བསེ་ཚང་གི་ཡོངས་འཛིན་བླ་བྲང་དགེ་བཤེས་བློ་བཟང་དཔལ་ལྡན་མཆོག་གི་རྣམ་ཐར་དང་འབྲེལ་བའི་འཕྲོས་དོན་གལ་ཆེན་མཐུན་སྒྲིལ་གསེར་གྱི་ཟམ་ཆེན།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-07-24 00:01:48     རྩོམ་པ་པོ།   དབུས་སྨྲ་བ།     ཀློག་ཐེངས།  

微信图片_20180724000247.jpg

སྒྲ་མཆན་ཆེན་མོ་རྩོམ་པ་བོ་དགེ་བཤེས་བྱ་བྲལ་བློ་བཟང་དཔལ་ལྡན་མཆོག་ནི་མཛོད་དགེ་ཤོག་ཁ་བཅུ་གཉིས་ཀྱི་ནང་ཚན་བཞག་སྡོམ་གྱི་བཀྲ་བོ་ཚོ་བར་སྤྱི་ལོ་༡༨༨༠ལོར་ཡབ་ཨ་བླ་དང་ཡུམ་རུའི་ཨ་རྒྱ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།

དགུང་ལོ་ལྔའི་སྟེང་རབ་ཏུ་བྱུང་སྟེ་ཁང་སར་དགོན་དུ་ཚོགས་ཞུགས་གནང་། སྐབས་ཤིག་ན་མཉམ་མང་བོས་བློ་རིག་གི་རྩལ་འགྲན་པས་གདུགས་དཀར་མཆོག་གྲུབ་མ་ཡོངས་རྫོགས་ཉིན་གཅིག་ལ་བཟུང་བས་ཚང་མས་བསྔགས་བརྗོད་ཚད་མེད་གནངས། དགོན་དེའི་ཆོ་ག་ཆོས་སྤྱོད་དང་གར་ཐིག་དབྱངས་གསུམ་སོགས་ལ་བྱང་ཆ་ཡོད་པར་མ་ཟད་ན་མཉམ་གཞན་དང་མི་འདྲ་བའི་ཁྱད་ཆོས་མང་བོ་ཡོད་པར་གླེང་། 

ནར་སོན་པ་ན་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བའི་བཤེས་གཉེན་ཆེན་མོ་ཨ་ཁུ་མཁྱེན་རབ་སེངྒེ་ཚང་བསམ་སྦྱོར་གཉིས་ཀྱི་སྒོ་ནས་ཚུལ་བཞིན་དུ་བསྟེན་ནས་སུམ་རྟགས་དག་གསུམ་དང་། སྒྲ་སྙན་སྨན་རྩིས་སོགས་ལའང་ཞིབ་ཏུ་སྦྱངས། 

ཨ་ཁུ་མཁྱེན་རབ་སེངྒེ་ཚང་ནས་ཁྱེད་རང་སྐྱེས་སྦྱངས་གཉིས་ཀའི་ཆ་ནས་གཞན་དང་མི་འདྲ་བའི་སྟབས་ཀྱིས་གྲྭ་ས་ཆེན་པོ་ཞིག་ལ་ཞུགས་ན་བཟང་ཞེས་གསུངས་པ་ལ་བསྟེན་ནས། བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ཏེ་ཀུན་མཁྱེན་བླ་མ་ཡབ་སྲས་ཀྱི་ཞབས་པད་སྤྱི་བོས་བསྟེན་པའི་སྐལ་བ་མངོན་དུ་གྱུར་ནས་གྲྭ་ཚང་དྲུག་གི་ཡ་གྱལ་རྨད་བྱུང་ཐོས་བསམ་གླིང་གི་ཆོས་སྒོར་ཞུགས། རྒྱན་འཇུག་གཉིས། འགྲེལ་བ་དོན་གསལ། སྤྱོད་འཇུག་ཆེན་མོ་སོགས་རྒྱ་གཞུང་མང་བོ་ཐུགས་ལ་བཟུང་། ཁྱད་པར་དུ་བྱང་ཆུབ་ལམ་རིམ་ཆེན་མོ་ཚོགས་རྒྱུགས་སུ་ཕུལ་བས་ཚང་མས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར།

འཚོ་བ་དང་གནས་མལ་ངན་ངོན་ཙམ་ལ་བརྟེན་ནས་གུས་རྟག་སྦྱོར་བ་ཟུང་གིས་ཉིན་མཚན་སྦྲེལ་ནས་ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་གསུམ་གྱི་ལས་ལ་ལྷོད་མེད་དུ་འཇུག་པའི་ཆོས་གྲོགས་དགེ་བའི་བཤེས་གཉེན་མང་བོ་ཚུལ་བཞིན་དུ་བསྟེན་ནས་འཆད་ཉན་བཤད་སྒྲུབ་ཀྱི་ལས་ལ་བརྩོན་པ་དྲག་པོ་གནང་སྟེ་མཁས་པའི་གོ་འཕང་བརྙེས། མཚམས་ཤིག་སྐུ་སྙུང་བཞེས་པའི་རྐྱེན་བྱས་ཏེ་དབེན་པའི་གནས་ལ་འགྲིམ།

དེ་ནས་རིམ་གྱི་ཁ་གྱའི་སྒོམ་ར་གོང་མར་ཕེབས་ནས་ཡུན་རིང་ལ་བཞུགས་པས་ཁ་གྱའི་ཨ་ཁུ་ཚང་ཞེས་ཀྱང་གྲགས། དོན་གཉེར་ཅན་མང་བོའི་རེ་འདོད་ཆོས་བཞིན་བསྐངས། ལྷག་པར་གཙོས་དགོན་པ་ནས་ཡང་ཡང་ནན་ཞུས་གནང་བ་ལྟར་དགོན་དེར་ཕེབས་ནས་ལམ་སྔགས་གཉིས་ཀྱི་ཞལ་ལུང་། བདེ་གསང་འཇིགས་གསུམ་གྱི་དབང་དང་ཀུན་རིག་སོགས་ཀྱིས་མཚོན་པའི་སྔ་ཕྱིར་བཀའ་ཆོས་མང་དུ་བསྩལ།

དེར་མ་ཟད་ཤོ་བ། ཁང་ཐོག  རུ་སྟོད་མ། མཛོད་དགེའི་སྒར་གསར་རྙིང་གཉིས། ཧོར་གཙང་སོགས་ནས་ཀྱང་གདན་ཞུས་གནང་མཁན་སྔར་ལས་ཇེ་མང་ལ་སོང་ཡང་ཚང་མའི་རེ་བ་ཆོས་དང་རིག་གནས་ཀྱིས་བསྐངས།

བསེ་ཚང་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ་མཆོག་གིས་གཏེར་ལུང་དགོན་དུ་གདན་དྲངས་ཏེ་སུམ་རྟགས་དག་གསུམ་དབྱངས་ཅན་སྒྲ་ཊཱིཀ་སོགས་ཀྱི་གཙོས་ཆོས་དང་རིག་གནས་གཉིས་ཀ་ཞིབ་ཁྲིད་མང་བོ་གནང་བ་དང་། དེར་མ་ཟད་བསེ་ཚང་གིས་རྗེ་འདི་བའི་ཚེ་རབས་རྗེས་འཛིན་དང་འབྲེལ་བའི་ཞབས་བརྟན་གསོལ་འདེབས་ཀྱང་མཛད་ཡོད།

དགུང་གྲངས་གྱ་གསུམ་པའི་སྟེང་༡༩༦༢ལོའི་ཟླ་༥ཚེས་༡༥ཉིན་དགོངས་པ་ཆོས་དབྱིངས་སུ་ཐིམ།

སློབ་མའི་སྐོར་ལ་མཚོན་ན།  གསང་སྔགས་རྙིང་མའི་བསྟན་པའི་སྲོག་ཤིང་དུ་གྱུར་བའི་སྐྱེས་ཆེན་དམ་པ་ཆོས་རྫོང་རི་ཁྲོད་ཀྱི་རྫོགས་ཆེན་དཔལ་སྤྲུལ་སྐུ་ཕྲེང་གསུམ་པ་༧ཀུན་བཟང་གཞན་ཕན་འོད་ཟེར་འཇམ་དབྱངས་བསྟན་འཛིན་རྒྱ་མཚོ་འཇིགས་བྲལ་འཕྲིན་ལས་རྣམ་རྒྱལ་མཆོག་དང་།   ཉམ་ཐག་འགྲོ་བ་མང་བོའི་སྲོག་གི་སྐྱབས་སྦྱིན་མཁན་སྨན་རམས་པ་ཨ་ཁུ་བསྟན་ཁོ་ཚང་། ཁྱད་པར་དུ་ཀུན་མཁྱེན་འཇམ་དབྱངས་པའི་ཐུགས་ཀྱི་སྲས་པོ་ཐུགས་སྲས་ངག་དབང་བཀྲ་ཤིས་ཀྱི་མཆོག་སྤྲུལ་༧བསེ་ཚང་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ་སོགས་ཀྱིས་མཚོན་པའི་ཞལ་སློབ་གྲགས་ཅན་མང་བོ་བསྐྱངས།

གསུང་རྩོམ་གྱི་སྐོར་ལ། སྒྲ་མཆན་ཆེན་མོ་སོགས་པོད་གཅིག་ད་ལྟའང་བཞུགས་ཡོད་ཀྱང་། སྙན་ངག་དབྱངས་ཅན་དགྱེས་གླུའི་ལེའུ་གསུམ་གྱི་དཔེར་བརྗོད་དང་། བོད་མཁས་པའི་སྙན་འགྲེལ་ལེའུ་གསུམ་གྱི་དཔེར་བརྗོད། ལེའུ་གསུམ་པའི་གབ་ཚིག་སྐབས་ཀྱི་དཔེར་བརྗོད་གསལ་བྱེད། སྐར་རྩིས་ཀྱི་རེའུ་མིག་བཟོ་ཚུལ་དང་། ལྷག་པར་དུ་སྙན་ངག་གི་དཔེར་བརྗོད་ཆ་ཚང་སྤུས་དག་ཚར་གཉིས་སོགས་ཀྱིས་མཚོན་པའི་རིན་ཐང་བྲལ་བའི་གསུང་རྩོམ་མང་བོ་གར་སོང་ཆ་མེད་དུ་གྱུར་བས་ལག་ཏུ་མ་འབྱོར་ཞེས་སྨན་རམས་པ་ཨ་ཁུ་བསྟན་ཁོ་ཚང་གིས་གསུངས་ཡོད།

སྒྲ་མཆན་ཆེན་མོ་ཞེས་པ་འདི་ནི་ཧ་ཅང་གི་གྲགས་ཆེ་ཞིང་ཚད་ལྡན་གྱི་ལེགས་བཤད་ཅིག་ཏུ་རྩི་བཞིན་ཡོད།  སྒྲ་མཆན་རང་གི་མཇུག་བྱང་དུ་གསལ་བ་ལྟར་བླ་བྲང་ཨ་ཁུ་ཤེས་རབ་རྒྱ་མཚོ་ཚང་གི་ཕྱག་བྲིས་མ་དང་། ཨ་ཁུ་གུང་ཐང་བློ་གྲོས་ཚང་གི་མཆན་འགྲེལ་སོགས་ཀྱིས་མཚོན་པའི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བའི་བཤེས་གཉེན་རྣམ་པའི་གསུང་རྒྱུན་ཇི་བཞིན་ཐོན་ཡོད་པ་སོགས་ཁྱད་ཆོས་མང་དུ་མཆིས་ཞེས་གངས་ལྗོངས་མཁས་པའི་དབང་བོ་རྗེ་དམུ་དགེ་བསམ་གཏན་རྒྱ་མཚོ་མཆོག་གིས་གསུངས།

ཁོང་གི་མཛད་རྗེས་གཙོ་བོ་ནི་གསར་རྙིང་རིས་མེད་ཀྱི་མཁས་ཆེན་མང་བོ་བསྐྱངས་ནས་གྲུབ་མཐའ་ཕན་ཚུན་བར་ལ་མཐུན་སྒྲིལ་ཆོས་ཀྱིས་བཙུགས་པ་དང་།  ཁྱད་པར་དུ་བསེ་ཚང་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ་མཆོག་ཀྱང་བསེ་སྐུ་ཕྲེང་དང་བོ་བཞིན་དུ་ཀུན་མཁྱེན་ཡབ་སྲས་ཀྱི་སྲས་སུ་བསྒྱུར་ཏེ་ཆོས་འབྲེལ་གསེར་གྱི་ཐག་པས་དམ་དུ་སྦྲེལ་བ་འདི་དག་རེད།

འཕྲོས་དོན་གལ་ཆེན། བསེ་ཚང་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ་མཆོག་གིས་ཀྱང་སྐྱེས་བུ་དམ་པའི་རང་རྟགས་ཕྱི་ལ་མངོན་ནས་ཅོལ་ཆུང་དག་གི་ཁ་ལ་མ་ཉན་པར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བཤེས་འདི་ཚང་ལ་ཆོས་འབྲེལ་ཞུས་ཏེ་གཙུག་གི་རྒྱན་དུ་མཛད་པར་མ་ཟད། གཙོས་དགོན་པ་དང་གཏེར་ལུང་དགོན་པ་གཉིས་ལ་ཡང་དགེ་བཤེས་བློ་བཟང་དཔལ་ལྡན་འདི་ཉིད་ཆེད་དུ་གདན་དྲངས་ནས་བདུད་རྩི་ལྕེ་ཐོག་དང་རྡོ་རྗེ་དབུ་ཐོག་བྱས་ནས་དབང་ལུང་ཆོས་རྒྱུན་མང་བོ་སྩོལ་ཏུ་བཅུག་པར་མ་ཟད།

བློ་གྲོས་མཁྱེན་ཡངས་འོད་སྟོང་འབར་བའི་དཀྱིལ།། སྐལ་བཟང་གདུལ་བྱའི་པད་དཀར་བྱེ་བའི་ཚོགས།།རྒྱས་བྱེད་དཔལ་ལྡན་ཆོས་ཀྱི་འོད་པོ་ཆེ།།འགྱེད་མཛད་དགེ་བའི་བཤེས་གཉེན་གཙུག་གིས་མཆོད།།ཅེས་དང་། དེའི་མཇུག་ཏུ་ཡང་བདག་གི་ཡོངས་འཛིན་དམ་པ་༧བཀའ་དྲིན་མཚུངས་མེད་བཞག་སྡོམ་པ་བློ་བཟང་དཔལ་ལྡན་ཞེས་གསལ་བོར་བྲིས་ཡོད་པ་འདི་བཞིན་ལགས་ལ།ལྷག་པར་དུ་བསེ་ཚང་ཁོང་གིས་བླ་བྲང་བཀའ་འགྱུར་བ་རྗེ་བཙུན་དགེ་འདུན་རྒྱ་མཚོ་མཆོག་གཙུག་ཏུ་བསྟེན་ནས་གཏེར་ལུང་དགོན་དུ་ཐེངས་མང་བོར་སྤྱན་དྲངས་ཏེ་བླ་མ་འདུས་སྡེ་དང་བཅས་པར་དབང་ལུང་མན་ངག་གི་ཆོས་རྒྱུན་མང་བོ་གནང་བར་མ་ཟད། བསེ་ཚང་ཁོང་གིས་འདི་ཕྱི་ཐམས་ཅད་ཀྱི་སྐྱབས་སུ་བསྟེན་ནས་ཚེ་རབས་ཀུན་ཏུ་རྗེས་སུ་འཛིན་པར་གསོལ་བ་བཏབ་པ་ནི། ཁྱོད་སྐུ་དྲན་པའི་མོད་ལ་གདུང་སེམས་ཀྱིས།།ཁྱོད་ཡོན་བརྗོད་པའི་ངག་གི་མེ་ཏོག་གསར།།ཁྱོད་ཐུགས་མཉེས་པའི་མཆོད་པར་ལེགས་ཕུལ་བས།།ཁྱོད་ཀྱིས་ཚེ་རབས་ཕྲེང་བར་རྗེས་འཛིན་མཛོད།།ཅེས་དང་།བརྩེ་ལྡན་གྱི་ཨ་མ་དང་ཁ་བྲལ་བའི་བུ་ཕྲུག་བཞིན་དུ་གྱུར་ཡོད་ཚུལ་གསུངས་པ་ནི།བརྩེ་བའི་མ་ཡིས་བོར་བའི་བུ་ཕྲུག་བཞིན།།མགོན་མེད་སྲིད་པའི་གཡང་སར་ལྷུང་བ་བདག།དུས་ལས་གཡེལ་མེད་བརྩེ་བའི་འོད་དཀར་གྱིས།།སྙིང་གི་མུན་པ་སེལ་བའི་དགའ་སྟོན་སྩོལ།།ཅེས་དང་།  མན་ངག་གིས་བཀའ་དྲིན་བསྐྱངས་ཚུལ་དྲན་པ་ནི། སྐྱབས་གསུམ་འདུས་པའི་བདག་ཉིད་མགོན་ཁྱོད་ཀྱིས།།གཅེས་པར་བསྐྱངས་པས་བཀའ་དྲིན་གཞལ་མེད་པ།།རྗེས་སུ་དྲན་པའི་གདུང་དབྱངས་སྤྲིན་གྱི་སྒྲ།།དད་པའི་ཆུ་འཛིན་འཁྲུགས་པའི་ཀློང་ནས་བསྒྲགས།།ཞེས་སོགས་ཀྱི་མཇུག་ཏུ། ཞེས་སྙིགས་དུས་ཀྱི་པཎྚི་ཏ་ཆེན་པོ་གསུམ་ལྡན་རྡོ་རྗེ་འཛིན་པ་བཀའ་དྲིན་བླ་ན་མ་མཆིས་པའི་ཡོངས་ཀྱི་དགེ་བའི་བཤེས་གཉེན་མཚན་བརྗོད་པར་དཀའ་བ་༧རྗེ་བཙུན་དགེ་འདུན་རྒྱ་མཚོ་ཞེས་མཚན་གྱི་རོལ་མོ་སྲིད་པ་ཡངས་པའི་ཁྱོན་ལ་སྒྲོག་པ།  ཞེས་སོགས་གསུངས་ཏེ་ཆེ་བརྗོད་གནང་ཚུལ་དང་བཀའ་དྲིན་དྲན་ནས་བོས་ཚུལ་གྱི་གསུང་རྩོམ་དག་ལ་གཟུར་བོའི་བློ་གྲོས་ཀྱིས་དཔྱོད་དང་བླ་སློབ་བར་གྱི་འབྲེལ་བ་ཇི་འདྲ་ཞིག་ཡིན་མིན་གསལ་བོ་རེད།

ཁྱད་པར་དུ་༡༩༦༣ལོར་ཀུན་མཁྱེན་དྲུག་པ་ཆེན་མོ་ཁྲི་ལ་བཞུགས་ནས་གསུང་ཆོས་གནང་སྐབས་བསེ་ཚང་གིས་ཆོས་འབྲེལ་བཞག་པ་དང་། བླ་བྲང་བཀྲ་ཤིས་འཁྱིལ་གྱི་འདུ་ཁང་ཆེན་མོའི་འགྲུབ་སྟོན་གྱི་མཚོན་པས་ཆོས་ལྡན་གྱི་བྱ་བ་གལ་ཆེན་མང་བོའི་སྐབས་སུ་བསེ་ཚང་བློ་བཟང་དཔལ་ལྡན་གདན་ཞུས་ལྟར་ཕེབས་པ་དང་། གཏེར་ལུང་དགོན་པའི་འོད་དཔག་མེད་ཀྱི་ལྷ་ཁང་གི་འགྲུབ་སྟོན་ལ་བསེ་ཚང་གིས་ཀུན་མཁྱེན་རིན་པོ་ཆེ་གཏེར་ལུང་ལ་གདན་དྲངས་ནས་ཨ་ཁུ་འཇམ་དབྱངས་རྒྱ་མཚོ་ཚང་དང་། ཨ་ཁུ་དཔལ་ལྡན་ཚང་རྣམ་པ་གཉིས་ཀ་ཞབས་ཞུར་ཕེབས་ཏེ་དམ་བཅའ་ཚུགས།

གཙོས་དགུ་ཐོག་གི་འགྲུབ་སྟོན་གྱི་སྐབས་སུ་གུང་ཐང་འཇམ་པའི་དབྱངས་བསྟན་པའི་དབང་ཕྱུག་ཚང་ཀུན་མཁྱེན་མཆོག་གི་སྐུ་ཚབ་ཏུ་ཕེབས་ཏེ་ཆེས་ཐོག་མའི་རབ་གནས་མཛད་སྒོ་སྤེལ་དུ་བཅུག་པ་འདི་དག་གིས་ཁོང་རྣམ་པའི་བར་གྱི་མཛའ་བརྩི་དང་མཐུན་སྒྲིལ་ཇི་འདྲ་ཞིག་ཡིན་མིན་གསལ་བོར་མཚོན་ཡོད།

འདས་ཟིན་པའི་ལོ་རྒྱུས་ལ་ཕྱི་མིག་ཅིག་བལྟས་ན་ཡང་ཀུན་མཁྱེན་བླ་མ་དང་བསེ་ཚང་ལ་འབྲེལ་བའི་རྩོད་ཉོག་ཕལ་ཆེར་ཞིག་བླ་མ་དང་དགོན་སྡེ་སོ་སོའི་སྐུ་དོན་ཡིན་པར་བསྙད་བཏགས་ནས་དོན་ལ་བླ་མ་སོ་སོའི་ཕྱག་མཛོད་དང་རྒད་པོ་འགའ་རེས་ཆགས་སྡང་གིས་འུར་གྱིས་བསྐུལ་བའི་རླུང་འཚུབ་བར་ནས་རྐྱེན་ངན་མེ་བཞིན་མཆེད་སོང་བ་ཞིག་ཏུ་མངོན་ཏེ།   ཀིརྟི་བློ་བཟང་འཕྲིན་ལས་ཀྱི་རྣམ་ཐར་དུ། གཙོས་དང་མཛོད་དགེའི་གྱོད་ཆེན་འདི་སྐུ་ཕྱོགས་བསེ་ཚང་དང་། རྗེ་འཇམ་དབྱངས་བཞད་པ་སོགས་བླ་ཆེན་ཁག་ཅིག་གི་སྐུ་དོན་དུ་བསྙད་ཀྱང་། གནས་ཚོད་སྤྱི་མཐུན་ལས་ངན་གྱི་བྱེད་པོས་བསྒྲུབས་པ། ཉམ་ཐག་རྣམས་ཀྱིས་གཅེས་སྲོག་རང་དབང་མེད་པར་སྐྱེམ་པའི་གནས་ཤིན་ཏུ་ཉམ་ང་བ་ཞིག་སྟེ། ཞེས་གསུངས་པ་ལྟར་རེད། 

འདི་ལྟར་འདས་པའི་ལོ་ངོ་ཉིས་བརྒྱ་ལྷག་གི་རིང་མཉམ་གཤིབ་དང་མཐུན་སྒྲིལ་བྱེད་མ་ཐུབ་པའི་གྱོང་གུད་དང་ཕམ་ཁར་བསམ་བློ་བཏང་སྟེ།  བླ་མ་དང་དགོན་སྡེའི་སྐུ་དོན་དུ་བསྙད་བཏགས་ནས་གོ་འཛོལ་བྱུང་བའི་རྐྱེན་ངན་རྫས་དུག་གི་ཞེ་འཁོན་མཐའ་དག་མཇུག་བསྡུ་བྱས་ཏེ། ད་ནི་ས་གནས་སོ་སོའི་ཉི་ཚེ་བའི་ལྟ་གྲུབ་གུ་དོག་དེ་བསྐྱུར་ནས།  གངས་ཅན་པ་སྤྱིའི་མཐུན་ལམ་དང་བདེ་སྡུག་ལ་ཐུགས་བསམ་ཞིབ་ཏུ་བཏང་སྟེ་རང་གཞན་གཉིས་ཕན་གྱི་མཐུན་ལམ་ལ་བསྐྱོད་རྒྱུའི་ཕྱོགས་སུ་སྐུལ་འདེད་དང་ལམ་སྟོན་བྱས་ཏེ་འདས་ཟིན་པའི་དོན་རྐྱེན་དེ་དག་ནི་སྤྱི་མཐུན་ལས་ངན་གྱི་བྱེད་པོས་བསྒྲུབས་པའི་གནས་སྐབས་ཀྱི་རླུང་འཚུབ་ཅིག་ཏུ་ངོས་འཛིན་བྱེད་དགོས་པ་ལས་རྐྱེན་ངན་གྱི་མེ་ལྕེའི་སྟེང་ལ་ཞེ་འཁོན་གྱི་སྣུམ་ནག་ལྡུག་ག་ལ་རུང་།  དེའི་རྒྱུ་མཚན་གྱིས་ཀུན་མཁྱེན་བླ་མ་ཡབ་སྲས་ཀྱི་བརྩེ་བས་རྗེས་སུ་བཟུང་སྟེ་བསེ་ཚང་བློ་བཟང་དཔལ་ལྡན་མཆོག་ནས་ཀྱང་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བའི་བཤེས་གཉེན་འདི་དག་བླ་མར་བསྟེན་ནས་ཆོས་འབྲེལ་གསེར་གྱི་ཟམ་པ་གསར་དུ་བཙུགས་ཡོད་པ་འདི་ང་ཚོ་རྗེས་འཇུག་སྐྱ་སེར་ཀུན་གྱི་སེམས་ལ་འབབ་ཏུ་བཅུག་ནས་ཆོས་འབྲེལ་ལ་རྡོག་རྫིས་གཏོང་མི་ཉན་པའི་གནད་དོན་འདི་ཧ་གོ་དགོས། 

དོན་དངོས་ཀྱི་གནས་ཚུལ་འདི་དག་གསལ་བོར་ཤེས་ན་བླ་མ་དང་ཆོས་རྒྱུན་གསང་ཅི་ཐུབ་བྱས་ནས་ཆོས་འབྲེལ་ལ་རྡོག་རྫིས་དང་སྣང་མེད་བྱེད་པའི་ཟོག་པོ་དག་དང་གཏན་ནས་མི་མཚུངས་པའི་བསེ་ཚང་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ་མཆོག་དང་ཀུན་མཁྱེན་བླ་མ་ཡབ་སྲས་ཀྱི་བར་ལ་ཚོད་མེད་ཀྱི་དཀྲོགས་གཏམ་བཤད་མཁན་ཚོས་ཀྱང་འདས་ཟིན་པའི་ཉོག་འཛིང་གི་ཞེ་འཁོན་རྩ་ནས་དོར་ཞིང་། བླ་སློབ་བར་གྱི་དབྱེན་སྦྱོར་མཐའ་དག་མཇུག་བསྡུས་ཏེ། ཀུན་མཁྱེན་འཇམ་དབྱངས་བཞད་པ་དང་ཐུགས་སྲས་ངག་བཀྲ་ཤིས་ཇི་བཞིན་བླ་སློབ་བར་ལ་ཆོས་འབྲེལ་བཞག་སྟེ་མཐུན་སྒྲིལ་ཆོས་ཀྱི་ཟམ་ཆེན་སྒོ་སྣ་ཚོགས་ནས་བཙུགས་ཡོད་པ་དང་དམ་ཚིག་གསེར་གྱི་ཐག་པས་སྒོ་དུ་མ་ནས་སྦྲེལ་ཡོད་པའི་ངང་ཚུལ་འདི་དག་སེམས་ལ་འབབ་ཏུ་བཅུག་ནས། འདི་ཕྱིའི་སྐྱབས་སུ་བླ་མ་བསྟེན་ན་ཡང་།།བདེན་ཁ་རང་གིས་བཟུང་བ་ཡིད་རེ་མུག།ཅེས་པ་ལྟར་མ་སོང་བར། བླ་མ་རྣམ་པ་ཚོས་མཐུན་སྒྲིལ་གྱི་ལམ་སྟོན་གནང་བ་འདི་ལྟར་འགྲོ་ཐུབ་པ་ཡིན་ན་རང་རང་གི་བླ་མ་དག་གི་ཐུགས་དགོངས་སྐོང་ལུགས་ཀྱང་དེ་ལས་ལྷག་ཅིག་མེད་ལ། བླ་མ་དག་གི་ཐུགས་དགོངས་ཇི་བཞིན་བསྐངས་ན་གངས་ཅན་ཁ་བ་རི་བོའི་ནང་མི་སྤུན་ཟླའི་བར་གྱི་མི་མཐུན་པ་ཆེ་ཤོས་གཅིག་ཀྱང་རྩ་བ་ཉིད་ནས་མེད་པར་བཏང་སྟེ་བོད་མི་ས་ཡ་དྲུག་པོ་མཛའ་མཐུན་འོད་ཀྱིས་སྦྲེལ་བའི་གོང་བུ་གཅིག་ཏུ་འགྱུར་བ་ལ་ཞབས་འདེགས་ཆེན་པོ་ཞིག་ཀྱང་ཞུས་ཡོད་པར་མ་ཟད། རིགས་ཞེན་གྱི་དཔའ་བོ་ངོ་མ་ཞིག་གི་མཚན་སྙན་གྱི་རྡོ་རིང་དེ་ཡང་དུས་གཏན་དུ་ནུབ་པ་མེད་པར་མི་རིགས་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་དུ་གྲོང་ངེར་འགྱིང་ངེས་སོ། །  

ཐམས་ཅད་བཀྲ་ཤིས་པར་གྱུར་ཅིག།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།