སྨྲ་ཁམས་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་མདོར་བསྡུས་བཞུགས་སོ།།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ །     སྤེལ་དུས།  2018-09-05 14:59:17     རྩོམ་པ་པོ།   དགེ་འདུན་ཚུལ་ཁྲིམས།    ཀློག་ཐེངས།  

༡༡༡༡.jpg

༧སྨྲ་ཁམས་སྐུ་ཕྲེང་དང་པོ་རྗེ་བློ་བཟང་ཡར་འཕེལ་མཆོག་ནི།མདོ་སྨད་ཨ་རིག་ཡུལ་གྱི་ནང་ཚན་སྨྲ་ཁམས་ཚོ་བར་སྐུ་འཁྲུངས།སྐུ་ན་ཕྲ་མོའི་དུས་ནས་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པའི་སྤྱན་སྔར་ཚིགས་སྔ་ཕྱིའི་སྡོམ་པ་རྣམས་ལེགས་པར་མནོས་ཤིང་།མཚན་ལ་བློ་བཟང་ཡར་འཕེལ་ཞེས་གསོལ།ཨ་རིག་དགོན་ཆེན་དགའ་ལྡན་ཆོས་འཕེལ་གླིང་གི་ཆོས་སྒོར་ཞུགས་ཏེ་རང་དགོན་གྱི་བཤེས་གཉེན་མང་པོ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ནས་འདོན་རྟ་དབྱངས་གསུམ་དང་བཅའ་ག་ཕྱག་ལེན།ཡི་གེ་འབྲི་ཀློགསུམ་རྟགས་དག་གསུམ།སྒྲ་སྙན་ངགབསྡུས་གྲྭ།བློ་རྟགས།གཞུང་ཆེན་བཀའ་པོད་ལྔ་ལ་སོགས་པར་རིམ་བཞིན་ཐོས་བསམ་རྡོ་རུས་ཐུག་པ་ལྟ་བུ་མཛད་པས་ངེས་དོན་གྱི་གཞན་དྲིང་མི་འཇོག་པའི་མཁས་པ་ཆེན་པོར་གྱུར།

རབ་བྱུང་བཅུ་བཞི་བའི་ལྕགས་གླང༼ ཕྱི་ལོ༡༨༤༡ ༽ལོར་ཨ་རིག་ཡུལ་དུ་བརྒྱ་དཔོན་ལྷ་ཆེན་དང་སྟོང་དཔོན་བསོད་ནམས་སྟོབས་རྒྱས་གཉིས་ཀྱིས་གདན་ཞུས་ལྟར་རྗེ་གསེར་ཁང་པ་བློ་བཟང་བསྟན་འཛིན་རྒྱ་མཚོ་མཆོག་ཕེབས་ནས་ཁོང་ཉིད་ཀྱི་དྲུང་ནས་རྡོར་སེམས་ཀྱི་རྗེས་གནང་དང་ལམ་གཙོའི་ཁྲིད།ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་དབང་སོགས་གསན།མེ་གནོན་ཞེས་པ་མེ་རྟ༼ ཕྱི་ལོ༡༨༤༦ ༽ལོར་ཡང་བསྐྱར་རྗེ་གསེར་ཁང་པ་ཁོང་ཉིད་སེར་སྐྱ་ཐུན་མོང་གིས་གསོལ་བ་བཏབ་པ་ལྟར་ཨ་རིག་དགོན་ཆེན་དགའ་ལྡན་ཆོས་འཁོར་གླིང་དུ་ཕེབས་ནས་དབང་རྗེས་གནང་སོགས་འདོད་ཆོས་ཅི་རིགས་པས་ཚིམ་པར་མཛད་པ་མ་ཟད།སྡེ་བ་སྤྱི་ལ་ཟབ་རྒྱས་ཆོས་ཀྱི་གདམས་པ་ཅི་རིགས་དང་བསླབ་སྟོན་རྒྱ་ཆེར་གནང་སྟེ་ཐར་བའི་ལམ་གྱི་སྒོ་འཕར་ཡངས་པོར་ཕྱེས།

རབ་བྱུང་བཅུ་བཞི་བའི་ཤིང་ཡོས༼ ཕྱི་ལོ༡༨༥༥ ༽ལོའི་དབྱར་ཁར་སྐུ་མཆེད་བློ་བཟང་བསྟན་པ་རྒྱ་མཚོ་མཆོག་ཨ་རིག་དགོན་ཆེན་དགའ་ལྡན་ཆོས་འཕེལ་གླིང་དུ་ཕེབས་ནས་རྫོང་སེར་སྤྲུལ་སྐུ་དང་མངའ་རིས་ཚང་དང་།སྨྲ་ཁམས་དགེ་བཤེས་མཆོག་གི་གཙོས་གཞིས་བྱེས་སེར་སྐྱ་བགྲང་ལས་འདས་པར་འདུས་པ་འཕགས་ལུགས་ཀྱི་དབང་དང་།བསྙེན་གནས།མ་ཎི།མཚན་སྔགས་སོགས་ཀྱི་ལུང་དང་།ལྷོ་བ་སྤྲུལ་སྐུ།ཡག་ཤུལ་ཚང་སོགས་དང་མཉམ་དུ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ།གདུགས་དཀར།བདེ་མཆོག་ལྷ་ལྔ་སོགས་ཀྱི་དབང་རྣམས་ལེགས་པར་གསན་པ་དང་བསྙེན་མཚམས་ལ་བཞུགས་ཏེ་ངོ་མཚར་བའི་རྟགས་མཚན་མང་པོ་བྱུང་།

ཁོང་ལྡེ་ཚ་བཀྲ་ཤིས་ཆོས་སྡིངས་སོགས་སུ་ཕེབས་ནས་རྗེ་ཞྭ་དམར་པཎྜི་ཏ་དགེ་འདུན་བསྟན་འཛིན་རྒྱ་མཚོ་སོགས་ཀྱི་ཞབས་པད་ཚུལ་བཞིན་དུ་བསྟེན་ནས་དབང་ལུང་མན་ངག་མང་པོ་བུམ་པ་གང་བྱོའི་ཚུལ་དུ་གསན་པ་མ་ཟད།ཞྭ་དམར་ཚང་དང་སྨྲ་ཁམས་དགེ་བཤེས་ཚང་ཁོང་གཉིས་ཕན་ཚུན་ལ་ཆོས་འབྲེལ་ཡོད་པར་སྙམ་སྟེ།ཞྭ་དམར་པཎྜི་ཏ་དགེ་འདུན་བསྟན་འཛིན་རྒྱ་མཚོའི་རྣམ་ཐར་ལས་བཀའ་དྲིན་མཉམ་མེད་སྨྲ་ཁམས་དགེ་བཤེས་རིན་པོ་ཆེ་བློ་བཟང་ཡར་འཕེལ་ཞེས་གསུངས་པ་ལ་དཔག་ན་དེ་ལྟར་སྙམ།ད་དུང་ཁོང་ཉིད་མདོ་སྨད་ཕྱོགས་ཀྱི་དགོན་པ་ཁོ་ན་ཙམ་མ་ཡིན་པར་དབུས་གཙང་ཕྱོགས་སུ་སློབ་གཉེར་དུ་ཕེབས་ཨེ་ཡོད་སྙམ་པ་ལས་དཔྱད་གཞིའི་ཡིག་ཆ་གཞན་མ་རྙེད། ཁོང་གིས་ཨ་རིག་དགོན་ཆེན་དགའ་ལྡན་ཆོས་འཕེལ་གླིང་གཙོ་བྱས།ཡུལ་དེའི་དགོན་སྡེ་ཁག་གཞན་རྣམས་སུའང་གཞུང་ཆེན་བཀའ་པོད་ལྔ་དང་དབང་ལུང་མན་ངག་མང་པོ་སྐལ་ལྡན་སློབ་བུ་རྣམས་ཀྱིས་རེ་འདོད་བཞིན་བསྩལ་བས་ཆོས་འཆད་ཉན་གྱི་རྒྱལ་མཚན་ཕྱོགས་མཐར་བསྒྲེངས།

རབ་བྱུང་བཅོ་ལྔ་བའི་མེ་སྤྲེལ༼ཕྱི་ལོ༡༨༩༦༽ལོར་ཞྭ་དམར་པཎྜི་ཏ་དགེ་འདུན་བསྟན་འཛིན་རྒྱ་མཚོ་མཆོག་ཧོར་ཟླ་དྲུག་པའི་ཚེས་མགོར་ཨ་རིག་དགོན་ཆེན་དགའ་ལྡན་ཆོས་འཕེལ་གླིང་གི་ཚོགས་གུར་ཆེན་མོར་གདན་དྲངས་ནས་ཁོང་ཉིད་ཀྱི་དྲུང་ནས་མངའ་རིས་མཐོ་ལྡིང་མཁན་སྤྲུལ།གླིང་ཚང་།ལྡོང་སྤྲུལ་སྐུ།མ་ཁྱེ་ཆུང་བ་ཚང་སོགས་དང་སྡེ་མང་དགོན་པའི་བླ་མ་སྐུ་གཞོགས་སོ་མ་ཚང་།ཨ་ལགས་དཔའ་མཚོ།བེ་ཧུ་དགོན་པའི་ཨ་ལགས་གྲ་ཁྱོམ་ཚང་སོགས་བླ་གྲྭ་ལྔ་བརྒྱ་ལྷག་དང་མཉམ་དུ་བདེ་ལམ་གྱི་ཁྲིད།སྒྲོལ་དཀར་ཚེ་ཁྲིད།འཇམ་དབྱངས་དཀར་པོ།སེང་ལྡེང་ནགས་སྒྲོལ་གྱི་རྗེས་གནང་།ཆོས་སྤྱོད་དུ་མའི་ལུང་སོགས་ལེགས་པར་གསན་པ་དང་།སེར་སྐྱ་སྟོང་ཕྲག་མང་པོ་དང་མཉམ་དུ་དཔལ་མོ་ལུགས་ཀྱི་བཅུ་གཅིག་ཞལ་གྱི་དབང་གསན།ཁོང་ར་གདོང་དོར་ཐག་ཞོལ་མའི་རི་ཁྲོད་སོགས་སུ་སྐུ་མཚམས་ལ་ཡུན་རིང་བཞུགས་ཏེ་གྲུབ་པ་བརྙེས་པའི་རྟགས་མཚན་ཁྱད་པར་ཅན་མང་པོ་བྱུང་།སྨྲ་ཁམས་དགེ་བཤེས་ཁོང་ཉིད་དགུང་ལོ་བརྒྱ་ལྷག་ལ་བཞུགས་ཡོད་པར་བཤད་ལ་དགུང་ལོ་ཧ་ཅང་བགྲེས་དུས་ཨ་ར་པ་ཙ་དུང་ཕྱུར་མང་པོ་བཏོན་པས་ཉིད་ལ་དུང་སོ་ཞིག་སྐྱེས་པ་དང་།དུང་སོའི་སྟེང་ལ་ཨ་ཡིག་རང་བྱོན་ཞིག་བབས་པ་ནི། ཕྱི་ལོ་ང་བརྒྱད་ལོའི་བར་དུ་ཨ་རིག་དགོན་ཆེན་གྱི་རྟེན་ཁྲོད་དུ་ཨ་ཁུ་ཚང་གི་ཚེམས་ཞེས་མཇལ་རྒྱུ་ཡོད་ཟེར།ཁོང་གིས་སྐུ་ཚེ་གང་བོར་ཚུལ་ཁྲིམས་རྣམ་པར་དག་པའི་སྒོ་ནས་བཞུགས་པས།ཨ་རིག་ཡུལ་དུ་སྨྲ་ཁམས་དགེ་བཤེས་ཆེན་མོ་ཚང་ཞེས་ཀུན་གྱིས་ཚད་མར་འཛིན་པའི་ངེས་དོན་གྱི་སྐྱེས་བུ་དམ་པ་ཞིག་ཏུ་ངོས་འཛིན།དུས་དེ་ནས་བཟུང་ཁོང་སྐུ་ཕྲེང་རིམ་བྱོན་གྱི་མཚན་ལ་སྨྲ་ཁམས་སྤྲུལ་སྐུ་ཞེས་པའི་མཚན་ཐོགས།མཐར་རབ་བྱུང་བཅོ་ལྔ་བའི་མེ་བྱ༼ ཕྱི་ལོ༡༨༩༧ལོའི་ཡས་མས་སུ་གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བའི་ཕྱིར་དུ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་སོ།།

སྨྲ་ཁམས་ཟེར་བ་ནི་དང་པོ་ཚོ་བའི་མིང་ལས་ཐོགས་པ་ཡིན་ལ།ཚོ་སྡེ་འདི་ནི་སྔོན་མདོ་སྟོད་སྨྲ་ཁམས་ལས་མཆེད་པའི་རུ་སྡེ་སྐོར་ཚན་མང་པོ་ཨ་མདོར་ཡོང་བའི་གྲས་ཤིག་ཡིན་པར་བཤད།སྨྲ་ཁམས་ཞེས་པའི་མིང་གི་འབྲི་ཚུལ་ལའང་སྨྲ་ཁམས།སྨྲ་སྐམ།སྨར་ཁམས།སྨར་སྐམ།རྨ་སྐམ་ཟེར་བ་སོགས་འདུག་མོད།འདི་ནས་ལྡེ་ཚའི་ཨ་ཁུ་གྲགས་པ་དར་རྒྱས་ཚང་གིས་རྗེ་ཞྭ་དམར་པཎྜི་ཏ་དགེ་འདུན་བསྟན་འཛིན་རྒྱ་མཚོའི་རྣམ་ཐར་རྩོམ་སྐབས་ཀྱི་ཡི་གེ་བ་ནི་སྨྲ་ཁམས་བློ་བཟང་དགེ་ལེགས་རྒྱ་མཚོ་ཞེས་བྲིས་ཡོད་པ་ལྟར་སོག་བཞག་བྱས་ཡོད།

སྨྲ་ཁམས་སྐུ་ཕྲེང་གཉིས་པ་བློ་བཟང་དགེ་ལེགས་རྒྱ་མཚོའི་རྣམ་ཐར་མདོར་བསྡུས།

༧སྨྲ་ཁམས་སྐུ་ཕྲེང་གཉིས་པ་བློ་བཟང་དགེ་ལེགས་རྒྱ་མཚོ་མཆོག་ནི།མདོ་སྨད་མཚོ་སྔོན་པོ་ཨ་རིག་ཡུལ་དུ་རབ་བྱུང་བཅོ་ལྔ་བའི་ས་ཁྱི༼ཕྱི་ལོ༡༨༩༨༽ལོར་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་སྐུ་བལྟམས།དགུང་ལོ་བདུན་པ་ཤིང་འབྲུག༼ ཕྱི་ལོ༡༩༠༤༽ལོར་རྗེ་ཞྭ་དམར་པཎྜི་ཏ་དགེ་འདུན་བསྟན་འཛིན་རྒྱ་མཚོས་སྨྲ་ཁམས་དགེ་བཤེས་རིན་པོ་ཆེ་བློ་བཟང་ཡར་འཕེལ་མཆོག་གི་ཡང་སྤྲུལ་དུ་ངོས་འཛིན་མཛད་དེ། ཁོང་ཉིད་ཀྱི་དྲུང་ནས་རབ་ཏུ་བྱུང་སྟེ་བློ་བཟང་དགེ་ལེགས་རྒྱ་མཚོ་ཞེས་པའི་མཚན་གསོལ།ཞག་ཤས་ལ་བླ་གྲྭ་བརྒྱ་ཕྲག་མང་པོ་དང་ལྷན་དུ་རྗེ་ཉིད་ཀྱིས་མཛད་པའི་ལམ་ཁྲིད་དགེ་ལེགས་འོད་སྣང་འགྱེད་པའི་ཉིན་བྱེད་ཀྱི་སྟེང་ནས་བདེ་ལམ་གྱི་མྱོང་ཁྲིད་ཞིབ་རྒྱས་ཤིག་གསན།དེ་ནས་རང་དགོན་གྱི་ཚོགས་སུ་ཞུགས་ཏེ་ཆོ་ག་ཆོས་སྤྱོད་སོགས་བློ་འཛིན་དང་།སུམ་རྟགས་དག་གསུམ།སྙན་ངགབསྡུས་གྲྭ།བློ་རྟགས་སོགས་ལ་སྦྱང་བ་མི་དམན་པ་བྱས།རྗེས་མར་ལྡེ་ཚ་བཀྲ་ཤིས་ཆོས་སྡིངས་སུ་ཕེབས་ནས་ཞྭ་དམར་པཎྜི་ཏ་དགེ་འདུན་བསྟན་འཛིན་རྒྱ་མཚོ་མཆོག་དང་།དགེ་བའི་བཤེས་གཉེན་ཆེན་མོ་ཨ་ཁུ་གྲགས་པ་དར་རྒྱས་ཚང་།དགེ་བའི་བཤེས་གཉེན་ཆེན་མོ་ཧོར་ཆེན་ཡེ་ཤེས་རྒྱ་མཚོ་སོགས་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ནས་ཡིག་གཟུགས་དང་།སྒྲ་སྙན་སྨན་རྩིས།གཞུང་ཆེན་བཀའ་པོད་ལྔ་ལ་སོགས་པར་སྦྱང་བརྩོན་ལེགས་པར་མཛད་དེ་གྲགས་སྙན་ཀྱང་མི་དམན་པ་ཐོབ།

དགུང་ལོ་ཉེར་གཅིག་པ་ས་རྟ༼ ཕྱི་ལོ༡༩༡༨ ༽ལོར་བླ་མ་དགེ་བཤེས་མང་པོ་དང་ལྡེ་ཚའི་རི་ཁྲོད་པ་ལྔ་བརྒྱ་ལྷག་ལྷན་དུ་ཨ་རིག་ཡུལ་དུ་གདན་དྲངས་པ་དང་མཉམ་དུ་མཆོད་མེ་ལ་འཚོགས་ཏུ་ཕེབས།དབྱར་ཆོས་ཆེན་མོའི་སྐབས་སུ་བྷན་ངྷ་ཧོར་གྱི་སྟོན་སྒོམ་ཆེན་པོ་རྗེ་གྲགས་པའི་མཚན་ཅན་གྱི་དྲུང་ནས་རྒྱལ་བོ་སྐུ་ལྔའི་སྲོག་གཏད་དང་།ཁ་གྱ་རིན་པོ་ཆེ་འཇམ་དབྱངས་དཔལ་ལྡན་ཚང་གི་དྲུང་ནས་སྒྲོལ་དཀར་བཀའ་བབས་དགུ་ལྡན་གྱི་རྗེས་གནང་།སྐལ་ལྡན་གྱི་མགུར།མདོ་རྩ་བ།གཟུངས་བསྡུས་སོགས་ཀྱི་ལུང་དང་།འཇམ་དབྱངས་དཀར་པོའི་རྗེས་གནང་ཁྲོ་ཕུའི་རྗེས་ཆོག་སྟེང་ནས་གནང་།ཀུན་མཁྱེན་བླ་མའི་སྒྲུབ་ཐབས་སྟེང་ནས་བསྙེན་པ་བྱ་ཚུལ་གྱི་གསུང་བཀོད་བཅས་གནང་བ་གསན།

དགུང་ལོ་སུམ་ཅུ་བཞེས་པ་རབ་བྱུང་བཅུ་དྲུག་པའི་མེ་ཡོས༼ཕྱི་ལོ༡༩༢༧༽ལོར་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་ཨ་ཁུ་གྲགས་པ་དར་རྒྱས་ཚང་གིས་སྙིགས་དུས་ཀྱི་ཐམས་ཅད་མཁྱེན་པ་ཡོངས་འཛིན་ཆོས་ཀྱི་རྒྱལ་བོ་བཀའ་དྲིན་མཉམ་མེད་རྗེ་བཙུན་དགེ་འདུན་བསྟན་འཛིན་རྒྱ་མཚོ་དཔལ་བཟང་པོའི་རྣམ་པར་ཐར་བ་མདོ་ཙམ་སྒྲོ་སྐུར་སྤངས་ཏེ་བརྗོད་པ་ཛམ་བུ་ཆུ་བོའི་གསེར་གྱི་ཕྲེང་བ་དད་ལྡན་མགྲིན་པའི་མཛེས་རྒྱན་རྩོམ་སྐབས་སུ་ཁོང་གིས་དྲུང་ཡིག་གི་འགན་བཞེས།

ད་དུང་ཁོང་གིས་སློབ་བུ་རྣམས་ལ་ཡིག་གཟུགས་སྦྱང་བྱེད་ཀྱི་དཔེ་ཆ་ཞིག་བྲིས་ཡོད་པའི་མགོར་ཚིགས་བཅད་ཤོ་ལོ་ཀ་འགའ་བྲིས་ཡོད་པ་འདི་ལྟར།༈རྣམ་དཔྱོད་བློ་ཡི་ཤེས་བྱའི་ཕ་མཐའ་ཀུན།།འཇལ་བྱེད་རྗེ་བཙུན་བློ་བཟང་གྲགས་པ་དང་།།དབྱེར་མེད་འཇམ་དབྱངས་ཤེས་རབ་འཁོར་ལོའི་ལྷ།།བརྩེ་ཆེན་ཐུགས་རྗེའི་སྤྱན་གྱིས་འདིར་དགོངས་ཤིག།དྲན་པས་བར་ཆད་ཀུན་སེལ་སྒྲོལ་མཛད་མ།།རྒྱལ་ཡུམ་དབྱངས་ཅན་ངག་གི་ལྷ་མོ་སོགས།།ཤེས་རབ་འཕྲིན་ལས་སྩོལ་བའི་ལྷ་རྣམས་ཀྱིས།།མཁྱེན་རབ་སྣང་བ་འབུམ་ཕྲག་འོད་པོ་ཆེ།།བདག་སྙིང་སྤྲོས་པས་མཐའ་ཡས་ཆོས་ཀུན་ལ།།ཆེ་དང་གསལ་དང་མྱུར་དང་ཟབ་པ་ཡི།།བློ་གྲོས་དཔག་ཏུ་མེད་པའི་ཚིག་དོན་རྣམས།།རྫོགས་ཤིང་མི་བརྗེད་གཟུངས་ཀྱི་དངོས་གྲུབ་སྩོལ།།ཤེས་བྱའི་གནས་ལ་གཞན་དྲིང་མི་འཇོག་པར།།མཁས་དང་གྲུབ་པའི་དབང་བོ་ཉིད་གྱུར་ཏེ།།ཞྭ་སེར་བསྟན་པའི་སྣང་བ་ཆེར་སྦར་བས།།མཐའ་ཡས་འགྲོ་བ་སྨིན་ཅིང་གྲོལ་ནུས་ཤོག།ཞེས་སོ།།

ཁོང་གིས་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་ཨ་ཁུ་གྲགས་པ་དར་རྒྱས་ཁོང་ཉིད་ཐེངས་དུ་མར་ཨ་རིག་དགོན་ཆེན་དུ་གདན་དྲངས་ནས་བླ་གྲྭ་མང་པོ་དང་མཉམ་དུ་དབང་ལུང་མན་ངག་མང་དུ་གསན་ཞིང་།སུམ་རྟགས་དག་གསུམ་དང་།སྒྲ་སྙན་སྨན་རྩིས།གཞུང་བཀའ་པོད་ལྔའི་དཔེ་ཁྲིད་སོགས་ཆོས་རྒྱུན་མང་པོ་བུམ་པ་གང་བྱོའི་ཚུལ་དུ་གསན།སྨྲ་ཁམས་བློ་བཟང་དགེ་ལེགས་རྒྱ་མཚོ་ཁོང་ཉིད་ཀྱིས་ཀྱང་ཨ་རིག་དགོན་ཆེན་གཙོ་བྱས་དགོན་གྲོང་སོ་སོར་དབང་ལུང་མན་ངག་མང་པོ་དང་སུམ་རྟགས་དག་གསུམ།སྒྲ་སྙན་ངགརྩིས་ས་རིས།བསྡུས་གྲྭ།བློ་རྟགས་སོགས་གང་ལ་གང་འཚམས་ཀྱི་ཆོས་སྦྱིན་སྤེལ་ཏེ་ཡུལ་ཕྱོགས་འདི་ལ་ཕན་པ་རྒྱ་ཆེན་པོ་གནང་།ལྷག་པར་དུ་ཉམ་ཆུང་ནད་པ་མང་པོར་སྨན་སྦྱིན་བྱེད་པ་དང་སློབ་བུ་མང་པོར་དཔལ་ལྡན་རྒྱུད་བཞི་དང་གསོ་རིག་ཟིན་ཏིག་སོགས་ཡང་དང་བསྐྱར་དུ་ཞིབ་ཁྲིད་མཛད།ཁོང་གི་གསུང་རྩོམ་གྱི་སྐོར་ལ།ཡིག་གཟུགས་དང་།དག་ཡིགསུམ་རྟགས།སྨན་རྩིས།སྙན་ངགབསྡུས་གྲྭ་སོགས་ཀྱི་སྐོར་མང་པོ་ཡོད་ཀྱང་རིག་གནས་གསར་བརྗེ་ཆེན་མོའི་རླུང་འཚུབ་དྲག་པོའི་ནང་དུ་ཐིམ།མཐར་དགུང་ལོ་སོ་དགུ་བཞེས་པ་རབ་བྱུང་བཅུ་དྲུག་པའི་མེ་བྱི༼ ཕྱི་ལོ༡༩༣༦ ༽ལོར་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་སོ།།

༧སྨྲ་ཁམས་སྐུ་ཕྲེང་གསུམ་པ་བློ་བཟང་ཚུལ་ཁྲིམས་བསྟན་འཛིན་གྱི་རྣམ་ཐར་མདོར་བསྡུས།

སྨྲ་ཁམས་སྐུ་ཕྲེང་གསུམ་པ་བློ་བཟང་ཚུལ་ཁྲིམས་བསྟན་འཛིན་མཆོག་ནི།རབ་བྱུང་བཅུ་དྲུག་པའི་མེ་གླང༼ཕྱི་ལོ༡༩༣༧༽ལོའི་ཟླ་བཞི་བའི་ཚེས་བདུན་ཉིན་མཚོ་སྔོན་པོ་ཨ་རིག་ཡུལ་དུ་ཡབ་བདེ་ལྡན་དང་ཡུམ་ཚེས་རིས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་གསུམ་པ་ས་ཡོས༼ཕྱི་ལོ༡༩༣༩༽ལོར་ཨ་རོལ་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་མཆོག་གིས་སྨྲ་ཁམས་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་མཛད་དེ་ཨ་རིག་དགོན་ཆེན་དགའ་ལྡན་ཆོས་འཕེལ་གླིང་གི་གསེར་གྱི་ཁྲི་མཐོན་པོར་མངའ་གསོལ།

དགུང་ལོ་བདུན་པ་ཆུ་ལུག༼ཕྱི་ལོ༡༩༤༣༽ལོར་ཁྲི་ཀའི་རྙེ་དགོན་ལྷུན་གྲུབ་ཆོས་རྫོང་དུ་ཨ་རོལ་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་མཆོག་གིས་མཁན་པོ་དང་།རེབ་གོང་རི་ཁྲོད་པ་ཚང་གིས་ལས་སློབ་མཛད་དེ་རབ་ཏུ་བྱུང་།མཚན་ལ་བློ་བཟང་ཚུལ་ཁྲིམས་བསྟན་འཛིན་ཞེས་གསོལ།ཨ་རིག་དགོན་ཆེན་དུ་ཕེབས་ནས་ཨ་ཁུ་ཧོར་གདོང་བྱམས་པ་འཕྲིན་ལས་ཀྱི་མདུན་ནས་ཡི་གེ་འབྲི་ཀློག་དང་།ཚོགས་འདོན་གྱི་རིམ་པ་རྣམས་ཐུགས་འཛིན་གནང་།དགུང་ལོ་བརྒྱད་པ་ཤིང་སྤྲེལ༼ཕྱི་ལོ༡༩༤༤༽ལོར་བླ་ཁོ་རྡོ་རྗེ་འཆང་འཇིགས་མེད་འཕྲིན་ལས་རྒྱ་མཚོའི་དྲུང་ནས་ལམ་རིམ་བསྡུས་དོན་གྱི་སྟེང་ནས་ལམ་ཁྲིད་སོགས་ཀྱི་དབང་སོགས་གསན།  

དགུང་ལོ་བཅུ་བ་མེ་ཁྱི༼ཕྱི་ལོ༡༩༤༦༽ལོར་སྐུ་འབུམ་བྱམས་པ་གླིང་དུ་བླ་ཁོ་འཇིགས་མེད་འཕྲིན་ལས་རྒྱ་མཚོའི་དྲུང་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་སོགས་གསན།ཚེས་བཅོ་བརྒྱད་ཉིན་ཨ་རིག་དགོན་ཆེན་གྱིས་ཞུས་ངོརརིག་བྱེད་མའི་རྗེས་གནང་གསན།དགུང་ལོ་བཅུ་གཅིག་པ་མེ་ཕག༼ ཕྱི་ལོ༡༩༤༧ ༽ལོར་བྲག་དཀར་སྤྲེལ་རྫོང་དགོན་ཐོས་བསམ་ཡོན་ཏན་དར་རྒྱས་གླིང་གི་མི་འཇིགས་ཆོས་ཀྱི་ཁྲི་འཕང་མཐོན་པོར་ཞབས་སེན་ནོར་བུའི་རེ་ཁཱ་ཉེ་བར་བཀོད་དེ་ཟང་ཟིང་གིས་འབུལ་བ་རྒྱ་ཆེར་བསྟབས།ལོ་འདི་ནས་བཟུང་ཕལ་ཆེར་ཨ་རོལ་རྡོ་རྗེ་འཆང་གིས་དབང་ལུང་བསྩལ་བ་ཐམས་ཅད་ཕལ་ཆེར་གསན་བཞེས་མཛད།བྲག་དཀར་སྤྲེལ་རྫོང་རྨད་བྱུང་ཡོན་ཏན་ཐོས་བསམ་གླིང་གི་ཁྲི་རབས་བདུན་པར་ལོ་ཧྲིལ་བོ་གཅིག་ལ་བཞུགས་ནས་ཨ་རོལ་རིན་པོ་ཆེ་ཚང་ལ་དགོངས་པ་ཞུས་པར་ལེགས་པར་ཞལ་བཞེས་གནང་།  

དགུང་ལོ་བཅོ་ལྔ་བ་ལྕགས་ཡོས༼ ཕྱི་ལོ༡༩༥༡ ༽ལོར་སྐུ་འབུམ་བྱམས་པ་གླིང་དུ་པཎ་ཆེན་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་བ་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོའི་དྲུང་ནས་དགོན་དེའི་བླ་གྲྭ་རྣམས་གཙོ་བྱས་ཏེ།གཞིས་བྱེས་ཀྱི་སེར་སྐྱ་ཁྲི་ཁྲག་དུ་མ་དང་ལྷན་དུ་རྡུལ་ཚོན་ལ་བརྟེན་པའི་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གསན།ལོ་འདིར་དངུལ་རྭའི་དགེ་བཤེས་བསྟན་འཛིན་རྒྱ་མཚོ་ཚང་བྱང་རྒྱུད་གནས་ཆེན་ཁག་ལ་མཇལ་སྐོར་གནང་བའི་ལམ་བར་དུ་ཨ་རིག་དགོན་པར་ཕེབས་ནས་ལོ་ངོ་མང་ཙམ་བཞུགས་ཤིང་།དགེ་བཤེས་ཁོང་ཉིད་ཀྱི་མདུན་ནས་དགོན་པའི་བླ་གྲྭ་ཡོངས་དང་ལྷན་དུ་བསྡུས་གྲྭ་དང་བློ་རྟགས་སོགས་དབང་ལུང་མན་ངག་གི་སྐོར་མང་དུ་གསན།

དགུང་ལོ་བཅུ་དགུ་བ་ཤིང་ལུག༼ཕྱི་ལོ༡༩༥༥༽ལོར་གོང་ས་སྐུ་ཕྲེང་བཅུ་བཞི་བ་ངག་དབང་བློ་བཟང་བསྟན་འཛིན་རྒྱ་མཚོ་དཔལ་བཟང་པོའི་དྲུང་ནས་སྐུ་འབུམ་བྱམས་པ་གླིང་དུ་གཞིས་བྱེས་ཀྱི་སྐྱེ་བོ་ཕོ་མོ་འབུམ་ཕྲག་དུ་མ་བརྒལ་བ་དང་ལྷན་དུ།སྟ་གོན་སྔོན་དུ་འགྲོ་བའི་དཔལ་མོ་ལུགས་ཀྱི་ཐུགས་རྗེ་ཆེན་པོའི་དབང་ཆེན་ལེགས་པར་ཐོབ།དགུང་ལོ་ཉི་ཤུ་བ་མེ་སྤྲེལ༼ ཕྱི་ལོ༡༩༥༦ ༽ལོར་དངུལ་རྭའི་དགེ་བཤེས་ཆེན་མོ་བསྟན་འཛིན་རྒྱ་མཚོ་མཆོག་གི་དྲུང་དུ་གྲུབ་ཆེན་དྲིལ་བུ་བའི་ལུགས་ཀྱི་བདེ་མཆོག་ལྷ་དྲུག་ཅུ་རྩ་གཉིས་པ།འཇིགས་བྱེད་ལྷ་བཅུ་གསུམ་མ།བཀའ་གདམས་ཐིག་ལེ་བཅུ་དྲུག་རྣམས་ཀྱི་དབང་སོགས་མང་དུ་གསན།དགུང་ལོ་ཉེར་གཅིག་པ་མེ་བྱ༼ ཕྱི་ལོ༡༩༥༧ ༽ལོར་ཨ་ཚོགས་ས་ཆར་ཨ་རོལ་རིན་པོ་ཆེ་ལས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་དང་།དུས་འཁོར་བསྡུས་རྒྱུད་ཀྱི་ལུང་།ཤམ་བྷ་ལའི་སྨོན་ལམ་གྱི་ལྗགས་ལུང་སོགས་གསན་པ་མ་ཟད།རྗེ་འདི་ཉིད་ཀྱིས་དུས་འཁོར་དབང་མོ་ཆེ་ལན་ལྔར་གནང་དུས་ཀྱི་མཆོད་དཔོན་བྱས།

དགུང་ལོ་ཉེར་གཉིས་པ་ས་ཁྱི༼ ཕྱི་ལོ༡༩༥༨ ༽ལོའི་ཟླ་གཉིས་པར་རྒྱལ་ཡོངས་ཀྱི་མཆོངས་སྐྱོད་ཆེན་མོའི་ཁྲོད་དུ་ཉེས་མེད་སྐྱོན་འཛུགས་བྱས་ཏེ་འཛིན་བཟུང་བྱས་ནས་རྫོང་མི་དམངས་ཁྲིམས་ཁང་དུ་བཅུགདེའི་རྗེས་ནས་གཏེར་ལེན་ཁ་ཡེས་མ་ཁྲང་ཟེར་བའི་བཙོན་ར་རུ་ཁག་ལྔ་བའི་ནང་དུ་ཉིན་རྒྱུན་ཇ་མ་དང་འབུད་ཤིང་འཐུ་བ་ལ་སོགས་པ་བྱས་ནས་སྡུག་བསྔལ་སྣ་ཚོགས་མྱོང་བཞིན་བྱ་བཞག་སྐྱུག་བྲོ་བ་མང་པོ་བཙན་ཤེད་ཀྱིས་སྒྲུབ་ཏུ་འཇུག་བཞིན་ལོ་ངོ་གཉིས་ལྷག་ལ་བསྡད།དགུང་ལོ་ཉེར་བདུན་པ་ཆུ་ཡོས༼ ཕྱི་ལོ༡༩༦༣ ༽ལོར་བཙོན་གྲོལ་ཐོབ་སྟེ་ཕྱིར་ཨ་རིག་ཡུལ་དུ་ཕེབས་ནས་ངལ་རྩོལ་དུ་ཞུགས་བཞིན་འཇིགས་སྐྲག་སྤུ་ཙམ་ཡང་མེད་པར་གཅོད་ཀྱི་ལུས་སྦྱིན་ཆད་མེད་དུ་གསུངས་ནས་བཞུགས། དགུང་ལོ་ཞེ་གཉིས་པ་ས་རྟ༼ ཕྱི་ལོ༡༩༧༨ ༽ལོར་བཀས་བཀོད་རྒྱུད་འཛིན་གྱི་ཞྭ་མོ་ཕུད་ནས་དཀར་འདོན་བྱས་རྗེས་མདོ་སྨད་ཀྱི་དགོན་སྡེ་ཆེ་ཁག་དག་ལ་མཇལ་སྐོར་དུ་ཕེབས།ཆབ་ཆའི་ཕྱོགས་སུ་ཡུན་རིང་བཞུགས།

དགུང་ལོ་ཞེ་དྲུག་པ་ཆུ་ཁྱི༼ ཕྱི་ལོ༡༩༨༢༽ལོར་གོང་རིམ་ནས་ཨ་རིག་དགོན་ཆེན་ཡང་ཆོས་སྒོ་ཕྱེ་ཆོག་པའི་ཆོག་མཆན་ཐོབ་སྟེ།ཁོང་ཚང་དང་མངའ་རིས་ཚང་སོགས་ཀྱིས་ཨ་རིག་ཚོ་བ་ཁག་ལ་བསྐུལ་མ་གནང་སྟེ།འདུ་ཁང་གསར་བཞེངས་དང་དགེ་འདུན་པ་ཚོར་མཁར་དང་ཁང་བ་ཕུབ་པ་ལས་གཞན།འདུ་ཁང་གསར་བཞེངས་ལ་རོགས་རམ་རྒྱ་ཆེན་པོ་བྱས་ནས་གྲུབ་རྗེས།འདུ་ཁང་ནང་དུ་སྟོན་པའི་སྐུ་བྱིན་ཅན་རྒྱ་གར་ཤར་ལི་བཞི།ཚེ་དཔག་མེད་ཀྱི་སྐུ་གཅིགརྗེ་ཚོང་དཔོན་དགེ་ལེགས་མའི་ལི་མ་གཅིགབླ་མཆོད་ཚོགས་ཞིང་གི་ཐང་ཀ་གཅིགསྟོན་པའི་མཛད་པ་བཅུ་གཉིས་ཀྱི་ཞལ་ཐང་དྲུགལྷུང་བཟེད་གཅིགའོད་དཔག་མེད་ཞིང་ལྔ་ལྡན་གྱི་ཐང་ཀ་གཉིས།གནས་བཅུའི་ཐང་ཀ་ཉེར་གསུམ།མཛད་བཅུའི་ཐང་ཀ་དྲུགསྐུ་གཞོགས་མི་ཉག་རིན་པོ་ཆེའི་བསྙེན་ཐང་འཇིགས་བྱེད་ཐང་ནག་གཅིགགནས་བརྟན་བཅུ་དྲུག་གི་ཁེར་ཐང་ཐང་ཀ་ཉེར་གསུམ།ལྷ་མོའི་ཞལ་ཐང་གཅིག་བཅས་དང་།དུང་དཀར་དངུལ་ཤན་མ་རིན་ཐང་ཅན་གཅིགགཞན་དུང་དཀར་གཅིགདངུལ་བུམ་གཉིས།དངུལ་གྱི་དབུ་རྒྱན་གཅིགབདུན་ཚར་ཆེ་བ་གཅིགདངུལ་རྐོང་ཚེ་འབར་གཅིགསྦུབ་ཆ་རིན་ཐང་ཅན་གཅིགརྒྱལ་བ་བསོད་ནམས་རྒྱ་མཚོས་སྐུ་འབུམ་གནས་ཆུང་ཁང་ལ་བཞག་པའི་གནས་ཆུང་སྐུ་ལྔའི་ས་དཔར་བྱིན་ཅན་གཅིག་བཅས་ཕུལ་བ་མ་ཟད།གནས་བརྟན་བཅུ་དྲུག་གི་ཐང་ཀ་སོགས་བཞེངས་སུ་བཅུག་ནས་དགོན་པར་ཕུལ།

དགུང་ལོ་ལྔ་བཅུ་བ་མེ་སྟག༼ ཕྱི་ལོ༡༩༨༦ ༽ལོའི་དབྱར་ཁར་ཨ་རིག་སྒར་ཁ་ནས་རྗེ་བཙུན་སྒྲོལ་མ་དཀར་མོའི་སྨན་སྐུ་མི་ཚད་ལས་ལྷག་པ་ཅན་གཅིག་གསར་དུ་བཞེངས་ནས་ཀན་སུའུ་མ་ཐྰིས་སམ་མ་ཁྱེ་དགོན་པའི་བྲག་ཕུག་ཏུ་སྐྱེ་འགྲོ་ཡོངས་ཀྱི་དད་རྟེན་དུ་ཕུལ་ཏེ་བསྔོ་སྨོན་རྒྱ་ཆེར་གནང་།ལོ་འདིའི་སྔ་གཞུག་ཅིག་ལ་བསེ་ཚང་བློ་བཟང་དཔལ་ལྡན་གྱི་དྲུང་ནས་སྐྱབས་འགྲོ་དང་དགའ་ལྡན་ལྷ་བརྒྱ་མ།རིག་གསུམ་མགོན་པོ།འཕོ་ལུང་།འཕོ་ཁྲིད་སོགས་ཀྱི་ལུང་དང་རེབ་གོང་ནས་མི་ཏྲ་བརྒྱ་རྩའི་དབང་སོགས་མང་པོ་གསན།དགུང་ལོ་ང་གསུམ་པ་ས་སྦྲུལ༼ ཕྱི་ལོ༡༩༨༩ ༽ལོའི་ཟླ་བཞི་བའི་ནང་དུ་ལྡེ་ཚ་དགོན་པར་ཕེབས་ནས་ཞོ་འོང་ཕུན་ཚོགས་དར་རྒྱས་ཚང་གི་དྲུང་ནས་མཁའ་སྤྱོད་མའི་དབང་གསན་པ་དང་།ཚེས་ཉི་ཤུ་ཉིན་རྨོག་རུ་ཨ་ཁུ་བསྟན་དར་གྱི་དྲུང་ནས་ཨ་རིག་སྡེ་མང་དགོན་པའི་སྐུ་གཞོགས་སོ་མ་ལུང་རྟོགས་དཔལ་ལྡན་རྒྱ་མཚོ་ཚང་དང་སྡེ་མང་དགོན་པའི་ཨ་ལགས་ཨ་རིག་ཚང་།ལྡེ་ཚ་དགོན་པའི་ཨ་ལགས་མགོན་པོ་ཚང་།ཨ་རིག་དང་རྡོ་སྦིས།ཀླུ་ཚང་ཕྱོགས་ཀྱི་གཅོད་དབང་ལ་ཕེབས་མཁན་མི་སྣ་བཞི་བཅུ་ལྷག་དང་མཉམ་དུ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་དབང་དང་གཅོད་དབང་སོགས་གསན།     

དགུང་ལོ་ང་བཞི་བ་ལྕགས་རྟ༼ ཕྱི་ལོ༡༩༩༠ ༽ལོའི་རྒྱ་ལོ་ཚེས་གཅིག་ནས་བཟུང་ཨ་རིག་སྒར་ཁར་ཨ་མཆོད་ནོའུ་བྷོའུ་དང་ལྷན་དུ་མ་ཅིག་ཁྲོས་མ་ནག་མོའི་བསྙེན་མཚམས་ལ་བདུན་ཕྲག་གཅིག་རིང་བཞུགས་ནས་མཇུག་ཏུ་སྦྱིན་སྲེག་དང་ཚོགས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར།ཁོང་གིས་ལོ་སྔ་གཞུག་མང་པོར་ཚེ་འདས་སྦྱིན་བདག་ཚོའི་ཆེད་དུ་བིས་མདོ་དགོན་ཆེན་ལ་ཚེ་དཔག་མེད་ཀྱི་ཤིང་སྐུ་ཁྲུ་ཙི་བཅུ་གཅིག་ཅན་ཞིག་དང་།ལོ་ཀྱཱ་ཏུན་བདེ་མཆོག་རང་བྱོན་གྱི་མཁའ་སྤྱོད་མའི་ལྷ་ཁང་ལ་བདེ་མཆོག་གི་ཤིང་སྐུ་ཁྲུ་ཙི་གསུམ་ཅན་སོགས་སྐུ་གསུང་ཐུགས་རྟེན་མང་པོ་བཞེངས་ནས་ཕུལ།

དགུང་ལོ་ང་དྲུག་པ་ཆུ་སྤྲེལ༼ ཕྱི་ལོ༡༩༩༢ ༽ལོར་བླ་བྲང་དགོན་པར་ཕེབས་ནས་ཨ་ཁུ་འཇམ་དབྱངས་ཉི་མའི་དྲུང་ནས་མཁའ་སྤྱོད་མའི་དབང་དང་མ་རི་ཙྱཻའི་རྗེས་གནང་སོགས་གསན།དགུང་ལོ་ང་བདུན་པ་ཆུ་བྱ༼ ཕྱི་ལོ༡༩༩༣ ༽ལོའི་ཟླ་ཚེས་བཟང་པོའི་ཉིན་ལ་མོ་ཡོངས་འཛིན་ཚང་བེ་ཧུ་དགོན་པར་ཕེབས་ནས་དུས་འཁོར་མཆོད་རྟེན་ཆེན་མོ་བཞེངས་ཡུལ་གྱི་སར་རབ་གནས་མཛད་དེ་འཇིགས་བྱེད་ལྷ་བཅུ་གསུམ་མ་དང་རྟ་མགྲིན་ཡང་གསང་གི་དབང་སོགས་མང་པོ་གནང་།ཟླ་དགུ་པའི་ཚེས་ཉེར་གཉིས་ཉིན་སྟོང་སོ་ཉག་གར་མུ་རིའི་བ་རྒ་དང་ཚེ་རི་ཐུ་སྡེ་བ་གཉིས་ཀྱིས་ཡང་ཡང་ཞུས་པར་བརྟེན། སྟོང་སོ་ཉག་ཆེན་ཁར་ལ་རྩེ་ཞིག་བསྟད་ནས་སྡེ་བརྒྱད་རྔོན་འདེགས་པ་སོགས་ཆོ་ག་རྒྱ་ཆེར་བྱས་པས།སྐབས་དེར་ནམ་མཁར་བཀྲ་ཤིས་པའི་ཆུ་འཛིན་འཁྲིགས་པའི་ཀློང་ནས་སྦྲང་ཆར་བསིལ་མ་ཟམ་ཟིམ་བབས་པ་སོགས་དཀར་ཕྱོགས་སྐྱོང་བའི་ལྷ་རྣམས་དགའ་བའི་རྟགས་མཚན་མང་པོ་བྱུང་།

དགུང་ལོ་རེ་གཅིག་པ་མེ་གླང༼ ཕྱི་ལོ༡༩༩༧ ༽ལོའི་ཟླ་ལྔ་བའི་ཚེས་གཅིག་ཉིན་སྔོན་དང་པོ་མང་རའི་བེ་ཧུ་དང་རྭ་རྒྱའི་སྐུ་གཞོགས་རྩ་བ་གཉིས་ཀྱི་རིང་ལ་མུ་རི་ཁ་དཀར་རྩེར་ལ་རྩེ་ཞིག་བསྟད་ཡོད་པ་ནི།རི་ཁེར་སྐྱེས་ཤིག་གི་རྩེར་ཡོད་པ་འཇིག་སོང་བས་བ་རྒ་སྡེ་བ་དང་ཚེ་རི་ཐུ་སྡེ་བ་གཉིས་ཀྱིས་འདོད་བློ་ལྟར་ཁོང་ཉིད་ཀྱིས་ཟླ་ལྔ་བའི་ཚེས་གཅིག་ཉིན་ས་ལ་དགེ་བཅུ་ཚང་བའི་གནས་བཟང་པོ་ཁ་དཀར་སྐེ་རུ་ལབ་ཙེ་གསར་དུ་བསྟད་པ་མ་ཟད།ཁོང་ཉིད་ཀྱིས་གནས་བདག་ཁ་དཀར་ནོར་བུ་དབང་ཕྱུག་གི་བསང་མཆོད་དགོས་འདོད་ཀུན་འབྱུང་ཞེས་པ་ཞིག་ཀྱང་ལྗགས་རྩོམ་གནང་བ་འདི་ལྟར།༈ཀྱཻ༔གྲུབ་པའི་དབང་ཕྱུག་མཚོ་སྐྱེས་རྡོ་རྗེ་དང༌།།དུས་དགྲའི་དབང་བོ་འཇིགས་མཛད་ཁྲོ་བོའི་སྐུ།།འཇམ་དཔལ་དབྱངས་དངོས་བློ་བཟང་གྲགས་པའི་དཔལ།།བླ་མ་ཡི་དམ་ཚོགས་ཀྱིས་བྱིན་ཆར་ཕོབས།།ར༵བ་ཡངས་གསེར་ལྡན་འཛིན་མའི་ལྟོ་བ་རུ།།ར༵བ་བརྗིད་རི་བོ་རིན་ཆེན་འབྱུང་གནས་ཆེར།།ར༵བ་མང་ནོར་བུའི་བ་གམ་ལས་གྲུབ་པའི།།ར༵བ་མཛེས་གཞལ་མེད་ཁང་དབུས་རིན་ཆེན་ཁྲིར།།སྟོབས་ལྡན་འཇིགས་རུང་འབྲོང་གཡག་ཁམ་པ་ལ།།གསེར་སྒ་ནོར་བུའི་རྒྱན་གྱིས་ལེགས་སྤྲས་པར།།བཅིབས་པའི་གཏེར་བདག་ནོར་བུ་དབང་ཕྱུག་མཆོག།སྐུ་མདོག་དཀར་ལ་གཡུ་ཡི་ཨག་ཚོམ་ཅན།།ཟ་འོག་བེར་དང་རིན་ཆེན་རྒྱན་གྱིས་མཛེས།།ཕྱག་གཡས་ཁམས་གསུམ་དབང་སྡུད་ལྕགས་ཀྱུ་དང་།།དགོས་འདོད་སྩོལ་ཕྱིར་གཡོན་པས་ནོར་གཞོང་བསྣམས།།རྩ་བརྒྱུད་བླ་མའི་བཀའ་དང་དམ་ཚིག་བཞིན།།ཆོས་སྲིད་བྱ་བ་ཀུན་ལ་དབང་མཛད་ཅིང་།།ཡུམ་སྲས་བློན་པོ་སྲས་མོ་སྡེ་བརྒྱད་ཚོགས།།རྣམ་འགྱུར་མ་ངེས་བཞོན་པ་སྣ་ཚོགས་ཅན།།རལ་གྲི་གླེགས་བམ་གསེར་གྱི་རྒྱལ་མཚན་དང་།།མདའ་དར་ཞོ་ཟས་ཞགས་ནག་ཕུར་བུ་སོགས།།འཛིན་པའི་འཁོར་གྱི་གཙོ་བོའི་བཀའ་ཉན་ཅིང་།།ཇི་ལྟར་བསྒོ་བ་ཇི་བཞིན་ཁས་བླངས་ནས།།འདོད་ཡོན་ལྔ་ལྡན་བསང་མཆོད་དམ་པ་དང་།།ཇ་ཆང་འོ་ཞོ་ཟག་མེད་བདུད་རྩིའི་ཚོགས།།དགྱེས་བཞིན་བཞེས་ནས་ཡོན་མཆོད་འཁོར་བཅས་ཀྱི།།ཚེ་བསོད་དཔལ་འབྱོར་ཀླུང་རྟ་སྙན་གྲགས་སོགས།།ཡར་ངོའི་ཟླ་བཞིན་འཕེལ་བར་མཛད་དུ་གསོལ།།རྒྱལ་བསྟན་དར་ཞིང་བསྟན་འཛིན་དམ་པ་རྣམས།།སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་པ་དང་།།ཁྱད་པར་ཡུལ་འདིའི་མི་ནོར་ཀུན་འཕེལ་ཞིང་།།ནད་རིམས་གདོན་བགེགས་བར་ཆད་ཀུན་ཞི་ཞིང་།།དགྲ་ཇག་ཆོམ་རྐུན་ཉེར་འཚེ་མ་ལུས་བཟློག།ཉིན་གསུམ་བྱ་ར་མཚན་གསུམ་མེལ་ཚེ་མཛོད།།ཆོས་སྲིད་ལེགས་ཚོགས་བྱ་བ་མ་ལུས་པ།།ཡིད་ལ་སྨོན་པ་བཞིན་དུ་འགྲུབ་པ་དང་།།མཐུན་རྐྱེན་མཐའ་དག་མྱུར་ཏུ་བསྒྲུབ་པ་ལ།།མ་གཡེལ་འཕྲིན་ལས་སྒྲུབ་པའི་གྲོགས་མཛོད་ཅིག།ཅེས་པ་འདི་ནི་ས་སྟག་ལོའི་སྣྲོན་ཟླ་བའི་དཀར་ཕྱོགས་དགའ་བ་དང་པོའི་ཉིན་མུ་རི་ཁ་དཀར་ནོར་བུ་དབང་ཕྱུག་གི་ལབ་ཙེ་སྟོད་སྐབས་མུ་རི་ཨ་ཁུ་རོའི་ཨ་བདེ་དང་ཚེ་རིང༌།རྣམ་རྒྱལ་སོགས་ཀྱིས་བསྐུལ་བའི་ངོར།སྨྲ་ཁམས་སྤྲུལ་སྐུའི་མིང་ཙམ་འཛིན་པ༧བློ་བཟང་ཚུལ་ཁྲིམས་བསྟན་འཛིན་གྱིས་སྦྱར་བའོ།།ལོ་འདིར་སྨྲ་ཁམས་ཚང་གིས་མགོ་འཛིན་བྱས་ཏེ།མུ་རི་བ་རྒ་སྡེ་བ་དང་ཚེ་རི་ཐུ་སྡེ་བ་གཉིས་གཙོ་བྱས།དད་ལྡན་སྦྱིན་བདག་མང་པོས་ཀྱང་ཕྱག་ཟུང་གི་སྤར་མོ་ཡངས་པོར་ཕྱེས་ཏེ་མཐུན་རྐྱེན་མཐའ་དག་འབད་མེད་ལྷུན་གྱིས་གྲུབ་པ་ལྟ་བུ་བྱུང་སྟེ།ལོ་འདིའི་ཟླ་བཅུ་བའི་ཚེས་བཅོ་ལྔ་ནས་མགོ་བརྩམས་ཏེ་མུ་རི་བེ་ཧུ་དགོན་པའི་དུས་འཁོར་མཆོད་རྟེན་མཐོང་གྲོལ་ཆེན་མོ་གསར་བཞེངས་ཀྱི་དབུ་བརྩམས་ཏེ་ལོ་ངོ་མཐོང་གཉིས་ལ་བཞེངས་ནས་བྱིན་རླབས་ཟད་མི་ཤེས་པའི་གཏེར་དུ་གྲུབ་པར་མཛད།   

དགུང་ལོ་རེ་གཉིས་པ་ས་སྟག༼ ཕྱི་ལོ༡༩༩༨༽ལོའི་ཟླ་བཞི་བའི་ཚེས་བརྒྱད་ཉིན་ཨ་རིག་ཆུ་འཁོར་སྡེ་བའི་གསོལ་བ་བཏབ་པའི་ངོར་ར་གདོང་རི་ཕྱོར་གྱི་ལ་རྩེ་བྱིན་ཅན་ཞིག་བསྟད་པ་དང་།ལོ་དེའི་ཟླ་དྲུག་པར་མཚོ་སྔོན་དང་ཀན་སུའུ་གཉིས་ཀྱི་ས་མཚམས་སུ་ཡོད་པའི་མང་བཟའ་སྡེ་བའམ་བྱང་རའི་ས་ཆ་མང་པོ་ཀན་སུའུ་མེ་ལིག་རྫོང་གི་རྒྱ་མི་ཚོས་བཙན་འཕྲོག་བྱས་པར་བརྟེན།ཁོང་གིས་བསེ་ཚང་བློ་བཟང་དཔལ་ལྡན་ཚང་ལ་ཞུས་པ་ན།མང་བཟའ་སྡེ་བའི་དུས་འཁོར་མཆོད་རྟེན་ཞིག་དང་ཨ་མྱེས་གཉན་ཆེན་གྱི་ལ་རྩེ་ཞིག་བསྟད་ན་བཟང་གསུངས་པར་ཁོང་གཙོ་བྱས།མང་བཟའ་སྡེ་བའི་རྩྭ་སའི་ཆེད་དུ་དམར་གསོད་བཏང་བའི་ཧྲུའུ་ཅི་འདས་པོ་འཇིགས་བྱེད་དང་།སྡེ་མི་ཡོངས་ཀྱིས་ཟླ་བཞི་བའི་ནང་དུ་ལས་ཀའི་མགོ་བརྩམས་ཏེ་མཆོད་རྟེན་གྱི་གཟུངས་གཞུགས་ལ་བཀའ་བསྟན་ཚར་རེ།ཡུམ་དུམ་པ་ཚར་གཅིགཏིང་འཕགས་བསྐལ་གསུམ་ཚར་ཉི་ཤུ།གཟུངས་བསྡུས་ཚར་ལྔ་བཅུ།སྒོ་རྒྱན་ཁར་གོང་ས་སྐུ་ཕྲེང་བཅུ་བཞི་བ་ངག་དབང་བློ་བཟང་བསྟན་འཛིན་རྒྱ་མཚོ་དཔལ་བཟང་བོ་མཆོག་གི་སྐུ་བྱོན་ལེགས་ཤིག་བཅས་ལོ་དེའི་ཟླ་བརྒྱད་པའི་ནང་དུ་མཆོད་རྟེན་དང་ལ་རྩེ་གཉིས་ཀ་དམངས་སྒོར་ཁྲི་བརྒྱ་དང་དྲུག་ཅུ་ལྷག་གིས་འགྲོ་སོང་བཏང་སྟེ་ལེགས་འགྲུབ་བྱུང་།དེ་ནས་བཟུང་བོད་རྒྱ་གཉིས་ཀྱི་ས་མཚམས་བར་ལ་རྩོད་རྙོག་སོགས་མེད་པར་གྱུར་བས་དགེ་མཚན་ཧ་ཅང་ཆེ།དེ་ནས་དར་ལུང་རུ་ཁག་གསུམ་གྱིས་གདན་ཞུས་ལྟར་ཟླ་དྲུག་པའི་ཚེས་བཅོ་ལྔའི་ཉིན་དར་ལུང་ལ་རྩེ་བསྟད་དེ་ཡུལ་དེའི་དད་ལྡན་རྣམས་ཀྱི་རེ་བ་ཡིད་བཞིན་དུ་བསྐངས།

དགུང་ལོ་རེ་ལྔ་བ་ལྕགས་སྦྲུལ༼ཕྱི་ལོ༢༠༠༡༽ལོར་ཨ་རིག་གི་ཡུལ་ཕྱོགས་འདིར་ཆར་ཆུ་དུས་ལྟར་མ་བབས་པར་བརྟེན།བྱེ་རུག་སྡེ་བས་སྔོན་ཞྭ་དམར་པཎྜི་ཏ་ཁོང་ཕེབས་མྱོང་བའི་ཨ་མྱེས་ལྷ་ཐོ་ཟེར་བའི་རིའི་རྩེ་མོར་ལ་རྩེ་ཞིག་བརྩིགས་དགོས་པའི་རེ་ཞུས་ལྟར་ཟླ་ལྔ་བའི་ཚེས་ལྔ་ཉིན་ལ་རྩེ་ཞིག་བསྟད་ནས་མུན་ནག་ཨ་མྱེས་རི་ཕྱོར་གྱི་གསོལ་མཆོད་དངོས་གྲུབ་ཀུན་སྩོལ་ཞེས་བྱ་བ་ཞིག་ལྗགས་རྩོམ་གནང་བ་འདི་ལྟར།ཀྱཻ༔འཛམ་གླིང་ཡངས་པའི་ཧོར་གྱི་གནས་མཆོག་ན།།གཞི་བདག་ཆེན་པོ་གནོད་སྦྱིན་ཀརྨ་རུ།།སྐུ་མདོག་དམར་པོ་དབང་གི་མདངས་དང་ལྡན།།ཕྱག་གཡས་ཁམས་གསུམ་དབང་འདུལ་ལྕགས་ཀྱུ་འཛིན།།གཡོན་པས་རིན་ཆེན་གསེར་གྱི་གཞོང་བ་བསྣམས།།དབུ་ལ་དོམ་ཞྭ་དགེ་བསྙེན་ཚུལ་འཛིན་པ།།ཆིབས་སུ་དོམ་ནག་སྨྱོན་པ་ཁམ་སེར་ཆིབས།།གང་དེར་རེ་བའི་དངོས་གྲུབ་མྱུར་ཏུ་སྩོལ།།གསེར་ལོ་གཡུ་ལོ་སྨན་ཤུག་དྲི་བཟང་འཐིབས།།དཀར་གསུམ་འོ་མས་ཞོ་སྐྱེམས་མཚོ་ལྟར་བསྐྱིལ།།མངར་གསུམ་རྒྱན་ལྡན་གཏོར་མ་རི་ལྟར་སྤུངས།།ཟས་ཕུད་འབྲུ་རིགས་གོས་དར་སྣ་ཚོགས་པའི།།དངོས་བཤམས་ཡིད་སྤྲུལ་མཆོད་ཚོགས་དཔག་མེད་འབུལ།།ཁྱད་པར་བདག་ཅག་དཔོན་སློབ་འཁོར་བཅས་ལ།།དངོས་གྲུབ་སྩོལ་ཞིང་བར་ཆད་སེལ་བར་མཛོད།།ལས་བཞིའི་འཕྲིན་ལས་དངོས་གྲུབ་མ་ལུས་སྩོལ།།གཅོད་ཡུལ་བསྟན་པ་ཕྱོགས་བཅུར་རྒྱསཔ་དང་།།བདག་གིས་འཕྲིན་ལས་བསྒྲུབ་པའི་སྡོངས་གྲོགས་མཛོད།།ཅེས་པ་འདི་ནི་ཨ་རིག་སྡེ་མང་དགོན་པའི་མཱ་ཁྱེ་སྤྲུལ་བའི་སྐུ༧བློ་བཟང་ལེགས་བཤད་རྡོ་རྗེ་དང༌།ཨ་མྱེས་བསམ་གཏན།ཨ་མྱེས་ཏེ་ལོ་སོགས་བྱེ་རུག་སྡེ་བས་འདི་འདྲའི་བསང་མཆོད་ཅིག་དགོས་ཞེས་བསྐུལ་བའི་ངོར།སྨྲ་ཁམས་སྤྲུལ་སྐུའི་མིང་ཙམ་འཛིན་པ༧བློ་བཟང་ཚུལ་ཁྲིམས་བསྟན་འཛིན་གྱིས་ཧོར་ཟླ་ལྔ་བའི་ཚེས་བཅུ་གཅིག་ཉིན་སྦྱར་བའོ།།

དགུང་ལོ་རེ་དྲུག་པ་ཆུ་རྟ༼ ཕྱི་ལོ༢༠༠༢ ༽ལོར་ཁོང་གིས་སྟོང་སོའི་འདབས་སུ་ཡུལ་ལྷའི་ལྷ་ཁང་ཞིག་བཞེངས་ན་ལེགས་པའི་ཐུགས་བཀོད་དང་ལྷ་ཁང་བཞེངས་པར་དངུལ་གྱིས་རོགས་སྐྱོར་སོགས་གནང་སྟེ་ལོ་རྗེས་མར་ལེགས་འགྲུབ་བྱུང་དུས་རབ་གནས་ཀྱང་མཛད།གུང་ལོ་རེ་བདུན་པ་ཆུ་ལུག༼ ཕྱི་ལོ༢༠༠༣ ༽ལོར་ཟླ་བཞི་བའི་ཚེས་བཅུ་གཅིག་ཉིན་ཁོང་ཉིད་ཀྱིས་རྭ་མགོ་ཉག་གའི་ལ་རྩེ་བསྟད་པས་ཡུལ་དེར་བཀྲ་ཤིས་པའི་རྟགས་མཚན་མང་པོ་བྱུང་ལ་ད་ལྟའང་ལོ་རེའི་དྲུག་པའི་བཅོ་ལྔའི་ཉིན་སྔོན་ལྟར་ཁ་གསོ་རྒྱག་བཞིན་ཡོད།ད་དུང་ཨ་རིག་ཚོ་བ་བཅུ་གཅིག་སྔོན་མགོ་ལོག་ཡུལ་ནས་གནས་འདིར་ཐོག་མར་འབྱོར་དུས་ཞྭ་ལུ་བ་དང་གསེར་ཁོག་བཙན་པོ་མ་གཉིས་ལ་ས་བསླངས་ནས་གཡག་མགོ་ཉག་གར་ལ་རྩེ་ཞིག་བསྟད་ཡོད་པ་ནི།ཡ་ང་བའི་དུས་ཟིང་གི་ཁྲོད་དུ་རྨེག་མེད་དུ་བཏང་ཞིང་།ད་ལོ་བར་དུ་བསྐྱར་བཞེངས་བྱ་མ་ཐུབ་པར་ལུས།འདི་ལོར་ཨ་རིག་ཚོ་བ་བཅུ་གཅིག་གིས་གསོལ་བ་ཡང་ཡང་བཏབ་པའི་ངོར།སྨྲ་ཁམས་བློ་བཟང་ཚུལ་ཁྲིམས་བསྟན་འཛིན་གཙོ་བྱས།བླ་གྲྭ་འགས་ཐུགས་ཁུར་ཆེར་བཞེས་ཀྱིས་ཆུ་ལུག༼ ཕྱི་ལོ༢༠༠༣༽ལོའི་ཟླ་བདུན་པའི་ཚེས་བཅོ་ལྔ་ཉིན་རྔམས་བརྗིད་ལྡན་པའི་ལ་རྩེ་ཞིག་ལེགས་པར་བསྟད།མཐར་ཁོང་ཉིད་དང་གྲྭ་བཙུན་མང་པོས་རབ་གནས་དང་འདོད་གསོལ།གཡང་འགུགས་སོགས་ཀྱི་མཇུག་ལེགས་པར་གྲུབ་སྐབས་བཀྲ་ཤིས་པའི་རྟགས་མཚན་ཡ་མཚན་པ་མང་པོ་བྱུང་།

དགུང་ལོ་རེ་བརྒྱད་པ་ཤིང་སྤྲེལ༼ཕྱི་ལོ༢༠༠༤༽ལོའི་ཧོར་ཟླ་གཉིས་པ་སྔ་མའི་ཚེས་བཅོ་བརྒྱད་ཉིན་ལྷ་སའི་སེ་འབྲས་དགེ་གསུམ་དང་བཀྲ་ཤིས་ལྷུན་པོ།ཇོ་བོ་རིན་པོ་ཆེ་གཙོ་བྱས་ཏེ་རྟེན་འགངས་ཆེན་རིགས་ལ་ཞལ་གསེར་དང་ན་བཟའ་ཕུལ་ཏེ་སྐྱེས་པ་ནས་ཚེ་རབས་ཐམས་ཅད་དུ་རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པ་དང་རང་ལ་འབྲེལ་ཐོགས་པའི་འགྲོ་བ་ཤི་གསོན་ཇི་སྙེད་ཅིག་ཡོད་པ་ཐམས་ཅད་ལ་ཐུགས་སྨོན་རྒྱ་ཆེར་མཛད་ཅིང་།ཚེས་ཉེར་ལྔའི་ཉིན་ཟངས་རི་མཁར་དམར་དགོན་དུ་ཕེབས་ནས་དགོན་པ་ཉམས་གསོའི་ཆེད་དུ་དམངས་སྒོར་ཆིག་ཁྲི་ལྷག་གིས་ཞལ་འདེབས་ཕུལ།བླ་མ་ཀརྨ་ཉི་དོན་ཀུན་ཁྱབ་ཆོས་ཀྱི་རྡོ་རྗེའི་དྲུང་ནས་ཚོགས་ལུས་རིན་ཆེན་ཕྲེང་བའི་རྗེས་གནང་དང་ཁྲོས་མའི་མེ་མཆོད་ཀྱི་ལུང་སོགས་གསན།མ་ཅིག་ལབ་སྒྲོན་གྱི་སྒྲུབ་ཕུག་ཏུ་བདུན་ཕྲག་གཉིས་ཙམ་ལ་ཁྲོས་ནག་གི་བསྙེན་མཚམས་ལ་བཞུགས་ནས་རྗེས་སུ་བླ་མ་ཀརྨ་ཀུན་ཁྱབ་རྡོ་རྗེ་དང་ཁོང་གཉིས་ཀྱིས་ཁྲོས་མའི་སྦྱིན་སྲེག་ཕུལ།དགུང་ལོ་སུམ་ཅུ་བ་ནས་བཟུང་གཅོད་ཀྱི་ལུས་སྦྱིན་ཆག་མེད་དུ་གསུངས་ཤིང་།ཁོང་གིས་ད་བར་དུ་ཁྲོས་ནག་གི་ཞི་བའི་སྦྱིན་སྲེག་ཉིས་སྟོང་ལྷག་དང་།རྒྱས་པ་དང་དབང་།དྲག་པོའི་སྦྱིན་སྲེག་ཚར་བཅུ་ཕྲག་ལྔ་ལྷག་རེ་ཕུལ།ལོ་འདིར་གནའ་མཁར་ཟི་ལིང་གི་མཁས་པ་མི་གསུམ་གྱི་ལྷ་ཁང་ནས་ལ་མོ་ཡོངས་འཛིན་བློ་བཟང་མཁས་གྲུབ་རྒྱ་མཚོ་མཆོག་གི་དྲུང་ནས་བདེ་གསང་འཇིགས་གསུམ་གྱི་དབང་སོགས་ཐོབ།

དགུང་ལོ་དོན་གཅིག་པ་མེ་ཕག༼ཕྱི་ལོ༢༠༠༧༽ལོའི་སྟོན་ཀར་རོང་བོ་དགོན་ཆེན་དུ་བླ་གྲྭ་སྟོང་ཕྲག་མང་པོ་དང་ལྷན་དུ་བསེ་ཚང་བློ་བཟང་དཔལ་ལྡན་གྱི་དྲུང་ནས་བདེ་མཆོག་ལུས་དཀྱིལ་གྱི་དབང་སོགས་གསན།དགུང་ལོ་དོན་གཉིས་པ་ས་བྱི༼ཕྱི་ལོ༢༠༠༨༽ལོའི་ཟླ་དགུ་བའི་ཚེས་བདུན་ཉིན་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ནས་བདེ་ཐང་ཞབས་དྲུང་དཀོན་མཆོག་མཁྱེན་རབ་རྒྱ་མཚོ་མཚོག་གི་དྲུང་ནས་གཅོད་དབང་དང་གཅོད་ཀྱི་ས་འཛིན་སྐོར་གསུམ་གྱི་དབང་།ཐུབ་པ་དམ་ཚིག་གསུམ་གྱི་རྗེས་གནང་།འཇམ་པའི་དབྱངས་ཀྱི་རྗེས་གནང་།རྣམ་རྒྱལ་མའི་རྗེས་གནང་།མདོ་གདུགས་སྒྲོལ་གསུམ་དང་ཚེ་ལྷ་རྣམ་གསུམ་གྱི་ལུང་།འཕོ་ལུང་སོགས་ཀྱི་དབང་ལུང་མང་པོ་ཐོབ།ལོ་འདིར་དམ་པ་གང་གི་སྦྱིན་པའི་བདག་པོ་འགས་ཁོ་ཚང་གི་སྐུ་ཁམས་ཅུང་མི་བདེ་བར་བརྟེན་བསེ་ཚང་བློ་བཟང་དཔལ་ལྡན་ཚང་ལ་དྲི་མ་མེད་པའི་ལྷ་རྫས་དང་བཅས་ཞབས་བརྟན་གསོལ་འདེབས་ཤིག་དགོས་ཞེས་ཞུས་པའི་ངོར་འཕྲལ་མར་གནང་བ་འདི་ལྟར།༈བློ༵་གྲོས་མཁྱེན་རབ་བཟ༵ང་པོའི་དཀྱིལ་འཁོར་རྫོགས།།ཚུ༵ལ་གནས་བསླབ་ཁྲི༵མས་འོད་དཀར་དྲ་བ་ཅན།།བསྟ༵ན་འཛི༵ན་རྒྱུ་སྐར་དབུས་ན་རབ་མཛེས་པའི།།མཆོག་སྤྲུལ་སྨྲ་བའི་ཟླ་བར་གསོལ་བ་འདེབས།།བླང་དོར་གནས་ལ་རྨོངས་པའི་ལུས་ཅན་དག།སྡུག་ཀུན་མུན་པའི་ཀློང་དུ་རབ་འཁྱམས་པ།།གཏན་བདེའི་སྣང་བ་འབར་བའི་དཔལ་ཡོན་དུ།།ཁྱོད་ཞབས་རྡོ་རྗེ་འགྱུར་མེད་ཞབས་བརྟན་ཤོག།ཐུབ་བསྟན་སྤྱི་དང་སྐྱེ་འགྲོའི་ཕན་བདེའི་མཆོག།དུས་མཐར་སྤེལ་བའི་རྒྱལ་སྲས་སྤྱོད་པ་ཡིས།།འགྲོ་ཀུན་ཐར་བའི་ལམ་དུ་འགོད་པའི་ཕྱིར།།སྐུ་ཚེ་བསྐལ་བ་རྒྱ་མཚོར་བརྟན་གྱུར་ཅིག།བླ་མ་དཀོན་མཆོག་གསུམ་གྱི་བདེན་སྟོབས་དང་།།བདག་ཅག་དད་ཅིང་མོས་པའི་རྟེན་འབྲེལ་མཐུས།།ཇི་ལྟར་སྨོན་པའི་དོན་ཀུན་འགྲུབ་པ་དང་།།དགེ་ལེགས་ཤིས་པ་རྒྱ་མཚོས་ཁྱབ་གྱུར་ཅིག།ཅེས་མཚོ་སྔོན་པོ་ཨ་རིག་ཡུལ་གྱི་སྐྱབས་མཆོག༧སྨྲ་ཁམས་སྤྲུལ་བའི་སྐུ་བློ་བཟང་ཚུལ་ཁྲིམས་བསྟན་འཛིན་དཔལ་བཟང་པོའི་ཞབས་བརྟན་གསོལ་འདེབས་འདི་ནི།དམ་པ་གང་གི་སྦྱིན་པའི་བདག་པོ་རྣམས་ཀྱིས་ཁ་འདོན་བྱེད་རྒྱུ་ཞིག་དགོས་ཞེས་བོང་སྟག་ཆེན་ཧུ་བསྟན་བློ་དང་ཨ་བློ་གཉིས་ཀྱིས་ལྷ་རྫས་དང་བཅས་བསྐུལ་བར་བརྟེན༧བསེ་ཚང་བློ་བཟང་དཔལ་ལྡན་ནས་འཕྲལ་དུ་བྲིས་པ་དགེ་ལེགས་འཕེལ།

དགུང་ལོ་དོན་གསུམ་པ་ས་གླང༼ ཕྱི་ལོ༢༠༠༩ ༽ལོའི་ལོ་མགོ་ནས་བཟུང་ཆུ་མིག་དགོན་པའི་འདུ་ཁང་དང་ཨ་རིག་ཇོ་ཁང་ཆེན་མོ་གཉིས་གསར་བཞེངས་ཀྱི་མགོ་བརྩམས།ཁོང་གིས་ཐུགས་བཀོད་ལྟར་ཟླ་ལྔ་བ་སྔོན་མའི་ཚེས་ཉེར་དགུ་ཉིན་མུ་རི་བ་རྒ་སྡེ་བས་དུང་སོ་ཉག་ཆེན་ཁར་ཡོད་པའི་ལ་རྩེ་ཡང་བསྐྱར་ཞིག་གསོ་བྱས་ནས་ལེགས་འགྲུབ་བྱུང་སྟེ་རབ་གནས་ཀྱང་ལེགས་པར་གནང་།སྟོན་མཇུག་ལ་ཨ་རིག་ཇོ་ཁང་ཆེན་མོའི་ཕྱི་ར་བསྐོར།ཕྱི་ལོའི་ཟླ་གསུམ་པའི་ནང་ཇོ་ཁང་ཆེན་མོའི་རྩིག་གྱང་ལ་རྡོ་བརྩིགས་བྱས་ནས་ཟླ་བརྒྱད་པའི་ཚེས་བཅོ་ལྔ་ལ་གདུང་མ་བཏེགས།ཁོང་དང་གྲྭ་ཚང་གིས་རབ་གནས་མདོར་བསྡུས་ཤིག་མཛད།

དགུང་ལོ་དོན་ལྔ་བ་ལྕགས་ཡོས༼ ཕྱི་ལོ༢༠༡༡ ༽ལོར་བླ་བྲང་དུ་ཕེབས་ནས་ཚེས་ཉི་ཤུ་ཉིན་བདེ་ཐང་ཞབས་དྲུང་ཚང་གི་མདུན་དུ་ཕེབས་ནས་འཕོ་བ་སོགས་གསུང་དུ་བཅུགམཁར་དམར་བར་མདོ་ལུང་བ་རུ་ཨ་རིག་བྲག་དཀར་སྡེ་བ་གཙོ་བྱས་སྦྱིན་བདག་མང་པོར་པ་གོར་ཡེ་ཤེས་དབྱངས་ཀྱིས་བརྐོས་པའི་བྲག་སྐུའི་མདུན་དུ་མཆོད་རྟེན་ཞིག་ཀྱང་བཞེངས་ན་ལེགས་ཚུལ་དང་རང་ས་རང་གིས་བདག་སྐྱོང་བྱས་ནས་ལེགས་པའི་གསུང་བཤད་མང་པོ་བསྩལ།བེ་ཇང་དགོན་པའི་བླ་གྲྭ་རྣམས་དང་སྡེ་དཔོན་སོགས་ཀྱིས་ཁོང་གིས་ཐུགས་བཀོད་ལྟར་དགོན་པར་དྲག་པོ་སུམ་སྒྲིལ་གྱི་མཆོད་རྟེན་ཞིག་གསར་བཞེངས་བྱས་ནས་ལེགས་འགྲུབ་བྱུང་།ཁོང་གིས་ཨ་རིག་དགོན་ཆེན་དུ་བཞེངས་པའི་ཇོ་ཁང་ཆེན་མོའི་རྟེན་གྱི་གཙོ་བོ་ལ།བལ་བོ་ནས་གདན་དྲངས་པའི་རྒྱུ་གསེར་ཟངས་ལས་གྲུབ་པའི་སྟོན་པ་ཤཱཀྱ་མུ་ནེ་དགུང་ལོ་བཅུ་གཉིས་ཀྱི་ཚད་ལོན་པའི་ཇོ་སྐུ་ཆེན་མོ་བྱིན་ཅན་གཙོ་བྱས་སྐུ་གསུང་ཐུགས་རྟེན་སོགས་སྒར་ཁ་ནས་གཟུངས་གཞུགས་རྣམས་ལེགས་པར་ཕུལ།ཨ་རིག་ཇོ་ཁང་ཆེན་མོ་དང་ཆུ་མིག་དགོན་པའི་འདུ་ཁང་ཆེན་མོ།ཇོ་སྐུ།གནས་བརྟན་བཅུ་དྲུག་གི་སྐུ་སོགས་ཀྱི་སྦྱིན་བདག་གཙོ་བོ་དག་ནི།ཨ་རིག་ཚོ་བ་ཁག་དང་མུ་རི།དར་ལུང་།ཐེམ་རྫོང་སུ་རི།རྐང་ཚ་སོགས་ཡིན་གསུང་།ཟླ་འདིའི་ཚེས་བཅུ་གཅིག་ཉིན་གྱི་སྔ་མོ་ཆུ་མིག་དགོན་པར་མཆོད་མཇལ་དུ་ཕེབས་སྟེ།འདུ་ཁང་གི་སྒོ་ནས་རབ་གནས་མདོར་བསྡུས་ཤིག་གནང་རྗེས།དགོན་བདག་བླ་མ་དང་གྲྭ་ཚང་ཡོངས།སེར་སྐྱ་ཚང་མ་འཛོམས་སར་དེ་རིང་དགོན་པའི་འདུ་ཁང་ཆེན་མོ་རྟེན་དང་བརྟེན་པ་ཡོངས་སུ་རྫོགས་པ་ལེགས་འགྲུབ་བྱུང་ཡོད་པ་དེ་རིང་ཁྱེད་གྲྭ་ཚང་ལ་ཕུལ་བ་ཡིན།ཞེས་གསུངས་ནས་མང་ཚོགས་རྣམས་ལ་ཞལ་བརྡ་མང་པོ་གནང་སྟེ་ཕྱིར་སྒར་ཁར་ཕེབས།ཚེས་བཅུ་གཉིས་ཉིན་གྱི་སྔ་དྲོ་སྒར་ཁའི་མཆོད་ཁང་དུ་བཞུགས་ཡོད་པའི་ཇོ་སྐུ་ལ་གཟུངས་གཞུགས་ས་གསུམ་རྙེད་པར་དཀའ་བའི་རིང་བསྲེལ་རྣམ་བཞིས་བསྡུས་པའི་བྱིན་རྟེན་བསམ་གྱིས་མི་ཁྱབ་པས་བྱུར་བུར་གཏམས་པ་ཁྲི་རྒྱབ་ཡོལ་བཟོ་བཀོད་ཕུན་སུམ་ཚོགས་པ་ཅན་དེ་ཉིད་ཨ་རིག་དགོན་ཆེན་གྱི་ཇོ་ཁང་ཆེན་མོའི་རྟེན་གཙོར་བཞུགས་སུ་གསོལ་རྗེས་ཕྱི་དྲོ་ཨ་རིག་སྒར་ཁར་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན་ཏོ།།

འདི་དུས་ཨ་ལགས་བསེ་ཚང་བློ་བཟང་དཔལ་ལྡན་ཚང་ལ་སྤྲུལ་སྐུ་མྱུར་འབྱོན་ཞིག་ཞུས་ནས་གསུངས་པ་ནི་འདི་ལྟར།༈བློ༵་གྲོས་བཟ༵ང་པོའི་འོད་སྟོང་རབ་འབར་ཞིང་།།ཚུ༵ལ་གནས་བསླབ་ཁྲི༵མས་དམར་སེར་མདངས་ཀྱིས་མཛེས།།ཐུབ་བསྟན་མཁའ་ལམ་མཛེས་པའི་རྒྱན་གྱུར་བ།།བསྟ༵ན་འཛི༵ན་རྒྱ་མཚོའི་མགོན་ལ་གསོལ་བ་འདེབས།།མགོན་ཁྱོད་གདུལ་བྱའི་གཡུལ་ལས་རྣམ་རྒྱལ་ཀྱང་།།རགས་པའི་གཟུགས་སྐུ་ཆོས་སྐུའི་དབྱིངས་བསྡུས་པས།།བདག་ཅག་དམིགས་བུས་བོར་བའི་ལོང་བ་བཞིན།།མགོན་སྐྱབས་བྲལ་བས་མི་བཟད་གདུང་བས་མནར།།དེའི་ཕྱིར་ཐུགས་རྗེའི་བརྩེ་བའི་ཞགས་པ་ཡིས།།དམ་པོར་བཅིངས་པ་ནམ་ཡང་ལྷོད་མིན་པར།།ཆོས་སྐུའི་དབྱིངས་ལས་གཟུགས་སྐུའི་ཟློས་གར་གྱི།།སྒྱུ་འཕྲུལ་བཀོད་པའི་ཞལ་བཟང་མྱུར་སྟོན་ཤོག།དད་དམ་ལྷག་བསམ་དག་པའི་མཁའ་དབྱིངས་ལས།།མཆོག་སྤྲུལ་ཟླ་བ་གཞོན་ནུའི་འཛུམ་ཟེར་ཅན།།ཉམ་ཐག་གདུལ་བྱའི་མགོན་དུ་མྱུར་བཞད་ནས།།བདག་ཅག་རེ་བའི་ཀུ་མུད་རྒྱས་གྱུར་ཅིག།བསླབ་གསུམ་རྣམ་དག་ལྗོན་པའི་རྩ་བ་བརྟན།།ཐོས་བསམ་སྒོམ་པའི་ལོ་འདབ་རབ་ཏུ་རྒྱས།།ལུང་རྟོགས་ཡོན་ཏན་འབྲས་བུའི་ཁུར་གྱིས་དུད།།བསྟན་འཛིན་དཔག་བསམ་ལྗོན་པའི་མགོན་གྱུར་ཅིག།འཇིག་རྟེན་རྒུད་པའི་མུན་པ་ཡོངས་སེལ་ནས།།དགེ་ལེགས་སྣང་བ་དཀར་པོས་ས་གསུམ་ཁྱབ།།ཕན་བདེ་རྫོགས་ལྡན་གསར་བའི་དགའ་སྟོན་གྱི།།ཤིས་པ་རྒྱ་མཚོས་ཕྱོགས་ཀུན་ཁྱབ་གྱུར་ཅིག།བླ་མ་མཆོག་གསུམ་བདེན་པའི་བྱིན་རླབས་དང་།།བདག་ཅག་དད་དམ་གཙང་མའི་རྟེན་འབྲེལ་དང་།།བསྟན་སྲུང་དབང་བོ་རྣམས་ཀྱི་འཕྲིན་ལས་ཀྱིས།།བསམ་པའི་དོན་རྣམས་བདེ་བླག་འགྲུབ་གྱུར་ཅིག།ཅེས་འཇམ་མགོན་བསྟན་པའི་གསལ་བྱེད་དམ་པ༧སྨྲ་ཁམས་སྐུ་ཕྲེང་གསུམ་པ་རྗེ་བློ་བཟང་ཚུལ་ཁྲིམས་བསྟན་འཛིན་དཔལ་བཟང་པོའི་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་པའི་ཚུལ་བསྟན་སྐབས།མཚོ་སྔོན་པོ་ཨ་རིག་ཡུལ་གྱི་དད་ལྡན་སེར་སྐྱ་སྦྱིན་པའི་བདག་པོ་རྣམས་ཀྱིས་གཙོ་བྱས།དགེ་ཚུལ་བློ་བཟང་བསྟན་འཛིན་དང་ཟླ་བ་ཚེ་རིང་།དབང་ཆེན་ནོར་བུ།བསོད་ནམས་རིན་ཆེན།ནོའུ་བྷོའུ།ནོའུ་གཞིས་སོགས་ཀྱིས་དམངས་སྒོར་ལྔ་བརྒྱ་དང་བཀྲ་ཤིས་པའི་ལྷ་དར་བཅས་ནན་གྱིས་བསྐུལ་བར་བརྟེན།ཤཱཀྱའི་བཙུན་གཟུགས་བསེ་ཚང་བློ་བཟང་དཔལ་ལྡན་ནས་ལྕགས་ཡོས་ལོའི་ཧོར་ཟླ་དགུ་བའི་ཚེས་ཉེར་གཉིས་ཉིན་བྲིས་པ་དགེ་ལེགས་འཕེལ།།    

དེ་ནས་ཧོར་ཟླ་དགུ་བའི་ཚེས་ཉེར་བདུན་ཉིན་ཨ་རིག་དགོན་ཆེན་དང་ཆུ་མིག་དགོན་པའི་བླ་གྲྭ་བཅུ་ཕྲག་ལྷག་གིས་མ་ཅིག་ཁྲོས་མ་ནག་མོའི་སྒོ་ནས་སྐུ་གདུང་ཞུགས་འབུལ་བྱས་ནས་སྐུ་གདུང་རིན་པོ་ཆེ་ཨ་རིག་དགོན་ཆེན་གྱི་ཇོ་ཁང་ཆེན་མོའི་ཉིས་ཐོག་གི་ནང་དུ་དངུལ་གྱི་བྱང་ཆུབ་མཆོད་རྟེན་ཆེན་མོའི་ནང་དུ་བཞུགས་སུ་གསོལ་བ་ལགས་སོ།།

ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་དཔར་དུ་བསྐྲུན་པའི་༼ཨ་རིག་གི་ལོ་རྒྱུས་རྒན་པོའི་ངག་སྒྲོས་༽ལས་ཁོལ་དུ་ཕྱུང་བའོ།།

      རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།