སློབ་དཔོན་དཔའ་བོའི་རྣམ་ཐར་མདོར་བསྡུས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-05-15 22:05:34     རྩོམ་པ་པོ།   པཎ་ཆེན་བསྟན་པའི་ཉི་མ།    ཀློག་ཐེངས།  

 གཅིག   སློབ་དཔོན་རང་ཉིད་ཕྱི་རོལ་མུ་སྟེགས་པའི་གྲུབ་མཐའ་ལ་ཞུགས་ཤིང་སྦྱངས་པ་མཛད་པ།

བདག་ཉིད་ཆེན་པོ་སློབ་དཔོན་དཔའ་བོ་ཞེས་སྲིད་པ་གསུམ་ན་མཚན་ཡོངས་སུ་གྲགས་པ་དེ་ཉིད་གང་དུ་འཁྲུངས་པའི་ཡུལ་ནི། ཤ་ཀེ་ཏ་ཞེས་བྱ་བའི་ཁ་ཆེའི་ཡུལ་གྲུ་ཞིག་ཏུ་ཡབ་བྲམ་ཟེ་དགེ་འདུན་གསང་བ་དང་། ཡུམ་གསེར་མིག་མ་གཉིས་ཀྱི་སྲས་སུ་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་སྐུ་བལྟམས། བཙས་མ་ཐག་མཚན་མཁན་ལ་བསྟན་པས། མཚན་ཤིན་ཏུ་བཟང་བོར་རྟོགས་ནས་དཔའ་ཆེན་དགའ་བ་བདུད་རྩིའི་བུམ་པ་ཅན་ཞེས་བྱ་བའི་མཚན་གསོལ། སློབ་དཔོན་དཔའ་བོ་ཞེས་བརྗོད་པའི་རྒྱུ་མཚན་ཡང་ཡབ་ཡུམ་གྱིས་བཏགས་པའི་མཚན་གྱི་ཟུར་གཅིག་ཡིན་པར་གྲགས། དེནས་ཡི་གེ་འབྲི་ཀློག་ལ་སྦྱངས་པ་མཛད་པས་འབྲི་ཀློག་གཉིས་ཀ་ཅིག་ཅར་དུ་ཚད་མེད་པར་མཁྱེན། དེ་ནས་རིག་བྱེད་བཞི་ལ་སྦྱངས་པ་མཛད་པས་ཐོགས་པ་མེད་པར་མཁྱེན་ཅིང་། རིག་བྱེད་འདོན་པའི་ཚེ་སྐད་ཀྱི་གདངས་ཤིན་ཏུ་སྙན་པས་ན་རྟ་དབྱངས་ཞེས་དང་། ཡབ་ཡུམ་གཉིས་ལ་ཤིན་ཏུ་གུས་ཤིང་བཀའ་བཞིན་དུ་བསྒྲུབས་པར་མཛད་པས་ཕ་ལ་ཁོལ་བས་ན་ཕ་ཁོལ་དང་། མ་ལ་ཁོལ་བས་ན་མ་ཁོལ་ཞེས་ཀྱང་གྲགས། དེ་ནས་ཡུམ་ནང་བའི་བསྟན་པ་ལ་ཤིན་ཏུ་མོས་པ་ཡིན་ན་ཡང་། རིགས་ཀྱི་དབང་གིས་མུ་སྟེགས་རྟག་པར་སྨྲ་བའི་གྲུབ་མཐའ་ལ་ཞུགས་ཏེ་སྦྱངས་པ་མཛད་པས་ལུགས་དེ་ཉིད་ཕུལ་དུ་ཕྱིན་པ་མཁྱེན། དེ་ནས་དབང་ཕྱུག་གི་བླ་མཚོ་ཡོད་པའི་སར་ཕྱིན་ཏེ་ཁྲུས་དང་། སྔགས་ཀྱི་སྦྱོར་བ་ལ་སོགས་པ་ཚོགས་པར་བྱས་ཏེ་དབང་ཕྱུག་གི་ཞལ་མ་མཐོང་བར་དུ་ཕྱི་བཤོལ་མི་བྱེད་པའི་དམ་བཅའ་དང་བཅས་ཏེ་ཞག་བདུན་གྱི་རིང་སྔགས་རྒྱུན་མི་འཆད་དུ་བཟླས་པས་ན། དབང་ཕྱུག་གིས་ཞལ་དངོས་སུ་བསྟན་ནས་ཅི་འདོད་ཟེར་བ་ལ་ཕྱོགས་ལས་རྣམ་པར་རྒྱལ་བ་འཚལ་ཞེས་བརྗོད་པས། མངལ་སྐྱེས་སུས་ཀྱང་ཐུབ་པར་མ་གྱུར་ཅིག ཅེས་མཆོག་སྦྱིན་ཏུ་ཚངས་པ།  ཁྱབ་འཇུག ལྷ་མོ་ཨུ་མ་རྣམས་དེར་བཀུག་སྟེ་འདི་གཞན་དང་རྩོད་པ་བྱེད་པའི་ཚེ་རིམ་བཞིན་དུ་ནེ་ཙོ་པཎྜི་ཏ། སྲིང་མོ་པཎྜི་ཏ་རྣམས་སུ་སྤྲུལ་ནས་འདིའི་གྲོགས་གྱིས་ཤིག  གལ་ཏེ་དེ་གསུམ་གྱིས་ཀྱང་མ་ཐུབ་ན་ང་ཉིད་སྙིང་ལ་ཞུགས་ནས་ཕྱོགས་ལས་རྣམ་པར་རྒྱལ་བར་བྱའོ་ཞེས་ཁས་བླངས་སོ།།  དེ་ནས་ཡུལ་དེ་ན་གནས་པའི་ནང་པ་སངས་རྒྱས་པ་རྣམས་རྩོད་པས་ཕམ་པར་བྱས། མུ་སྟེགས་པ་ནང་ཁུལ་དུའང་རྟག་པར་སྨྲ་བའི་གྲུབ་མཐའ་འཛིན་པ་དེ་ཁོ་ན་མ་གཏོགས་གཞན་པོ་ཞིག་རྩོད་པས་ཚར་བཅད་པ་ན་མུ་སྟེགས་ཐུབ་དཀའ་ནག་པོ་ཞེས་མིང་དུ་གྲགས།

 

གཉིས།  ནང་བའི་མཁས་པ་འཕགས་པ་ཨརྱ་དེ་ཝ་ལ་རྩོད་པ་མཛད་པ།

 

དེ་ནས་རང་གི་མ་ལ་ངས་རྒོལ་བ་དུ་མ་ཚར་བཅད་དེ་ཕྱོགས་ལས་རྣམ་པར་རྒྱལ་བའི་གྲགས་པ་ཐོབ་བོ་ཞེས་བརྗོད་པ་ན། མ་དེ་སངས་རྒྱས་ཀྱི་བསྟན་པ་ལ་ཤིན་ཏུ་དད་པས་སྙིང་མི་དགའ་བར་གྱུར་ཏེ། འདི་ནཱ་ལེནྡྲར་བཏང་ན་དེའི་མཁས་རྣམས་ཀྱིས་ཚར་གཅོད་པར་འགྱུར་རོ་སྙམ་དུ་བསམས་ནས་རྗེ་བཙུན་སྒྲོལ་མ་ལ་གསོལ་བ་ཡུན་རིང་དུ་བཏབ་ནས་རྟ་དབྱངས་ལ་སྨྲས་པ།  བུ་ཁྱོད་ཀྱི་ཚར་བཅད་པའི་སངས་རྒྱས་པ་དེ་དག་ནི་ཡུལ་མཐའ་འཁོབ་ཏུ་གནས་པའི་རྨིག་རྗེས་ཀྱི་ཆུ་ལྟ་བུ་དང་།  ནཱ་ལེནྡྲའི་སངས་རྒྱས་པ་རྣམས་ནི་རྒྱ་མཚོ་ཆེན་པོ་དང་འདྲ་བས། ཁྱོད་ཀྱིས་དེའི་མཁས་པ་རྣམས་དང་རྩོད་པ་བྱས་པས་ཕམ་པར་བྱེད་ནུས་ན་ཕྱོགས་ལས་རྣམས་པར་རྒྱལ་བའི་གྲགས་པ་འཐོབ་པར་འགྱུར་རོ་བྱས་པས། རྟ་དབྱངས་དབང་ཕྱུག་གི་མཆོག་སྦྱིན་པའི་ང་རྒྱལ་གྱི་དབང་གིས་ནཱ་ལེནྡྲར་ཕྱིན་ཏེ།དེའི་མཁས་པ་རྣམས་ལ། ད་ཁྱེད་རྣམས་དང་རྩོད་པ་བྱེད་ལ། ཁྱེད་རྣམས་རྒྱལ་ན་ང་གངྒཱ་ལ་ལྕེབ་ཏུ་འགྲོ།ང་རྒྱལ་ན་ཁྱེད་རྣམས་ངའི་གྲུབ་མཐའ་ལ་འཇུག་དགོས། དེའི་དཔང་བོ་རྒྱལ་བོ་ལ་འཆོལ་བ་ཡིན་པས་དུས་ཐོགས་ཤིག་ཅེས་བསྒྲགས་པས། དགེ་འདུན་རྣམས་བགྲོས་ཏེ།

འདིས་རྒྱ་གར་ནུབ་ཕྱོགས་ཀྱི་ནང་བ་སངས་རྒྱས་པ་རྣམས་ཀྱང་ཕམ་པར་བྱས་འདུག་པས།འོ་ཅག་གི་མི་ཐུབ་པས་ཀླུ་སྒྲུབ་ཡབ་སྲས་གང་རིགས་ཤིག་གདན་དྲངས་པ་དྲག  འོན་ཀྱང་ཀླུ་སྒྲུབ་བཞུགས་པའི་གནས་ལྷོ་ཕྱོགས་དཔལ་གྱི་རི་ནི་ཐག་ཤིན་ཏུ་རིང་བས་དུས་ལ་མི་སླེབས། ཞེས་ཐམས་ཅད་ཡིད་ཁོང་དུ་ཆུད་པ་ན། པཎྜི་ཏ་ཞིག་གི་མནལ་ལམ་དུ་ནག་པོ་ཆེན་པོ་ལ་གསོལ་བ་བཏབ་ན། དེས་ཀླུ་སྒྲུབ་ཡབ་སྲས་ཀྱི་དྲུང་དུ་འཕྲིན་སྐྱོལ། ཞེས་ལུང་བསྟན་བྱུང་བ་ལྟར།མཆོད་གཏོར་རྒྱས་པར་བཤམས་ཏེ་ཞུ་འབུལ་གྱི་འཕྲིན་ཡིག   ཤིན་ཏུ་ཁུར་དཀའི་ཁུར་གྱིས་ལུས་དུབ།  ཁྱུ་མཆོག་རྣམས་ནི་ཁྱོད་ལ་གསོལ་འདེབས་ན། ཞེས་སོགས་བྲིས་ཏེ་གཏོར་མའི་སྟེང་དུ་བཞག་ནས་འཕྲིན་ལས་དྲག་ཏུ་བཅོལ་བས། མགོན་པོའི་རྡོ་སྐུའི་ཐུགས་ཀ་ནས་བྱ་རོག་ཅིག་བྱུང་སྟེ་འཕྲིན་ཡིག་མཆུས་བླངས་ནས་ཀླུ་སྒྲུབ་ཡབ་སྲས་ལ་ཕུལ་བས། སློབ་དཔོན་གྱིས་གཟིགས་ནས་ནཱ་ལེནྡྲར་རྟ་དབྱངས་ཀྱི་རྩོད་པ་བྱུང་འདུག་པས། དེ་ལྡོག་ཏུ་འགྲོ་དགོས་གསུངས་པས། འཕགས་པ་ལྷས།  སློབ་དཔོན་འབྱོན་མི་དགོས་ཀྱི་དེ་བདག་གིས་འདུལ་བར་ནུས་ཞུས་པས་རྟ་དབྱངས་ཐུབ་མི་ཐུབ་བལྟའོ་ཞེས་ཡབ་སྲས་གཉིས་རེ་མོས་ཀྱིས་ཕྱི་ནང་གི་གྲུབ་མཐའ་བཟུང་སྟེ་རྩོད་པ་མཛད་པས། ནང་བའི་ཕྱོགས་སུས་ཟིན་པ་དེ་ཉིད་རྒྱལ་བས་རྟེན་འབྲེལ་ལེགས་པར་འགྲིག

དེ་ནས་སློབ་དཔོན་འཕགས་པ་ལྷས་ཀླུ་སྒྲུབ་ཀྱི་ཞལ་གདམས་དང་བཅས་ཏེ་རྫུ་འཕྲུལ་གྱིས་བྱོན་ནས་ལམ་བར་དུ་མུ་སྟེགས་ཀྱི་མཁའ་འགྲོ་མ་ཞིག་གིས་དངོས་གྲུབ་ཀྱི་དོན་དུ་དགེ་སློང་མཁས་པའི་མིག་དགོས་ཟེར་བ་ལ་སྤྱན་ཡ་གཅིག་སྦྱིན་པ་བཏང་བས་ས་གཡོས་པ་ལ་སོགས་པའི་རྟགས་ཁྱད་པར་ཅན་དུ་མ་བྱུང་། དེའི་ཚེ་རྟ་དབྱངས་ནཱ་ལེནྡྲར་རྩོད་པའི་ཕྱིར་བསླེབས་པ་དང་། དེའི་རྩོད་པ་ལྡོག་པའི་ཕྱིར་དུ་ལྷོ་ཕྱོགས་ནས་ཀླུ་སྒྲུབ་ཡབ་སྲས་གང་རིགས་ཤིག་བྱོན་ཞེས་པའི་སྒྲ་ཕྱོགས་ཀུན་ཏུ་གྲགས་པ་ན་ཕྱི་ནང་གི་པཎྜི་ཏ་མཐའ་ཡས་པ་ཞིག་འདུས། སློབ་དཔོན་དེར་ཕེབས་པ་ན་མུ་སྟེགས་རྟ་དབྱངས་ཀྱིས་ཕྱི་མི་ནང་ལ་མི་གཏོང་། ནང་མི་ཕྱི་ལ་མི་གཏོང་ཟེར་ནས་སྒོ་ཉལ་བྱས་ཏེ་ནང་རེ་བཞིན་དགེ་འདུན་རྣམས་པའི་གྲལ་དུ་འོངས་ནས་དབྱུག་གུས་གྲངས་ཀ་འདྲེན་པར་བྱེད་པའི་ཚེ། སློབ་དཔོན་དེར་ཕེབས་ཏེ་གྲལ་གྱི་དཀྱིལ་སྨད་ཙམ་དུ་བཞུགས་པ་ན། རྟ་དབྱངས་ཀྱིས་སྔར་བཞིན་དབྱུག་གུས་བགྲངས་པས་གྲངས་གཅིག་ལྷག་པ་ན། སྔོན་མེད་པའི་མགོ་འདུམ་གཅིག་ག་ན་ཡོད་ཟེར་བ་ལ། མགོ་འདུམ་སྐེའི་སྟེང་ན་ཡོད་ཅེས་གསུངས་པས་རྩོད་པ་བྱེད་པར་ཤེས་ནས་དུས་བཏབ་སྟེ། རྒོལ་བའི་དཀྱིལ་འཁོར་བཤམས། སློབ་དཔོན་གྱིས་མུ་སྟེགས་ཀྱི་རྩོད་པ་ལྡོག་པའི་ཆ་རྐྱེན་དུ་བྱི་ལ་དང་།  དགེ་བསྙེན་ངོ་ཚ་མེད་པ།  མར་ནག་བུམ་པ་གང་དང་བཅས་པ་སྟ་གོན་མཛད།  མུ་སྟེགས་ཀྱི་ཁྲིའི་སྟེང་དུ་སྐྲ་རྙིང་དང་།  བྱི་ལའི་བྲུན་ལ་སོགས་པ་མི་གཙང་བའི་རྫས་ཀྱི་ཐུམ་བུ་བཞག   ནང་བར་རྩོད་པ་བྱེད་པའི་ཚེ་རྟ་དབྱངས་ན་རེ།   མིག་གཅིག་ལས་མེད་པ་ཁྱོད་ངེད་ཀྱི་རྩོད་ཟླར་མི་འོང་ཟེར་བ་ལ།  སློབ་དཔོན་གྱིས། དྲག་པོ་མིག་གསུམ་ལྡན་ཡང་དེ་ཉིད་མཐོང་བ་མེད།།   ཅེས་སོགས་གསུངས་པས།  རྟ་དབྱངས་ན་རེ།  ཁྱོད་ངའི་རྩོད་ཟླར་མི་འོས་པས་སྲིང་མོ་པཎྜི་ཏ།ནེ་ཙོ་པཎྜི་ཏ།  ཐོད་ལེ་སྐོར་པཎྜི་ཏ་རྣམས་དང་རྩོད་པ་གྱིས་ཞེས་ཟེར་བའི་ཚེ།  སློབ་དཔོན་གྱིས་དགེ་བསྙེན་ངོ་ཚ་མེད་པ།  བྱི་ལ། བུམ་པའི་ནང་གི་མར་ནག་བཅས་སོ་སོའི་གཉེན་པོའི་སྒོ་ནས་རྩོད་མི་ནུས་པར་མཛད་པ་ན།  རྟ་དབྱངས་རང་ཉིད་དབང་ཕྱུག་གི་མཆོག་སྦྱིན་པའི་རློམ་སེམས་ཀྱིས་སློབ་དཔོན་དང་ལྷན་ཅིག་ཏུ་རང་བཞིན་ཡོད་མེད་དང་།  ལས་རྒྱུ་འབྲས་ཡོད་མེད་སོགས་ལས་བརྩམས་ཏེ་རྩོད་པ་ལ་ཞུགས་པ་ན།  སློབ་དཔོན་གྱིས། མུ་སྟེགས་བྱེ་བྲག་པའི་ལུགས་ཀྱིས་སྒྲ་རྟག་པ་ནམ་མཁའི་ཡོན་ཏན་དུ་སྨྲ་བ་དང་།  དབང་ཕྱུག་རྟག་པ་རང་བྱུང་གི་ཚད་མའི་སྐྱེས་པར་སྨྲ་བ་སོགས་ཁས་བླངས་ངན་པ་མཐའ་དག་དྲི་མ་མེད་པའི་རིགས་པ་དུ་མས་བཀག་པ་ན་རྩོད་གཞི་ཤིན་ཏུ་ཕྲ་བས་དཔང་བོ་རྣམས་ཀྱིས་རྒྱལ་ཕམ་ཤན་འབྱེད་དཀའ་ཡང་།

རྟ་དབྱངས་རང་ཉིད་ཀྱིས་རྩོད་པའི་ལན་མ་ཐེབས་པས་རིགས་པ་ཕམ་སྟེ་ད་རྫུ་འཕྲུལ་འགྲན་ཟེར་ནས་བརྒྱ་བྱིན་མིག་སྟོང་ལྡན་པར་སྤྲུལ་བ་ལ། སློབ་དཔོན་གྱིས།  ཕྱག་སྟོང་སྤྱན་སྟོང་དུ་སྤྲུལ་ནས་ཟིལ་གྱིས་མནན། རྟ་དབྱངས་ཀྱིས་ཁ་ནས་མེ་ཕྱུང་བ་སློབ་དཔོན་གྱིས་ཞབས་མཐིལ་ནས་ཆུ་ཕྱུང་སྟེ་བསད།  རྒོལ་བའི་དཀྱིལ་འཁོར་བཤམས་སྟེ། རྟ་དབྱངས་དང་ལྷན་གཅིག་ཏུ་རྩོད་པ་མཛད་པས། རྟ་དབྱངས་རྩོད་པ་དང་ནུས་པ་རྫུ་འཕྲུལ་ཐམས་ཅད་ཕམ་པ་ན་ཤིན་ཏུ་ངོ་ཚ་བར་གྱུར་ཅིང་།  དབང་ཕྱུག་སྙིང་ལ་ཞུགས་ཏེ་བྱིན་གྱིས་བརླབས་པར་ཁས་བླངས་ན་ཡང་ཁྲིའི་སྟེང་གི་མི་གཙང་བའི་རྫས་ལ་བརྟེན་ནས་འཁོར་མ་ནུས་པས་ལྷས་ང་མང་པོའི་ནང་དུ་བསླུས་སོ་ཞེས་སྨྲེ་སྔགས་བཏོན། ད་ནི་ཚངས་པའི་འཇིག་རྟེན་དུ་འབྲོ་བར་བྱའོ་སྙམ་དུ་ནམ་མཁར་འཕུར་བ་ན། སློབ་དཔོན་གྱིས་ཀྱང་ཕྱི་བཞིན་དེད་པས་ནམ་མཁའི་དབྱིངས་མཐོན་པོར་སླེབས་པ་ན་ཟིན་ཏེ། ད་ཁྱོད་དེ་ནས་ཡར་ཕྱིན་ན་རླུང་སྤུ་གཅོད་ཀྱིས་ཁྱོད་ཀྱི་ལུས་དུམ་བུར་བྱེད་དོ།། ཞེས་གསུངས་པས།  དེ་ཡན་དུ་འགྲོ་མ་ནུས་པས། དེ་ནས་སློབ་དཔོན་གྱིས་ནཱ་ལེནྡྲར་ཁྲིད་ནས་སྐྲ་བྲེགས་ཤིག་ཅེས་བསྒོ་ཡང་། འབྲེག་ཏུ་མ་ཉན་པ་ན་གཙུག་ལག་ཁང་ཞིག་ཏུ་བཅུག་པས།  རྟ་དབྱངས་ཤིན་ཏུ་སྐྱོ་བར་གྱུར་ནས།

 

གསུམ།  སློབ་དཔོན་ཕམ་སྟེ་ནང་བའི་བསྟན་པ་ལ་མཇལ་བ།

 

གླེགས་བམ་རྣམས་ཞལ་ཕྱེ་སྟེ་བལྟས་པས་མུ་སྟེགས་རང་གཞུང་གི་གྲུབ་མཐའི་ཁས་བླངས་འཛིན་ཚུལ་གཏན་ནས་མ་འཕྱུགས་ཀྱང་སློབ་དཔོན་གྱི་བཅོས་རིགས་ཤིན་ཏུ་རྣོ་བས་ལན་དུ་མར་ཕམ་པར་མཛད་པ་ནི་མུ་སྟེགས་རང་གི་གྲུབ་མཐའི་ཕུག་རུལ་བའི་རྟགས་ཡིན་པར་ཤེས་ཤིང་། ལྷག་པར་འཇམ་དཔལ་རྩ་རྒྱུད་ལས།  ཀླུ་སྒྲུབ་ཡབ་སྲས་ལུང་བསྟན་པ་དང་།  རྟ་དབྱངས་རང་ཉིད་ཀྱང་ལུང་བསྟན་ཚུལ་མཐོང་བ་ན་ནང་བའི་བསྟན་པ་ལ་སྙིང་ཐག་པ་ནས་ཡིད་ཆེས་ཏེ།  སྔར་རྒྱལ་བའི་བཀའ་ལ་སྐུར་བ་བཏབ་པ་ལ་འགྱོད་པ་དྲག་པོ་སྐྱེས། སངས་རྒྱས་ཉག་གཅིག་སྐྱབས་བསླུ་བ་མེད་པ་ཡིན་པར་ཡིད་ཆེས་ཏེ་སློབ་དཔོན་ལ་བདག་རབ་ཏུ་འབྱུང་དུ་གསོལ་ཞེས་གསོལ་བ་བཏབ་པས། སློབ་དཔོན་ཨརྱ་དེ་ཝས། མགོན་པོ་ཀླུ་སྒྲུབ་ཀྱི་དྲུང་དུ་ཁྲིད་དེ་རབ་ཏུ་བྱུང་ཞིང་བསྙེནཔར་རྫོགས་ཏེ་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིས་བསྡུས་པའི་མན་ངག་ཐམས་ཅད་རྫོགས་པར་གནང་བས་ཐུབ་བསྟན་ཡོངས་རྫོགས་ལ་མཁས་པར་གྱུར་ཏེ་ཀླུ་སྒྲུབ་ཡབ་སྲས་ཀྱི་མན་ངག་འཛིན་པའི་མཁས་མཆོག་དཔའ་བོ་ཞེས་ས་གསུམ་དུ་གྲགས་པར་གྱུར་ཏོ།།

 

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།  

གསལ་འདེབས། 

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།  

 

དྲ་བའི་སྦྲེལ་ཐགhttp://www.tb1025.cn   

བརྒྱུད་འགོད།