས་བཟང་པོར་བྱོན་པའི་སྐྱེས་མཆོག་རྣམས་ཀྱི་ཕྱག་བཞེས་བླ་ན་མེད་པ་ཡིན་ཏེ། དམ་པ་དེ་དག་གི་རྣམ་ཐར་དུ་དགེ་ཚུལ་གྱི་སྡོམ་པ་བཞེས་མ་ཐག་ཀཱ་རི་ཀཱ་ལྔ་བཅུ་པ་རྩ་འགྲེལ་ལམ། སུམ་བརྒྱ་པ་རྩ་འགྲེལ་ལྟ་བུ་རེ་ངེས་པར་གསན། བསྙེན་པ་རྫོགས་མ་ཐག་ཏུ་འདུལ་གཞུང་ཆེ་བ་རེ་གསན་ཅིང༌། དེ་ཡང་སྔ་མ་འགའ་ཞིག་མེ་ཏོག་ཕྲེང་རྒྱུད་གཙོར་འདོན་གནང་ལ། ཀུན་མཁྱེན་མཚོ་སྣ་པ་ཡབ་སྲས་རྗེ་བདག་ཉིད་ཆེན་པོ་ཡབ་སྲས་སོགས་ཀྱིས་མདོ་རྩ་བ་རྒྱ་ཆེར་འགྲེལ་དང་བཅས་པ་གཙོ་བོར་མཛད་པས། དེ་འདྲ་རེ་ངེས་པར་གནང་བའི་སྲོལ་ཡོད་ཀྱང༌། ད་ལྟ་བསྟན་པའི་ཐ་མ་ཤིན་ཏུ་སྙིགས་མར་སོན་པའི་དབང་གིས་སྡོམ་པ་ལེན་པའི་གཟུགས་བརྙན་ཙམ་ཡོད་ཀྱང༌། བླངས་པའི་དེ་མ་ཐག་ནས་བསྲུང་དགོས་པ་དང༌། བསྲུང་ཚུལ་གྱི་བསླབ་བྱ་ཉན་དགོས་པའི་གཏམ་ཙམ་ཡང་མི་གྲགས་པ་ནི། རྗེ་ངག་དབང་བྱམས་པའི་ཞལ་ནས། སོ་ཐར་བྱང་སེམས་དང་རིག་འཛིན། །སྡོམ་གསུམ་ལོན་ཚད་དུ་བླངས་ནས། །དྲན་ཚད་ལག་ལེན་དུ་འདེབས་པའི། །སྨྱོན་པ་རང་ཕུང་ལ་གཟིགས་དང༌། །ཞེས་གསུངས་པ་ལྟར་ཕུང་ཁྲོལ་གྱི་གཞི་ཆེ་ཤོས་ཡིན་པས། བདག་ལེགས་སུ་འདོད་པ་རྣམས་ཀྱིས་དམ་པའི་རྣམ་པར་ཐར་པ་འདི་ལྟ་བུ་ལ་ཁ་མིག་ཡར་ལྟ་བ་གལ་ཆེའོ། །ཁ་གྲོན་ནང་པའི་གསུང་གིས་བསྐུལ་བ་ལྟར་དེ་ཀའི་རི་ཁྲོད་པ་རྣམས་ལ་བྱང་ཆུབ་བདེ་ལམ་གྱི་ཁྲིད་མྱོང་བ་ལ་བསྐོར་བས་རྒྱུད་འཁུལ་ཞིང༌། ལུང་རིགས་ཀྱིས་བདར་ཤ་ཆོད་པ་མཇུག་ཏུ་སེམས་བསྐྱེད་མཆོད་པ་དང་བཅས་བླ་མའི་ཕྱག་བཞེས་མ་ཉམས་པ་དང༌། བེའུ་བུམ་སྔོན་མོའི་ལུང་སོགས་ཆོས་ཀྱི་བདུད་རྩིའི་སྒོ་འཕར་ཕྱེས། རི་ཁྲོད་ཇི་སྲིད་ནམ་གནས་ཀྱི་བར་སྦྱོར་བའི་ཆོས་དྲུག་འཆག་མེད་ཀྱི་སྲོལ་བཟང་པོ་བཙུགས། བྱི་བའི་ལོ་པཎ་ཆེན་ཐམས་ཅད་མཁྱེན་པ་རྒྱ་ནག་ཕྱོགས་སུ་ཆིབས་བསྒྱུར་གནང་བར་གཞན་ཐམས་ཅད་སྤྲོ་དགའ་ཆེ་བར་བྱེད་ཀྱང༌། དམ་པ་འདི་ཉིད་ཐུགས་ཤིན་ཏུ་མ་བདེ་བར་ཉིན་མཚན་ཁོར་མོ་ཡུག་ཏུ་ཞབས་བརྟན་བསྒྲུབས་ཤིང༌། གཞན་རི་ཁྲོད་པ་མང་པོ་ལ་ཡང་རྒྱུ་ཡོན་སོགས་སྦྱར་ནས་རིམ་གྲོ་ཕོན་ཆེ་བ་བསྒྲུབ་ཏུ་བཅུག། སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྐུ་ཡང་འབུམ་ཕྲག་དུ་མ་བཞེངས་ཤིང༌། སྔ་ཕྱིར་སྐུ་བར་འདེབས་པ་སོགས་ཀྱི་སྐབས་སུ་ལས་བྱེད་མཐའ་དག་ནས་སོ་སོའི་གཟུངས་སྔགས་བཟླ་བ་དང༌། བསྟན་འགྲོ་མཐའ་དག་གི་དོན་དུ་འགྱུར་བའི་སྨོན་ཚིག་ཉིད་ཀྱིས་གསར་བསྒྲིགས་གནང་སྟེ། འདོན་བཞིན་དུ་ལས་བྱེད་པ་སོགས་ཆ་མཐའ་དག་ནས་དོན་ཆེན་པོར་འགྱུར་ངེས་འབའ་ཞིག་མཛད། སྐབས་དེར་སྐྱབས་མགོན་རྡོ་རྗེ་འཆང་ནས་མཛོ་དགེ་སྨད་འདིར་སྦྱིན་བདག་གི་ངོས་ནས་མཐུན་རྐྱེན་འཛོམས་པར་འདུག་ཀྱང༌། མདོ་སྔགས་གང་གི་ཡང་འཆད་ཉན་ཕྱག་ལེན་སོགས་སེམས་ལ་འཛིན་རྒྱུ་ཞིག་མེད་པ་མི་ལེགས་པར་དགོངས་ཏེ། ཡུལ་ཕྱོགས་ཀྱི་སྐྱེ་བོ་རྣམས་བསོད་ནམས་རྫོགས་པའི་ཆེད་དང༌། རང་རང་གི་ཡོན་སྦྱོང༌། ཐུབ་བསྟན་རིན་པོ་ཆེའི་ཞབས་འདེགས་སུ་ཡང་ཅུང་ཟད་འགྱུར་བར་གཟིགས་ནས་རྒྱུད་གྲྭ་གསར་འཛུག་གནང་བའི་ཚེ་ལུས་ལོངས་སྤྱོད་མཐའ་དག་ལྟོས་པ་མེད་པར་བླ་མའི་ཞབས་ཏོག་ཏུ་བཀོལ། ཁྱད་པར་དུ་བླ་མ་བརྒྱུད་པ་རགས་རིམ་དང༌། ཡི་དམ་ཆོས་སྲུང་དུ་མའི་ཞལ་ཐང་ད་ལྟའི་དུས་ལ་ལྟོས་པས་རི་མོ་འགྲན་ཟླ་མེད་པ་ལྟ་བུ། མཛོད་གོས་ཁྱད་འཕགས་འབའ་ཞིག་གི་གོང་གཤམ་ཅན་ཤིན་ཏུ་ཆེ་ལེགས་གྲངས་མཚུངས་མང་པོ་ཡང་གསར་དུ་བསྒྲུབས་ཏེ་ཚོགས་ཁང་དུ་འགྲེམ་རྒྱུར་ཕུལ། དེ་སྐབས་གཡོ་དགེ་སྨན་པ་ལ་ཀུན་མཁྱེན་འཇམ་དབྱངས་བཞད་པ་འདི་རང་གིས་དག་སྣང་སྦྱངས་པ་ཙམ་མ་ཡིན་པར་རྗེ་བཙུན་འཇམ་དབྱངས་དངོས་ཡིན། སྐབས་འདིར་བླ་མའི་ཐུགས་རྗེ་ལ་བརྟེན་ནས་ཕྱོགས་འདིར་སྨད་རྒྱུད་ཀྱི་འཆད་ཉན་སོགས་བསྟན་པའི་སྲོལ་གཙང་མ་ཞིག་ཚུགས་འདུག་མོད་ཀྱང༌། འདི་ན་བདུད་རིགས་ཀྱི་མི་འགའ་ཞིག་ཡོད་པས་མཐའ་ཅི་འདྲ་འོང་མི་ཤེས། འོན་ཀྱང་ཁྱེད་རང་ཚོས་འཇུ་ས་འཆང་ས་བླ་མ་འདི་ལ་བྱས་ན་ལས་དཀར་པོའི་མཐའ་བཟང་བས་གཏན་འདུན་མ་འཆུག་པ་ཞིག་ཡོང་གསུངས། ཁོང་གིས་ཀྱང་བསམ་སྦྱོར་མཐའ་དག་གི་སྒོ་ནས་བླ་མའི་ཞབས་ཏོག་བསྒྲུབས་ཤིང༌། སྔ་སོར་པཎ་ཆེན་ཐམས་ཅད་མཁྱེན་པ་རྒྱ་ནག་ཏུ་ཕེབས་སྐབས་སྐུ་ཕེབས་ཀྱི་སྒོ་ནས་སྐུ་དོན་མང་པོའི་ཞབས་འདེགས་ཞུས་པའི་གཏང་རག་ཏུ་བཅད་ལྡན་དམར་པོ་རྒྱུ་རྙིང་འགངས་ཆེ་བ་ཞིག་ལྷ་ཆས་ཀྱི་དོན་དུ་སྩལ་བ་ཡང་བླ་མ་ལ་ཕུལ་ཏེ་ཐང་ཁའི་གོང་གཤམ་གྱི་རྒྱུར་འགྲོ་བ་བྱས། རྗེས་སོར་ཞིག་ཉིད་ཀྱི་མདུན་དུ་སྐུ་ཕེབས་ཞུས་པའི་ཚེ། ཆོས་སྐྱོང་ཆེན་པོ་ཉིད་ནས། ང་པེ་ཧར་རྒྱལ་པོ་ལ་སངས་རྒྱས་སྣང་བ་མཐའ་ཡས་ཀྱིས་གྱོན་པར་གནང་བའི་གོས་དེ་ཁྱེད་གཉིས་ཀྱིས་གཞན་དུ་བཀོལ་བ་ཅི་ཡིན། ཕྱིར་ཁྱེར་ཡོང་དགོས་གསུངས་པ་ན། ཉིད་ནས་མེད་ཚུལ་ཞུས་པར་ཐུགས་ཤིན་ཏུ་ཁྲོས་ཏེ། ཞལ་གྱི་རྣམ་པ་ཡང་རྒྱུན་གྱི་ལྷ་ཁོག་གི་ཉམས་ཅུང་ཟད་མེད་པར་སྲིན་པོ་ཁྲོས་པ་ལྟ་བུ་ཁ་དོག་དམར་ནག །སྤྱན་རྩ་དམར་ཞིང་ཤིན་ཏུ་ཟླུམ་ལ་ཁྲོ་གཉེར་དཔྲལ་བར་བསྡུས་པ། དྲག་སྐུ་བཞེངས་པ་རྣམས་ལས་ཀྱང་བརྒྱ་འགྱུར་གྱིས་ལྷག་པའི་འཇིགས་རྔམས་ཅན་བལྟ་བར་མི་བཟོད་པ་ཞིག་ཏུ་གྱུར་ཏེ། དྲག་པོའི་ང་རོ་དང་བཅས་ཅིས་ཀྱང་ཁྱེར་ཡོང་དགོས་གསུངས་པ་ན། གོས་ནི་ཇི་ལྟར་བྱས་ཀྱང་འབུལ་བའི་ཐབས་མེད། ཁྱེད་སྣང་སྲིད་ཀུན་གྱི་བདག་པོ་ཡིན་པས་ངེད་རང་གི་སྙིང་ཁྲག་ཕུལ་བ་ཡིན་ཞེས་ཐུགས་ཐག་པ་ནས་ཞུས་པས། དེ་མ་ཐག་ཆོས་སྐྱོང་ཐུགས་ཞུམ་པ་ལྟ་བུས་ཡུད་ཙམ་དགོངས་པ་ལ་བཞུགས། སྐད་ཅིག་ཉིད་ལ་སྔར་གྱི་རྣམ་པ་ཐམས་ཅད་གནས་གྱུར་ཏེ། ཤིན་ཏུ་ཞི་ཞིང་དུལ་བའི་ཚུལ་གྱིས། འོ་ན་ངེད་ལྷ་ཁོག་དང་བཅས་པ་བྱང་ཆུབ་སྙིང་པོའི་བར་དུ་དམ་པ་ཉིད་ནས་ཐུགས་ལ་འཛིན་དགོས་ཞེས་གུས་པ་ལྷུར་བླངས། དེར་མ་ཟད་རྗེས་སོར་ཞིག་སྐུ་རྟེན་ལ་ཁོག་ཞུགས་ཀྱི་ཚེ་ལུས་སེམས་ཤིན་ཏུ་ངལ་བ་ཞིག་ཡོད་པས། སླར་མི་འབབ་པའི་ཐབས་ཤིག་གནང་དགོས་ཞེས་ཡང་ཡང་ནན་གྱིས་ཞུས་ངོར། ཆོས་སྐྱོང་ལ་ཡང་དེ་ལུགས་ཀྱི་བཀའ་བསྒོས་པ་ཕྱིན་ཆད་མ་བབས་པ་སོགས་སྣང་སྲིད་དྲེགས་པའི་སྡེ་དཔོན་ཆེན་པོ་ཉིད་ཀྱང་དམ་པ་འདིའི་བཀའ་ལས་མི་འདའ་བའི་མཚན་མ་སྔ་ཕྱིར་མང་དུ་ཡོད་དོ། །དེ་སྐབས་གསུངས་པ་བཞིན་ལོ་གྲངས་ཉི་ཤུ་ཙམ་གྱི་རྗེས་སུ་སྐྱབས་མགོན་རྡོ་རྗེ་འཆང་དམ་པ་འདི་ཉིད་དང་བཅས་པས་ཡུལ་ཕྱོགས་ཀྱི་སྐྱེ་འགྲོ་ཐམས་ཅད་ལ་ཕན་ཐབས་ཁོ་ནར་དགོངས་པའི་མཛད་པ་སྐྱོན་མེད་པ་ཡང་ཨ་མ་འདྲེར་མཐོང་གི་སྐྱེ་བོ་སྨོན་ལམ་ལོག་པར་ཐེབས་པ་འགའ་ཞིག་གི་ཡིད་ལ་ཟུག་རྔུར་གྱུར་ཏེ། དགེ་འདུན་གྱི་དབྱེན་བསླངས་ནས་རྒྱུད་གྲྭ་ཇི་བཞིན་གནས་མ་ཐུབ་པ་ན། དམེ་པོ་དཔོན་པོ་དཀོན་མཆོག་རབ་བརྟན་གྱིས་འདུན་པ་རྩེ་གཅིག་གིས་སྦྱིན་བདག་བྱས་ཏེ། སྔར་གྱི་རྒྱུད་གྲྭའི་ཕྱག་བཞེས་མ་ཉམས་པའི་དགོན་པ་ཟུར་དུ་གསར་འདེབས་བྱས་པའི་ཚེ། ཐང་ག་རྣམས་ཀྱང་དེར་གདན་དྲངས་ཏེ་ད་ལྟ་རྟེན་གཙོར་བཞུགས་པ་འདི་ཡིན་ནོ། །ལྕགས་གླང་དང་ཆུ་སྟག་གི་ལོ་གཉིས་ཀར་བདེ་ལམ་གྱི་ཁྲིད་སེམས་བསྐྱེད་མཆོད་པ་དང་བཅས་ཤིན་ཏུ་རྒྱས་པ་རེ་གནང༌། སྟག་ཚང་ལྷ་མོ་ནས་ཀིརྟི་སྤྲུལ་བའི་སྐུའི་ཡོངས་འཛིན་དུ་ཕེབས་དགོས་ཚུལ་ཞུས་པ་ན། རང་ངོས་ནས་དེ་འདྲ་ལ་ཐུགས་བཞེད་མེད་ཀྱང༌། རོང་བ་ལྗགས་ནག་པ་རྗེ་བླ་མའི་དངོས་སློབ་ཏུ་གྱུར་པ་དང༌། དེ་ཕྱིན་གྱི་སྐྱེ་རྒྱུད་ཐམས་ཅད་ཀྱང་གཞན་ཕན་འཕྲིན་ལས་ཆེ་བར་སྣང་བས། སྐུ་ཚེ་འདིར་ཡང་རྗེའི་བསྟན་པའི་ཞབས་འདེགས་སུ་འགྱུར་བ་ཞིག་ཨེ་ཡོང་དགོངས་ཏེ་དེ་ཕྱོགས་སུ་ཕེབས། ཆོས་ལུང་འགའ་ཞིག་གནང་ཞིང་བསྟན་པའི་དམིགས་རྐྱེན་ལ་ཕན་པའི་ཐོས་བསམ་མཛད་ཚུལ་སོགས་ཀྱི་བསླབ་བྱ་མཛད་པ་རྣམས་སྤྲུལ་བའི་སྐུ་ཉིད་ནས་དམ་པའི་རང་རྟགས་ཀྱིས་དང་དུ་བཞེས་པ་བྱུང༌། གནས་དེ་ཉིད་དུ་རྡོ་རྗེ་འཇིགས་བྱེད་བསྙེན་པ་གནང་སྐབས་ཤིག་རྨི་ལམ་དུ་དཀྱིལ་འཁོར་མཚན་ཉིད་ཡོངས་སུ་རྫོགས་པའི་གཙོ་བོའི་གོ་སར་སྐྱབས་མགོན་རྡོ་རྗེ་འཆང་དང༌། འཁོར་རྣམས་ཀྱི་གོ་སར་རལ་གྲི་རེ་ཡོད་པ་ཞིག་རྨིས་པ་ནི། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པའི་མོས་གུས་མཐར་ཕྱིན་པའི་རྟགས་སུ་མངོན་ལ། དཔྱད་གཞི་འགངས་ཆེ་བ་གཞན་ཡང་ཡོད་དམ་སྙམ། ཡང་ཤིང་ལྗོན་པ་ཤིན་ཏུ་མཐོ་ཞིང་ཡལ་འདབ་རྒྱས་པ་ཞིག་གི་རྩེ་མོར་ཕེབས་ནས་གཟིགས་པ་ན་འཛམ་གླིང་ཐམས་ཅད་མཐོང་བ་ཞིག་བྱུང་སྟེ། འདི་ཐམས་ཅད་དུ་རྗེ་བླ་མའི་བསྟན་པ་རྒྱས་པ་ཞིག་བྱུང་ན་སྙམ་པའི་འདུན་པ་དྲག་པོ་དང༌། དེའི་དོན་དུ་རྗེ་བཙུན་མ་སྒྲོལ་མ་ལ་གསོལ་བ་འདེབས་དགོས་པ་འདུག་སྙམ་པ་ཤར་ཏེ། བསླུ་མེད་བླ་མ་ཡི་དམ་དཀོན་མཆོག་གི །འཕྲིན་ལས་ལྷ་མོའི་གཟུགས་སུ་ཤར་བ་ཡི། །བརྩེ་ལྡན་རྗེ་བཙུན་བཅོམ་ལྡན་འདས་མ་ལ། །ཤུགས་དྲག་དང་བའི་ཡིད་ཀྱིས་གསོལ་བ་འདེབས། །སྐྱེ་རྒུའི་ཕན་བདེ་མ་ལུས་འབྱུང་བའི་གནས། །དུས་གསུམ་རྒྱལ་བའི་ལུང་རྟོགས་བསྟན་པའི་བཅུད། །རྗེ་བཙུན་འཇམ་དཔལ་སྙིང་པོའི་མདོ་སྔགས་ཀྱི། །བསྟན་པ་ཕྱོགས་བཅུར་འཕེལ་བར་བྱིན་གྱིས་རློབས། །ཞེས་པའི་ཚིགས་བཅད་འདི་གཉིས་ཐོལ་བྱུང་དུ་བརྩམས་ནས་གསོལ་བ་འདེབས་པ་ཞིག་རྨིས། ཐ་ན་རྨི་ལམ་ཚུན་ཆད་དུ་ཡང་བསྟན་པ་ཁོ་ན་ཐུགས་ལ་བཅངས་ཏེ། དེའི་དོན་མ་གཏོགས་དགོངས་རྒྱུ་མེད་པ་འདི་ལྟ་བུ་ནི་ངེས་པ་དོན་གྱི་བསྟན་པ་འཛིན་པའི་སྐྱེས་པའི་ཁྱད་ཆོས་བླ་ན་མེད་པ་ཡིན་ཏེ། ད་ལྟ་བསྟན་འཛིན་ཆེན་པོར་སྒྲོགས་ཤིང་རློམ་པའི་ཁྲོད་ན། ཕྱོགས་ལྷུང་ཙམ་གྱི་སྡེ་དགོན་རེ་བསྐྱངས་ཏེ། ཆགས་སྡང་གི་འཁོར་ལོ་བསྐོར་བ་ལ་བསྟན་པ་བཟུང་བར་མིང་བཏགས་པ་མ་གཏོགས་བསྟན་པ་སྤྱི་ལ་དམིགས་ནས་འདི་རྒྱས་པ་ཞིག་བྱུང་ན་སྙམ་པའི་འདུན་པ་ཐུགས་རྒྱུད་ལ་ལན་རེ་ཙམ་ཡང་སྐྱེ་མ་མྱོང་བར་སྐུ་ཚེ་ཧྲིལ་གྱིས་འདས་པ་ཤིན་ཏུ་མང་བར་སྣང་ངོ༌། །ཡང་ལན་ཅིག་ལྷ་མོའི་གནས་ཁང་གི་ནང་དུ་ཕེབས་ནས་བདུན་མཚམས་ཤིག་མཛད་པའི་ཚེ། བུད་མེད་མང་པོས་རིན་པོ་ཆེའི་སྣོད་མི་འདྲ་བ་སྣ་ཚོགས་ཟས་དུ་མས་བཀང་སྟེ་འདྲེན་པའི་ཉམས་སྣང་དང༌། རྨི་ལམ་དུ་གནས་ཁང་གི་སྒོ་ན་དཔག་བསམ་གྱི་ལྗོན་པ་ཡངས་ཤིང་རྒྱ་ཆེ་བ་ཞིག་ཡོད་པའི་རྩ་བར་ཕེབས་པ་ན༌། བུད་མེད་འགའ་ཞིག་གིས་འདིའི་རྩེ་མོར་སོང་ཞེས་ཟེར་བ་བཞིན་དུ་བྱོན་པར་སྐྱབས་མགོན་རྡོ་རྗེ་འཆང་སོགས་ལམ་རིམ་བརྒྱུད་པའི་བླ་མ་མང་པོ་བཞུགས་འདུག་པར་ཕྱག་དབང་ཞུས་ཏེ་ཕྱིར་ཕེབས་པ་ན། བུད་མེད་ཤིང་ལོ་གྱོན་པ་ཞིག་འདུག་པ་དེས་སྡོང་པོ་འདིའི་སྟེང་ན་རིན་པོ་ཆེ་གང་ཡོད་ཐམས་ཅད་ཁྱོད་ཀྱི་བླ་མ་མཆོད་པའི་ཡོ་བྱད་ཁོ་ན་ཡིན་པས་གཞན་ལ་མ་གཏོད་ཟེར་བ་ཞིག་རྨིས། རྗེས་སོར་ཡང་གཞན་འགའ་ཞིག་ལ་དེ་རྨི་ལམ་ཡིན་ན་ཡང་དོན་ཆེན་པོ་ཅན་ཞིག་ཡིན་འདུག་པས། ངས་ཟས་ནོར་ཅུང་ཟད་རེ་རྙེད་ཚད་ཐམས་ཅད་བླ་མ་མཆོད་པའི་ཕྱོགས་ལ་བཏང་བ་ཡིན་ཞེས་གསུངས་སྣང་བས། མནལ་ལྟས་དེ་དག་ནི་རང་དགའ་བ་ཙམ་མ་ཡིན་པར་དངོས་གནས་ལ་བླ་མ་དང་ལྷག་པའི་ལྷས་བྱིན་གྱིས་བརླབས་ཤིང་ལུང་བསྟན་པ་འབའ་ཞིག་ཡིན་པ་གོར་མ་ཆག་གོ །གནས་དེར་གཞན་གྱི་ཡང་ཆོས་མཐུན་དོན་གཉེར་ཅན་ཉམས་ཁྲིད་སོགས་ཞུ་མཁན་འགའ་ཞིག་བྱུང་བ་སོ་སོའི་རེ་བ་བསྐངས། ཕྱིར་ཕེབས་ཏེ་ཡོས་བུའི་ལོ་ཡང་ལམ་རིམ་གྱི་བཀའ་ཆོས་སྔར་བཞིན་གནང༌། གཞན་ཡང་སྔ་ཕྱི་ཅི་རིགས་པར་བཀའ་གདམས་གཞུང་དྲུག །རིགས་ཚོགས་དང་བྱམས་ཆོས། དབེན་ས་བཀའ་འབུམ་སོགས་གང་ལ་གང་འདུལ་གྱི་ཆོས་སྦྱིན་རྒྱ་ཆེར་སྩལ། ཤིང་འབྲུག་ལོ་སྐྱབས་མགོན་རྡོ་རྗེ་འཆང་དབུས་སུ་ཕེབས་རྒྱུའི་ཞབས་བརྟན་དུ་དམིགས་ཏེ་ཞི་ཁྲོ་སྦྲགས་སྒྲུབ་ཀྱི་སྒོ་ནས་ཨ་ར་པ་ཙ་དང༌། རྩ་སྔགས་སྙིང་པོ་རྣམས་རྒྱུན་རིང་པོར་བསྒྲུབས་ནས་ཞི་རྒྱས་དབང་གསུམ་གྱི་སྦྱིན་སྲེག་བསམ་གྱིས་མི་ཁྱབ་པ་གནང༌།དེ་རྗེས་བཀའ་སྡོད་དམ་ཅན་ཆོས་ཀྱི་རྒྱལ་པོའི་བསྐང་བ་འབུམ་ཐེར་གཉིས་བསྒྲུབས་ཤིང་དྲུག་ཅུ་པ་སྟོང་ཕྲག་ལྷག་པ་བསྔོས། དམ་གཙང་གི་སློབ་མ་རི་ཁྲོད་པ་མང་པོ་ལ་ཡང་ཆ་རྐྱེན་གནང་ནས་ཆོས་རྒྱལ་བསྐང་བ་བསྒྲུབ་ཏུ་བཅུག །དེ་སྐབས་གཞན་གྱི་རི་ཁྲོད་པ་ཞིག་གི་རྨི་ལམ་ལ་འཕགས་པ་ཤིང་སྐུའི་མཁར་ན་གོང་མའི་རྒྱལ་ཁབ་ཚུན་ཆད་མཐོང་བའི་ཁང་བཟང་མཐོ་ལ་ཡངས་པ་ཕུར་འཇམ་དབྱངས་སྨྲ་སེང་གི་སྐུ་བཞུགས་པ་གཅིག་ཏུ་ཁོང་རྣམས་ཆོས་རྒྱལ་གྱི་བསྐང་བསྐུལ་གཏོང་བཞིན་པར་ཡོད་པའི་བསྐུལ་བའི་ནང་གི་གཤིན་རྗེ་མོ་བཞིའི་བསྐུལ་གྱི་མཚམས་དེར་དབུ་མཛད་ཀྱིས་སྐད་གདངས་དྲག་པོ་དང་བཅས། མདོ་སྨད་བྱང་ཕྱོགས་ཡུལ་ཁམས་ཀྱི། །ཡངས་པའི་གྲོང་ཁྱེར་རྒྱལ་ཁབ་ན། །འཇམ་དབྱངས་སྨྲ་བའི་སེང་གེ་བཞུགས། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབས། །ཞེས་འདོན་པ་རྨིས། ཕྱི་ཉིན་ཞོགས་ཀ་སྔ་བར་གྲྭ་པ་ཞིག་འོངས་ཏེ་བླ་མ་རིན་པོ་ཆེ་མདང་གློ་བུར་དུ་ཕེབས་ཏེ་དབུ་མཛད་ཀྱི་ནང་དུ་བཞུགས་ཡོད་པས། ཁྱེད་རང་དེར་ཤོག་གསུང་གི་ཞེས་བཤད་པས་ཁོ་གཏིང་ནས་ཡ་མཚན་པར་གྱུར་ལ། ཡ་མཚན་ཆེ་བར་ཡང་སྣང་ངོ༌། །

གཞན་ཡང་སྐྱབས་མགོན་རིན་པོ་ཆེའི་ཞབས་བརྟན་དུ་ཤེར་སྙིང༌། སྒྲོལ་མ། རྣམ་སྲས་བསྐང་བ་རྣམས་འབུམ་ཕྲག་རེ། སྒྲོལ་མ་མཎྜལ་བཞི་པ་ཁྲི་ལྷག །ཡིག་བརྒྱ་འབུམ་ཐེར་དུ་མ་བཅས་བསྒྲུབས། གང་བསྒྲུབས་ཐམས་ཅད་ཀྱང་ཁྲལ་ཆོས་ལྟ་བུ་གྲངས་འགྲོ་ཐབས་དང༌། འོལ་ཚོད་ཀྱིས་འདི་ཙམ་སོང་ཡོད་ཅེས་གྲངས་མཐོ་འཛིན་བྱས་པ་མ་ཡིན་པར། སྒྲུབ་པ་པོ་རྣམས་ལ་བསྙེན་བཀུར་ཕུལ་དུ་ཕྱིན་པ་རྐྱེན་ཐེག་ངེས་པ་དང༌། ནོར་རྫས་གང་བཟང་གིས་ཡོན་གཟབ་རྒྱས་ཞུས། ཞལ་འདོན་དལ་བྲེལ་སྙོམས་ལ་ཚིག་རེ་རེ་ཡང་ཆད་ལྷག་ཏུ་མི་འགྲོ་བས་དངོས་དག་པ་བྱེད་དུ་བཅུག །ཐམས་ཅད་ཀྱི་སྐབས་སུ་མཆོད་པ་བསམ་གྱིས་མི་ཁྱབ་པ་ཕལ་བའི་བློར་མི་ཤོང་བ་ལྟ་བུ་སོགས་ཆ་ཐམས་ཅད་ནས་གནད་དུ་འགྲོ་ངེས་པ་བྱས། སྐྱབས་མགོན་རིན་པོ་ཆེ་དབུས་ནས་ཕྱིར་ཕེབས་རིང་གི་ལོ་གཅིག་གཉིས་ཤིག་ཏུ་གཉན་ཆེན་སོགས་ཡུལ་ལྷ་རྣམས་ལ་བསང་ཤིང་རྒྱབ་ཁལ་དུ་མ་དང༌། ཀ་ར་བུ་རམ་སྦྲང་རྩི་ཐུད་སོགས་བསང་རྩི་མི་ཁུར་མང་པོས་བསང་མཆོད་ཤིན་ཏུ་རྒྱས་པ་ལན་མང་དུ་གནང་།མཚམས་ཤིག་ཏུ་དེའི་རིགས་རྦད་ཆོད་གནང་བས། འགའ་ཞིག་གིས་བསངས་མཆོད་རྒྱུན་མ་བཅད་ཙམ་གནང་ཨེ་དགོས་ཞུས་པར། ད་དེ་དག་བློ་ཡུལ་ལས་འདས་སོང་གསུངས་ནས་མ་གནང༌། ཚུལ་འདི་ནི་བཀའ་གདམས་གོང་མ་རྣམས་ཀྱིས། འཇིག་རྟེན་པའི་ལྷ་ལ་བརྟེན་པ་དེས། མ་མགུ་ན་གནོད་ལ། མགུ་ན་ཡང་གནོད་གསུངས་པ་བཞིན། ཅུང་ཟད་ཙམ་ལ་ཁྲོས་པས་ཉེར་འཚེ་དུ་མ་བྱེད་པ་དང༌། ཁོ་མགུ་ན་གྲོགས་བྱས་ཏེ་བྱ་བྱེད་ལམ་དུ་འགྲོ་ཞིང་ནུས་མཐུ་ཆེ་ཆེ་འདྲ་བ་བྱུང་བས་རིམ་གྱིས་བློ་ཁ་དེ་ཕྱོགས་སུ་བསྒྱུར་ཏེ། མཐར་སྐྱབས་འགྲོ་ཚུན་ཆད་གཏོང་བས་ཕུང་ཚབས་ཤིན་ཏུ་ཆེན་པོ་འབྱུང་བ་དེ་ལྟ་བུ་ལ་དགོངས་པའམ། ཡང་ན་ཆོས་སྐྱོང་བྲན་དུ་འཁོལ་བས་ལས་བཞིའི་འཕྲིན་ལས་གང་དགོས་དེ་དག་གིས་ཐོགས་པ་མེད་པར་བསྒྲུབས་ཏེ། འཇིག་རྟེན་པ་རྣམས་ལ་ཅུང་ཟད་ཀྱང་ལྟོས་མི་དགོས་པའི་གདེང་ཐོབ་པ་གང་རུང་ཞིག་ཏུ་སེམས་སོ། །ཡང་ཞབས་བརྟན་ལ་དམིགས་ཏེ་མཐིང་ཤོག་བཟང་པོར་གསེར་གང་འདྲོང་གིས་ཤེར་ཕྱིན་སྟོང་ཕྲག་བརྒྱད་པ་ཡིག་གཟུགས་ཤིན་ཏུ་རྒྱ་ཆེ་བས་པོ་ཏི་བཞིར་ལོངས་པ་ཞིག་བྲིས་ཏེ། པོ་ཏི་རེ་རེ་ལ་ཡང་བཟང་གོས་ཀྱི་ཐུམ་བཞི་བཞི་ཕུལ། བྲིས་པ་རྣམས་ཀྱང་རྟ་སྒ་འཁོར། གྱོན་པ་ཆ་ཚང་སོགས་ཡོན་གྱིས་མགུ་བར་བྱས། མདོར་ན་འབྲུག་ལོ་ནས་བཟུང་ལོ་གསུམ་གྱི་རིང་འདིར་འཆར་ཅན་གྱི་བཀའ་ཆོས་འཆག་མེད་རྣམས་དང༌། དམིགས་བསལ་རེ་གཉིས་མ་གཏོགས་ཉིན་མཚན་ཁོར་མོ་ཡུག་ཏུ་བླ་མའི་ཞབས་བརྟན་བསྒྲུབ་རྒྱུ་ཁོ་ན་ལ་གཞོལ་བར་མཛད། རྟའི་ལོའི་དགུན་སྐྱབས་མགོན་ཐམས་ཅད་མཁྱེན་པ་ཕྱིར་གདན་སར་ཕེབས་པའི་ཚེ། རྒྱ་བོད་སོག་གསུམ་གྱི་བླ་དཔོན་ཆེ་དགུ །དགོན་ལག་དུ་མ་དང་བཅས་པའི་བསུ་བ་གཟབ་འཕྱོར་ཅན་སྟོང་ཕྲག་བརྒལ་བས་རིམ་པར་བསུས་པ་ན། དམ་པ་འདི་ཉིད་སྒྲུབ་སྡེའི་དགེ་སློང་གི་ཚོགས་དང་བཅས་ཞབས་ཐང་ལ་བསུ་བར་ཕེབས་ཏེ། ཁྱུང་རྩེའི་ཐང་དུ་ཆོས་གོས་རྣམ་གསུམ་གྱོན་ནས་དམིགས་བརྩེ་མའི་གདངས་དབྱངས་དང་བཅས་གཡས་བསྐོར་གྱི་ཚུལ་གྱིས་བསུས་པ་ན་རང་དབང་མེད་པར་ཡིད་ལ་དང་བ་འདྲེན་ཞིང༌། རི་ཀླུང་ཐམས་ཅད་གང་བའི་བསུ་བའི་ཁྲོམ་ཆེན་པོ་སྨུག་ཆིལ་ལེ་བ་དེ་ཐམས་ཅད་ཀྱང་ཟིལ་གྱིས་གནོན་པ་ལྟ་བུ་བྱུང༌། སྐྱབས་མགོན་མཆོག་ནས་གཙང་དབུས་གཉིས་ཀར་ཆོས་རྒྱུན་ཉག་ཕྲ་བ་མང་པོ་སོར་ཆུད་པར་མཛད་ཚུལ་དང༌། གཏོང་སྒོ་གནང་ཚུལ་སོགས་སྐུ་དོན་གྱི་བཀའ་མཆིད་ཞིབ་ཏུ་གནང༌། དབུས་ཕེབས་ཀྱི་སྐུ་དོན་རྣམས་ལ་ཁྱེད་ཀྱིས་སྐུ་རིམ་བསྒྲུབ་པ་དེ་གནད་དུ་འགྲོ་བ་བྱུང༌། ད་དུང་བྱམས་ཆེན་བཞེངས་རྒྱུ་ལ་འཚུབ་ཆ་ཆེ་བར་སྣང་བས་སྐུ་རིམ་སྔར་རྒྱུན་བཞིན་མ་ལྷོད་པ་བྱེད་དགོས་གསུང༌། སྤྱིར་སྐྱབས་མགོན་ཉིད་ནས་གནང་སྐྱེས་དང༌། ལེགས་སོ་དབུགས་དབྱུང་ཚུན་ཆད་རེ་ལྟོས་ཡོད་པའི་རིགས་རྣམས་ལ་སོ་སོའི་ཁམས་དང་མཐུན་པར་གང་ལ་གང་འོས་ཀྱི་བདག་རྐྱེན་བཀའ་དྲིན་སྐྱོང་བ་ཞིག་ཡོད་ཀྱང༌། དམ་པ་འདིས་རང་གི་རྒྱུ་ནོར་ཐམས་ཅད་ཕངས་མེད་དུ་བཏང་སྟེ། ལོ་ཟླ་མང་པོའི་བར་དུ་སྦྲེལ་ནས་ཞབས་བརྟན་ཁོ་ན་བསྒྲུབ་པ་ལ་ཡང་གནང་སྦྱིན་ལྟ་ཞོག། །སྐུ་རིམ་གནད་དུ་སོང་འདུག་གསུང་བ་ཙམ་མ་གཏོགས། ཚིག་གི་གཏང་རག་ཅིག་ཀྱང་མ་མཛད་པ་ནི་ཕ་རོལ་པོའི་ཀུན་སློང་ལ་ཆོས་བརྒྱད་ཀྱི་སྣང་ཤས་ཅུང་ཟད་ཀྱང་མ་འདྲེས་པ་མངོན་སུམ་དུ་གཟིགས་པས་བླ་སློབ་གཉིས་ཀའི་ཆེ་བ་རྨད་དུ་བྱུང་བར་སྣང་སྟེ། དཔེར་ན་སྔོན་མཉམ་མེད་ཇོ་བོ་ཆེན་པོས་ལྷ་བཙུན་བོ་དྷི་རཱ་ཛཱ་ལ་ཞེ་ས་དང་བཀུར་སྟི་ཆེན་པོ་གནང་ནས། བྱང་ཆུབ་འོད་ལ་དེ་འདྲ་ཅུང་ཟད་ཙམ་ཡང་མ་གནང་བའི་ཚེ། ཁོའི་སེམས་ལ་བྱང་ཆུབ་འོད་ལས་ཁྱེད་རིགས་དང་བསོད་ནམས་ཀྱིས་ཁྱད་དུ་འཕགས་ཚུལ་ཞིག་གསུང་དུ་རེ་ནས་ཇོ་བོ་ལ་ཉིད་ཀྱིས་བདག་ལ་བཀུར་སྟི་ཆེན་པོ་མཛད་ཀྱང༌། བྱང་ཆུབ་འོད་ལ་མི་མཛད་པ་ཅི་ཡིན་ཞུས་པར། བྱང་ཆུབ་འོད་ངའི་སློབ་མ་ཡིན་གསུངས། ཁོ་ཁ་སྐྱེངས་ཏེ་འོ་ན་བདག་སློབ་མ་མ་ལགས་སམ་ཞུས་པར། སློབ་མ་ལགས་ལགས་གསུངས་པའི་དཔེ་བཞིན། ད་ལྟ་ཕལ་ཆེར་བླ་མས་ཚུར་ལ་ངོ་དཀར་ནག་འཚོ་དགོས་པ་འདི་སློབ་མའི་རྒྱུད་རུལ་བའི་རྟགས་ཡིན་ནོ། །

དེ་ནས་ཡང་ཕྱིར་ཕེབས་ཏེ་ཆོས་རྒྱལ་དང་རྣམ་སྲས་ཀྱི་བསྐང་བ་འབུམ་ཕྲག་རེ། སྒྲོལ་མ་མཎྜལ་བཞི་པ་ཁྲི་ཚར་བཅས་བསྒྲུབས། ཉིན་གཅིག་མཎྜལ་བཞི་པ་ཞིག་སྒྲུབ་རྩིས་ཀྱིས་སྒྲུབ་གྲོགས་འགའ་དང་བཅས་སྐྱབས་འགྲོ་ནས་བརྩམས་ཏེ་གསུང་བཞིན་པའི་སྐབས། དགེ་སློང་བྱམས་པའི་ཉམས་སྣང་ལ་ཙོང་ཁ་བརྒྱད་ཅུའི་ཞལ་ཐང་ཞིག་གི་ཀྵེ་ཏྲ་པ་ལས་གནོད་བྱེད་བསྒྲལ་བའི་རྣམ་པ་ལྟ་བུ་དེའི་ཟུར་ནས་མ་ཧེ་འཇིགས་སུ་རུང་བ་ཞིག་ཐོན་པ་ལྟ་བུའི་ཉམས་ཤར་ཏེ་ལུས་ཀྱི་བ་སྤུ་གཟེང་ཞིང་འཇིགས་ཆུམ་མེ་བ་ཞིག་བྱུང༌། མཚམས་དེར་ཁོང་རིན་པོ་ཆེ་ནས་སྔ་མའི་འདོན་པ་འཕྲོ་བཞག་སྟེ། གློ་བུར་དུ་བརྐྱངས་བསྐུམས་མ་ཞིག་གི་དབུ་བསྐུལ་ནས་གསུང་སོང་བ་ལ། རྗེས་སོར་དེའི་རྒྱུ་མཚན་ཞུས་པར། དེ་འདོན་དགོས་པ་ཞིག་འདུག་གསུངས་པ་མ་གཏོགས་གསལ་ཁ་མ་མཛད་ཀྱང༌། སྐབས་དེར་དམ་ཅན་ཆོས་ཀྱི་རྒྱལ་པོའི་གཟིགས་སྣང་ཞིག་བྱུང་བར་ཐེ་ཚོམ་མེད་དོ། །ལུག་ལོ་༸སྐྱབས་མགོན་མཆོག་ནས་བཀྲ་ཤིས་འཁྱིལ་དུ་ཚོགས་མང་ལ་བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ་དང༌། རྫོགས་རིམ་རིམ་ལྔ་གསལ་སྒྲོན་གྱི་བཤད་ལུང་རྒྱས་པར་སྩལ་སྐབས་ཕེབས་ནས་གསན་ཅིང༌། དེའི་ཞར་ལ་སྐྱེས་རབས་ཀྱི་བཤད་ལུང་སྒེར་དུ་ཞུས། རོང་ཕྱོགས་ཀྱི་དགོན་ལག་རྣམས་ནས་སྐྱབས་མགོན་ཐམས་ཅད་མཁྱེན་པ་གདན་དྲངས་ཏེ་མཛོ་དགེ་སྨད་དུ་ཕེབས་སྐབས་བསྙེན་བཀུར་གང་དགོས་ཞུས་ཤིང༌། དེའི་རྒྱུད་གྲྭ་དང་ལྷན་དུ་དཔལ་གསང་བ་འདུས་པའི་དབང་གསན། རྒྱུན་པར་ཞབས་བརྟན་བསྒྲུབ་རྒྱུ་རྩལ་འདོན་གནང༌། དེའི་ཕྱི་ལོ་བླ་བྲང་དུ་ཕེབས་ཏེ་སྐྱབས་མགོན་མཆོག་གི་ཞབས་དྲུང་ནས་ངོ་མཚར་བའི་རྣམ་ཐར་བཅོ་བརྒྱད་དང་ལྡན་པའི་གྲུབ་ཆེན་མི་ཏྲ་ཛོ་ཀི་ལ་འཕགས་མཆོག་རྒྱལ་བ་རྒྱ་མཚོས་དངོས་སུ་སྩལ་བ་མི་ཏྲ་བརྒྱ་རྩར་གྲགས་པའི་དབང་རྣམས་ཡོངས་སུ་རྫོགས་པར་གསན། ཉིན་བཞིན་ཕྱི་དྲོའི་ཆ་ལ་རོང་པོ་རྒྱུད་པའི་བླ་མ་མཁན་ཆེན་དྲུང་ཡིག་བློ་བཟང་རྒྱ་མཚོ་སོགས་དུ་མ་ལ་སྒྲ་བསྒྱུར་མར་པ་ལོཙྪའི་རྣམ་ཐར་སོགས་ཆོས་ལུང་མང་དུ་གནང༌། དེ་སྐབས་སྐྱབས་མགོན་མཆོག་ནས་བྱམས་ཆེན་མཐོང་བ་དོན་ལྡན་གྱི་གཟུངས་གཞུག་སྒྲུབ་རྒྱུའི་ཁུར་ལེན་བྱེད་དགོས་པའི་བཀའ་ཕེབས། གཟུངས་གཞུག་བྲི་སྒྲུབ་དང་དྲིལ་ཚུལ་གྱི་ཕྱག་ལེན་སོགས་པཎ་ཆེན་ཐམས་ཅད་མཁྱེན་པའི་ཕྱག་བཞེས་གཞིར་བཟུང༌། ཀུན་གཟིགས་ལྔ་པ་ཆེན་པོའི་གསུང་འགའ་ཞིག་གིས་ཟུར་བརྒྱན་ཏེ་ལག་ཏུ་ལེན་ཚུལ་གྱི་བཀོད་ཁྱབ་དང༌། ཁྱད་པར་དུ་དམ་པ་འདི་ཉིད་བཅོམ་ལྡན་འདས་མ་འཕགས་མ་རིག་བྱེད་མའི་བྱིན་རླབས་ཀྱི་བཀའ་བབ་ཏུ་གཟིགས་ནས། དེའི་སྨིན་བྱེད་ཀྱི་རིམ་པ་ཆོས་སྐོར་གྱི་ལུང་དང་ལག་ལེན། དོན་ཀུན་འགྲུབ་པའི་འཁོར་ལོ་སྒྲུབ་ཚུལ་སོགས་ཀྱི་ཞལ་ཤེས་མན་ངག་དུ་མ་དང་བཅས་གདམས་ངག་ཆ་ཚང་བར་གནང༌། ཕྱིར་ཕེབས་ཏེ་གཟུངས་གཞུག་གི་ཤོག་བུ་དང་གསེར་ཤོག །མཚལ་སྣག །གཟུངས་ཀྱི་ན་བཟའི་རྒྱུའི་གོས་རྣམས་སྒྲུབ་པའི་ཕྱིར་རང་ཉིད་ཅོ་ནེའི་ཕྱོགས་སུ་ཕེབས་ཏེ། རིན་ཐང་སོགས་ལ་མ་གཙིགས་པར་སྤུས་གང་གཙང་ཕོན་ཆེ་བར་བསྒྲུབས། གཟུངས་གཞུག་རྒྱས་བསྡུས་སོ་སོ་ནས་འབྱུང་བ་དང༌། གཞན་ཡང་རྒྱུད་འབུམ་སོགས་སུ་བཞུགས་པའི་གཟུངས་སྔགས་ཤིན་ཏུ་མང་པོ་རྣམས་ཕལ་ཆེར་གསེར་བཟང་པོ་འབའ་ཞིག་གིས་བྲིས་ཤིང༌། གཞན་ཡང་རིན་པོ་ཆེ་སྣ་ཚོགས་བཏུལ་བའི་ཕྱེ་མ་དང་མཚལ་སོགས་ཀྱིས་གཟུངས་རེ་རེ་ཡང་བརྒྱ་སྟོང་མང་པོ་བྲིས། ཁྱད་པར་དུ་བྱམས་འཇམ་དབྱངས་སྒྲོལ་མ་དཀར་སྔོན་དམར་གསུམ་གྱི་སྔགས་རྣམས་རེ་རེ་བཞིན་བྲིས་མ་དང་བར་མ་བྱེ་བ་ཕྲག་མང་པོ་བཞེངས། རིན་པོ་ཆེའི་རིགས་དང་སྨན་སྣ་ཚོགས་ཁ་ཆེའི་དྲི་བཟང་སོགས་ཀྱིས་བསྒོས་པའི་ཤོག་བུ་ལ་བླ་མ་ཡི་དམ་སྣ་ཚོགས་ཀྱི་སྐུ་བརྙན་གསེར་ཚོན་གྱིས་བྲིས་པ་དང༌། བར་མ་བསྡོམས་པས་འབུམ་ཕྲག་ལྔར་ཉེ་བ་དང༌། གཞི་དེ་ལྟ་བུ་ལ་རིན་པོ་ཆེའི་ཕྱེ་མ་དང་སྦྱར་བའི་རྒྱ་སྣག་བཟང་པོས་གཟུངས་དང་མདོ་ཕྲན་ཡང་སྟོང་ཕྲག་མང་པོ་པར། གནས་སོ་སོར་འབུལ་རྒྱུའི་གཟུངས་རྣམས་ཀྱི་མཇུག་ཏུ་སྨོན་ཚིག་ཐ་དད་པ་ཉིད་ནས་གསར་བསྒྲིགས་གནང་སྟེ་གསེར་མཚལ་སོགས་ཀྱིས་བྲིས་པ་དང་པར་མ་ཁྲི་ཕྲག་མང་པོ་སོ་སོར་སྦྱར། ༸པཎ་ཆེན་དང་༸རྒྱལ་དབང་སོ་སོའི་བཞེད་པ་ལྟར་གྱི་གནོད་སྦྱིན་འཁོར་ལོ་རྒྱས་བསྡུས་ཚན་པ་མང་པོ་དང༌། ཚོགས་བདག་འཁོར་ལོ་ཚར་མང་པོ་ཚོན་གྱིས་ལེགས་པར་བྲིས་ཏེ། ཐུགས་ཀའི་སྔགས་འཕྲེང་དང་མཐའི་མུ་ཁྱུད་ཀྱི་སྔགས་རྣམས་གསེར་འབའ་ཞིག་གིས་བྲིས། གཟུངས་གཞུག་ཐམས་ཅད་ལ་རེ་རེ་བཞིན་དུ་གོས་ཆེན་སེར་པོ་ཤ་སྟག་གི་ན་བཟའ་ཕུལ་ཏེ། དར་སྐུད་སེར་པོས་ལེགས་པར་དཀྲིས། དེ་ནས་དམ་ཚིག་གཙང་མའི་དཔོན་སློབ་བཅུ་བདུན་ཙམ་གྱིས་ཟླ་བ་གཉིས་དང་ཞག་གསུམ་གྱི་བར་དུ་ཐུན་བཞིར་བཅད་དེ་གཟུངས་གཞུག་དེ་དག་ལེགས་པར་བསྒྲུབས། མཇུག་ཏུ་མར་རྒྱ་མ་སྟོང་དང་ལྔ་བརྒྱ་ཙམ་དང༌། དེའི་ཚོད་ཀྱིས་རྫས་ཆེན་གཞན་རྣམས་ཀྱང་འཛོམས་གང་ཆེས་སྦྱིན་སྲེག་ཉིན་བཅུའི་བར་དུ་ཕུལ། གཞན་ཡང་དེའི་ཡན་ལག་ཏུ་ཟླ་བ་གཉིས་དང་ཞག་བཅུའི་རིང་སྒྲོལ་མ་དཀར་སྔོན་གཉིས། འཕགས་མ་རིག་བྱེད་མ། ཕྱག་རྡོར་གོས་སྔོན་ཅན། འཇམ་དཀར། མགོན་ཆོས་སོགས་ཀྱི་བསྙེན་པ་ཡང་ཁ་སྐོང་གི་སྦྱིན་སྲེག་དང་བཅས་ཚད་དང་ལྡན་པ་གནང༌། ལོ་འདི་ནས་བཟུང་སྐུ་ཚེ་ཧྲིལ་པོར་ལོ་རེ་བཞིན་སྐྱབས་མགོན་ཐམས་ཅད་མཁྱེན་པའི་སྐུ་དོན་དུ་དམིགས་ནས་སྒྲོལ་མ་དཀར་སྔོན་དམར་གསུམ་གྱི་སྦྱིན་སྲེག་ལ་སོ་སོར་མར་རྒྱ་མ་བརྒྱ་རེ། ཡམ་ཤིང་རྒྱབ་ཁལ་རེ། འབྲུ་རྣམས་འཇག་རེ། ཁྱད་པར་དུ་སྒྲོལ་མ་དམར་མོ་ལ་ཁྲོན་སུམ་ཅུ་རེའི་རིན་གྱི་སྨན་དང་རིན་པོ་ཆེ་གོས་དར་སོགས་ཆག་མེད་དུ་འབུལ་བ་གནང༌། ལོ་ལྟར་གྱི་ཟླ་བ་དང་པོའི་ཚེས་གཅིག་ནས་བཞི་པའི་བཅོ་ལྔའི་བར་ལ་མར་རྒྱ་མ་ལྔ་བརྒྱ་རེའི་མཆོད་མེ་ཡང་ངེས་ཅན་དུ་འབུལ་བ་རྣམས་འཆར་ཅན་ཡིན་ཀྱང༌། གཞན་གྱིས་མཐོང་ན་མི་ལེགས་གསུངས་ནས་ཤིན་ཏུ་སྦས་པ་ཁོ་ན་མཛད། སླར་ཡང་ཟླ་བ་གཅིག་གི་རིང་གནོད་སྦྱིན་འཁོར་ལོ་དང་གཏེར་བུམ་རྣམས་བསྒྲུབས་ཏེ་རྣམ་སྲས་གཡང་འབོད་མང་པོ་དང་བཅས་རྟེན་རྣམས་ལ་བྱིན་ཕབས། འདི་སྐབས་ཀྱི་སྒྲུབ་གྲོགས་རྣམས་དང༌། ཕྱིའི་ལས་བྱེད་མཐའ་དག་གི་ཆ་རྐྱེན་དང་ཡོན། སྦྱིན་སྲེག་གི་དགོས་ཆས་དང༌། ལོ་འཁོར་དུ་མར་རྒྱ་མ་སྟོང་ཕྲག་དུ་མས་མཆོད་མེ་ཕུལ་བ་སོགས་ཀྱི་རྒྱུ་འགྲོས་གཞན་རྣམས་ལྟ་ཞོག །གཟུངས་གཞུག་གི་ན་བཟའི་གོས་དང༌། གསེར་ཚོན་ཤོག་བུ་རྣམས་ཀྱི་རིན་ཁོ་ན་ལ་ཡང་དོང་ཙེ་ཁྲོན་ཆེ་བ་སྟོང་ཕྲག་གཉིས་བརྒལ་བ་སོང་འདུག་ལ། མདོར་ན་དེའི་གོང་དུ་ཞབས་བརྟན་བསྒྲུབ་རྒྱུའི་ཁོངས་དེར་ཕྱག་རྫས་གང་ཡོད་བཏང་བ་ལྟ་བུ་ཡིན་ཀྱང༌། འདི་རེས་ཀྱང་གཟུངས་གཞུག་སྐོར་གྱི་ལས་དོན་ཤིན་ཏུ་རླབས་ཆེ་བ་བསྒྲུབ་རྒྱུ་རྣམས་ཅུང་ཟད་ཙམ་ཡང་ཕྱག་མ་ཐོགས་པར་ཐུགས་བཞེད་བཞིན་ལྷུན་གྱིས་གྲུབ་པ་ནི། འདུལ་བ་ལུང་ལས། རྒྱལ་པོ་རྣམས་ནི་ཚིག་གིས་འགྲུབ། །ལྷ་རྣམས་བསམ་པས་འགྲུབ་པ་སྟེ། །ཚུལ་ཁྲིམས་ལྡན་པ་སྨོན་པས་འགྲུབ། །ཅེས་གསུངས་པ་ལྟར། ཚུལ་ཁྲིམས་རྣམ་པར་དག་པ་དང༌། ཐུགས་བསྐྱེད་རྨད་དུ་བྱུང་བ་ཁོ་ནའི་ནུས་མཐུར་སེམས་སོ། །ཁྱད་པར་དུ་འཕགས་མ་རིག་བྱེད་མ་ནི་སྐུ་ཚེ་དུ་མར་འབྲེལ་བའི་ལྷག་པའི་ལྷ་ཡིན་པས། སྐྱབས་མགོན་མཆོག་གི་བཀའ་བབས་པ་ལྟར་དེའི་བསྙེན་སྒྲུབ་གནང་བ་ན། བྱིན་རླབས་ཀྱི་འཇུག་པ་མངོན་མཚན་ཆེ་བ་མི་རིང་བར་བྱུང༌། དེའི་སྒྲུབ་པ་གནང་ཚུལ་རྒྱུས་མེད་པའི་སློབ་མ་ཞིག་གི་རྨི་ལམ་དུ་ཡང༌། ཉིད་ནས་དབུ་རྒྱན་ཞིག་བཞེས་ཡོད་པའི་སྟེང་དུ་བཅོམ་ལྡན་འདས་མའི་སྐུ་ལྔ་ཡོད་པ་རྨིས་པ་དང༌། ཡང་ཕྱིས་སུ་སློབ་མ་ཞིག་གི་ཉམས་སྣང་ལ་དམ་པ་ཉིད་ལྷ་མཆོག་དེའི་རྣམ་པར་བཞེངས་པའི་སྐུ་ལུས་ཤེལ་སྒོང་ལྟར་དྭངས་ཤིང་གསལ་བ། དེའི་ཐུགས་ཀའི་ས་བོན་གྱི་གོ་སར་སྐྱབས་མགོན་མཆོག་གི་ཡང་སྲིད་རིན་པོ་ཆེ་བཞུགས་པའི་སྣང་བ་ཤར་བ་སོགས་སྔ་ཕྱིར་རྟགས་ཡ་མཚན་ཆེ་བ་མང་དུ་སྣང་ངོ༌། །

དེ་ལྟར་ལོ་གཉིས་རིང་གཟུངས་གཞུག་བཞེངས་རྒྱུ་དང་སྒྲུབ་རྒྱུ་སོགས་ཚགས་སུ་ཚུད་པར་བྱས་ཏེ། ལྕགས་ཁྱིའི་ལོ་གཟུངས་གཞུག་རྒྱབ་ཁལ་སུམ་ཅུ་ཙམ་ཡོད་པ་དེ་ཐམས་ཅད་ཚོན་གྱིས་སྤྲས་པའི་སྒམ་མང་པོར་བཞུགས་སུ་བཅུག་ནས་བླ་བྲང་དུ་གདན་དྲངས། འབུལ་བའི་ཚེ་ཡང་ཉིད་ཀྱིས་ཕྱག་བསྟར་ཏེ་གཟུངས་རེ་རེ་ཙམ་ཡང་དབུ་ཞབས་མ་ལོག་ཅིང༌། སྲུབ་ཅུང་ཟད་རེ་ཙམ་ལ་ཡང་དྲི་བཟང་གི་ཕྱེ་མ་གོས་དར་གྱི་ནང་དུ་ཐུམ་བུར་བྱས་པས་བཀང་སྟེ། བར་སྟོང་ཅུང་ཟད་ཙམ་ཡང་མེད་པ་སོགས་ཕྱག་ལེན་ཤིན་ཏུ་ངོས་དག་པ་གཞན་འགྲན་མེད་པ་ལྟ་བུ་བྱུང་བས་སྐྱབས་མགོན་མཆོག་ཀྱང་ཐུགས་ཤིན་ཏུ་དགྱེས། སྤྱིར་སྔོན་གྱི་དུས་བཟང་པོ་རྣམས་སུ་བཞེངས་པ་འགའ་ཞིག་མ་གཏོགས། ཕྱིས་ཀྱི་རྟེན་གསར་བཞེངས་ལ་བྱམས་ཆེན་རྟེན་དང་བརྟེན་པ་འདི་ལྟ་བུ་ཕྱོགས་གང་དུ་ཡང་མེད་ཅིང༌། ཁྱད་པར་དུ་ནང་གི་གཟུངས་གཞུག་ལ་འདི་འདྲ་བའི་གཟུངས་སྔགས་སོགས་འཛོམས་ཆེ་ཞིང༌། བྲི་སྒྲུབ་ཐམས་ཅད་དངོས་དག་པ་དང༌། གཞན་གྱི་མིག་གིས་མི་མཐོང་བའི་སར་ཡང་རྒྱུ་གང་བཟང་གི་འགྲོས་ཤིན་ཏུ་རྒྱ་ཆེན་པོ་བྱས་པ་འདི་འདྲ་བ་གང་དུ་ཡང་མི་སྲིད་པ་ལྟ་བུ་ཡིན་ལ། དེ་ལྟར་འབྱུང་བའི་རྒྱུ་མཚན་ནི། བདེ་ལེགས་ཐམས་ཅད་ཀྱི་རྩ་བ་ལས་འབྲས་ལ་ཡིད་ཆེས་གཏིང་ཚུགས་པའི་སྟོབས་ཀྱིས་ཡིན་པར་སྣང་བས། སྐྱེ་བོ་བསོད་ནམས་གསོག་པར་འདོད་པ་རྣམས་ཀྱིས་རང་གི་སྒྲུབ་ལུགས་ཀྱང་དམ་པའི་རྣམ་ཐར་འདི་དག་དང་བསྡུར་ཏེ། ངོམ་ཆོས་ཙམ་མ་ཡིན་པར་ཆོས་རྣམ་དག་ཏུ་འགྲོ་བ་ཞིག་བྱེད་པ་གལ་ཆེའོ། །དེ་ཡང་སྔོན་གྱི་དམ་པ་གོང་མ་རྣམས་འདི་ཕྱིའི་ལེགས་ཚོགས་ཐམས་ཅད་ཀྱི་རྟེན་འབྲེལ་བླ་མ་ལ་བརྟེན་ནས་འགྲིག་པ་དགོས་པས། གནས་པ་ཚེའི་རྟེན་འབྲེལ་བླ་མ་ལ་བརྟེན་ནས་བསྒྲིགས་པ་ས་ར་ཧ་ལྟ་བུ། རྣམ་འབྱེད་ཤེས་རབ་ཀྱི་རྟེན་འབྲེལ་བླ་མ་ལ་བསྒྲིགས་པ་ཤཱ་རིའི་བུ་ལྟ་བུ། བགོ་བ་གོས་ཀྱི་རྟེན་འབྲེལ་བླ་མ་ལ་བསྒྲིགས་པ་ཐ་ག་ལི་ལྟ་བུ། བཟའ་བ་ཟས་ཀྱི་རྟེན་འབྲེལ་བླ་མ་ལ་བསྒྲིགས་པ་རྡེང་གེ་བ་ལྟ་བུ། སྤྱད་པ་ནོར་གྱི་རྟེན་འབྲེལ་བླ་མ་ལ་བསྒྲིགས་པ་མ་ཏཾ་གི་ལྟ་བུ། རྒྱན་འདོད་ཡོན་གྱི་རྟེན་འབྲེལ་བླ་མ་ལ་བསྒྲིགས་པ་ཨིནྡྲ་བོ་དྷི་ལྟ་བུ། འདུ་བ་འཁོར་གྱི་རྟེན་འབྲེལ་བླ་མ་ལ་བསྒྲིགས་པ་སུརྻ་དྷརྨ་ལྟ་བུ། སྙན་པ་གྲགས་པའི་རྟེན་འབྲེལ་བླ་མ་ལ་བསྒྲིགས་པ་ཙནྡྲ་གོ་མི་ལྟ་བུ། ནད་ཞི་བའི་རྟེན་འབྲེལ་བླ་མ་ལ་བསྒྲིགས་པ་ཁྲི་རྡིང་གརྦ་ལྟ་བུ་དགོས་པར་གསུངས་པ་བཞིན་བདག་ཉིད་ཆེན་པོ་འདི་ལ་ཡང་ཟས་གོས་ཡོ་བྱད། ནོར་འབྲུ་རྐང་འགྲོ་རིན་པོ་ཆེ་ལ་སོགས་པའི་ལོངས་སྤྱོད་ཇི་སྙེད་ཅིག་བྱུང་ན་ཡང་འཁོར་བའི་བདེ་འབྱོར་ཐམས་ཅད་ཆུ་ཤིང་བཞིན་དུ་སྙིང་པོ་ཅུང་ཟད་ཙམ་ཡང་མེད་པར་གཟིགས་པས། རང་དོན་དུ་དེ་ལ་ཞེན་ཆགས་ཅུང་ཟད་ཙམ་ཡང་མི་མཛད་ཅིང༌། རང་གཞན་གཉིས་ཀའི་བསོད་ནམས་ཀྱི་ཚོགས་རྫོགས་པའི་ཕྱིར། ཕ་རོལ་པོ་རྣམས་ཀྱིས་དད་པས་སྦྱིན་པ་ཅུང་ཟད་ཙམ་ཡང་ཆུད་ཟོས་སུ་མི་གཏོང་བར་བླ་མའི་སྐུ་དོན་གྱི་ཕྱོགས་གང་ཡང་རུང་བ་ཞིག་ཏུ་འགྲོ་ངེས་པ་དང༌། སྒོ་གསུམ་གྱི་བྱ་བ་མཐའ་དག་ཀྱང་རང་དོན་ཡིད་བྱེད་ཀྱིས་མ་བསླད་པར་བླ་མའི་ཞབས་འདེབས་སུ་འགྱུར་ངེས་པ་ཁོ་ན་མཛད། ནོར་རྫས་ལྟ་བུ་རང་ཉིད་ཀྱིས་བླ་མ་ལ་ཕུལ་ཟིན་པ་ན། དེས་ཆོས་དང་སྲིད་ཀྱི་བྱ་བ་ཅི་འདྲ་ཞིག་ཏུ་བཀོལ་ཡང༌། དེ་ཉིད་མཁའ་ཁྱབ་ཀྱི་བསྟན་པ་དང་འགྲོ་བ་མ་ལུས་པའི་དོན་ཡིན་པར་ཐེ་ཚོམ་མེད་པའི་སྟོབས་ཀྱིས་རྗེས་སུ་ཡི་རང་འབའ་ཞིག་ཏུ་འགྱུར་ལ། ད་ལྟ་འགའ་ཞིག་རང་གིས་ཕུལ་བའི་རྫས་དེ་བླ་མས་སྲིད་སྐྱོང་གི་ཕྱོགས་ལྟ་བུར་བཏང་ན་ཆུད་ཟོས་སུ་སོང་སྙམ་དུ་འགྱོད་པ་བྱེད་པ་ནི་མཛད་པ་དེ་ཡང་དགོས་དབང་གིས་དེ་ལྟར་བསྟན་པ་དོན་ཆེན་པོ་ཅན་ཡིན་པ་མ་ཤེས་པར། འཇིག་རྟེན་རང་དགའ་བའི་བྱ་བ་ལྟ་བུར་བཟུང་བའི་སྐྱོན་ཡིན་ལ། གང་ཟག་གཅིག་གི་སྤྱོད་པར་སངས་རྒྱས་ཀྱི་མཛད་པ་ཡིན་མིན་གྱི་ཆ་གཉིས་འབྱུང་ཚུལ་མེད་པས། ཁ་ནས། བླ་མ་སངས་རྒྱས་བླ་མ་ཆོས། །ཞེས་ཅི་ཙམ་སྨྲས་ཀྱང༌། དོན་ལ་དེ་ཉིད་རང་དང་སྐལ་བ་མཉམ་པའི་འཇིག་རྟེན་པ་དང༌། མཛད་པ་མཐའ་དག་པ་འཇིག་རྟེན་པའི་སྤྱོད་པར་བཟུང་བའི་རང་མཚང་ཕྱིར་བསྟན་པ་ཁོ་ན་ཡིན་ཏེ། སྒྲ་བསྒྱུར་མར་པས་ནོར་རྫས་གང་ཡོད་གསེར་དུ་བསྒྱུར་ནས་ནཱ་རོ་པ་ལ་ཕུལ་བ་ན། དེས་ནམ་མཁའ་ལ་གཏོར་ཡང་སློབ་མའི་ཚོགས་རྫོགས་པར་བཤད་ཀྱི། ཆུད་ཟོས་སུ་སོང་བར་མ་གསུངས་སོ། །འདིའི་ལོ་སྔ་ཕྱི་ཅི་རིགས་པར་ཆོས་བཞིན་དུ་སྤྱོད་པའི་སློབ་མ་དོན་གཉེར་ཅན་འགའ་ཞིག་གིས་གསོལ་བ་བཏབ་པ་ལྟར། འཇམ་མགོན་བླ་མའི་གསུང་གི་སྙིང་པོ་བྱང་ཆུབ་ལམ་གྱི་རིམ་པ་ཆེན་མོའི་བཤད་ལུང་ཞིག་ཀྱང་སྩལ་ལ། གཞན་ཡང་ཆོས་བཀའ་ཐོར་བུ་བ་འགའ་ཞིག་གནང༌། ཕག་ལོའི་སྟོན་སྐྱབས་མགོན་ཐམས་ཅད་མཁྱེན་པ་སྐུ་ཁམས་མ་བདེ་བའི་སྐབས་ཞབས་བརྟན་གཏོས་ཆེ་བ་ཉིན་མཚན་མེད་པར་བསྒྲུབས། སྐབས་ཤིག་ཏུ་ཞབས་འབྲིང་བ་འགའ་ཞིག་ལ་ངའི་རྨི་ལམ་དུ་ནམ་མཁའ་ན་རྗེ་བཙུན་འཇམ་དབྱངས་ཀྱི་སྐུ་ཞིག་འདུག་པ་རིམ་གྱིས་ཇེ་མཐོ་ཇེ་མཐོར་སོང་སྟེ། མཐར་ནམ་མཁའི་དབྱིངས་སུ་མི་མངོན་པར་ཐིམ་སོང་བ་ཞིག་རྨིས། བསྟན་པའི་གེགས་ཆག་དང་སྙིགས་མའི་སྐྱེ་བོ་བསོད་ནམས་ཟད་པའི་སྟོབས་ཀྱིས་གསོལ་བ་ཐེབས་པ་ཞིག་མི་ཡོང་བ་འདྲ་གསུངས། བཅུ་གཅིག་པའི་ཚེས་ལ་རྡོ་རྗེ་འཆང་ཆེན་པོ་དག་པའི་ཞིང་དུ་དགོངས་པ་གཏད་པའི་གནས་ཚུལ་གསན་མ་ཐག་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མེད་དུ་བྱས་ཏེ་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པ་བསམ་གྱིས་མི་ཁྱབ་པ་ཕུལ། རྗེས་འཇུག་ཐམས་ཅད་ལ་ཡང་ཞལ་ཏ་གནང་སྟེ། ད་རང་རེ་རྣམས་མྱ་ངན་བྱས་པ་ཁོ་ནས་གོ་མི་ཆོད། བླ་མ་ཐུགས་རྗེ་ཅན་དེས་དུས་ཉིན་མཚན་ཀུན་ཏུ་ཐུགས་ལ་བཅང་རྒྱུ་ནི་སངས་རྒྱས་ཀྱི་བསྟན་པ་ཁོ་ན་ཡིན། བསྟན་པ་སྤྱི་ཁྱབ་ཀྱི་དོན་ལ་རང་རེ་ལྟ་བུས་སྨོན་ལམ་རེ་འདེབས་པ་མ་གཏོགས་ས་ཆོད་ཆེན་པོ་མི་ཡོང་ཡང༌། རང་རང་གི་སྟེང་ལ་བབས་པའི་བསྟན་པའི་བྱ་བ་རེ་ཡོད་པ་དེ་མ་ཤོར་བ་བྱེད་དགོས། དེའི་ཡང་རྩ་བ་ལྟ་བུ་རང་གིས་ཁས་བླངས་པའི་ཚུལ་ཁྲིམས་རྣམ་པར་དག་པ་བསྲུང་རྒྱུ་འདི་ཡིན། དེ་བྱས་ན་བླ་མའི་དགོངས་པ་ཡང་རྫོགས། རང་གི་དོན་ཡང་འགྲུབ་པས་བསྒྲིམ་དགོས་ཞེས་སོགས་ཞལ་ཏ་རུས་པ་ཅན་མང་དུ་གནང་སྟེ། མངོན་མཚན་ཆུང་ལ་ས་ཆོད་ཆེ་བའི་དགོངས་རྫོགས་བླ་ན་མེད་པ་བསྒྲུབས། བྱི་བའི་ལོ་མགོར་བླ་བྲང་ཞབས་སྡོད་རྣམས་གྲོས་མཐུན་གྱིས་བླ་མའི་སྐུ་དོན་མ་གཏོགས་བསམ་རྒྱུ་མེད་པ་ལ་ཁོང་ལས་ལྷག་པ་མི་རྙེད་པས། སྐྱབས་མགོན་མཆོག་གི་ཡང་སྲིད་མྱུར་ཕེབས་ཀྱི་རིམ་གྲོ་གཙོ་ཆེར་ཉིད་ནས་འགན་ཁུར་བཞེས་དགོས་ཚུལ་ཞུས་ཏེ་བླ་བྲང་དུ་གདན་དྲངས། འོན་ཀྱང་མཆོད་པའི་ཡོ་བྱད་བསམ་གྱིས་མི་ཁྱབ་པ་སོགས་ཤས་ཆེར་ཉིད་ཀྱི་ཕྱག་རྫས་སྟེང་ནས་བཏོན་ཏེ་སྒྲོལ་མ་མཎྜལ་བཞི་པའི་ཆོ་ག་མང་དུ་བསྒྲུབས། ལོ་དེར་སྐུ་གདུང་གི་མཆོད་རྟེན་ཆེན་པོ་བཞེངས་བཞིན་པར་ཡོད་པས། དེའི་གཟུངས་གཞུག་ཀྱང་སྔར་རྒྱུན་ལྟར་ཉིད་ནས་བཀོད་ཁྱབ་བཀའ་དྲིན་སྐྱོང་དགོས། ད་ལན་ཆ་རྐྱེན་གང་དགོས་བླ་བྲང་གི་ཕྱག་རྫས་ནང་ནས་འགྲོ་བ་ཞིག་བྱེད་དགོས་ཞུས་པར། སྐུ་གདུང་མཆོད་རྟེན་གྱི་ཞབས་འདེགས་ཞུ་རྒྱུ་བྱུང་བ་རང་སྐལ་བ་བཟང་བས་ཅིས་ཀྱང་ཁུར་ལེན་བྱེད། ཆ་རྐྱེན་འཕྲལ་དུ་མི་དགོས་པས་སླར་རིམ་གྱིས་ཞུས་ཆོག་པ་བྱེད་གསུངས་ཀྱང༌། ཕྱིས་སུ་ནང་ནས་ཅུང་ཟད་ཀྱང་མ་བཞེས་པར་རང་གི་ཕྱག་རྫས་ཁོ་ནའི་སྟེང་ནས་སྔར་བཞིན་གཟུངས་གཞུག་ཐམས་ཅད་བྲི་སྒྲུབ་སོགས་ལོ་གཅིག་པུའི་ཁོངས་དེར་ཚགས་སུ་ཚུད་ངེས་མཛད་ནས་གླང་གི་ལོ་མགོར་འབུལ་བ་གནང༌། མ་ཅིག་ལབ་སྒྲོན་གྱིས་གནང་བའི་དགོན་གནས་འདིའི་སྐོར་གྱི་མ་འོངས་ལུང་བསྟན་ཞིག་ཏུ། ཀླུ་བདུད་ཕྱོགས་སུ་མཆོད་རྟེན་རྩིགས། །ཞེས་པའི་ལུང་བསྟན་དུས་བབས་ཀྱིས་དགོན་པའི་བྱང་ཤར་ངོས་སུ་མཆོད་རྟེན་ཞིག་བཞེངས་དགོས་བྱུང་བའི་ཚེ། ཁོ་བོ་ཅག་ཚོགས་འདུ་མང་དང་བཅས་ནས་མཆོད་རྟེན་གྱི་ཕྱིའི་ཆག་ཚད་ནང་གི་གཟུངས་གཞུག་ཐམས་ཅད་ཀྱང་ཚད་དང་ལྡན་པ་གནད་དུ་འགྲོ་ངེས་ཤིག་དགོས་འདུག་པས། ཉིད་ནས་ཐུགས་ཁུར་བཀའ་དྲིན་སྐྱོང་དགོས་ཞུས་པར་དགྱེས་བཞིན་ཞལ་གྱིས་བཞེས། ལྗགས་བཀོད་ཞིབ་མོ་མཛད་དེ་རྒྱུན་དུ་བཅར་སྡོད་ཀྱི་དོ་དམ་དགེ་སློང་མཁས་མཆོག་གིས་བགྱིས་ཤིང༌། གཟུངས་གཞུག་རྣམས་ཉིད་ཀྱིས་ཐུགས་ཁུར་བཞེས་ཏེ་ཕུལ་དུ་ཕྱིན་པ་བསྒྲུབས། མཆོད་རྟེན་ལས་མགོ་ཚུགས་མ་ཐག་ལྷོང་གི་རྣམ་པས་འཚུབ་ཆེ་ཙམ་བྱུང་ཡང༌། ལེགས་པར་གྲུབ་པ་ནས་བཟུང་དགོན་པའི་ཆོས་སྲིད་ཀྱི་བྱ་བ་མཐའ་དག་ལ་ཕན་པ་ཤིན་ཏུ་ཆེ་བས་བཀའ་དྲིན་བླ་ན་མེད་པར་གྱུར། སྐྱབས་མགོན་མཆོག་སྤྲུལ་རིན་པོ་ཆེའི་ཞབས་བརྟན་དུ་མདོ་སྡེ་བསྐལ་བཟང་ཤོག་བུ་རེ་ལ་གསེར་ཤོག་སྟོང་བམ་རེ་འགྲོ་ངེས་བྱས་པ་གཅིག་དང༌། གསེར་དངུལ་སྤེལ་མས་བྲིས་པ་ཚར་གཅིག །སྒྲོལ་དཀར་གྱི་བསྟོད་པ་འཁོར་བ་ལས་སྒྲོལ་མ་ཚར་རེ་ལ་སྔགས་ཚར་རེ་བཏགས་པ་སྟོང་ཕྲག་གཅིག་རྣམས་ཡིག་གཟུགས་ལེགས་ཤིང་དག་ཐོན་པར་བྱས་ཏེ་བྲིས། གཞན་ཡང་མཆོག་སྤྲུལ་མྱུར་གསལ་གྱི་དོན་དུ་གསེར་ཐང་དུ་མ་དང༌། མདོ་རྒྱུད་གསུང་རབ་མང་དུ་བཞེངས་ཡོད་འདུག་ཀྱང་ཞིབ་ཆ་མ་ངེས། དེ་སྐབས་རྒྱུད་གྲྭ་དང་འབུམ་ཁང་རི་ཁྲོད་གཉིས་སྐུ་གསུང་ཐུགས་རྟེན་མང་བས་ཡུལ་གྱི་བཅུད་ལྟ་བུ་དང༌། ཆོ་ག་ཕྱག་ལེན་རྣམ་པར་དག་པས་གསོན་གཤིན་ཀུན་གྱི་དོན་ལ་བསོད་ནམས་ཀྱི་ཞིང་སར་འགྱུར་ངེས་པ། ཡུལ་ཕྱོགས་གཞན་ཀུན་ཀྱང་ཡིད་སྨོན་འཆའ་བའི་གནས་སུ་ཡོད་པ་ལ། ཡུལ་མིའི་བསོད་ནམས་ཀྱིས་མ་འཆུན་པ་དང༌། ཕྱི་ནང་ནས་བདུད་རིགས་དུ་མ་དཔུང་བསྒྲིལ་ཏེ་རང་གི་ཕན་བདེའི་རྩ་བ་རང་གིས་བཤིག་པར་མ་ཟད་དམ་པ་འདིའི་སྐུ་ལ་བསྡོ་བའི་བསམ་སྦྱོར་ངན་པ་མང་དུ་བརྩམས་པ་ན། སྨྲ་ཚང་དཀའ་བཅུས་དམ་ཉམས་འདི་དག་གི་སྙིང་གདོན་གྱིས་བརླམས་ནས་ཅི་བྱེད་མི་འདུག་པས་གཞན་ཞིག་ཏུ་བྱོལ་ན་ཞེས་སྙིང་ཐག་པ་ནས་ནན་ཞུས་བྱས་པར། ཁྱེད་སེམས་མི་བདེ་མི་དགོས། ང་ལ་ཡང་སྐྱབས་མགོན་དེ་ཉིད་ཀྱི་བྱིན་རླབས་ཅུང་ཟད་ཞུགས་ཡོད་པས། འདི་ཚོ་འདྲ་བ་ཞིག་གིས་ཐུབ་མི་ཡོང་གསུངས། རྒྱུན་པར་སྦས་པའི་བརྟུལ་ཞུགས་ཁོ་ན་མཛད་ཀྱང༌། དེའི་ཚེ་ཁོ་ཤིན་ཏུ་སེམས་མ་བདེ་བ་ལ་སྙིང་རྗེ་ནས་གདེང་ཚད་ཀྱི་གསུང་ཕེབས་པར་སྣང༌། ད་ལྟ་གྲུབ་པའི་དབང་པོར་གྲགས་པ་ཕལ་ཆེར། ཁ་ངོམས། ལྟོ་འགྲང༌། སོས་དལ་བའི་ཚེ་མངོན་ཤེས་དང་གྲུབ་རྟགས་ཡོད་ཡོད་འདྲ་ཡང༌། གལ་ལ་ཐུག་པའི་ཚེ་གཏད་སོ་མེད་པར་ཨུ་ཐུག་ནས་སྡོད་པར་སྣང་བས། དེ་ལྟ་བུའི་རྐྱེན་ངན་རུ་འཛིང་གི་ཚེ་ཅུང་ཟད་ཙམ་ཡང་བག་ཚ་བ་མེད་པར། བླ་མ་ལ་བློ་ཁེལ་བའི་གདེང་ཐུབ་པ་ནི་གྲུབ་པའི་རྣམ་ཐར་ངོ་མཚར་བ་ཞིག་གོ །སྤྱིར་བླ་མ་དེ་ཉིད་སངས་རྒྱས་ཡིན་ཀྱང༌། དེའི་ཚོད་ཀྱི་བྱིན་རླབས་འབྱུང་བ་ལ་སློབ་མས་དེ་སངས་རྒྱས་དངོས་སུ་མཐོང་དགོས་ཤིང༌། བྱང་སེམས་སུ་མཐོང་ན་དེའི་ཚོད་ཀྱི་བྱིན་རླབས་དང༌། སོ་སྐྱེ་ཕལ་བར་མཐོང་ན་བྱིན་རླབས་གཏན་མི་འཇུག་པས། བྱིན་རླབས་ཆེ་ཆུང་སློབ་མ་རང་ཉིད་ལ་རག་ལས་པ་ཡིན་ཏེ། སྔོན་འབྲི་གུང་འཇིག་རྟེན་མགོན་པོས་ཕག་མོ་གྲུ་བ་བླ་མར་བསྟེན་ཏེ། མོས་གུས་ཁོ་ན་བསྒོམས་པས་རྟོགས་པ་ཀློང་དུ་གྱུར་ཏེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོར་སོང་བ་ན། ཕག་གྲུའི་སློབ་མ་ཙ་རི་པ་ཟེར་བས། ངེད་གཉིས་བླ་མ་མི་གཅིག་པར་སྣང༌། ཁོའི་བླ་མ་སངས་རྒྱས་སུ་འདུག །ངའི་བླ་མ་དགེ་བཤེས་ཁམས་པ་ཡིན་ཞེས་བཤད་པའི་དཔེར་སྣང་ངོ༌། །སྐྱབས་མགོན་ཉིད་ལ་ཡང༌། བོད་ཡུལ་གྱི་རྡོ་རྗེ་གདན་དཔལ་གྱི་ས་སྐྱ་མན་ཆོད་ནས། ཤར་རྒྱ་མཚོའི་མཐའ་ཚུན་ཆད་དུ་མཁས་གྲུབ་ཀྱི་སློབ་མ་ནམ་མཁའི་སྐར་ཚོགས་ལྟ་བུ་ཡོད་ཀྱང༌། མོས་གུས་ཀྱི་རྩེར་སོན་པ་ནི་སྐྱེས་མཆོག་འདི་ཉིད་ཡིན་པས། ཐར་པ་རྩེར་མཇལ་སྐབས་ཤིག་ཏུ་ཡང༌། དད་པ་ཅན་གྱི་སྒོམ་ཁང་ན། །བླ་མ་སྒོ་ཉལ་བྱེད་ཀྱིན་ཡོད། །ཅེས་མི་འབྲལ་བའི་ཞལ་བཞེས་མཛད་པ་འདི་འདྲ་གཞན་སུ་ལ་ཡང་གསུང་བ་མི་སྣང་ངོ༌། །དེ་ནས་སྙིགས་མའི་དུས་ཀྱི་དགོན་སྒྲུབ་སྡེ་སོགས་ཀྱང་རེ་གཉིས་ཙམ་མ་གཏོགས་ཕལ་ཆེར་བསྟན་པའི་ཞབས་འདེགས་སུ་འགྱུར་བ་ལས་ཞབས་འདྲེན་དུ་འགྲོ་བ་མང་ཞིང༌། སྐྱེ་བོ་སྐལ་དམན་རྣམས་ཀྱིས་སྡིག་པ་གསོག་པའི་རྒྱུར་འགྲོ་བ་སོགས་དགག་བྱ་མང་དུ་གཟིགས་པས་ཐུགས་སྐྱོ་ནས། འདི་འདྲའི་རིགས་ཀྱི་འཛིན་བདག་མི་བྱེད་པར་དགོངས་པ་ན། བུ་སློབ་རྣམས་ཀྱིས་དགོན་གནས་ཤིག་འདེབས་དགོས་པའི་ཞུ་བ་ནན་ཏན་དུ་ཕུལ་ཀྱང་མ་གསན། དེ་ནས་ཉིད་ཀྱི་རྩ་བའི་བླ་མ་ཁ་གྲོན་ནང་པ་དང༌། རེབ་ཚའི་བྲག་སྒོམ་པ། འདུལ་འཛིན་ཡེ་ཤེས་རྒྱ་མཚོ་རྣམས་ཀྱིས་ཀྱང་དངོས་དང་གསུང་འཕྲིན་ཅི་རིགས་ཀྱི་སྒོ་ནས་བསྟན་པའི་ཐ་མ་འདིར་སེམས་ཅན་རེ་རེ་ཙམ་ལ་ཡང་ཕན་པའི་ཕྱིར། སྙིང་སྟོབས་སྐྱེད་དགོས་པའི་དུས་ཡིན་པས་ཅི་ནས་ཀྱང་དགོན་པ་ཞིག་འདེབས་དགོས་ཚུལ་ནན་ཆེ་བའི་གསུང་མ་བཟློག་པ་དང༌། གཙོ་ཆེར་ད་དུང་ཡང་དམུ་རྒོད་ཀྱི་སའི་མཐའི་འདིར་སྐྱབས་མགོན་མཆོག་གི་འཕྲིན་ལས་བདུད་རྩིའི་ཆབ་རྒྱུན་འདྲེན་པའི་འབབ་སྟེགས་སུ་དགོངས་ཏེ་ཞལ་གྱིས་བཞེས། དེ་ནས་རུ་སྟོད་མའི་སེར་སྐྱ་ཐམས་ཅད་མགྲིན་གཅིག་གིས་ཁོང་ཚོའི་ས་དེར་འདེབས་དགོས་པར་ཞུས་པ་བཞིན་དུ་ཐུགས་ཐག་བཅད། དེའི་སྟོད་སྨད་ཀྱིས་གནས་ཁ་ཤས་ལ་བརྟག་པ་གནང་བར་ད་ལྟའི་དགོན་གནས་འདིར་བབས་པས། ཞལ་སློབ་འགའ་ཞིག་གིས་དེ་ཧ་ཅང་དགྲ་ཇག་གི་སར་སོང་བས་མི་འཐད་ཚུལ་ཞུས་པ་ན། འོ་ན་དཔེ་མོ་ཞིག་འདེབས་གསུངས་ནས་རིག་བྱེད་མའི་ཆོས་སྐོར་གྱི་མཚམས་ཤིག་ནས་ཞལ་ཕྱེས་པར། གཞན་སྡེའི་མཚོན་འགོག་གོ་ཆ་མ་བགོས་ཤིང༌། །ཕ་རོལ་གཞོམ་པའི་དཔུང་ཚོགས་གྲོགས་མེད་པར། །ཁམས་གསུམ་གནས་པའི་ཆེ་བཙན་སྟོབས་ལྡན་གྱི། །གཡུལ་ལས་རྣམ་རྒྱལ་རིག་བྱེད་ལྷ་ཁྱོད་དཔའ། །ཞེས་བབས་འདུག་པ་གཟིགས་ཏེ། འོ་འདི་འདྲ་ཞིག་བབས་ཡོང་སྙམ་པ་ཡོད་གསུངས་པར། ཐམས་ཅད་ཡིད་ཆེས་སྐྱེས་ནས་སྔ་མའི་གསུང་སྟེང་དུ་བཞག །དེ་ནས་དགུང་ལོ་ང་བཞི་པ་མེ་ཕོ་འབྲུག་གི་ལོ་སྟོན་པས་ཤེར་ཕྱིན་གྱི་མདོ་དང་དུས་འཁོར་རྩ་རྒྱུད་གསུངས་པའི་དུས་ཆེན་ཁྱད་པར་ཅན་ནག་ཟླའི་ཉ་ལ་གནས་དེར་ཕེབས་ནས་བཀྲ་ཤིས་གསོ་སྦྱོང་དང༌། ཤེར་ཕྱིན་སྟོང་ཕྲག་བརྒྱ་པའི་ལུང་གི་དབུ་བཙུགས། ཐོག་མར་ས་འདུལ་གྱི་སྐབས་སུ་བུད་མེད་དར་དམར་པོའི་སྟོད་གཡོགས་ཅན་ཞིག་ལ་ཐོག་མར་ས་བརྐོར་བཅུག་པ་སོགས་རྟེན་འབྲེལ་གྱི་བཅོས་པ་ངོ་མཚར་བ་འགའ་ཞིག་གནང་བ་ནི་དགོངས་གཞི་ཁྱད་པར་ཅན་ཞིག་ཡོད་པར་མངོན་ཏེ། དེའི་སྔོན་ཙམ་ལ་རུ་སྟོད་མའི་མི་ཚང་རེ་རེའི་སྒོར་བུད་མེད་མདའ་དར་བཟུང་བ་རེ་རེ་ཡོད་པ་དང༌། གནས་དེའི་རི་ཀླུང་ཐམས་ཅད་འཆར་ཀའི་མཚམས་སྤྲིན་གསར་པ་ལྟ་བུའི་འོད་ཀྱིས་ཁྱབ་པ་སོགས་མནལ་ལྟས་ངོ་མཚར་བ་མང་དུ་བྱུང་སྣང་ངོ༌། །གནས་དེར་དོན་གཉེར་ཅན་དུ་མ་ལ་བྱང་ཆུབ་ལམ་རིམ་ཆེན་མོ་མཆན་སུམ་སྦྲགས་ཀྱི་སྟེང་ནས་བཤད་ལུང་ཤིན་ཏུ་རྒྱས་པ་དྲི་མ་མེད་པའི་རིགས་པ་དང༌། ཤེས་བྱེད་ཀྱི་ལུང༌། གསལ་བྱེད་ཀྱི་དཔེ། དམ་པ་གོང་མ་དུ་མའི་བཤད་རྒྱུན་སོགས་ཀྱིས་བརྒྱན་པས་ཤིན་ཏུ་འབྱམས་ཀླས་ཤིང༌། དེ་ཡང་ཕྱི་ནས་ཕར་མདའ་སྒྲོན་པ་བཞིན་ནན་གྱིས་སྦྱར་བ་དེ་འདྲ་མ་ཡིན་པར། སྙེ་མ་ནང་ནས་འབུས་པ་བཞིན་ཉམས་མྱོང་གི་ཁོག་ནས་འོངས་པའི་གང་གསུངས་མཐའ་དག་གོ་རྒྱུ་གཏིང་ཟབ་ཅིང༌། ཉམས་ལེན་ཁོ་ནར་འབབ་པ། སེམས་ངོ་ལ་ལྷན་གྱིས་འབྱར་འགྲོ་བ་ཞིག་གནང་བས་ཉན་པ་པོ་མཐའ་དག་བློ་ཤིན་ཏུ་འཁུལ་བ་བྱུང༌། བཤད་ལུང་གནང་རྒྱུའི་ཐོག་མར་རྗེ་བཙུན་འཇམ་དབྱངས་ཀྱི་རྗེས་གནང་ཞིག་སྩལ་འདུག་པ་ཡང་དགོས་པ་ཁྱད་པར་བ་ཞིག་ཡོད་པར་སེམས། ཉིན་གཅིག་དེ་དང་ཧ་ཅང་ཐག་མི་རིང་བའི་ས་ཞིག་ནས་འཐབ་འཛིང་ཞིག་བྱུང་སྟེ་འགའ་ཞིག་དགོན་པའི་ནང་དུ་བྲོས་ཡོང་བ་ན། ཕ་རོལ་པོ་དེ་དག་གི་རྗེས་བསྙེགས་ནས་འོངས་ཏེ། ཁོང་དཔོན་སློབ་རྣམས་ཀྱིས་ཕྱིར་བཤོལ་བ་ལ་ཡང་ཚིག་ངན་སྣ་ཚོགས་སྨྲས། མཚན་མོ་དེར་བྲག་མགོན་པོའི་མདུན་རེའི་རྩེ་ནས་འཇའ་དཀར་པོ་འོད་དང་ལྡན་པ་ཞིག་བྱུང་བ་དགོན་པའི་རྒྱབ་རིའི་ངོས་སུ་ཟུག་པ་བྱུང་བས། ཕྱི་ཉིན་བཀའ་ཆོས་ཀྱི་སྐབས་སུ་ཁ་སང་ངེད་རྣམས་ལ་ངན་སྨྲས་བྱས་པ་དེར་ཡུལ་ལྷ་དཀར་ཕྱོགས་པ་རྣམས་མ་དགྱེས་འདུག །འོན་ཀྱང་རང་གཞན་སུ་ལ་ཡང་གནོད་འཚེ་མ་བྱུང་ན་ལེགས་པས། ཐམས་ཅད་ཀྱིས་དེ་ཐུགས་ལ་བཟུང་ནས་འཕྲིན་ལས་བཅོལ་དགོས་གསུངས་ཏེ། དཀར་གཏོར་བསྔོ་བ་སོགས་མཛད་ཀྱང་ཟློག་མ་ཐུབ་པར་དེ་ཕྱོགས་སུ་སེར་བ་དྲག་པོ་བབས་ཤིང༌། ནད་འཁྲུག་སོགས་ཉེར་འཚེ་སྣ་ཚོགས་བརྒྱུད་མར་བྱུང༌། ད་ལྟ་རང་དོན་ལ་བབས་པའི་ཚེ་མིག་གི་ལྟ་ལུགས་ལེགས་ཉེས་ཙམ་ཡང་མི་བཟོད་ཀྱང༌། བླ་མའི་སྐུ་དགྲ་དང་བསྟན་པའི་སྤྱི་དགྲ་སོགས་ལ་བྱམས་སྙིང་རྗེ་ཁོ་ན་སྒོམ་པའི་བྱང་སེམས་རྣམས་དང༌། དམ་པ་འདིའི་མཛད་སྤྱོད་གཉིས་འགལ་བ་ལྟག་སྤྲོད་ཁོ་ནར་སྣང་བས། གདུག་ལ་རྟག་ཏུ་བྱམས་བྱེད་པ། །ཞེས་པའི་རྩ་ལྟུང་གི་ངོས་འཛིན་མ་འདྲ་བ་ཡིན་ནམ་སྙམ། ཉིད་ནས་གསུང་བཀོད་གནང་སྟེ་ལོ་གཉིས་ཀྱི་རིང་གཟིམས་ཁང་དང་གྲྭ་ཤག་དྲུག་ཅུ་སྐོར་སོགས་ལེགས་པར་བསྒྲུབས། དེའི་ཞར་ལ་ཕྱོགས་སོ་སོར་ཕེབས་ཏེ་དོན་གཉེར་ཅན་རྣམས་ལ་རང་རང་གི་མོས་པ་ལྟར་གྱི་འདོད་ཆོས་མཐའ་ཡས་པ་གནང་བ་དང༌། བླ་བྲང་དུ་ཡང་ལན་མང་པོར་ཕེབས་ནས་ཡང་སྲིད་རིན་པོ་ཆེའི་སྐུ་དོན་གྱི་རིམ་གྲོ་རྒྱ་གང་ཆེ་ལོ་རེ་བཞིན་གྱི་དཀྱུས་མ་དང༌། སྐབས་ཐོབ་ཀྱི་རིམ་གྲོ་འཕར་མ་མང་དུ་བསྒྲུབས། ལན་གཅིག་བླ་བྲང་ཆེན་མོར་རྣམ་སྲས་བསྙེན་སྒྲུབ་ཅིག་གནང་བའི་སྐབས། མཚོ་ཆེན་པོ་ཡིད་དུ་འོང་བ་མེ་ཏོག་གིས་བརྒྱན་པ་ཞིག་ཏུ་བ་དམར་པོ་གཉིས་འགྲོ་འོང་བྱེད་པའི་སྣང་བ་དང་མནལ་ལྟས་ཡ་མཚན་པ་འགའ་ཞིག་རྨིས་ཤིང༌། དགེ་སློང་བྱམས་པ་སོགས་སྐུ་འཁོར་འགའ་ཞིག་ལ་ཡང་རྨི་ལམ་ངོ་མཚར་ཅན་སྣ་ཚོགས་བྱུང་སྣང༌། སྦྲུལ་ལོའི་སྟོན་མཇུག་གནས་ཆུང་གི་སྐུ་རྟེན་ཞིག་ལ་ཡང་སྲིད་རིན་པོ་ཆེའི་དོན་གྱི་དྲི་བ་གནང་བའི་ཚེ། ཁྱེད་སྐྱེས་བུ་དམ་པ་ཡིན། སྐྱབས་མགོན་རིན་པོ་ཆེའི་ཡང་སྲིད་གང་ཡིན་ངེད་ཀྱིས་བཤད་མི་དགོས། ཁྱེད་ཀྱི་ཐུགས་ན་ཡོད་པ་དེ་ཡིན་མོད། ཅེས་གསུངས་འདུག །སྐུ་རྟེན་དེ་ལ་ངེད་ཀྱིས་དྲིས་པའི་ཚེ་ཡང་སྲིད་འཁྲུལ་མེད་རོང་པོའི་ཤ་བི་ནང་ན་ཡོད་པ་དེ་ཡིན་ཞིང༌། ཁ་སང་ཟླ་བ་བརྒྱད་པའི་ནང་དུ་ཐག་ཡང་བཅད་ཚར་ཡོད་ཟེར་བྱུང༌། སླར་རྩད་བཅད་པ་ན་དེ་གོང་ཙམ་ལ་དགེ་སློང་བྱམས་པས་སྐྱབས་མགོན་རིན་པོ་ཆེའི་ཡང་སྲིད་འདི་ལ་ཡང་དོགས་གནས་མང་པོ་ཡོད་པ་དང༌། དེང་སང་བསྟན་པའི་གེགས་འཚུབ་ཀྱང་ཤིན་ཏུ་ཆེ་བའི་སྟབས་ཀྱིས་འཁྲུལ་མེད་ཅིག་ལག་ཏུ་འོང་མི་འོང་ཅི་འདྲ་ཡིན་ཞེས་སེམས་ཁྲལ་བྱས་པ་ན། ཁོང་རིན་པོ་ཆེ་ནས་ཁྱོད་སེམས་ཁྲལ་བྱེད་མི་དགོས། ད་དུང་སངས་རྒྱས་ཀྱི་བསྟན་པ་འདི་དེ་ཙམ་གྱི་ཚོད་ལ་མ་སླེབ་པས་སྐྱེས་བུ་དམ་པའི་ཐུགས་བསྐྱེད་ཀྱིས་བསླུས་མི་ཡོང༌། སྐྱབས་མགོན་མཆོག་གི་ཡང་སྲིད་ཀྱང་ཕལ་ཆེར་རོང་པོ་ཤ་བི་ནང་གི་དེ་ཡིན་འགྲོ་མོད་གསུངས་འདུག་པས། སྔ་ཕྱི་ཐམས་ཅད་ཁོག་གཅིག་ཏུ་འབབ་པར་སྣང༌། དགུང་ལོ་ང་དྲུག་པ་ས་རྟའི་ལོ་བླ་བྲང་དུ་ཕེབས་ནས་སྐྱབས་མགོན་མཆོག་གི་སྤྲུལ་བའི་སྐུ་གདན་སར་ཕེབས་རྒྱུའི་དོན་ལ་དམིགས་བསལ་གྱི་སྐུ་རིམ་མང་པོ་བསྒྲུབས། ཁྲི་འདོན་གྱི་ལེགས་འབུལ་བཏེག་པ་ན། མཆོག་སྤྲུལ་རིན་པོ་ཆེ་ནས་ཀྱང་གཞན་དང་མི་འདྲ་བའི་དགྱེས་ཉམས་ཆེ་བ་མཛད་ཅིང༌། ཉིད་ལ་ཡང་དག་པའི་གཟིགས་སྣང་ཁྱད་དུ་འཕགས་པ་ཞིག་བྱུང་འདུག །དམེ་བོའི་དགོན་གསར་གྱི་ཡང་བྱ་བྱེད་མཐའ་དག་གི་མགོ་འདྲེན་བཀོད་ཁྱབ་ཉིད་ནས་མཛད་ཅིང༌། སྔ་ཕྱིར་མཆོད་རྫས་སོགས་གང་དགོས་ཀྱི་གནང་ཆ་ཡང་སྤམ་མཐོ་བ་སྩལ། དགོན་འདེབས་རྒྱུའི་དོན་ལ་བརྟག་པ་གནང་བའི་ཚེ། གསང་བ་འདུས་པའི་ལྷག་མོས་འོད་གསལ་དུ་སྡུད་པའི་རིམ་པ་དེ་ཉིད་ཇི་ལྟ་བ་བཞིན་རྨི་ལམ་དུ་འཆར་བ་ཞིག་བྱུང་གསུངས་པ་ནི། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །སངས་རྒྱས་དཀྱིལ་འཁོར་བསྒོམ་པར་བྱ། །ཞེས་གསུངས་པ་བཞིན་འོད་གསལ་དེ་ཉིད་ལྷའི་འཁོར་ལོ་མཐའ་དག་གི་འབྱུང་གནས་ཡིན་པས། དེ་དག་གི་རྣལ་འབྱོར་སྒྲུབ་པ་པོ་འདུས་པའི་དགེ་འདུན་དཀོན་མཆོག་དམ་པ་རིག་པ་འཛིན་པའི་སྡེ་ཞིག་འཆག་རྒྱུའི་མཚན་མ་ཡིན་ནམ་སྙམ། གཞན་ཡང་སྣང་བ་དེ་ལྟ་བུ་རང་དགའ་བས་ཉིན་མོ་ནན་ཏན་དུ་གསལ་བཏབ་ཀྱང་མི་འཆར་བ་ཞིག །དམ་པ་འདིར་རྨི་ལམ་ན་ཡང་ཇི་ལྟ་བ་བཞིན་འཆར་བ་ནི། བསྲེ་འཕོའི་མན་ངག་གི་སྒོ་ནས་གོ་འཕང་མཐོན་པོར་སླེབས་པའི་ཁྱད་ཆོས་མཁས་པས་ཡ་མཚན་གྱི་གནས་ཤིག་གོ །འདུ་ཁང་གི་ཤིང་ཆ་འདྲེན་སྐབས་ཤོག་པའི་ནང་དུ་འཐེན་འཁྱེར་ཅུང་ཟད་བྱུང་སྐབས་ཞབས་ཕྱི་འགའ་ཞིག་གིས་སྐྱོན་ཡོད་མེད་ཞུས་པར། ར་བ་འདིར་དམ་ཅན་ཆོས་རྒྱལ་གྱིས་གར་བྱེད་པ་ཞིག་རྨིས་པས་སྐྱོན་མེད་གསུངས་པ་བཞིན། མ་འགྱངས་པར་འདུམས་ཏེ་ཐམས་ཅད་འདུན་པ་རྩེ་གཅིག་ཏུ་གྱུར། སྐབས་དེར་ཡང་ཞལ་སློབ་གཅིག་གི་རྨི་ལམ་དུ་ཡང་ཁོང་ལ་དད་མི་དད་ཀྱི་སྐྱེ་བོ་ཚན་གསུམ་ཚོགས་པའི་མདུན་ངོས་ན་མ་ཧེ་བརྗིད་ཆགས་པ་ཞིག་ཡོད་པ་དེའི་མཆན་ཁུང་ནས་སྨུག་པ་ཞིག་ཆད་དེ། མི་དད་པའི་སྐྱེ་བོ་དེ་དག་གི་སྟེང་ཁྱབ་པར་གཡོགས་པ་སོགས་དགེ་ལྡན་བསྟན་པའི་བཀའ་སྲུང་ཆེན་པོ་ཉིད་ཀྱིས་ཐུན་མོང་མ་ཡིན་པར་བདག་ཏུ་མཛད་ནས་འཕྲིན་ལས་བསྒྲུབ་པའི་གཏན་ཚིགས་ཤིན་ཏུ་མང་ངོ༌། །ལུག་གི་ལོ་འདུ་ཁང་གི་རྩིག་གཞི་འཛིན་སྐབས། གནས་ཀྱི་ཤར་ལྷོའི་མཚམས་ན་བྲག་མགོན་པོ་ཟེར་བ་ཞིག་ཡོད་པ་དེ་ནས་རྡོ་ཆེན་བཅུ་གསུམ་མཆེད་རོལ་སོགས་བསུ་བའི་བཀོད་པ་དང་བཅས་ཐོག་མར་བླངས་ཏེ་རྩིག་གཞིར་བཀོད། དེའི་ཚེ་བྲག་མགོན་པོའི་རྩེ་ནས་བྱ་རོག་ཅིག་འཕུར་ཡོང་བ་གཞན་གྱིས་བཀག་ཀྱང་མ་ཁོགས་པར་དགོན་གནས་སུ་ལྷ་བསང་ཆེན་པོ་བཏང་ཡོད་པའི་ཐོག་ཏུ་བབས་པ་ལ་དཔག་ན། ཉིད་ལ་དེའི་ཚེ་ཆོས་སྲུང་གི་གཟིགས་སྣང་སོགས་མང་པོ་བྱུང་ཡོད་ཚོད་དུ་འདུག་ཀྱང་ཞལ་ནས་སུ་ལ་ཡང་མ་གསུང་འདུག །གྲྭ་པ་རྡོ་འཁུར་མཁན་རྣམས་ལ་ཡང་ཀུན་གཟིགས་ཀྱི་ཞིང་གི་བཀོད་པའི་མདོ་དང༌། དེའི་སྨོན་ལམ་སོགས་འདོན་བཞིན་པར་བྱེད་རྒྱུའི་ལྗགས་བཀོད་སྩལ། འདུ་ཁང་གི་ཤིང་བཟོ་རྣམས་ཀྱང་རྗེ་བཙུན་འཇམ་དབྱངས་སུ་བསྐྱེད་ནས་མཆོད་པའི་རྣམ་པ་མཛད་ཅིང༌། ལས་བྱེད་ཀུན་ལ་གླ་མི་ཞིག་དང་མི་འདྲ་བའི་བཟའ་བཏུང་གང་བཟང་གིས་བསྙེན་བཀུར། ཐོབ་ཐང་གི་ཡོན་འབབ་ངེས་ཀྱི་ཐོག་ཏུ་གཞན་གྱིས་མ་ཤེས་པ་བྱས་ཏེ་ལྐོག་ནས་ཀྱང་དངུལ་གོས་དར་སོགས་བདག་རྐྱེན་ཚད་མེད་པ་གཏོང་བ་པོ་ལ་སེར་སྣའི་དྲི་མ་མེད་ཀྱང་ལེན་པ་པོས་ལེན་མི་སྤོབས་པ་ལྟ་བུ་གནང༌། དེ་སྐབས་ཀྱི་མཛད་ཚུལ་དེ་ནི་ཐེག་པ་ཆེན་པོའི་ལམ་གྱི་གནད་ཤེས་པ་གཅིག་གིས་བལྟས་ན་རྒྱལ་སྲས་ཀྱི་སྤྱོད་པའི་སྤྱི་སྡོམ་ཆེན་པོ་རྫོགས་སྨིན་སྦྱངས་གསུམ་གྱི་ནང་ནས་སངས་རྒྱས་ཀྱི་ཞིང་སྦྱོང་བའི་ཉམས་ལེན་ཁོ་ནར་འགྲོ་བ་ཞིག་གནང་ཡོད་འདུག་པས། དཀྱུས་མའི་མཁར་ལས་ཤིག་དང་མི་འདྲ་བར་མ་ཟད། འདུལ་བ་རྐྱང་པའི་ཕྱག་ལེན་ལག་གི་བླ་བསྐོ་བ་སོགས་སྦྱོར་དངོས་ཐམས་ཅད་བསྟན་པའི་དམིགས་རྐྱེན་དུ་འགྱུར་བར་བྱས་པའི་རྣམ་ཐར་ལས་ཀྱང་ལྷག་པ་ཞིག་གོ །ལས་བྱེད་རྣམས་ཀྱང་ཡོན་གྱིས་མགུ་བར་མ་ཟད། བླ་མའི་རྣམ་ཐར་ལ་དད་པ་བཅོས་མིན་སྐྱེས་ཏེ་རང་རང་གིས་གང་ཤེས་ཀྱི་ལས་ཀ་མཐའ་དག་གཡོ་ཟོལ་མེད་པར་དགའ་བཞིན་དང་དུ་བླངས་པས་ལས་འགྲོ་ཆེ་ལ་སྲ་ཞིང་བརྟན་པ། བཟོ་བཀོད་ཤིན་ཏུ་ལེགས་པས་ཡུལ་ཕྱོགས་ན་སྔར་ཡོད་ཀྱི་ལྷ་ཁང་འདུ་ཁང་ཐམས་ཅད་ལས་ཆེས་ཁྱད་པར་དུ་འཕགས་པ་ཞིག་བྱུང༌། སྤྲེའུའི་ལོ་སྐྱ་བཟོ་མཐའ་དག་གྲུབ་ཅིང༌། གནས་དེར་ཕྱོགས་འདུས་ཀྱི་ཆོས་ཉན་པ་ཤིན་ཏུ་མང་པོ་ལ་བ་རི་བརྒྱ་རྩ་དང་སྣར་ཐང་བརྒྱ་རྩའི་རྗེས་གནང་སོགས་ཆོས་ཀྱི་བདུད་རྩིའི་དགའ་སྟོན་རྒྱ་ཆེར་སྩལ། རྔ་རྒོད་སྤྲུལ་སྐུ་དང་ཐེ་བོ་སྤྲུལ་སྐུ་སོགས་བསྒྲུབ་བྱ་དུ་མ་ལ་བསྙེན་རྫོགས་ཀྱི་སྡོམ་པ་གནང་སྟེ་བསླབ་པ་ཡོངས་སུ་རྫོགས་པའི་གཞི་ལ་བཀོད། བསྟན་པའི་གཞི་མ་ཡིན་པས་འདུལ་བའི་བཅས་མཚམས་ལ་ཉམས་ལེན་སྙིང་པོར་བྱེད་དགོས་ཀྱི་བསླབ་བྱ་ནན་ཏན་དུ་སྩལ། དེའི་ལོ་རྗེས་མར་ཅོ་ནེའི་ཕྱོགས་ནས་ལྷ་བཟོ་མཁས་པ་འགའ་ཞིག་བོས་ཏེ་འདུ་ཁང་གི་ཤིང་བརྐོས་ཕལ་ཆེར་ལ་གསེར་ལྗིབ་ཐུམ་སོགས་ཤིང་རྩི་ལྡེབས་རིས་མཐའ་དག་ཚོན་རྩི་གང་བཟང་གིས་རྒྱུ་འགྲོས་ཚད་མེད་པའི་སྒོ་ནས་མཛེས་ཤིང་འོད་འབར་བ་རྣམ་པར་རྒྱལ་བའི་ཁང་བཟང་ལྟ་བུར་བསྒྲུབས། ཕྱོགས་རིས་མེད་ཀྱི་བླ་མ་སྐུ་སྐྱེ་སོགས་ཆོས་ཉན་པ་མང་དུ་འདུས་པར་སྒྲུབ་ཐབས་རིན་འབྱུང་གི་རྗེས་གནང་ཡོངས་སུ་རྫོགས་པ་དང་།འཇམ་དབྱངས་ཆོས་སྐོར་ནང་གི་ལྷ་སོ་སོའི་རྗེས་གནང་།གཞན་ཡང་ཟུར་བཀའི་རྗེས་གནང་མང་པོ་དང་།དེའི་གསེང་བར་དུ་སོ་སོའི་འདོད་པ་ལྟར་གྱི་ལུང་ཁྲིད་མཐའ་ཡས་པ་སོགས་ཆོས་བཀའ་དཔག་ཏུ་མེད་པ་ཟླ་བ་མང་པོའི་བར་རྒྱུན་མི་འཆད་དུ་གནང༌། རིན་འབྱུང་ནང་གི་ལྷ་མོའི་ཐུན་མོང་མ་ཡིན་པའི་རྗེས་གནང་བྱེད་རྒྱུའི་ཞོགས་ཀ་དེར། དེའི་བཅའ་གཞི་སོགས་བྱེད་མི་དགོས་གསུངས་ཀྱང༌། མཆོད་དཔོན་གྱིས་རྗེས་གནང་མ་ཚང་དོགས་པས། དེའི་མཆོད་གཏོར་སོགས་བཤམས་ནས་བཞག་པའི་སྟབས་ཀྱིས་ཐད་དེར་མི་གནང་བའི་ཐབས་མེད་པ་ཞིག་བྱུང༌། དེའི་ཚེ་གློ་བུར་དུ་འཇིགས་ཤིང་སྐྱི་གཡའ་བའི་ཟིལ་ཆེན་པོ་ཞིག་དང་འུར་ཆོམ་གྱི་སྒྲ་ཆེན་པོ་རྒྱུན་མི་འཆད་པ། མཆོད་ཤོམ་སོགས་ཀྱང་འདར་སིལ་སིལ་བྱེད་པ་ཞིག་བྱུང་བ་ན། ཉིད་ནས་གསུང་འཕྲོ་བཞག་སྟེ་དམིགས་པ་གཏད་ནས་བཞུགས་པས་རེ་ཞིག་གི་མཚམས་ནས་ཇེ་འཇམ་དུ་སོང༌། སྐབས་དེར་གང་ནས་ཡོང་མེད་པར་འདུ་ཁང་ནང་དུ། འཚུབ་མ་ཆེན་པོ་ཞིག་ཀྱང་ཡུན་རིང་བོར་འཁྱུག་སྟེ་མཚམས་ཤིག་རྒྱ་མཐོངས་ཁར་ཐོན་ནས་སོང་བ་སོགས་འཚུབ་དང་དངོས་གྲུབ་གང་ཡང་མེད་པར་རྗེས་གནང་སྐུར་ཉག་གཅིག་པ་རྣམས་དང་མི་འདྲ་བའི་རྟགས་མཚན་རེ་ངེས་པར་འབྱུང་གིན་ཡོད་འདུག །བླ་བྲང་ནས་གདན་དྲངས་ཏེ་སྐྱབས་མགོན་མཆོག་སྤྲུལ་རིན་པོ་ཆེའི་ཞབས་བརྟན་རྒྱ་ཆེ་བ་ཡུན་རིང་པོར་བསྒྲུབས། དེ་སྐབས་ཉིན་གཅིག་ངེད་ཀྱི་རྩར་ཕེབས་ཏེ། ༸རྒྱལ་དབང་འཇམ་དཔལ་རྒྱ་མཚོ་ཐོག་མར་གདན་སར་འགོད་རྒྱུའི་སྔོན་དེར་བོད་ཀྱི་མི་ཆེན་སོ་སོའི་འདོད་དབང་གིས་འཐེན་འཁྱེར་སྣ་ཚོགས་པས་ལམ་རྒྱུགས་དཀའ་བར་བྱུང་བ་ལ། པཎ་ཆེན་ཐམས་ཅད་མཁྱེན་པ་དཔལ་ལྡན་ཡེ་ཤེས་ཀྱིས་རིག་བྱེད་མའི་བསྟོད་པ་ཞིག་མཛད་དེ་ཐུགས་རྒྱུད་བསྐུལ་བས་འཕྲིན་ལས་ཀྱི་སྒོ་ཕྱེ་བ་ཡིན་པར་འདུག །བཅོམ་ལྡན་འདས་མ་ལ་བསྟོད་པ་མང་ཡང་དེ་ཉིད་གཞན་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་ཞིག་སྣང༌། ད་ལན་ཡང་སྐྱབས་མགོན་མཆོག་སྤྲུལ་རིན་པོ་ཆེ་འདིའི་མཛད་འཕྲིན་ཁོ་ནར་དམིགས་ཏེ། བསྟོད་པ་དེ་ཉིད་འགྲེལ་པ་ཚིག་གི་འབྲུ་ནོན་ཙམ་མ་ཡིན་པར། མ་རྒྱུད་ཀྱི་ལམ་གྱི་འགྲོས་དང་སྦྱར་བའི་ཤིན་ཏུ་རྒྱས་པ་པོ་ཏིར་ལོངས་པ་ཞིག་རྩོམ་དགོས་ཞེས་བསྐུལ་མ་གནང་བྱུང་བར། རང་ཉིད་སྔར་བློ་ཁ་མ་ཕྱོགས་པ་ལྟ་བུས་སྔགས་ཕྱོགས་ལ་འདྲིས་ཆ་ཆུང་ཞིང༌། བསྟོད་པ་དེ་ཡང་དོན་ཤིན་ཏུ་བརླིང་པ་ཞིག་ཡིན་འདུག་པ་བྲི་བ་རྔོ་མི་ཐོགས་ཚུལ་ཞུས་ཀྱང༌། དམ་པ་ཉིད་བྱ་བ་གང་བརྩམས་དེ་ཉིད་ལྡོག་ཏུ་མེད་པར་མཐར་འདོན་པ་ཞིག་ཡིན་འདུག་པས་ཅི་ནས་ཀྱང་འབྲི་དགོས་ཞེས་གསུང་ནན་ཧ་ཅང་ཆེ་བ་མ་བཟློག་པར་བསྟོད་འགྲེལ་རྡོ་རྗེ་གསུམ་གྱི་སྣང་བ་འདི་ཉིད་བྲིས་པ་ཡིན་ལ། ད་ལྟ་དུས་ཀྱི་ཐ་མར་སོང་སྟེ་ལེགས་བཤད་ལ་ལེགས་བཤད་དུ་ཤེས་པ་དཀོན་པས་གཞན་ལ་ཕན་ཐོགས་དཀའ་ཡང༌། རང་རྒྱུད་ལ་བག་ཆགས་ཅུང་ཟད་འཇོག་པའི་རྐྱེན་དུ་སོང་བས་བཀའ་དྲིན་བླ་ན་མེད་པར་གྱུར། དེང་དུས་ཕལ་མོ་ཆེ་ཟས་ནོར་ཞིག་མ་བྱིན་པར་གཏམ་བཟང་པོ་ཙམ་གྱིས་མི་མགུ་བའི་རང་དཔེ་ལྷ་ལ་བཀབ་སྟེ། དངོས་གྲུབ་ཞུ་བ་ལ་ཡང་མཆོད་གཏོར་གལ་ཆེ་བ་ལས། གཞུང་རྩོམ་པ་ལྟ་བུ་དེའི་རྒྱུར་འགྲོ་སྙམ་པ་མི་སྣང་བས། དགོངས་ཚུལ་འདི་ཙམ་ཡང་བསྟན་པའི་གནད་མཁྱེན་པའི་རང་རྟགས་སུ་གསལ་ལོ། །ལོ་ཚིགས་སྔ་ཕྱི་ཅི་རིགས་པར་ཕྱོགས་ཕན་ཚུན་དུ་མ་ནས་དབང་རྗེས་གནང་ལུང་ཁྲིད་མན་ངག་སོགས་ཆོས་བཀའ་བསམ་གྱིས་མི་ཁྱབ་པ་གནང་འདུག་པས་རགས་རིམ་ཙམ་ཕྱོགས་བསྡོམས་སུ་བཀོད་ན། ཅོ་ནེའི་དགོན་ཆེན་ནས་རྗེ་བླ་མའི་ཐུན་མོང་མ་ཡིན་པའི་ཡི་དམ་ལྔའི་ཡ་གྱལ་དབང་གི་ཆེ་བ་དཔལ་ཕྱག་ན་རྡོ་རྗེ་འཁོར་ལོ་ཆེན་པོ་དང༌། ཀུན་རིག་རྣམ་པར་སྣང་མཛད། རྡོ་རྗེ་མི་འཁྲུགས་པ། གཙུག་ཏོར་རྣམ་རྒྱལ་བཞིའི་དབང་ཆེན། སྒྲུབ་ཐབས་རིན་འབྱུང༌། སྣར་ཐང་བརྒྱ་རྩ། འཇམ་དབྱངས་ཆོས་སྐོར། མགོན་པོ་བཀའ་བཅུ་གསུམ་འཇིགས་བྱེད་སྔགས་བཏུ། རྟ་ཕྱག་ཁྱུང་གསུམ་སོགས་ཀྱི་རྗེས་གནང༌། ཁྲིད་དང་ལུང་ཐོར་བུ་བ་མང་པོ། ཆགས་ཕྱོགས་ནས་དབུ་མ་ལུང་རིགས་སྒྲོན་མེ་དང༌། གྲུབ་མཐའ་རིན་ཆེན་འཕྲེང་བ་སོགས་ཀྱི་ལུང༌། འཇམ་དབྱངས་ཆོས་སྐོར། རྡོར་སེམས། འཇམ་དཀར་སོགས་ཀྱི་རྗེས་གནང༌། དགོན་ལི་དང་བྲག་དཀར་རི་ཁྲོད་གཉིས་ནས་འཕགས་པ་ཐུགས་རྗེ་ཆེན་པོ་ཞལ་བཅུ་གཅིག་པའི་དབང༌། དགོན་ལི་སྤྲུལ་སྐུ་ལ་བསྙེན་རྫོགས་ཀྱི་སྡོམ་པ་ཕོག་ཅིང༌། ལམ་རིམ་གྱི་ཁྲིད། ལུང་སྣ་ཚོགས་དང་ཟུར་བཀའི་རྗེས་གནང་མང་པོ། རྐང་ཚའི་ཕྱོགས་ནས་ལམ་རིམ་ཆེན་མོའི་བཤད་ལུང་ཚར་གཉིས། ཡུམ་འབུམ་པ། བེའུ་བུམ་སྔོན་མོ། ཆོས་སྤྱོད་རབ་གསལ་སོགས་ཀྱི་ལུང༌། སྣར་ཐང་བརྒྱ་རྩ་དང་འཇམ་དབྱངས་ཆོས་སྐོར་གྱི་རྗེས་གནང༌། རྔ་རྒོད་སྒང་ནས་འཇིགས་བྱེད་བཅུ་གསུམ་མ། འཇིགས་བྱེད་དཔའ་བོ་གཅིག་པ། ཀུན་རིག །བཅུ་གཅིག་ཞལ་རྣམས་ཀྱི་དབང་ཆེན། ལྷ་འདྲིས་རི་ཁྲོད་ནས་བདེ་གསང་གཉིས་ཀྱི་དབང༌། ཆོས་འཁོར་གླ་རི་མགོ་ཕྱོགས་ནས་བྱང་ཆུབ་བདེ་ལམ་གྱི་ཁྲིད། དབང་དང་རྗེས་གནང་འགའ་ཞིག་སོགས་གང་ལ་གང་འདོད་ཀྱི་ཆོས་སྦྱིན་རྒྱ་ཆེར་སྩལ། ཕྱོགས་ཉེ་རིང་དུ་མ་ནས་ཚུལ་ཁྲིམས་ཀྱི་བདུད་རྩི་དོན་དུ་གཉེར་བའི་ཕྱིར་འོངས་པ་རྣམས་ལ་ཚིགས་སྔ་ཕྱིའི་སྡོམ་པ་ཕོག་པ་ཐམས་ཅད་ཀྱང་ཐུགས་རྗེ་དང་བྱིན་རླབས་ཀྱི་མཐུས་བསྲུང་སྡོམ་ལ་བརྩོན་པ་ལྷུར་བྱེད་པ་ཁོ་ན་བྱུང༌། རེ་གཅིག་པ་ཆུ་ཕག་གི་ལོ་ཕྱོགས་ཡས་མས་ནས་རེབ་ཚ་བཀའ་འགྱུར་བའི་སྤྲུལ་སྐུ། རྔ་རྒོད་སྤྲུལ་སྐུ་སོགས་དམ་པའི་སྐྱེ་རྒྱུད་འཛིན་པའི་སྤྲུལ་སྐུ་དུ་མ་དང༌། སྒྲུབ་པ་ལ་གཅིག་ཏུ་གཞོལ་བའི་རི་ཁྲོད་པ་མང་པོ། བཀའ་རམས་དགེ་བཤེས་དུ་མ་སོགས་དོན་གཉེར་ཅན་བརྒྱ་ཕྲག་དུ་མ་འདུས་པ་ལ་མི་ཏྲ་བརྒྱ་རྩའི་དབང་ཆེན་ཡོངས་སུ་རྫོགས་པ། རྒྱུད་སྡེ་སོ་སོའི་སྐབས་ཀྱི་སྒོས་ཆོས་མི་འདྲ་བའི་ཁྱད་པར་སོགས་ལག་ལེན་ཕྲ་ཞིང་ཞིབ་པ་འཁོར་ལོའི་མགོན་པོ་སྐྱབས་མགོན་རྡོ་རྗེ་འཆང་ཆེན་པོའི་ཕྱག་བཞེས་ཇི་ལྟ་བ་བཞིན་དུ་སྩལ་ཏེ། སྣོད་ལྡན་སློབ་མ་མཐའ་དག་གི་རྒྱུད་ལ་ངེས་ལེགས་སྐུ་བཞིའི་གོ་འཕང་འགྲུབ་པའི་ས་བོན་གྲུང་པོ་འདེབས་པར་མཛད། དབང་གི་མཇུག་ཏུ་སྐྱབས་མགོན་རྡོ་རྗེ་འཆང་ནས་བླ་བྲང་དུ་དབང་འདི་གནང་སྐབས་སྐུ་ན་མཐོ་ཡང༌། བསྟན་པ་ཐུགས་ལ་བཅངས་ཏེ་སྐུ་ཚེགས་ལ་མ་གཟིགས་པར་ཕྱག་ལེན་ཞིབ་མོའི་སྒོ་ནས་དབང་ཡོངས་སུ་རྫོགས་པར་གནང༌། སྔོན་གྱི་དམ་པ་རྣམས་ཀྱི་རྣམ་ཐར་གསན་ཡིག་སོགས་ལ་བལྟས་ན་དེང་སང་ཟུར་བཀའི་དབང་ཚོ་ཕལ་ཆེར་ཆད་སོང་བ་ལྟ་བུ་རེད། ཡིན་ཀྱང་དུས་ཤིན་ཏུ་སྙིགས་པའི་སྟོབས་ཀྱིས་ཆོས་རྒྱུན་ཟབ་མོ་ནུབ་པ་ལ་སྣང་རུང་བྱེད་མཁན་སུ་ཡང་མི་འདུག །ཁྱེད་བསྟན་འཛིན་དམ་པ་རྣམས་ཀྱིས་བསྟན་པ་ཐུགས་ལ་བཞག་སྟེ། དབང་རྒྱུན་འདི་དག་མ་ནུབ་པར་སྤེལ་དགོས་ཞེས་བཀའ་ཕེབས་ཚུལ་གསུངས་པས་བླ་མའི་ཡོན་ཏན་དྲན་པའི་གདུང་ཤུགས་ཀྱིས་མཆི་མས་བརྣངས་ཏེ། རེ་ཞིག་གསུང་མི་ཐོན་པ་བྱུང་བས་ཆོས་ཉན་པ་རྣམས་ཀྱང་དད་པ་དང་སྐྱོ་བས་སེམས་བློང་བློང་པོར་གྱུར། གཞན་ཡང་ནམ་མཁའ་སྒོ་འབྱེད་ཀྱི་དབང་སོགས་ཞུ་བ་པོ་སོ་སོའི་མོས་པ་ལྟར་གྱི་ཟབ་ཆོས་དུ་མ་ལྷུག་པར་སྩལ། རི་མོའི་ལས་ལ་བྱང་ཆུབ་པའི་པིར་ཐོགས་དབང་པོ་འགའ་ཞིག་བོས་ཏེ་ཐུབ་པའི་དབང་པོ་རྒྱ་གར་ལུགས་ཀྱི་གནས་བརྟན་བཅུ་དྲུག་དང་བཅས་པའི་སྐུ་ཐང་ཤིན་ཏུ་ལེགས་པ་ཉེར་གསུམ། བསྒྲིམ་བཏག་གི་ཧོར་གོས་སྔོན་པོ་ནོར་བུ་ཆ་བདུན་མའི་གོང་གཤམ་ཅན། བཟང་གོས་ཀྱི་རྒྱབ་ཤ་དང་ཞལ་ཁེབས་སོགས་ཁྱད་དུ་འཕགས་པ་གྲངས་མཚུངས་སུ་བསྒྲུབས། དེ་བཞིན་དུ་ཡི་དམ་ཆོས་སྐྱོང་སོ་སོའི་ཞལ་ཐང་ལྔ་མཛོད་གོས་ཀྱི་གོང་གཤམ་དང་བཅས་པ་ཡང་གསར་དུ་བཞེངས། སོ་སོར་ཕྱི་ནང་དུ་ནང་མཛོད་ཁ་དོག་སྣ་ཚོགས་དང༌། བཟང་གོས་དམར་སེར་མཉྫི་སྤུས་གཙང་སོགས་ཀྱི་ན་བཟའ་རྩེག་ལྔ་བཅུ་སྐོར་རེ་དང༌། ཕྱག་མཚན་གོ་ཁྲབ་སོགས་ཀྱི་སྤྱན་གཟིགས་བསམ་ལས་འདས་པ་ཕུལ། སྐུ་ཐང་སྔ་ཕྱིར་བཞེངས་སྐབས་དང༌། འདུ་ཁང་གི་ཚོན་གཏོང་སྐབས་སོགས་སུ་བཟོ་བོ་རྣམས་ལ་ཡོན་ཚད་ལས་འདས་པ་བསྟར་ཡང༌། མངོན་ཆུང་ཁོ་ན་མཛད་དེ་ཞབས་འབྲིང་བ་རྣམས་ཀྱིས་རྒྱུ་སོང་གི་ཐོ་རེ་བསྒྲིགས་པ་ལ་ཡང་ཐུགས་མི་དགྱེས་པར། ངེད་ཀྱིས་རྟེན་བཞེངས་ཅུང་ཟད་རེ་བྱས་པ་འདི་རྣམས་ཆོས་བརྒྱད་ཀྱི་བསམ་པས་བྱེད་མ་མྱོང་བས་དེ་འདྲ་གཏན་མི་དགོས་གསུངས་ཏེ། དེ་ཕྱིན་ཆད་ལས་བྱེད་རྣམས་ལ་གནང་སྦྱིན་མཛད་རྒྱུ་སོགས་དེ་དག་ལ་སྦས་ནས་ལྐོག་ཏུ་སྦྱིན་པར་མཛད། དེའི་སྟོབས་ཀྱིས་རྒྱུ་སོང་ཞིབ་ཆ་མ་ངེས་ཀྱང༌། རགས་རྩིས་ཙམ་ལ་གནས་བཅུའི་ཞལ་ཐང་རྣམས་ཀྱི་རྒྱུ་ཡོན་ཁོ་ནར་ཡང་དངུལ་སྲང་བཞི་བརྒྱ་ལྷག་པ་སོང་བའི་ཚོད་དུ་སྣང༌། བཀའ་ཆོས་གང་གནང་བ་ཐམས་ཅད་ཀྱང་དབུལ་པོས་གཞན་གྱི་ནོར་བགྲང་བ་ལྟ་བུ་རང་ལ་ཉམས་མྱོང་མེད་པའི་ཁ་བཤད་ཙམ་མ་ཡིན་པར། དང་པོ་བཤེས་གཉེན་མཚན་ཉིད་དང་ལྡན་པ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ཏེ། དེས་དགྱེས་བཞིན་སྩལ་བའི་གདམས་པ་ཟབ་མོ་ལེགས་པར་གསན། གསན་པའི་དེ་མ་ཐག་ནས་བཤེས་གཉེན་བར་མ་ཆད་པ་ལས་རིམ་པར་བརྒྱུད་པའི་བྱིན་རླབས་ཀྱི་དྲོད་མ་ཡལ་བ་དེ་ཉིད་རང་གི་རྒྱུད་ལ་སྦྱར་ནས་ཉམས་མྱོང་སྐྱེ་ངེས་སུ་བྱས་ཏེ་སྦྱངས། དེ་རྗེས་གཞན་ལ་འཆད་པ་ན་དམ་ཆོས་ཟོང་དུ་འགྲེམ་པ་ལྟ་བུ་ཆོས་བརྒྱད་ཀྱིས་བསླད་པ་ཅུང་ཟད་ཀྱང་མེད་པར་སློབ་མ་ལ་སྙིང་བརྩེ་བ་དང༌། ཚུལ་དེ་ལ་བརྟེན་ནས་ཐུབ་བསྟན་རིན་པོ་ཆེ་རིང་དུ་གནས་པར་འདོད་པའི་ལྷག་བསམ་སྔོན་དུ་བཏང་སྟེ། བཤད་པའི་ཚུལ་ཡང་མ་བཤད་ལོག་བཤད་ཧ་ཅང་བཤད་པ་སོགས་ཀྱི་སྐྱོན་དང་བྲལ་བར། སློབ་མའི་རྒྱུད་ཚོད་ལ་སྦྱར་བའི་བཤད་པ་རྒྱས་བསྡུས་འཚམ་ཞིང༌། ཚིག་ཉུང་ངུ་རེས་ཀྱང་དོན་རྒྱ་ཆེན་པོ་སྟོན་པ་དང༌། བརྗོད་བྱ་མདོ་རྒྱུད་ཀྱི་ཟབ་གནད་ཚང་བས་ཤིན་ཏུ་བརླིང་ཡང༌། རྗོད་ཚུལ་སློབ་མའི་རྣ་བར་སྐྱེལ་མཁས་པའི་དབང་གིས་བློ་མཆོག་དམན་མཐའ་དག་གིས་གོ་བདེ་བ། གོ་བ་སྐྱེ་ཚུལ་ཡང་གཞུང་དེ་དང་དེས་དེ་ལྟར་བཤད་པ་རེད་ཟེར་བ་ཙམ་གྱིས་ཤེས་བྱ་མང་པོའི་རྣམ་གྲངས་ཙམ་མ་ཡིན་པར། རང་གི་རྒྱུད་ཐོག་ཏུ་ཕབས་ཏེ་འདི་དང་འདི་ལྟར་བྱེད་དགོས་པ་འདུག་སྙམ་དུ་ཆོས་མིན་གྱི་སྤྱོད་པས་གནོང་ཞིང་།ཉམས་ལེན་ལ་སྤྲོ་བ་ངང་གིས་འཕེལ་བ་སོགས་གང་གསུང་ཐམས་ཅད་རྒྱུད་འཁུལ་བའི་ཐབས་འབའ་ཞིག་ཏུ་མཛད། ཁྱད་པར་གསང་སྔགས་ཀྱི་དབང་རྗེས་གནང་སོགས་མཛད་པའི་ཚེ། བསྙེན་སོགས་དག་པ་སྔོན་དུ་འགྲོ་བའི་སྒོ་ནས། ཕྱག་ལེན་གྱི་ཆ་ཕྲ་མོ་ཙམ་ཡང་སླ་ཆོས་སུ་མ་སོང་བར་བྱས་ཏེ། སྩོལ་བ་དང༌། ལྷག་པར་རྒྱུད་སྡེ་གོང་མའི་དབང་སོགས་ཀྱི་མཇུག་ཏུ། བླ་མ་ལྔ་བཅུ་པར། དེ་ནས་སྔགས་སོགས་བྱིན་པ་ཡིས། །དམ་ཆོས་སྣོད་དུ་བྱས་ནས་སུ། །རྩ་བའི་ལྟུང་བ་བཅུ་བཞི་ནི། །ཀློག་དང་འཛིན་པ་ཉིད་དུ་བྱ། །ཞེས་གསུངས་པ་ལྟར། རྩ་བ་དང་ཡན་ལག་གི་དམ་ཚིག་སོ་སོའི་ངོས་འཛིན་གོ་བདེ་བ་རེ་དང་བཅས་ཏེ། དམ་སྡོམ་ཚུལ་བཞིན་དུ་བསྲུང་ཚུལ་གྱི་བསླབ་བྱ་ནན་ཏན་དུ་རྡོ་རུས་ཐུག་པ་གནང༌། ཁྲིད་སོགས་ཀྱི་ཚེ་བྱིས་པ་ཆུང་ངུ་ཐང་ལ་འཁྱམས་པ་ལྟར་གཏད་སོ་མེད་པར་གང་ཟིན་ནས་བཤད་པ་དེ་འདྲ་མ་ཡིན་པར། ཉམས་ལེན་སྦྱོར་དངོས་རྗེས་ཀྱི་རིམ་པ་ཆ་ཚང་ལ། བློ་ངོར་འདུམ་བདེ་བ་སྐབས་སུ་གང་བབས་ཀྱི་གེགས་སེལ་བོགས་འདོན། ཁྲིད་དམིགས་འོག་མ་འོག་མ་ནས་གོང་མར་འཇུག་ཚུལ་སོགས་ཀྱི་གནད་མཐའ་དག་མྱོང་སྟེང་ནས་མན་ངག་ལག་བཅངས་ལྟ་བུར་གནང༌། དམ་པ་ཉིད་ཀྱིས་གསུངས་པའི་སྐབས་སུ་ཡང་བྱང་ཆུབ་ལམ་གྱི་རིམ་པ་འདི་ཇོ་བོའི་མན་ངག་ཡིན་ཚུལ་དཔེར་ན། བུང་བས་མེ་ཏོག་གི་བཅུད་བསྡུས་པ་དེ་རང་གི་ལྟོ་བར་བསགས་ནས་རོ་བཅུད་ཕུན་སུམ་ཚོགས་པར་སོང་བ་དེ་སྦྲང་སྒམ་དུ་བསགས་པ་ལ་གཞན་གྱིས་སྦྲང་རྩི་ཞེས་ལོངས་སྤྱད་དུ་ཡོད་པ་ལྟར། ཇོ་བོ་ཆེན་པོས་རྒྱལ་བའི་གསུང་རབ་མཐའ་དག་ཐོས་བསམ་གྱིས་གཏན་ལ་ཕབ། བསྒོམ་པས་ཉམས་སུ་བཞེས་ཏེ། མྱོང་བ་ཁྱད་པར་ཅན་འཁྲུངས་པ་ན་རང་གི་ཐུགས་རྒྱུད་ལ་ཉམས་རྟོགས་ཇི་ལྟར་སྐྱེས་པའི་རིམ་པ་བཞིན་དུ། ལམ་སྒྲོན་གྱི་སྐབས་ནས་དེ་ཐམས་ཅད་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པར་བསྒྲིགས་ཏེ་རྗེས་འཇུག་རྣམས་ཀྱིས་གཞུང་ཉུང་ངུ་དེའི་སྒོ་ནས་གསུང་རབ་མཐའ་དག་ཉམས་སུ་བླང་དུ་ཡོད་པ་ཞིག་མཛད་པ་འདི་ཇོ་བོའི་མན་ངག་ཏུ་འཇོག་ཚུལ་ཡིན་གསུངས་པ་བཞིན། ཉིད་ཀྱིས་ཀྱང་ཕྱག་ལེན་དུ་ཐེབས་ངེས་པ་ཁོ་ནར་མཛད། ཁྱད་པར་དུ་བྱང་ཆུབ་ལམ་གྱི་རིམ་པའི་དོན་རང་གིས་ཉམས་སུ་ལེན་པ་དང༌། གཞན་ལ་འཆད་པ་ཐམས་ཅད་ལ་མགོ་བཤེས་གཉེན་བསྟེན་ཚུལ་ཞེས་རླུང་ལྟར་གྲགས་ཀྱང༌། རང་སྟེང་དུ་བསྐོར་བ་ན་མདོ་ཏིང་ངེ་འཛིན་རྒྱལ་པོ་ལས། དེ་བཞིན་རྣལ་འབྱོར་མི་བརྩོན་པ། །ཚུལ་ཁྲིམས་བསྔགས་པས་འཚོ་བ་དག །ཕྱི་མའི་དུས་ན་འབྱུང་འགྱུར་ཏེ། །དེ་དག་ལ་ནི་ཚུལ་ཁྲིམས་མེད། །གསུངས་པ་བཞིན་རྩ་བ་བླ་མའི་དམ་ཚིག་གི་རྨང་གཞི་ཟད་དེ། ཉམས་ལེན་གྱི་མགོ་ཚེས་གཅིག་ལྟ་བུ་ནས་འཆུགས་པས། ལྷག་མ་རྣམས་ཆ་འདྲ་ཙམ་ཡང་སྐྱེ་བའི་གོ་སྐབས་ནམ་ཡང་མི་སྲིད་ལ། བདག་ཉིད་ཆེན་པོ་འདིས་ནི་བྱང་ཆུབ་ལམ་གྱི་རིམ་པ་ཆེ་ཆུང་དུ་དགེ་བའི་བཤེས་གཉེན་བསྟེན་པའི་ཆོས་སྐོར་འདི་རྣམས་ནི་གང་ལས་ཀྱང་གལ་ཆེ་བ་གཏན་གྱི་འདུན་མའི་རྩ་བར་སྣང༌། ཞེས་གསུངས་པ་ཐུགས་ལ་བཞག་སྟེ། ཉམས་ལེན་གྱི་སྙིང་པོ་འདི་ཉིད་ལ་ཆིག་དྲིལ་དུ་བྱས་པས་རྟོགས་པ་གོང་མ་ཐམས་ཅད་ཀྱང་ཐུགས་རྒྱུད་ལ་སྤུངས་པ་བཞིན་དུ་འཁྲུངས། དམ་པ་ཉིད་ཀྱི་ཞལ་ནས་ཀྱང༌། ངེད་ཀྱིས་བླ་མ་མང་དུ་བསྟེན་པ་གཅིག་ལ་ཡང་དམ་ཚིག་གི་སེལ་འཇུག་མ་མྱོང༌། ཐམས་ཅད་ཀྱི་ནང་ནས་ཀྱང་སྐྱབས་མགོན་ཐམས་ཅད་མཁྱེན་པ་ལ་དད་པ་ལྷག་པ་ཐུན་མོང་མ་ཡིན་པ་ཞིག་ཡོད། དེའི་རྒྱུ་མཚན་ཁོང་གི་མཛད་སྤྱོད་ཐམས་ཅད་སངས་རྒྱས་ཀྱི་བསྟན་པའི་དོན་ཁོ་ན་ལས་མ་འདས་པ། སྐྱིད་སྡུག་ལེགས་ཉེས་ཅི་འདྲ་ཞིག་བྱུང་ཡང་དེ་ལ་མི་གཟིགས་པར་བཟོད་པའི་གོ་ཆ་གྱོན་ནས་རྒྱལ་བའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་དོན་ལ་བརྩོན་པ་སྐད་ཅིག་ཙམ་ཡང་མི་འདོར་བ་འདི་ཡིན། ཁྱེད་རང་རྣམས་ཀྱང་བླ་མའི་ཡོན་ཏན་དཔྱིས་ཕྱིན་པར་མཐོང་སྟེ། དད་པ་མི་ལྡོག་པའི་གདེང་ཞིག་མེད་ན་བདུད་ཀྱི་གཡོ་སྐྱོན་ཁ་བར་ལག་བར་ནས་རྒྱུད་ལ་ཞུགས་ཏེ་སྐྱོན་རྟོག་སྣ་ཚོགས་པ་ཞིག་སྐྱེས་ཡོང༌། དེའི་རྒྱུ་མཚན་གྱིས་དུས་རྒྱུན་པར་རང་སེམས་ལ་བྱ་ར་བྱས་ཏེ། བླ་མའི་མཛད་པ་ལ་སྐྱོན་རྟོག་ཞུགས་མ་ཞུགས་བརྟག་དགོས་གསུངས་པ་དང༌། ཡང་ཀུན་མཁྱེན་འཇམ་དབྱངས་བཞད་པ་འདི་རྗེ་བཙུན་འཇམ་པའི་དབྱངས་དངོས་ཡིན། ངའི་ཆུ་བུར་གྱི་མིག་གིས་བླ་མ་སངས་རྒྱས་སུ་མ་མཐོང་ཡང༌། མོས་གུས་ཀྱི་མིག་གིས་བླ་མ་སངས་རྒྱས་སུ་མཐོང་བྱས་ན་རྫུན་དུ་མི་འགྲོ །དོན་འདི་ལ་ལྕགས་ལོངས་བྱས་ཀྱང་ཡ་ང་བ་མེད་གསུངས། གསུང་འདིའི་དོན་ཕལ་ཆེར་ཞིག་གིས་གོ་ཚུལ་ལ་བླ་མའི་གཟུགས་སྐུ་མཚན་དཔེ་སོགས་ཀྱིས་བརྒྱན་པའི་སངས་རྒྱས་ཀྱི་སྐུའི་རྣམ་པ་ལྟ་བུར་མ་མཐོང་ཡང༌། ཡིད་ཀྱིས་དེ་ལྟར་བསྒོམས་པའི་མོས་ངོར་གསལ་སྣང་ཐོབ་པ་ལྟ་བུ་ལ་གོ་བ་ནི་དོན་གྱི་ཕྱོགས་ཙམ་དུ་ཡང་མ་སོང་ཞིང༌། དེང་དུས་བཤེས་གཉེན་བསྟེན་ཚུལ་གྱི་དམིགས་སྐོར་སྐྱོང་བར་འདོད་པ་ཕལ་ཆེར་ཡང༌། བླ་མ་སངས་རྒྱས་སུ་སྒོམ་ཚུལ་དེ་ཙམ་གྱི་སྟེང་ནས་བྱེད་པ་དམིགས་པའི་གནད་མ་ཤེས་པ་ཡིན་པས། གསུང་དེའི་དོན་ཅུང་ཟད་བཤད་ན་འདི་ཡིན་ཏེ། སྤྱིར་གསང་བ་འདུས་པ་ལས། བྱང་ཆུབ་ཀྱི་སེམས་རྡོ་རྗེ་བཞིན་དུ་བལྟ་བར་བགྱིའོ། །ཞེས་པ་དང༌། ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས། སློབ་དཔོན་ལ་སློབ་མས་ཇི་ལྟར་བལྟ་བར་བྱ་ཞེ་ན་སངས་རྒྱས་བཅོམ་ལྡན་འདས་ལ་ཇི་ལྟ་བ་དེ་བཞིན་དུའོ། །ཞེས་སངས་རྒྱས་དང་འདྲ་བར་བལྟ་དགོས་ཞེས་གསུངས་པ་རྣམས། ངོ་བོ་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་ཡིན་པ་སངས་རྒྱས་དང་འདྲ་བའི་དོན་ཡིན་གྱི། རྣམ་པ་མཚན་དཔེས་བརྒྱན་པ་སངས་རྒྱས་དང་འདྲ་བའི་དོན་མ་ཡིན་པས། དོགས་པ་དེ་ཉིད་སེལ་བའི་ཕྱིར་དུ་རྗེ་བླ་མས་བྱང་ཆུབ་ལམ་གྱི་རིམ་པ་ལས། དེ་དག་གི་དོན་ནི། ཇི་ལྟར་སངས་རྒྱས་ཡིན་པར་ཤེས་པ་ན། དེ་ལ་སྐྱོན་རྟོག་པའི་བློ་མི་འབྱུང་ཞིང་ཡོན་ཏན་སེམས་པའི་བློ་འབྱུང་བ་ལྟར། བླ་མ་ལ་ཡང་ཆེད་དུ་བྱས་ཏེ་སྐྱོན་རྟོག་པ་རྣམ་པ་ཐམས་ཅད་དུ་འདོར་ཞིང་ཡོན་ཏན་རྟོག་པའི་བློ་སྦྱོང་བའོ། །ཞེས་གསུངས་སོ། །

གནད་འདི་མ་གོ་བར་རྣམ་པ་མཚན་དཔེས་བརྒྱན་པའི་སྐུ་ཅན་དུ་བསྒོམ་པས་གསལ་སྣང་སྐྱེས་ཀྱང་སྐྱོན་རྟོག་ཁེགས་པའི་ངེས་པ་མེད་དོ། །ལྷ་སྦྱིན་ལེགས་སྐར་སོགས་ཀྱིས་ཐུབ་པའི་སྐུ་མཚན་དཔེས་བརྒྱན་པ་དངོས་སུ་མཐོང་ཡང༌། སྐྱོན་རྟོག་མ་ཁེགས་པར་མ་ཟད་རང་གི་ལག་པར་ལྕགས་སྲེག་གིས་འཁོར་ལོ་འབྲི་བ་སོགས་འགྲན་ཟླ་བྱེད་པ་ལྟ་བུ་ཡིན་པས། དོན་འདི་ལ་དགོངས་ཏེ་ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས། སློབ་དཔོན་གྱི་ནི་ཡོན་ཏན་བཟུང་། །སྐྱོན་ནི་ནམ་ཡང་བཟུང་མི་བྱ། །ཞེས་གོང་དུ་སངས་རྒྱས་སུ་བལྟ་བར་གསུངས་པ་དེའི་དགོངས་པ་རང་ཉིད་ཀྱིས་བཀྲལ་བ་བཞིན་ནོ། །ངོ་བོ་སྐྱོན་ཀུན་ཟད་དུ་མཐོང་སྟེ་ཅི་མཛད་ཐམས་ཅད་ལ་དག་སྣང་སྐྱེ་བ་ཞིག་བྱུང་ན། རྣམ་པ་རང་ཅག་དང་སྐལ་བ་མཉམ་པར་བསྟན་པས་ཐ་མལ་གྱི་རྣམ་པ་འདི་ལྟ་བུར་སྣང་བ་ལ་སྐྱོན་མི་འབྱུང་ཞིང༌། དེ་ལྟར་དུ་བསྒོམ་དགོས་པའི་སྐབས་ཀྱང་མང་པོ་ཡོད་ལ། དེར་མ་ཟད་རྡོ་རྗེ་འཇིགས་བྱེད་ལྟ་བུ་ཡང་ངོ་བོ་རྒྱལ་བ་ཀུན་གྱི་ཡེ་ཤེས་དང་སྙིང་རྗེའི་རང་གཟུགས་སུ་བལྟ་དགོས་པ་ལས། རྣམ་པ་ཤིན་ཏུ་ཁྲོས་པའི་རྣམ་པར་བསྒོམ་ཡང་སྐྱོན་རྟོག་ཏུ་མི་འགྲོ་བ་བཞིན་ནོ། །དེས་ན་ཆུ་བུར་གྱི་མིག་གིས་སངས་རྒྱས་སུ་མ་མཐོང་ཞེས་པ་ནི་སྐུ་མཚན་དཔེ་གསལ་རྫོགས་ཀྱི་རྣམ་པ་ཅན་དུ་མཐོང་བ་དགོས་པའི་གཙོ་བོ་མིན་པས་དེ་ལྟར་མ་མཐོང་བ་དང༌། མོས་གུས་ཀྱི་མིག་གིས་སངས་རྒྱས་སུ་མཐོང་ཞེས་པ་ནི་མཛད་པ་མཐའ་དག་ཡོན་ཏན་འབའ་ཞིག་ཏུ་མཐོང་སྟེ་སྐྱོན་རྟོག་ཅུང་ཟད་ཀྱང་མ་ཞུགས་པའི་དོན་ཡིན་པས། རྗེས་འཇུག་བླ་མའི་རྣམ་ཐར་བཞིན་དུ་སློབ་པར་འདོད་པ་དག་གིས་ཀྱང་གནད་འདི་ཤེས་པར་གྱིས་ཤིག །རྗེ་བཙུན་དམ་པ་ཉིད་ནས་སྦས་པའི་བརྟུལ་ཞུགས་ཁོ་ན་ལྷུར་མཛད་དེ། རང་གི་ཡོན་ཏན་རྣམས་གཞན་ལ་ཅུང་ཟད་ཙམ་ཡང་སྒྲོག་པར་མི་བྱེད་ཀྱང༌། བཤེས་གཉེན་བསྟེན་ཚུལ་འདི་དག་མ་སྦས་པར་ལྷུག་པར་གསུངས་པ་ནི། ད་ལྟ་དུས་ཀྱི་དབང་གིས་ཆོས་ཤེས་པར་རློམ་པ་རྣམས་ཀྱང༌། ལེགས་ཚོགས་ཀྱི་རྩ་བ་འདི་ལ་ཟོན་མི་བྱེད་པའི་མིག་ལྟོས་ངན་པ་ཉམས་སྨད་པ་དང༌། བླ་མ་བསྟེན་པ་ལ་ཡོན་ཏན་དུ་མཐོང་བ་དཀོན་པས། ཚུལ་དེ་གསུངས་ཀྱང་ཡོན་ཏན་བསྒྲགས་པ་ལ་མི་འགྲོ་བར་དགོངས་པ་ཡིན་ཏེ། ཉིད་ལ་འབྲེལ་ཐོགས་པའི་སྦྱིན་བདག་སོགས་རྒྱུས་ཡོད་ཕལ་ཆེར་རྣམ་ཐར་ལོ་རྒྱུས་གླེང་བའི་ཚེ་འཕྲལ་ཕུགས་ཀྱི་ལེགས་ཉེས་སོགས་ལུང་བསྟན་པ་ཇི་ལྟ་བ་བཞིན་ཐོག་ཏུ་ཁེལ་བ་དང༌། ནད་གདོན་སོགས་ཀྱི་ཉེར་འཚེ་དྲག་པོ་བླ་སྔགས་ནུས་པ་ཅན་གཞན་སུས་ཀྱང་ཕན་མ་ཐོགས་པ་རྣམས་ཉིད་ནས་སྤྱན་དམིགས་རིམ་གྲོ་ཅུང་ཟད་རེ་ཙམ་མཛད་པས་ཞི་བ་དང༌། འགོ་བའི་ནད་རིམས་ཅན་གྱི་སར་གདན་དྲངས་པའི་ཚེ། ལ་ལར་གཞན་རྣམས་མ་འགྲོ་གསུངས་ནས་ཉིད་གཅིག་པུ་ཕེབས་ཤིང༌། འགའ་ཞིག་ཏུ་འཛེམ་མི་དགོས་གསུང་བ་བཞིན་ཐམས་ཅད་སོང་བ་ལ། ཉེས་སྐྱོན་ཅུང་ཟད་ཀྱང་མ་བྱུང་ཞིང༌། ཕལ་ཆེར་དེ་འདྲའི་རིགས་གང་དུ་ཕེབས་པ་ནས་བཟུང་སྟེ་ནད་རིམས་རྒྱུན་ཆད་པ་དང༌། སྦྱིན་བདག་འགའ་ཞིག་མདུན་དུ་འོངས་པའི་ཁྲོད་ནས་གཅིག་ཅུང་ཟད་མ་བདེ་ཡང་སྦས་ནས་ཡོད་པ་མཁྱེན་ཏེ། ཁྱེད་ཚོའི་ཁྲོད་ན་ཅུང་ཟད་རེ་མི་བདེ་མཁན་ཡོད་ཚེ་ཚད་རིམས་ཡིན་འགྲོ་བས། སེམས་ཆུང་བྱས་པ་དགའ་གསུངས་པ་བཞིན་མ་འགྱངས་པར་མངོན་དུ་ཐོན་པ་སོགས་མངོན་ཤེས་དང་གྲུབ་རྟགས་ཡོད་ཚུལ་གྱི་རྣམ་ཐར་རེ་བརྗོད་རྒྱུ་རྒྱུས་ཡོད་མཐའ་དག་ལ་ཡོད་པ་ལས། བླ་མ་སངས་རྒྱས་སུ་མཐོང་བ་དེ་རྣམ་ཐར་དུ་ཤེས་མཁན་དང་རྗོད་མཁན་དཀོན་པར་སྣང་ངོ༌། །ཤིང་བྱིའི་དགུན་སྐྱབས་མགོན་མཆོག་སྤྲུལ་རིན་པོ་ཆེ་རོང་ཕྱོགས་ཀྱི་དགོན་ལག་སོ་སོས་གདན་དྲངས་པར་ཕེབས་པའི་ཚེ་དགོན་གསར་དུ་སྤྱན་དྲངས། བསུ་བའི་བཀོད་པ་དང་གསོལ་སྟོན་སོགས་གཟབ་རྒྱས་ཀྱིས་བཀུར་སྟི་རིམ་གྲོ་བླ་ན་མེད་པ་ཞུས། དགོན་གསར་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་ཕུལ་ཏེ། ཇི་སྲིད་ནམ་གནས་བར་བླ་བྲང་གི་དགོན་ལག་བྱེད་རྒྱུའི་ཡི་གེ་ཉིད་ནས་བཀོད་པ་གནང་ནས་བྲིས་ཏེ། དཔོན་པོ་རྒན་པོ་མཐའ་དག་ལ་མི་འགྱུར་བའི་ཐེལ་རྟགས་འཇོག་ཏུ་བཅུག །རྒྱུ་ནོར་གྱི་འབུལ་བ་ཡང་སྟབས་གཅིག་ཏུ་བྱས་ནས་ཆ་ཆུང་བའི་སྐྱོན་གྱིས་ངོམ་ཆོས་ལྟ་བུར་འགྱུར་དུ་དོགས་ནས། ལན་སྔ་ཕྱིར་ཉིད་ཀྱི་གཟིམས་ཁང་དང་འདུ་ཁང༌། འབྲོག་གི་མི་རྩིའི་ཁྱིམ་སོགས་སོ་སོ་ནས་ཕུལ་བ་བསྡོམས་པར། རྟ་ནོར་བརྒྱ་སྐོར་དང༌། དངུལ་དོང་ཙེ་གོས་ཕྲུགས་སོགས་བསྡོམས་པ་སྲང་བདུན་བརྒྱའི་སྐོར་ཞིག་ཕུལ། བླ་མ་ལྔ་བཅུ་པར། བླ་མའི་རྫས་ནི་སྲོག་ཇི་བཞིན། །དེ་ཡི་སྡུག་པའང་བླ་མ་བཞིན། །བླ་མའི་འཁོར་ནི་གཉེན་བཞིན་དུ། །མཉམ་པར་བཞག་པས་རྟག་ཏུ་བསམ། །ཞེས་གསུངས་པའི་དོན་ཐུགས་ལ་བཞག་སྟེ་ཞབས་འབྲིང་བ་རྣམས་ལ་ཡང་བསྙེན་བཀུར་དང་ཡོན་གྱ་ནོམ་པ་བསྟར་ཏེ་ཆེས་ཤིན་ཏུ་མགུ་བར་བྱས། དེ་ནས་བཟུང་སྟེ་གསུང་འཕྲོས་སོགས་ཀྱི་སྐབས་དུ་མར་ངེད་རང་གིས་ཉིན་མཚན་མེད་པར་བླ་མའི་འཕྲིན་ལས་འབའ་ཞིག་ལ་བསམས་ཏེ་དཀའ་ལས་བྱས་ནས་འབད་པ་བཞིན་བསྟན་པའི་བདག་པོ་ལ་འབུལ་རྒྱུ་བྱུང་བས། ད་ནི་རང་གི་བསམ་པ་རྫོགས་པ་ཡིན་གསུངས་ཏེ་ཐུགས་སྣ་བསྟུངས་པའི་རྣམ་པ་ཡང་ཡང་མཛད། ཁྱད་པར་ཤིང་གླང་ལོའི་ལྔ་པའི་ནང་དུ་ཉིན་གཅིག་གཡོ་དགེ་སྐུ་རྟེན་ལ། ངེད་ཀྱི་མི་ཚེ་གཅིག་གི་བསམ་དོན་ལ་འདི་མ་འགྲུབ་བྱ་བ་གཅིག་ཀྱང་མེད། ད་ལོ་ཕན་ལ་མི་སྡོད་གསུངས་ནས་རྗེས་ཀྱི་བྱ་བ་འགའ་ཞིག་གི་ཞལ་བཀོད་གནང༌། སྐུ་རྟེན་གྱིས་ཞབས་པད་བརྟན་དགོས་པའི་གསོལ་འདེབས་ནན་ཞུས་བྱས་པས། ངས་བཤད་པ་འདི་སེམས་ལ་ཟུངས་ལ་གཏམ་གཞན་ལ་མ་འཁྱར་བ་གྱིས་གསུང༌། དེ་ནས་ཆེར་མ་འགྱངས་པར་སྐུ་ཁམས་མ་བདེ་ཡང༌། ཞབས་བརྟན་སོགས་སྒྲུབ་ཏུ་མ་བཅུག་པར་མ་ཟད། ཆོས་བཀའ་གནང་རྒྱུ་དང་འབྱོན་བཞུད་སོགས་སྔར་རྒྱུན་བཞིན་མཛད་ནས་སོ་སོའི་རེ་བ་བསྐངས། འོན་ཀྱང་སྐུ་ཉམས་རིམ་གྱིས་ཇེ་ངན་དུ་འགྲོ་བ་སོགས་བབས་ལྕི་བ་ཞིག་ཏུ་ཡོད་པའི་གནས་ཚུལ་གསན་ཏེ། བླ་བྲང་ནས་དར་ཧན་ཆེད་མངགས་ཀྱིས་བཏང་བས། བརྒྱད་པའི་བཅུ་གསུམ་ལ་བརྟན་བཞུགས་ཕུལ་བར་རྟེན་འབྲེལ་ལ་དགོངས་པས་ཞལ་བཞེས་བཟང་པོ་གནང༌། ཞབས་བརྟན་སྒྲུབ་རྒྱུའི་ཐེབས་ཕུལ་བའི་སྟེང་ནས་རིམ་གྲོ་ཡང་གལ་ཆུང་དུ་མ་སོང་བ་མཛད་དགོས་ཚུལ་ནན་ཞུས་བྱས་པས་འདུན་པ་ལྟར་བསྒྲུབ་ཏུ་བཅུག །དེའི་བཅོ་བརྒྱད་ནས་སྐུ་ཁམས་ཀྱང་ཅུང་ཟད་ཇེ་དྭངས་སུ་སོང་སྟེ། ཕྱོགས་འདུས་ཀྱི་ཆོས་ཉན་པ་རྣམས་ལ་ལམ་རིམ་གྱི་བཤད་ལུང་གནང་བའི་དབུ་ཚུགས།དེ་སྐབས་བཞེས་པ་ཅུང་ཟད་ཙམ་ཡང་མ་གནང་བས་སྐུ་ཉམས་ལ་བལྟས་ན་བཞེངས་བཞུགས་ཙམ་ཡང་དཀའ་བའི་ཚོད་ཡིན་ཀྱང༌། ཁྲི་ཁར་ཕེབས་ཏེ་གསུང་ཆོས་ཀྱི་མགོ་ཚུགས་པ་ནས་སྐུའི་གཟི་མདངས་ཇེ་གསལ་དུ་སོང༌། གསུང་གི་གདངས་མཐོ་ཞིང་གསུང་བཤད་ཤིན་ཏུ་རྒྱས་ལ་ཟབ་ཅིང་བརླིང་བ་ཐོགས་མེད་དུ་སྩལ་བས་ཆོས་ཉན་པ་ཕལ་ཆེར་གྱི་སེམས་ལ། སྐུ་ཁམས་མི་བདེ་བ་ཅུང་ཟད་ཀྱང་མི་འདུག་སྙམ་པའི་ཚོད་ལྟ་བུ་བྱུང༌། སྐུ་འཁོར་འགའ་ཞིག་གིས་ཉིད་སྐུ་ཁམས་ངན་ཡང་བཀའ་ཆོས་གནང་ཚེ་གཟི་མདངས་ཇེ་རྒྱས་སུ་འགྲོ་བ་ཞིག་འདུག་པ་ཅི་ཡིན་ཞུས་པར། དེ་མདོ་བཏོན་པའི་སྟབས་རེད་གསུངས་པ་ནི། བརྒྱད་སྟོང་འགྲེལ་ཆེན་སོགས་སུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་བྱེད་པ་དེར་དཀར་ཕྱོགས་སྐྱོང་བའི་ལྷ་རྣམས་ཀྱིས་ལུས་ངག་ཡིད་གསུམ་ལ་མདངས་དང་སྤོབས་པ་སོགས་བསྒྲུབ་པར་གསུངས་པ་དེ་ལྟ་བུ་ཞིག་ཡིན་པར་མངོན། བཀའ་ཆོས་ཀྱི་མཐར་སྔོན་སྐྱབས་མགོན་རྡོ་རྗེ་འཆང་ནས་འདིའི་བཤད་ལུང་གནང་བའི་དུས་སུ་བརྩེ་བའི་བལྟ་སྟངས་ཀྱིས་འཁོར་གྱི་ཚོགས་དེར་ཡང་ཡང་གཟིགས་པས། ཐུགས་ཀྱི་དགོངས་པ་ལ་བརྟགས་ན་རྗེ་བླ་མའི་གསུང་གི་སྙིང་པོ་གསུང་རབ་མཐའ་དག་གི་བཅུད་བསྡུས་པ་འདིར་འཆད་ཉན་ཚུལ་བཞིན་དུ་བྱེད་མཁན་རེ་བྱུང་ན་དགོངས་པར་འདུག་པས། འདིའི་འཆད་ཉན་ལན་བདུན་བྱེད་རྒྱུའི་དམ་བཅའ་བྱས་ཏེ་སྔར་ལན་དྲུག་སོང༌། རྗེས་མ་འདི་མི་ཐུབ་པ་ཨེ་ཡིན་སྙམ་ཡང༌། ད་ལན་བླ་མའི་ཐུགས་རྗེ་ལ་བརྟེན་ནས་ལེགས་པར་འགྲུབ་པ་བྱུང་བས། དམ་བཅའ་མཐར་ཕྱིན་པ་ཡིན། མ་འོངས་པའི་སྐྱེ་བ་ཐམས་ཅད་དུ་ཡང་ངེད་རང་དཔོན་སློབ་རྣམས་རྗེ་བླ་མའི་བསྟན་པ་འདི་དང་མི་འབྲལ་བར་འཛིན་སྐྱོང་སྤེལ་གསུམ་བྱེད་རྒྱུའི་འདུན་པ་ཚང་མས་ཐུགས་ལ་འཛིན་དགོས་ཞེས་ཡང་ཡང་གསུངས་ཤིང༌། ཉིད་ནས་ཐུགས་དམིགས་རྒྱ་ཆེན་པོ་ནན་ཏན་མཛད། དགུ་པའི་ཚེས་གསུམ་ལ་བཀའ་ཆོས་རྫོགས་པར་གྲུབ། ཚེས་ལྔ་ནས་སླར་ཡང་སྐུ་འཁྲུགས་པར་ཞབས་ཕྱི་བ་རྣམས་དང༌། སྐུ་རྟེན་སོགས་ཀྱིས་སྨན་དང་རིམ་གྲོ་བྱེད་དགོས་ཚུལ་ཞུས་པ་ན། ད་དེ་འདྲའི་དུས་ཚོད་མིན། སྐུ་རྟེན་ཁྱོད་ལ་ལྔ་པའི་བཅུ་བདུན་གྱི་ཉིན་ངས་བཤད་ཡོད་པ་དེ་ཡིན། ལོ་སྔ་མ་ཞིག་ནས་རླུང་གི་རྒྱུ་ཚུལ་དང་ཉམས་སྣང་སོགས་ལ་དཔགས་ན་རང་གི་ཚེའི་འཕེན་པའི་དུས་ཚོད་དངོས་ལ་སླེབས་པ་ཡིན་གསུངས་ནས་གསན་བཞེས་མ་མཛད། དེ་ནས་སྐུ་ཁམས་རིམ་ལོད་དུ་སོང་བ་ན་སྐུ་འཁོར་ནང་མ་རྣམས་ཀྱིས་གལ་ཏེ་ད་ལན་ཞིང་གཞན་དུ་དགོངས་པ་གཏད་པ་ཟློག་ཏུ་མེད་པ་ཞིག་ཡིན་ཚེ། སླར་ཡང་ངེད་ཅག་གི་མགོན་དུ་ཡང་སྲིད་འཁྲུལ་པ་མེད་པ་ཞིག་ཕེབས་དགོས་ཞུས་པར། སྐྱེས་ཆེན་དམ་པ་སྙིང་རྗེའི་གཞན་དབང་དུ་གྱུར་པ་རྣམས་ལ་སྤྲུལ་སྐུ་འབྱུང་བ་མ་གཏོགས། ངེད་ལྟ་བུ་ལ་སྤྲུལ་སྐུ་འབྱུང་བ་ལྟས་ངན་ཡིན་པས་སྐུ་སྐྱེ་མེད། ཐུགས་དམ་ལ་སྡོད་པའི་རྒྱུ་ཚོགས་མེད་པ་རོ་ཙོག་པུར་བཞག་ནས་གདུང་མཇལ་དང་མཆོད་འབུལ་སོགས་ཆོས་བརྒྱད་ཀྱིས་བསླད་པའི་ཚུལ་འཆོས་ཀྱི་རིགས་མ་བྱེད། ཞག་གསུམ་གྱི་བར་དུ་ཕུང་པོ་བསྒུལ་བསྐྱོད་མ་བྱེད། སྔར་ལོ་བཅུ་གསུམ་གྱི་སྟེང་ནས་རུ་སྟོད་མའི་ས་ཆའི་རི་ཞིག་གི་ངོས་ནས་རང་གི་ལུས་བྱ་རྒོད་ལ་སྦྱིན་པའི་འཕེན་པ་བཏང་ཡོད་པས་ཞག་གསུམ་པའི་མཚན་མོ། དགེ་སློང་མཁས་མཆོག །དོན་གྲུབ། བསྟན་འཛིན་གསུམ་གྱིས་སྔར་ངེད་ཀྱིས་བསྟན་ཡོད་པའི་རི་དེར་སྐྱོལ་ལ་རེ་ཞིག་གཞན་སུས་ཀྱང་མ་ཚོར་བ་བྱེད་དགོས། འདི་ངེད་རང་གི་བསམ་པ་དང་མཐུན་པའི་དགེ་རྩ་ཡིན་པས་བར་ཆད་བྱེད་མི་ཉན་ཞེས་དམ་ཚིག་ལ་བཀར་བའི་གསུང་ནན་གནང༌། ཆུང་ངུའི་དུས་ནས་རང་གི་ལུས་གཞན་ལ་བསྔོས་ཏེ་གཏོང་སེམས་གོམས་པར་མཛད་པའི་ཚུལ་འདི་ནི་ཐེག་པ་ཆེན་པོའི་ལམ་གྱི་གནད་ཤེས་པ་ཞིག་གིས་བརྟགས་ན་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པའི་གནས་ཡིན་ཏེ། སྐྱེ་བོ་ཕལ་ཆེར་ལུས་ཤ་ཁྲག་གི་ཕུང་པོ་མི་རིང་བར་འདོར་དགོས་པ་འདི་ལ་གཏན་དུ་བར་བཟུང་སྟེ། འདུན་མ་གང་བྱས་ཐམས་ཅད་འདིའི་འཚོ་སྐྱོང་གི་ཐབས་འབའ་ཞིག་ཏུ་བྱས་ན་ཡང༌། ནམ་ཞིག་འཆི་བདག་གི་ཕོ་ཉས་ཟིན་ཏེ་ཕྱི་མར་འགྲོ་བ་ན། ཤུལ་དུ་བསྐྱུར་དགོས་པས་བྱ་བ་ཐམས་ཅད་ཆུད་ཟོས་སུ་སོང་།དེར་མ་ཟད་ལུས་ལ་གཅེས་པར་བཟུང་བའི་དབང་གིས་དེ་ལ་བརྟེན་པས་གཉེན་ལ་ཆགས་པ་དང༌། དགྲ་ལ་སྡང་བ་སོགས་ཕུང་ཁྲོལ་མཐའ་དག་བསྐྱེད་པ་ཡིན་ལ། བདག་ཉིད་ཆེན་པོ་འདིས་ནི་རང་གི་ལུས་ཀྱང་བརྙན་པོ་ལྟ་བུར་གཟིགས་ཏེ་ཞེན་པ་མེད་པའི་སྟོབས་ཀྱིས་དེ་ལ་བརྟེན་པའི་ཆགས་སྡང་སོགས་སྐྱེ་བའི་གནས་མེད་ཅིང༌། གནས་སྐབས་ཆོས་སྒྲུབ་པའི་ཡན་ལག་ཙམ་དུ་ལུས་ཟུངས་བརྟེན་པ་ཙམ་གྱི་འཚོ་བ་དང༌། གཟབ་འཕྱོར་གྱི་རིགས་སུ་མི་འགྱུར་ལ། ཧ་ཅང་ཧྲུལ་པ་ཡང་མ་ཡིན་པ་མཐའ་གཉིས་སུ་མ་ལྷུང་བའི་གོས་ཙམ་གྱིས་ཆོག་ཤེས་པར་མཛད་པའི་སྟེང་ནས་ལུས་དེ་ཉིད་ཅུང་ཟད་ཙམ་ཡང་བག་ཡངས་སུ་མི་འཇོག་པར་ཆུ་བོ་བརྒལ་བའི་གྲུ་གཟིངས་བཞིན་དུ་ཆོས་སྒྲུབ་པའི་རྒྱུ་འབའ་ཞིག་ཏུ་བཀོལ་བར་མཛད་པ་ནི། སྤྱོད་འཇུག་ལས། བདག་གིས་ལུས་ཅན་ཐམས་ཅད་ལ། །ལུས་འདི་ཅི་བདེར་བྱིན་ཟིན་གྱིས། །རྟག་ཏུ་གསོད་དང་སྨོད་པ་འམ། །བརྡེག་སོགས་ཅི་དགར་བྱེད་ལ་རག །བདག་གི་ལུས་ལ་རྩེ་བྱེད་དམ། །ཅོ་འདྲི་ག་ཞའི་རྒྱུ་བྱེད་ཀྱང༌། །བདག་གི་ལུས་འདི་བྱིན་ཟིན་གྱིས། །འདི་ཡི་ཁྭ་ཏས་ཅི་ཞིག་བྱ། །ཞེས་དང༌། ལུས་འདི་བསྙོད་ཀྱང་གཞན་འགྲོ་ན། །ཁྱོད་ཀོ་ཅི་སྟེ་ཤ་ཐང་གསོ། །འདི་ལ་གླ་རྔན་བྱིན་ནས་ནི། །2ཕན་པ་མེད་པ་འདི་ལ་ནི། །ཐམས་ཅད་སྦྱིན་པར་མི་བྱ་འོ། །འགྲོ་དང་འོང་བའི་རྟེན་ཙམ་དུ། །ལུས་ལ་གྲུ་ཡི་བློ་བཞག་སྟེ། །སེམས་ཅན་རྣམས་དོན་སྒྲུབ་པའི་ཕྱིར། །ཡིད་བཞིན་གྱི་ནི་ལུས་སུ་བསྒྱུར། །ཞེས་པའི་དགོངས་པ་ཇི་ལྟ་བ་བཞིན་མཛད་དེ། ལྷན་ཅིག་སྐྱེས་པའི་ལུས་ལ་ཡང་ཞེན་པ་ཅུང་ཟད་ཀྱང་སྐྱེ་བའི་གོ་སྐབས་མེད་པར་མཛད་ན། ལོངས་སྤྱོད་ལ་ཞེན་པ་མེད་པ་ལྟ་ཅི་སྨོས། དམ་པ་ཉིད་ཀྱི་ཞལ་ནས་ཀྱང་དེང་ཕྱོགས་ཕན་ཚུན་མང་པོར་སོང་བ་འདི་བླ་མའི་འཕྲིན་ལས་ལ་ཕན་པ་ཞིག་ཨེ་ཡོང་མ་གཏོགས་རང་དོན་ཞིག་ཨེ་འགྲུབ་སྙམ་པ་མིན། དངོས་པོ་ཕྲན་ཚེགས་ཤིག་ཀྱང་ལག་ཏུ་བྱུང་མ་ཐག་ནས་བླ་མ་ལ་བསྔོས་ཏེ་སྙིང་པོ་བླངས་ཟིན་པ་ཡིན། དེ་ལས་ལྷག་པ་འཁོར་བའི་ལོངས་སྤྱོད་ཁོ་རང་ལ་སྙིང་པོ་གཞི་ནས་མ་གྲུབ་པའི་སྟོབས་ཀྱིས་ལེན་ཚུལ་མེད་གསུངས་པས་ཀྱང་ཤེས་སོ། །དེ་ལྟར་ལུས་དང་ལོངས་སྤྱོད་གཏོང་བར་མ་ཟད། དགེ་རྩ་ཡང་གཞན་དོན་ཁོ་ནར་གཏོང་བར་མཛད་དེ། སྐུ་འདའ་ཁའི་ཚེ། བདག་གི་ཤ་ཁྲག་བྱ་ཁྱི་ལ། །བསམ་པ་ཐག་པས་བྱིན་པ་ཡི། །དགེ་བ་གང་དེས་འགྲོ་བ་ཀུན། །བྱང་ཆུབ་སྤྱོད་ལ་འཇུག་པར་ཤོག །ཅེས་རྐང་པ་དང་པོ་གཉིས་བསྒྱུར་ནས། དེས་ཐོག་དྲངས་ཏེ་སྤྱོད་འཇུག་སྨོན་ལམ་ཆ་ཚང་བར་ཡང་ཡང་གསུངས་ཤིང་ཐུགས་སྨོན་ནན་ཏན་མཛད། རྗེས་སུ་རྣམ་དཀར་བསྒྲུབ་པའི་ཚེ་ཡང་དེ་ལྟར་བྱེད་དགོས་ཀྱི་བཀོད་ཁྱབ་མཛད་པས་དཔོགས་ནུས་སོ། །དེ་ལྟར་བསླབ་པ་ཀུན་ལས་བཏུས་པར་གསུངས་པ་བཞིན། ལུས་ལོངས་སྤྱོད་དགེ་རྩ་གསུམ་ཆར་ལ་བཏང་བསྲུང་དག་སྤེལ་བཞི་བཞིའི་སྒོ་ནས་སློབ་པ་ནི། རྒྱལ་སྲས་ཀྱི་སྤྱོད་པ་རྨད་དུ་བྱུང་བ་ཡིན་ནོ། །སྤྲུལ་སྐུ་འབྱུང་བ་ལ་བཀག་ཆ་ནན་ཏན་དུ་མཛད་པ་ཡང༌། ཀུན་གཟིགས་ལྔ་པ་ཆེན་པོས། སློབ་དཔོན་བསྟེན་དང་བརྩོན་པ་མ་དགོས་པར། །ཆོས་ཀུན་མ་ལུས་མཁྱེན་པར་ཁས་འཆེ་བའི། །སྐྱེ་རྒུའི་འདྲེན་པར་རློམ་པའི་ཚུལ་བདེན་ན། །མདོ་ལས་རྒྱུ་འབྲས་གསུངས་པ་གཏམ་དུ་ཟད། །ཚེ་རབས་སྔ་ཕྱི་མེད་པའི་འགྲོ་བ་དག །མེད་ཕྱིར་སྐྱེ་བ་ཙམ་ལ་སུ་ཞིག་མཚར། །རྨོངས་རྟུལ་རིགས་མཐུན་དབུས་ན་ཆེན་པོའི་གར། །འགྱིང་བ་ཡིས་ཀྱང་ཐུབ་བསྟན་ཆེས་ཆེར་སྨད། །གསུངས་པ་བཞིན། དམ་པ་རེའི་མིང་ཙམ་གྱི་ཕག་ཏུ་འཆེལ་ནས་ཐོས་བསམ་སྒོམ་པ་གང་ཡང་མི་ནུས་པར་དཀོར་ཟས་འབའ་ཞིག་ལ་སྤྱོད་པས་རང་ཉིད་ཕུང་བར་བྱེད་ཅིང༌། ཆེན་པོའི་གོ་སར་འཁོད་དེ་ཆོས་མིན་གྱི་བྱ་བ་ལ་ཞུགས་པས་བསྟན་པའི་དབུ་འཕངས་སྨོད་པ་སོགས་མིག་ལྟོས་ལ་གནོད་པ་དང༌། ལྷག་པར་དེང་དུས་དེ་ལས་ཀྱང་ཆེས་སྙིགས་མར་གྱུར་ཏེ། ལྕང་སྐྱ་རོལ་པའི་རྡོ་རྗེའི་ཞལ་ནས། འབྱོར་ལྡན་གྲྭ་པ་བཅུ་ལྷག་ཡོད་ཕྱིན་ཆད། །ཤི་ནས་འཛམ་བུའི་གླིང་དུ་སྐྱེ་ངེས་ཤིང༌། །དེ་ཡང་སྔོན་གྱི་ཉེ་རིགས་སྦྱིན་བདག་ལ། །ཅིས་ཀྱང་རང་དབང་མེད་པར་སྐྱེ་དགོས་པའི། །དེང་དུས་སྐུ་སྐྱེས་རྣམས་ལ་ཐུགས་རྗེས་གཟིགས། །གསུངས་པ་བཞིན། བྱིས་པ་དེ་ཉིད་སྐྱེ་སྲིད་དུ་ཉིང་མཚམས་མ་སྦྱར་བའི་སྔ་རོལ་ནས་གཉེན་བཤེས་གྲྭ་རིགས་སོ་སོའི་འདོད་དབང་གིས་ཟོལ་སྦྱོར་སྣ་ཚོགས་པས་རང་གཞན་གཉིས་ཀ་བསླུ་བའི་གཡོ་སྒྱུའི་མཛད་འཕྲིན་གྱི་མགོ་ཚུགས་ཏེ། རྟེན་འབྲེལ་ཐོག་མ་ནས་ཉེས་པ་གྲོང་པས་གཉེན་བསྒྲིགས་པ་ལྟ་བུ་མང་དུ་འབྱུང་བ་ལ་ཐུགས་ཁྲེལ་བར་འདུག་པ་ཤིན་ཏུ་མད་པར་སྣང་ངོ༌། །

འོན་ཀྱང་སྐྱེས་བུ་དམ་པ་འཇིག་རྟེན་དུ་འབྱུང་བ་ནི་གཙོ་བོ་གདུལ་བྱའི་སྐལ་བ་ལ་ལྟོས་ཤིང༌། དམ་པ་ཉིད་ནས་ཀྱང་སྐུ་སྐྱེ་ཡིན་ཟེར་བ་ཞིག་མི་འབྱུང་ཞེས་ནན་ཏན་མཛད་པ་ལས། སྐུའི་སྐྱེ་བ་ཙམ་ཞིག་གང་དུ་བཞེས་པ་ཁ་ཚོན་གཅོད་དཀའ་བའི་གསུང་ཟུར་དུ་མ་ཞིག་སྩལ་འདུག་སྟེ། སྐུ་རྟེན་གྱིས་ངེད་ཅག་ཕྱི་མར་རྗེ་ཉིད་དང་གང་ནས་མཇལ་བའི་སྨོན་ལམ་འདེབས་དགོས་ཞུས་པ་ལ། ཤམྦྷ་ལར་སྐྱེ་བའི་སྨོན་ལམ་ཐོབ་གསུངས་པས། གོ་ཁྲབ་བཟང་པོ་ཞིག་ཕུལ་ཏེ་སྨོན་ལམ་བཏབ། འདིའི་རྒྱུ་མཚན་ནི་ལན་གཅིག་དམ་པ་ཉིད་ཀྱི་མནལ་ལམ་དུ་ཤམྦྷ་ལར་འབྱོན་རྩིས་མཛད་པ་ན། ཐུགས་ལ་ཀུན་སློང་ཞིག་བཅོས་དགོས་པ་འདུག་སྙམ་ནས། རྗེ་བླ་མའི་བསྟན་པ་དར་ཞིང་རྒྱས་པ་ཞིག་བྱེད་དགོས་སྙམ་པའི་འཕེན་པ་ཁྱད་པར་ཅན་ཞིག་བཏང་སྟེ་ཕེབས་པ་རྨིས་ལ། པཎ་ཆེན་ཐམས་ཅད་མཁྱེན་པ་དཔལ་ལྡན་ཡེ་ཤེས་ཀྱིས། རྗེའི་གསུང་རབ་རྣམས་གྲུབ་པའི་དབང་པོ་དང༌། མཁའ་འགྲོ་མ་རྣམས་ཀྱིས་ཤམྦྷ་ལར་གདན་དྲངས་ཏེ། ད་ལྟ་རང་རེའི་དགེ་ལུགས་པ་རྣམས་ལ་དར་བ་ལས་ཀྱང་དེ་ན་བཤད་སྒྲུབ་ཀྱི་འཕེལ་རྒྱས་ཆེན་པོ་ཡོད་གསུངས་པ་སོགས་གུང་འགྲིག་པར་སྣང་ངོ༌། །ཡང་ཐུགས་ཟིན་གྱི་སློབ་མ་འགའ་ཞིག་ལ། སྐྱབས་མགོན་ཐམས་ཅད་མཁྱེན་པ་དེ་ཉིད་ཀྱིས་རང་རེ་རྣམས་ལ་བྱམས་པའི་གཟུངས་གཞུག་སྒྲུབ་རྒྱུ་གཏད་དེ་འབྲེལ་དགའ་བོ་ཞིག་འཇོག་རྒྱུ་བྱུང་བ་དང༌། དགོན་ལི་རིན་པོ་ཆེའི་གསུང་གཅིག་ཀྱང་ཡོད་པས། དགའ་ལྡན་དུ་སྨོན་ལམ་བཏབ་ན་དགའ་པོ་ཨེ་འབྱུང་གསུང༌། ཡང་སྐབས་གཅིག་ཏུ་ངེད་རང་ལ་དབང་ཡོད་ན་ཀུན་མཁྱེན་བླ་མའི་ལེགས་བཤད་དང་མཛད་འཕྲིན་གང་དུ་དར་བའི་ཕྱོགས་གཅིག་ཏུ་སྨོན་ལམ་འདེབས་ཀྱིན་ཡོད། འོན་ཀྱང་སྐུ་སྐྱེ་ཡིན་ཟེར་བ་ཞིག་མི་འབྱུང༌། མི་མངོན་པར་བཙུན་ཆུང་ཚོའི་ཁྲོད་ནས་ཞུགས་ཏེ་ཐོས་བསམ་སྒོམ་གསུམ་ཞིག་བྱེད་རྒྱུ་བྱུང་ན་དེ་ལེགས་གསུངས་པ་རྣམས་འཕེལ་ཁ་བསྒྲིགས་པའི་ཚེ། རྗེ་བདག་ཉིད་ཆེན་པོས། དག་པའི་ཞིང་དུ་སྐྱེས་ནས་ཀྱང་བརྩེ་བ་ཤུགས་དྲག་པོས་ཀུན་ནས་བསླང་སྟེ། ཐོགས་པ་མེད་པའི་རྫུ་འཕྲུལ་གྱིས་གཙོ་བོར་མ་དག་པའི་ཞིང་དུ་ཕྱིན་ནས། ཞེས་སོགས་ལྟ་བུ་ཞིག་དགོངས་པའི་མཐིལ་ཡིན་པར་མངོན། དགོན་པའི་དོན་དང་རྗེས་ཀྱི་རྣམ་དཀར་སྒྲུབ་ཚུལ་ཇི་ལྟར་བྱེད་ཞུས་པ་ལ། དགོན་པ་སྐྱབས་མགོན་རིན་པོ་ཆེར་ཕུལ་ཟིན་པ་དེ་ཡིན་པས། བླ་མ་ལེན་ཚུལ་སོགས་འདི་ལྟར་གྱིས་ཞེས་ཞལ་བཀོད་མདོར་བསྡུས་དང༌། གཙོ་ཆེར་ཐུབ་པའི་དབང་པོ་མྱ་ངན་ལས་འདའ་ཁར་འཕགས་པའི་གནས་བརྟན་ཆེན་པོ་བཅུ་དྲུག་ལ་བསྟན་པ་གཏད་པ་བཞིན་དུ་ངེད་རང་གིས་ཀྱང༌། སྟོན་པའི་རྣམ་ཐར་རྗེས་འཇུག་གིས་ཉམས་ལེན་དུ་འཁྱེར་བའི་ཁུལ་བྱས་ཏེ། ཐུབ་དབང་གནས་བརྟན་བཅུ་དྲུག་དང་བཅས་པའི་ཞལ་ཐང་འདི་རྣམས་བཞེངས་པ་ཡིན་པས། དགོན་པའི་རྟེན་གཙོར་བཟུང་སྟེ་ཕྱག་མཆོད་དང་གསོལ་འདེབས་གང་དྲག་བྱེད་ཐུབ་ན། བྱིན་རླབས་ཀྱི་མཚན་མ་ཁྱད་པར་ཅན་ཞིག་ཀྱང་ཡོད་པས་ངེད་ཅག་དཔོན་སློབ་རྣམས་གནས་བརྟན་ཆེན་པོ་རྣམས་ཀྱིས་རྗེས་སུ་འཛིན་ཅིང༌། དགོན་པ་ཡང་དགའ་རབ་གནས་པ་ཞིག་ཡོང་འགྲོ །དགེ་རྩའི་དོན་དུ་སྐྱབས་མགོན་ཐམས་ཅད་མཁྱེན་པ་གདན་འདྲེན་ཞིག་ཞུས་ཏེ་ཁང་པ་དང་ཆ་བྱད་སོགས་ཤུལ་ན་གང་ཡོད་འདི་ཐམས་ཅད་ཕུལ་ན་ངེད་རང་གི་བསམ་པ་ལྟར་གྱི་དགེ་རྩ་དེ་ཡིན། དགོན་སྒྲུབ་སྡེ་སོགས་ལ་མང་འགྱེད་བྱས་ན་མི་ཐེམ་ཞིང༌། ངེད་ཀྱིས་སྔར་ཡང་བྱེད་མ་མྱོང་སྟེ། མཆོད་པ་ཐམས་ཅད་ཡོངས་སྤངས་ནས། །བླ་མ་མཆོད་པ་ཡང་དག་བརྩམས། །ཞེས་གསུངས་པ་དེ་ལག་ལེན་དུ་བཏབ་པའི་ཁུལ་ཡིན་གསུངས། སྤྱིར་དཀོན་མཆོག་གསུམ་གྱི་ནང་ནས་དགེ་འདུན་བསོད་ནམས་ཀྱི་ཞིང་དུ་བསྔགས་ཀྱང༌། བླ་མ་ནི་མཆོག་གསུམ་མ་ལུས་པ་འདུས་པའི་བདག་ཉིད་ཡིན་པས་དེ་ལས་ཀྱང་བསོད་ནམས་ཀྱི་ཞིང་དུ་འགྱུར་ཆེ་ལ། ཕལ་ཆེར་དེ་ལས་དགེ་འདུན་གཙོ་བོར་བྱེད་པ་ནི་མི་མང་གི་ཁ་ཆོད་པའི་གཏམ་འདོད་པ་དང༌། བླ་མ་གཅིག་པུ་ལ་བློ་མ་ཁེལ་བར་དགེ་འདུན་མང་པོའི་ཁྲོད་དུ་སངས་རྒྱས་བྱང་སེམས་རེ་ཡོད་འགྲོ་སྙམ་པའི་བློ་སྐྱོན་ཞུགས་པ་ཤས་ཆེ་བར་སྣང༌། གདུང་མཇལ་བྱེད་པ་སོགས་ཀྱང་ནན་ཏན་དུ་བཀག་པ་ནི། མཉམ་མེད་ཇོ་བོ་ཆེན་པོས་ཁོ་བོ་མི་ཆེན་པོ་མིན། སེམས་ཆེན་པོ་ཡིན། གསུངས་པ་ལྟར། དམ་པ་ཉིད་ཡོན་ཏན་གྱི་ཚོགས་ཀྱིས་མངོན་པར་མཐོ་ཡང༌། འཇིག་རྟེན་ལུགས་ཀྱི་མཐོན་པོའི་ཆེ་ཚུགས་སོགས་ལ་མི་དགྱེས་པས་ཚུལ་འཆོས་ཀྱི་རིགས་དེ་འགོག་ཆེད་ཡིན་པར་སྣང༌། དེ་ནས་སྐྱེས་རབས་ཀྱི་སྟག་མོ་ལུས་སྦྱིན་དང༌། དེད་དཔོན་སྙིང་རྗེ་ཆེན་པོའི་ཞལ་ཐང་གཉིས་བཀྲམ་དུ་བཅུག་ནས་མཆོད་ཤོམ་རྒྱ་ཆེན་པོ་གནང་སྟེ་ཐུགས་སྨོན་ནན་ཏན་མཛད། རྒྱལ་སྲས་ཞི་བ་ལྷས། སྔ་ནས་ཤི་དང་འདྲར་བརྩིས་ནས། །ཤི་ནའང་མྱ་ངན་བྱེད་པ་མེད། །དྲུང་ན་འཁོད་པ་སུ་དག་ཀྱང༌། །མྱ་ངན་གནོད་པ་བྱེད་མེད་པས། །འདི་ཡིས་སངས་རྒྱས་རྗེས་དྲན་སོགས། །སུས་ཀྱང་གཡེང་བར་འགྱུར་བ་མེད། །གསུངས་པ་བཞིན། སྔ་མོ་ནས་སྐུ་འདའ་ཚུལ་སོགས་འབྱུང་འགྱུར་ཐམས་ཅད་གྱུ་རུ་ལུགས་སུ་ཡང་ཡང་གསུངས་པས། སྐུ་འཁོར་རྣམས་ཀྱང་བློ་ཐག་ཆོད་ཟིན་པ་དང༌། བླ་མའི་གདམས་ངག་གིས་ཡིད་གསོས་པས་མྱ་ངན་གྱི་རྣམ་པ་སོགས་མ་བྱས་པར་གང་གསུངས་བཞིན་དཔོན་སློབ་ལྷན་ཅིག་པས་སྨོན་ལམ་གྱི་མཚམས་སྦྱོར་སོགས་ནན་ཏན་མཛད། དེའི་ཚེ་ཐུབ་པའི་དབང་པོའི་རྣམ་ཐར་གྱི་རྗེས་སུ་སློབ་པའི་འདུན་པ་སྦྱངས་པ་ན་སྙིང་སྟོབས་ཀྱི་ཤུགས་ལྷག་པར་འཕེལ་ཏེ། སྐུ་ལུས་ད་ལྟ་རང་གཏོང་སྙམ་དུ་ཐུགས་ཤིན་ཏུ་རངས་པར་གྱུར་ནས་དགེ་སློང་མཁས་མཆོག་ལ། གཞན་ལ་མི་མངོན་པར་བྱས་ཏེ་ངེད་དོ་ནུབ་ལྟ་བུ་ཞིག་ལ་བསྐྱལ་བཏང་ན་གསུང་བར། སེམས་ཀྱིས་མ་བཟོད་པས་ཕྱག་འཚལ་ཏེ་ཞུ་བ་ནན་ཆེར་བྱས་ནས་བཤོལ་ཐུབ་ཙམ་བྱུང༌། དགེ་བའི་བཤེས་གཉེན་ཕུ་ཆུང་བའི་ཞལ་ནས། དེས་ན་ཤེས་པ་ཆེ་ཆུང༌། སྒོ་དྲག་ཞན། འདུན་མ་མཁས་མི་མཁས་ཐམས་ཅད་དུས་དེར་གསལ་བ་ཡིན། རང་འཆི་བའི་ཚེ་དགའ་ཡ་ལེ། བྲོད་སུ་རེ་བ་ཅིག་བྱུང་ན་ཤེས་ཆེ། སྒོ་དྲག །འདུན་མ་མཁས། རང་མགོ་ཐོན་པ་ཞེས་བྱ། གསུངས་པ་དང༌། པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས། ཚེ་རིང་དུ་གནས་ན་རྣམ་དཀར་གྱི། །ལམ་བཟང་པོ་སྒྲུབ་པོ་ཤི་ཡང་བདེ། །ལས་བག་ཆགས་བཟང་པོའི་ངང་དུ་འཆི། །ཨ་ལ་ལ་གསོན་ཤི་སེམས་ལ་སྙོམས། །ཚེ་སྒྲུབ་ཀུན་ཇི་ལྟར་དགྱེས་དགྱེས་མཛོད། །གསུངས་པ་བཞིན་དུ་འཆི་བ་ལ་མི་འཇིགས་པར་མ་ཟད། དགའ་བ་ལྷག་པར་སྐྱེས་པ་འདི་ལྟ་བུ་ནི་ཆོས་པ་རབ་ཀྱི་རྣམ་པར་ཐར་པ་རྗེས་འཇུག་ལ་སྤྲོ་བ་སྐྱེད་པའི་གནས་ངོ་མཚར་ཅན་ཞིག་གོ །སྐབས་དེར་དགེ་སློང་བྱམས་པ་གཞན་ཞིག་ཏུ་མངགས་པར་སླར་མཇལ་ཨེ་ཐུབ་སྙམ་ཐེ་ཚོམ་དུ་གྱུར་པའི་ཚེ། དུས་ཚོད་ཅིག་བཟུང་སྟེ་འདི་ལ་ཕྱིར་འབྱོར་བ་གྱིས་དང་སྐྱོན་མེད་གསུང་བ་ཡང་དེ་ཁོ་ན་བཞིན་དུ་གྱུར། དེ་ནས་མི་མང་གི་གཏམ་ལ་ཆ་བཞག་མེད། ངེད་རང་བར་སྐབས་སུ་བླ་མའི་སྐུ་དོན་ལ་འགྲོ་བསྡད་མང་ཙམ་བྱེད་དགོས་བྱུང་བས་རྟ་རེ་ཞོན་པ་མ་གཏོགས། སྔར་གྱི་རུ་སྟོད་མའི་དགེ་ཚུལ་དབྱུག་པ་བཟུང་ནས་འགྲོ་མཁན་དེ་ཡིན་པས། ད་དགོན་དང་ཁང་གཞིས་ཐམས་ཅད་བླ་མ་ལ་ཕུལ་ཏེ། ངེད་རང་སྔོན་གྱི་འཕྲོ་དེ་དང་མཚམས་སྦྱར་ཏེ། བཀའ་གདམས་གོང་མ་རྣམས་ཀྱིས། བློ་ཕུགས་ཆོས་ལ་གཏད། ཆོས་ཕུགས་སྤྲང་ལ་གཏད། སྤྲང་ཕུགས་ཤི་ལ་གཏད། ཤི་ཕུགས་གྲོག་སྟོང་ཞིག་ལ་གཏད། གསུངས་པ་ལྟར་གྱི་གཏད་པ་བཞི་པོ་དེ་རང་གི་སྨོན་པའི་མཐིལ་རང་ཡིན་པས། དེ་ལ་བསྒྱུར་བཀོད་མ་བྱེད་གསུངས་ཏེ་ཞལ་བཀོད་གནང་བ་མི་འགྱུར་བའི་ཆེད་དུ་ཡི་གེར་བཀོད་ཅིང༌། ཐ་ན་བུ་སློབ་རྣམས་ཀྱིས་བདུན་ཚིགས་ཀྱི་རིང་ལ་ཞལ་འདོན་གནང་རྒྱུའི་རིམ་པ་ཡང་ཐུན་བཞིར་བཅད་དེ། ཆོས་སྤྱོད་འགའ་ཞིག་ཡན་ལག་བདུན་པ་མནྜལ་དང་བཅས་པ། རྡོར་སེམས་སྒོམ་བཟླས། ཆོས་རྒྱལ་གྱི་གཏོར་འབུལ། ལམ་རིམ་སྨོན་ལམ་དང༌། བསྟན་འབར་མ། རྐང་པ་དང་པོ་གཉིས་བསྒྱུར་ཏེ་སྤྱོད་འཇུག་སྨོན་ལམ་གསུང་ཚུལ་སོགས་འདོན་སྒྲིགས་ཀྱི་ཡི་གེ་ཚུན་ཆད་ཀྱང་གནང་ནས། བུ་ཕ་ཁྱིམ་དུ་འགྲོ་བ་བཞིན་སྤྲོ་དགའི་གདེང་དང་བཅས་ཏེ་གཟུགས་སྐུའི་བཀོད་པ་ཉེ་བར་བསྡུས་སོ། །སྔ་མའི་ཞལ་བཀོད་བཞིན་གདུང་ཞག་གསུམ་དུ་བཞུགས་པ་དེའི་རིང་ལ་རླུང་བསེར་བུ་ཕྲ་མོ་ཙམ་ཡང་མི་ལྡང་བ་དང་།སྐུ་གདུང་རི་ཁར་གདན་དྲངས་སྐབས་དགོན་པའི་མདུན་ངོས་ནས་འཇའ་ཁ་དོག་སྣ་ལྔ་པ་ཞིག་དང་།རྒྱབ་ནས་འཇའ་དཀར་པོ་ཞིག་ཤར་བ་གཉིས་ཀའི་སྣེ་གཅིག་ཏུ་འདྲེས་ཏེ་ཤར་ནུབ་ཏུ་ཟུག་པའི་ལྟས་ཡ་མཚན་པ་བྱུང༌། དེ་ནས་ཞག་གཉིས་ཀྱི་མཚམས་སུ་དབུ་སྐྲ་དང་གདུང་རུས་ཀྱི་ལྷག་མ་རེ་ཨེ་ཡོད་སྙམ་དུ་བལྟར་ཕྱིན་པའི་ཚེ། སྔར་རི་ཀླུང་ཐམས་ཅད་ཁ་བ་འཐུག་པོས་ནོན་ཡོད་པ་ལ། གདུང་བཞུགས་པའི་ཁོར་ཡུག་རྒྱ་ཁྱོན་ཆེ་ཙམ་ཞིག་ཚུན་ཆད་དུ་ཁ་བ་ཅུང་ཟད་ཀྱང་མེད་པར་ས་ཐམས་ཅད་སྨུག་ཤིག་གེ་བྱེད་ཅིང༌། ཤུལ་ན་གདུང་རུས་ཅུང་ཟད་ཙམ་དང་དབུ་སྐྲ་ཉག་མ་གཅིག་ཀྱང་མི་འདུག་པར། མི་གཞན་རེ་ཡོང་བ་ཨེ་ཡིན་སྙམ་ནས། མཐའ་འཁོར་དུ་བལྟས་པའི་ཚེ། ཁ་བའི་ནང་དུ་ཁོ་རང་རྣམས་ཕར་འགྲོ་ཚུར་འགྲོའི་རྗེས་མ་གཏོགས་མེད་པའི་རྒྱུ་མཚན་བློའི་ར་བ་ལས་འདས་པར་གྱུར། དེ་སྐབས་བདག་གི་རྨི་ལམ་དུ་ཤར་ཕྱོགས་ནས་ཉི་མའི་དཀྱིལ་འཁོར་བསྒྲིབས་པ་དང༌། ཤུལ་དེར་ཟླ་བ་དཀར་ཞིང་གསལ་བ་ཞིག་འཆར་བ་རྨིས་ཏེ་ཁོང་ལ་ལྟ་བ་ཨེ་ཡིན་སྙམ་ཡང༌། ཞག་ཤས་ཀྱི་འཕྲོར་སྐུ་ཁམས་ལེགས་པར་བདེ་འདུག་ཅེས་པའི་གཏམ་ཞིག་ཐོས་པས། རྨི་ལྟས་དེ་ཅི་ཡིན་སྙམ་ཐེ་ཚོམ་དུ་གྱུར་ན་ཡང་དེ་སྐབས་གསང་རྒྱ་བྱས་པ་ཡིན་འདུག་པས། རྗེས་སོར་དྲིས་ཚེ་ཞིང་བརྗེས་པའི་དུས་ཚོད་དང་རྨི་ལམ་གཉིས་ཇི་བཞིན་པར་འགྲིག་སྣང་ངོ༌། །

དེ་ནས་བུ་སློབ་རྣམས་ཀྱིས་ཞལ་ཆེམས་བཞིན། སྐྱབས་མགོན་མཆོག་གི་སྤྲུལ་བའི་སྐུ་གདན་དྲངས་ཏེ་ནོར་རྫས་ཀྱི་སྙིང་པོ་གང་ཡོད་ཕུལ། སྐྱབས་མགོན་མཆོག་ནས་ཀྱང་དམ་པ་ཉིད་ཀྱི་བསྟན་འགྲོར་སྨན་པའི་ཐུགས་ཀྱི་བཞེད་དགོངས་རྣམས་ཇི་བཞིན་འགྲུབ་པའི་སྤྱན་དམིགས་ཀྱི་མཚམས་སྦྱོར་ནན་ཏན་བཀའ་དྲིན་བསྐྱངས། རྗེས་འཇུག་བུ་སློབ་ཐམས་ཅད་ཀྱིས་ཀྱང་བླ་མའི་བཀའ་དྲིན་རྗེས་སུ་དྲན་པའི་མོས་གུས་ཤུགས་དྲག་པོས་རྒྱུད་བསྐུལ་ཏེ། བླ་མའི་ཐུགས་ཀྱི་དགོངས་པ་རྫོགས་པའི་ཕྱིར་རང་གི་སྒོ་གསུམ་དགེ་བ་ལ་སྦྱོར་བའི་བརྩོན་པ་ལྷུར་བླངས། དེར་མ་ཟད་སྐབས་དེར་ཡུལ་ཕྱོགས་དེ་ན་ཆོས་དོན་དུ་གཉེར་བའི་སྐྱེ་བོ་ཡ་རབས་དམ་པའི་རྣམ་ཐར་གྱི་རྗེས་སུ་བློ་ཁ་ཡར་ཕྱོགས་པའི་རིགས་ལ་ཉིད་ཀྱི་སློབ་མ་དང༌། སྦྱིན་བདག་ཏུ་མ་གྱུར་པ་མེད་པ་ལྟ་བུ་ཡིན་པས། སོ་སོ་ནས་གདུང་འབུལ་སོགས་ཀྱི་སྤྲོས་པ་རྒྱ་ཆེན་པོ་བྱེད་འདོད་ཀྱང་ཞལ་ཆེམས་ཀྱི་སྟབས་ཀྱིས་བྱེད་རྒྱུ་མ་བྱུང་བས། རང་རང་གི་ས་ནས་དད་པ་རྩེ་གཅིག་པའི་གསོལ་འདེབས། ཕྱག་མཆོད་བཟླས་བརྗོད་སོགས་དགེ་སྦྱོར་ལ་ཆིག་དྲིལ་དུ་འབད་པ་ཁོ་ན་བྱུང་བས་ཟང་ཟིང་མེད་པའི་དགེ་ཚོགས་ཤིན་ཏུ་དངོས་གཙང་བ། འ་འུར་ཆུང་ཡང་དོན་ཤིན་ཏུ་ཆེན་པོ་དང་ལྡན་པ་ཁོ་ནར་གྱུར་པས་དམ་པ་རྣམས་ཀྱི་ཐབས་ལ་མཁས་པའི་མཛད་པ་ནི་འདི་ལྟ་བུའོ་སྙམ་དུ་ལྷག་པར་ཡང་རྗེས་སུ་ཡི་རང་བའི་གནས་སུ་གྱུར་ཏོ།།གོང་དུ་སྨོས་པ་དེ་དག་གི་སྙིང་པོ་མདོར་བསྡུ་ན། ལམ་གྱི་རྩ་བ་བཤེས་གཉེན་བསྟེན་པའི་ཚུལ་ལ་བསམ་སྦྱོར་གཉིས་ལས། དང་པོ་ལ་རྩ་བ་དད་པ་སྦྱངས་པ་དང༌། བཀའ་དྲིན་རྗེས་སུ་དྲན་པས་གུས་པར་བྱ་བ་ཞེས་ཡོངས་སུ་གྲགས་པ་དེ་ཉིད་ཚིག་གི་ན་ཡམ་ཙམ་དུ་མ་སོང་བར་བླ་མ་སངས་རྒྱས་སུ་མཐོང་བའི་མོས་གུས་བཅོས་མིན་གྱིས་ཐུགས་རྒྱུད་རང་དབང་མེད་པར་བསྐུལ་བ་དང༌། སྦྱོར་བས་བསྟེན་ཚུལ་ལ་སྤྱིར་བསམ་པ་ཁྱད་པར་ཅན་གྱི་སྒོ་ནས། བླ་མའི་བསྙེན་བཀུར་ཁོ་ན་བྱས་པ་ཡང་སྒྲུབ་པའི་མཆོག་ཏུ་འགྱུར་ཏེ། ཇོ་བོ་ཆེན་པོའི་དུས་སུ་འབྲོམ་གྱིས་ལོ་ཙྪ་མཛད་ཅིང༌། ཨ་མེས་ཀྱིས་ཕྱག་གཡོག་ཁོ་ན་མཛད། དགོན་པ་བས་རྩེ་གཅིག་ཏུ་ཏིང་ངེ་འཛིན་བསྒོམས་ཀྱང་རྟོགས་པ་སྔ་མ་གཉིས་མཐོ་བར་བྱུང་བ་བླ་མའི་བྱིན་རླབས་ཡིན་པར་གསུངས་པ་དང༌། བྱ་ཡུལ་པས་སྤྱན་སྔ་བའི་ཕྱག་གཡོག་ཁོ་ན་ཞུས་པར། འགའ་ཞིག་གིས་འདི་དད་པ་དང་ཤེས་རབ་ཅན་ཞིག་འདུག་པ་ལ། མི་ཚེ་གཡོག་ཏུ་བཏང་བ་མ་ལེགས་ཞེས་བཤད་པའི་ཚེ། ངའི་བླ་མའི་ཕྱག་གཡོག་ཞུས་པ་དེ་ཆོས་ཡིན་པ་ཁོང་ཚོས་མ་ཤེས་པར་འདུག་གསུངས་ནས་རྒྱུན་པར་རྟེན་དགེ་ཚུལ་དུ་བཞུགས་ཏེ། མེ་འབུད་ཐལ་འཕྱགས་ཚུན་ཆད་ཀྱིས་གཡོག་གང་དགོས་ཞུས་པས། ཉིན་གཅིག་གཟིམས་ཁང་གད་བདར་བྱས་པའི་སྙིགས་མ་ཕྱིར་འཕོད་དུ་སོང་བའི་ས་ནས་དེ་ཁོ་ན་ཉིད་ཀྱི་དོན་མངོན་དུ་གྱུར་པར་གསུངས་པ་བཞིན་ནོ། །འོན་ཀྱང་ངོ་བོའི་སྒོ་ནས་ཕྱེ་ན་མདོ་སྡེ་རྒྱན་ལས། བཀུར་སྟི་རྙེད་པ་དག་དང་རིམ་གྲོ་དང༌། །སྒྲུབ་པའི་སྒོ་ནས་བཤེས་གཉེན་བསྟེན་པར་བྱ། །ཞེས་ཟང་ཟིང་གི་མཆོད་པ། བཀུར་སྟིའི་མཆོད་པ། སྒྲུབ་པའི་མཆོད་པ་གསུམ་དུ་དབྱེ་བར་མཛད་པ་དེ་དག་ལས་རེ་རེ་བ་ཙམ་མ་ཡིན་པ་ཆ་ཚང་བ་ཉམས་སུ་བཞེས་ཏེ། ཟས་ནོར་ལོངས་སྤྱོད་གང་རྙེད་མཐའ་དག་པུ་ས་ལའི་འདབ་མ་ཙམ་ཡང་རང་དོན་དུ་མི་འཆང་བར་བླ་མ་ལ་ཕུལ་བ་ཟང་ཟིང་གི་མཆོད་པ། བླ་མས་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པ་དང༌། དགེ་འདུན་གྱི་སྡེ་འཛུགས་པ་སོགས་ཀྱི་ཞབས་འདེགས་ལ་སྐྱོ་ངལ་གྱི་འདུ་ཤེས་ཅུང་ཟད་ཀྱང་མེད་པར་དཀའ་སྤྱད་རྒྱན་དུ་སོང་བ་རྟག་ཏུ་ངུའི་རྣམ་ཐར་ལ་འགྲན་བཟོད་པའི་སྒོ་ནས་བཀུར་སྟིའི་མཆོད་པ་དང༌། བླ་མས་ཇི་ལྟར་གདམས་པ་བཞིན་གྱི་ལམ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཉམས་ལེན་ལ་རྩེ་གཅིག་ཏུ་གཞོལ་བའི་སྒོ་ནས་རྗེས་འཇུག་རྣམས་ཀྱང་དེར་འཁྲིད་པར་མཛད་དེ། བཤད་སྒྲུབ་ཟུང་འབྲེལ་གྱི་སྒོ་ནས་བསྟན་པའི་སྙིང་པོ་དྲི་མ་མེད་པ་ཕྱོགས་མཐར་སྤེལ་བ་སྒྲུབ་པའི་མཆོད་པ་སྟེ། སྙིགས་མའི་དུས་འདིར་གསུམ་ག་རེ་རེའི་ཆ་ལ་ཡང༌། གཞན་གྱིས་འགྲན་མི་བཟོད་པ་དེ་ལྟ་བུ་ཞིག་མཛད་དེ། བཤེས་གཉེན་བསྟེན་ཚུལ་གྱི་ཆོས་སྐོར་ཡོངས་སུ་རྫོགས་པའི་དཔག་བསམ་གྱི་ལྗོན་པ་ཆེན་པོ་ཉེ་བར་འཁྲུངས་པ་ལས། ལུང་དང་རྟོགས་པའི་ཡོན་ཏན་གྱི་ཡལ་ག་ཕྱོགས་བཅུར་རྒྱས་ཤིང༌། རྣམ་པར་དཀར་བའི་མཛད་འཕྲིན་གྱི་མེ་ཏོག་མངོན་པར་བཞད་པས་གྲགས་སྙན་གྱི་དྲི་བསུང་ཕྱོགས་ཀྱི་འཁོར་ལོ་ཀུན་ཏུ་ཁྱབ་པར་གྱུར་ཏོ། །ཞེས་བྱ་བ་ནི་རྣམ་པར་ཐར་པའི་སྙིང་པོ་མདོར་བསྡུས་པའི་དོན་གྱི་དེ་ཁོ་ན་ཉིད་ཡིན་ནོ། །

སྨྲས་པ། ཐུབ་པ་ཀུན་གྱི་ཡེ་ཤེས་གཅིག་གྱུར་འཇམ་དབྱངས་ཉིན་མོར་བྱེད་པའི་འོད། །རིས་སུ་མ་ཆད་འཇིག་རྟེན་ཀུན་ལ་སྣང་བའི་གོ་འཕང་མཆོག་སྦྱིན་ཡང༌། །དང་སེམས་འདབ་བརྒྱ་བཞད་པའི་ཚལ་དུ་ལྷག་པར་འགྱུ་བའི་རོལ་རྩེད་ཀྱིས། །ཡོན་ཏན་སྦྲང་རྩིའི་དོག་པ་རྒྱ་ཆེན་གྲགས་པའི་བསུང་དང་ལྷན་ཅིག་རྒྱས། །རྩ་བ་དམ་ཚིག་རྨད་བྱུང་སྡོང་བུ་ལས། །དངོས་གྲུབ་རྣམ་གཉིས་ཡལ་ག་བརྒྱར་བྲིས་པའི། །ངོ་མཚར་བྱང་ཆུབ་རྡོ་རྗེས་རབ་བསྔགས་ཏེ། །གཞན་གྱིས་ཆེད་དུ་བརྗོད་ལ་ལྟོས་ཅི་འཚལ། །འོན་ཀྱང་ཕྲ་རགས་སྲིད་པའི་མཚོ་བརྒལ་ཏེ། །སྐུ་གསུམ་ནོར་བུའི་གླིང་དུ་བགྲོད་པའི་ཐབས། །བླ་མའི་ལམ་གྱི་གྲུ་གཟིངས་མཚོན་པའི་ཕྱིར། །ཁྱོད་ཀྱི་རྟོགས་པ་བརྗོད་པ་འདི་བྱས་སོ། །བླ་མའི་བླ་མར་གྱུར་པ་མཐོན་པོའི་སྤོར། །བྱིན་རླབས་ཆུ་བོ་གྱེན་དུ་མི་འདྲོངས་པས། །མོས་གུས་ཐུགས་ཀྱི་གཤོང་བུར་འཁྱིལ་བ་ལས། །ཉམས་དང་རྟོགས་པའི་རྩི་བཅུད་དང་པོར་འཁྲུངས། །འཕྲལ་སྣང་དམ་པར་བཅོས་པའི་ཡོན་ཏན་ཚོགས། །དབྱར་གྱི་ཤྭ་འོད་རྡོལ་འདྲ་མང་ན་ཡང༌། །བཤེས་གཉེན་གངས་ཀྱི་རི་ལས་དལ་འབབ་རྒྱུན། །མ་དྲོས་ཀླུང་དུ་འཁྱིལ་བ་ཁྱོད་ཉིད་ཙམ། །མོས་གུས་གདེངས་ཅན་དབང་པོའི་སྲུབ་ཐག་གིས། །བླ་མའི་བྱིན་རླབས་རི་བོ་མནྡཱ་ར། །མདོ་སྔགས་ཆོས་ཀྱི་རྒྱ་མཚོར་བསྒྲིལ་པ་ལས། །མཁས་དང་གྲུབ་པའི་སྣང་བྱེད་ཟུང་དུ་ཤར། །ལུང་དང་རྟོགས་པའི་བདག་ཉིད་སྟོན་པའི་ཆོས། །དེ་ཉིད་སྨྲ་དང་སྒྲུབ་པས་འཛིན་ན་ཡང༌། །གདུགས་དང་གླིང་བུའི་གར་འཆམ་མི་ལྡན་པས། །བསྟན་འཛིན་ཆེན་པོ་མིན་ཞེས་སུ་ཞིག་སྨྲ། །སྒྲོ་གདུགས་ཟླུམ་པོར་བསྐོར་བའི་མ་ཡཱུ་ར། །རང་སྐད་གླིང་བུ་བསྒྱུར་བ་གཞན་གྱིས་གསོས། །སྟག་རྔ་བརྡེབས་པ་ནགས་ཀྱི་ཤྭ་ནས་ཀྱང༌། །སྙིགས་དུས་ཆེན་པོ་དག་ལ་འཕྱ་བ་བཞིན། །མཐའ་ཡས་ཡོན་ཏན་ཚོགས་ཀྱིས་ནོར་འཛིན་ཁྱོན། །ཟབ་མོ་བླ་མའི་ལམ་གྱི་གོམ་གཅིག་གིས །རྣམ་གནོན་སྦས་པའི་བརྟུལ་ཞུགས་མིའུ་ཐུང་འདིས། །ཆེར་རློམ་དྲེགས་པའི་སྟོབས་ལྡན་འོག་ཏུ་བཅིངས། །ལྷག་བསམ་རྩེ་གཅིག་སྙིང་སྟོབས་གོ་བགོས་ཏེ། །དཔང་པོ་གཉིས་ཀྱི་གཙོ་བོ་ཉེར་བཟུང་ནས། །རྡོ་རྗེ་གསུམ་གྱི་མཚམས་ལས་མི་འདའ་བས། །གཏད་པ་བཞི་ཡི་དགོངས་པ་མཐའ་རུ་འཁྱོལ། །ལྷ་གཅིག་དཱི་པཾ་ཀཱ་རའི་བཞེད་དགོངས་བཞིན། །ལྷ་ཆོས་བདུན་ལྡན་བཀའ་གདམས་སྲོལ་འཛིན་པ། །ལྷ་མིའི་མགོན་ཞིག་འདི་ན་མཆིས་སོ་ཞེས། །ལྷ་ཡུལ་ན་ཡང་སྙན་པའི་རོལ་མོ་འཁྲོལ། །ཨེ་མ་ཚུལ་ཁྲིམས་པད་མའི་སྦུབས་ལྟར་གཙང༌། །མང་དུ་མཁྱེན་པ་ནམ་མཁའི་མཐའ་ལྟར་ཡངས། །གཞན་ཕན་ལྷག་བསམ་ཟླ་བ་ལྟར་དཀར་བ། །དམ་པའི་རྣམ་ཐར་བསམ་གྱིན་རྗེས་ཡི་རང༌། །དེ་ཕྱིར་ཕྱོགས་ལྷུང་ཉི་ཟླས་ཕྱེད་མིན་པར། །གཟུར་གནས་རྣམ་པར་དཔྱོད་པའི་འགྲམ་ཆང་གིས། །ཕྱེ་བའི་རྟོགས་བརྗོད་སིནྡྷུ་ཝ་རའི་ཕྲེང༌། །ཐར་འདོད་ཡོངས་ཀྱི་མགུལ་པའི་རྒྱན་དུ་མཛོད། །ངན་སོང་སྡུག་བསྔལ་རྦ་ཀློང་འཁྲུགས་པ་ཡི། །སྲིད་པའི་རྒྱ་མཚོར་བྱིང་བའི་ཉམ་ཐག་འགྲོ །རྣམ་གྲོལ་ཐར་པའི་གླིང་དུ་འཇུག་འདོད་རྣམས། །བཤེས་གཉེན་གྲུ་གཟིངས་མཆོག་དང་འཕྲད་གྱུར་ཅིག །དོན་གཉིས་ལྷུན་གྲུབ་སྦྲང་རྩིའི་སྙིང་པོ་ཅན། །ཚོགས་གཉིས་འདབ་བརྒྱའི་ཕྲེང་བ་བཞད་པ་ཡི། །ཐེག་མཆོག་རྣལ་འབྱོར་སྤྱོད་པ་པད་མོའི་ཚལ། །བཤེས་གཉེན་ཉིན་བྱེད་འོད་དང་འགྲོགས་གྱུར་ཅིག །གང་ལ་བརྟེན་ན་བདེ་ཆེན་ཡེ་ཤེས་ཀྱི། །རང་འོད་དག་པ་རབ་འབྱམས་བརྟན་གཡོའི་ཁམས། །ཀུན་ལ་དབང་བསྒྱུར་རྒྱལ་པོའི་གནས་འཐོབ་པ། །བཤེས་གཉེན་དཀྱིལ་འཁོར་བདག་པོས་སྐྱོང་གྱུར་ཅིག །

ཅེས་མཁས་པ་དང་གྲུབ་པ་ཟུང་དུ་འཇུག་པའི་སྒོ་ནས་རྒྱལ་བའི་བསྟན་པ་འཛིན་སྐྱོང་སྤེལ་བར་བྱེད་པས་མཚན་དང་དོན་མཐུན་པའི་སྐྱེས་མཆོག་དམ་པ་གང་གི་རྟོགས་པ་བརྗོད་པ་ལེགས་ཚོགས་སྒོ་འབྱེད་ཅེས་བྱ་བ་འདི་ནི། དམ་པ་ཉིད་ཀྱི་གསུང་གི་བདུད་རྩིས་འཚོ་བའི་གྲྭ་སློབ་དུ་མ་དང༌། ཁྱད་པར་དད་བརྩོན་བློ་དང་ལྡན་པ་རབ་འབྱམས་པ་དཔལ་ལྡན་གྲགས་པས་ཡང་ཡང་ནན་གྱིས་བསྐུལ་བའི་ངོར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་དབེན་གནས་ཡིད་དགའ་ཆོས་འཛིན་དུ་སྦྱར་བའི་ཡི་གེ་པ་ནི་དགེ་སློང་དཀོན་མཆོག་ཀུན་དགས་བགྱིས་པ་འདི་ཡང༌། ཐར་འདོད་རྣམས་ལམ་གྱི་རྩ་བ་བཤེས་གཉེན་བསྟེན་ཚུལ་གྱི་ཐོག་མའི་རྟེན་འབྲེལ་ལེགས་པར་འགྲིག་པའི་རྒྱུར་གྱུར་ཅིག། །།

(2)སྤྱོད་འཇུག་རྩ་བར། ད་ནི་རང་གི་དོན་བྱེད་ཆུག །

 

                                                                                                 རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།
གསལ་འདེབས། 
               རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།