བྱ་མདོ་འབྲོག་རུ་བ་རྗེ་ཚུལ་ཁྲིམས་རྒྱ་མཚོ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2018-01-04 21:59:10     རྩོམ་པ་པོ།   ་བྱ་མདོ་རིན་བཟང    ཀློག་ཐེངས།  

 微信图片_20180104214250.jpg

བྱ་མདོ་འབྲོག་རུ་བ་ཚུལ་ཁྲིམས་རྒྱ་མཚོ་ནི།སྤྱི་ལོ༡༨༩༥ལོར་བྱ་མདོ་འབྲོག་བོན་སྐོར་སྡེ་བ་རུ་ཡུམ་གནམ་འཚོ་སྐྱིད་དམ་རྣ་བྷོ་སྐྱིད་དང་ཡབ་ཐར་ཤུལ་དཔའ་བོ་མིག་ནག་གམ་གནམ་ཐར་རྒྱལ་གཉིས་ཀྱི་སྲས་སུ་འཁྲུངས།ཁོང་ལ་སྤུན་ཟླ་བུ་བཞི་དང་བུ་མོ་ལྔ་ཡོད།ཆེ་བ་ལྷ་རྒྱལ།དེའི་ཆུང་བ་ཁོང་།དེའི་ཆུང་བ་ཨ་ཁུ་ཆུང་བ་སྟེ་འཇམ་དབྱངས།འདི་ཡང་ཆུང་དུས་ངྷི་ཚ་དགོན་པའི་གྲྭ་བ་ཡིན།དེའི་ཆུང་བ་ཆུང་དུས་ནས་འདས་སོང་། ཁོང་ནི་ཆུང་དུས་ཧ་ཅབ་བྲ་ཚགས་ཡིན་པས་ཆུ་འཁུར་མཁན་དག་གི་ཆུ་གྲོད་འབུག་རྩེགས་བྱས་ནས་བེད་སྤྱོད་མེད་པར་བཏང་བ་གྲངས་ཀྱིས་མི་ཟིན་ཟེར།སྡེ་བའི་མི་གཞན་གྱིས་དེ་བ་ཚང་གི་ཞི་ལི་དེ་དགོན་པར་བུད་སོང་བས་དགེ་བ་བྱོས་ཟེར་སྲོལ་ཡོད།བྱིས་པ་གཞན་དང་རྡུང་རེས་བྱས་ན་སུས་ཀྱང་མི་ཐུབ་པའི་དཔའ་ངར་ཅན་ཞིག་ཡིན།ལོ་ལྔ་དྲུག་ནས་གཟན་ཤུབ་བམ་འགག་རིང་ཞིག་གྱོན་ནས་ཡོད་ཟེར།དེ་སྔོན་མིང་ལ་ལྷ་རྩེ་རྒྱལ་ཟེརཨ་ཁུས་རབ་ཏུ་བྱུང་ན་བསྟན་པ་དང་འགྲོ་བ་ལ་ཕན་པར་དགོངས་ནས། ཕ་ལ། དཔའ་བོ་མིག་ནག་ཁྱེད་ཀྱི་བུ་འདི་ཤེས་རབ་ཀྱི་རྩལ་དང་ལྡན་པ་ཞིག་ཡིན་པས་རབ་ཏུ་བྱུང་ན་བཟང་གསུངས་པ་ལ། ཕས་ངའི་བུ་འདི་ཆུང་དུས་ནས་དཔའ་རྩལ་དང་ལྡན་པ་ཞིག་ཀྱང་ཡིན་པས། ངའི་གདོང་རྒྱུད་འཛིན་ཐུབ་མི་ཐུབ་བསམ་རྒྱུ་མེད་མོད། འོན་ཀྱང་འདིའི་དབང་ཆ་ཁྱེད་ལ་ཡོད་པས།ཁྱེད་ཀྱིས་ཇི་འདོད་བྱས་ཆོག་གསུངས། དེ་སྐབས་ཁོང་ཡང་སྔོན་ཀྱི་སྐྱེས་རབས་ཕྲེང་བར་ཁྱིམ་པའི་བརྟུལ་ཞུགས་དོར་ནས་རབ་ཏུ་བྱུང་བའི་རྟེན་འབའ་ཞིག་བཞེས་པའི་བག་ཆགས་སད་པའི་རྐྱེན་ཀྱིས་ངེས་འབྱུང་གི་བསམ་པས་ཐུགས་རྒྱུད་རང་དབང་མེད་པར་བསྐུལ་ཏེ།དགུང་ལོ་བཅུ་གཅིག་པར། སྒྲུབ་བརྒྱུད་བསྟན་པའི་མངའ་བདག་ཨ་རིག་ཡོན་ཤུལ་སྤྲུལ་བའི་སྐུ་རིན་པོ་ཆེ་བློ་བཟང་རྒྱ་མཚོའི་སྐུ་མདུན་དུ་རབ་ཏུ་བྱུང་སྟེ་མཚན་ལ་ཚུལ་ཁྲིམས་རྒྱ་མཚོར་གསོལ། ཁྲི་ཀའི་རི་ཁྲོད་པ་ཨ་ཁུ་ཡར་འཕེལ་ཟེར་བའི་སྐུ་མདུན་ནས་སྐྱབས་འགྲོ་སྨོན་ལམ་སྣ་སོགས་ཁྲི་ཀ་རི་ཁྲོད་པའི་འདོན་ཆ་ཚང་མ་བློར་བཟུང་ནས་ཡོད།རྒྱུན་བཞུགས་གནང་ས་ཨོ་ཇོ་དགོན་པ་རེད།ཨ་ཁུ་དང་ལྷན་དུ་བླ་མཆོད་སྨན་བླ་དང་འབྲེལ་བའི་མཆོད་པ་བརྒྱ་ཚར་དུ་མ་ཉི་མ་རེ་རེ་བཞིན་ཆགས་མེད་གནང་།འདི་ནི་ཁོང་གི་ཕལ་ཆེར་སྐུ་འདའ་ཁའི་བར་འབུལ་བར་གསུངས།ཁོང་དགོང་ལོ་བཅོ་ལྔ་ཡས་མས་སུ་ཞྭ་དམར་པན་ཊི་ཏ་སྐུ་འཁོར་རི་ཁྲོད་པ་མང་པོ་ཁྲི་ཀའི་ཨོ་ཇོ་དགོན་པར་ཕེབས་ནས་གསེར་ཁང་རྡོ་རྗེ་འཆང་གི་ཕྱག་ལེན་བཞིན་གཉིས་པའི་མཆོད་མེ་བཟུང་ནས་ཉིན་མང་པོར་བཞུགས།ཞྭ་དམར་ཚང་གི་སྐུ་མདུན་དུ་མཇལ་ཁ་ཞུ་རུ་འགྲོ་སྐབས་ཁོང་གིས་ཁྱེད་ལྟོས་ཚོད་ལ་རིག་ཡག་ཞིག་རེད་འདོད་ཀི དཔེ་ཆ་བལྟ་རོགས།ངྷི་ཚར་ཕེབས་ནས་དཔེ་ཆ་བལྟོས་དང་ཡག་པོ་འདུག བཞུགས་ས་དང་འཚོ་བར་དཀའ་ཁག་བྱུང་རུང་སྐྱོན་མེད།གྲྭ་བ་དང་ལྷག་པར་རི་ཁྲོད་པ་དག་གིས་ཆོས་བཞིན་བསྒྲུབས་ནས་འཚོ་བར་དཀའ་ཁག་མེད་གསུངས།ཉིན་དེ་ནས་བཟུང་ངྷི་ཚར་འགྲོ་རྒྱུའི་འདུན་མ་སྐྱེས།

ཨ་ཁུ་རི་ཁྲོད་པ་ཚོས་མཆོད་མེ་གྲོལ་ན་ང་ཚོ་དང་ལྷན་དུ་བྲོས་ནས་འགྲོ་ཟེར།མཆོད་མེ་གྲོལ་པའི་ཞོགས་པར་རི་ཁྲོད་པ་ཚོས་ལྷན་འབྲོ་ཟེར་ཡང་།རི་ཁྲོད་པ་ཚོ་དང་ལྷན་དུ་ཨ་ཁུ་ལ་སྐྲག་ནས་འགྲོ་མ་ནུས།ཨ་ཁུས་ཡང་དོགས་གསོན་བྱས་ནས་གཞན་ལ་འགྲོར་མི་འཇུག་གི ཞྭ་དམར་རིན་པོ་ཆེ་སྐུ་འཁོར་སོང་བའི་རྗེས་ལ་ཨ་ཁུས་ཞལ་འདོན་གསུངས་བཞིན་བཞུགས་འདུག གོ་སྐབས་དེ་དང་བསྟུན་ནས་སྒམ་ནང་ལ་དངུལ་སྒོར་ལྔ་བཅུ་མ་འགའ་རེ་ཡོད་པ་དེ་བླངས་ནས་བྲོས་སོང་།རྒྱུ དེ་སྐབས་ཁོང་གི་མཚན་ལམ་དུ་ཡང་། ངྷཱིཿཚའི་འདུ་ཁང་རེད་ཟེར་བའི་འདུ་ཁང་ཆེན་པོ་ཞིག་གི་སྟེང་དུ་ཁོང་ཉིད་བྱ་ཆེན་པོ་སྐུ་སྟོད་སེར་ལ་སྐུ་སྨད་དཀར་བ་ཞིག་ཏུ་གྱུར་ཏེ་གསུང་སྐད་ལྷང་ལྷང་གྲགས་པ་ཞིག་རྨིས་གསུངས།འདི་ནི་དམ་པ་འདི་ཉིད་ཆོས་སྡེ་འདིར་ལུང་རྟོགས་ཡོན་ཏན་གྱི་གཏེར་དུ་གྱུར་ཏེ་ཆོས་ཀྱི་རྒྱལ་སྲིད་ལ་མངའ་བསྒྱུར་བ་དང་ཐེག་གསུམ་དམ་ཆོས་སྒྲ་དབྱངས་བར་མེད་དུ་བསྒྲགས་པར་ལྷ་དང་བླ་མའི་ལུང་བསྟན་དུ་གདོན་མི་ཟ་སྟེ་ཕྱིས་སུ་འདི་ཁོ་ན་ལྟར་བྱུང་བས་སོ།།གས་ནས་སུམ་བྷ་འགག་ལ་ཐོན་དུས་རི་ཁྲོད་པ་ཚོ་དེར་ངལ་གསོས་ནས་བཞུགས་འདུག དེ་ནས་ཁོང་རྣམ་པ་དང་འགྲོགས་ནས་ངྷི་ཚ་བཀྲ་ཤིས་ཆོས་སྡིངས་ལ་སོང་།ལོ་མང་པོས་རིང་ཁོང་ཕ་ཡུལ་ལ་གཏན་ནས་མ་ཕེབས་པར་སློབ་གཉེར་གནང་།ཁོང་གི་དགེ་རྒན་གཙོ་བོ་རྗེ་གསེར་ལག་པ་དང་ཧོར་ཆེན་པ་ཚང་ཡིན་གསུངས།སློབ་གཉེར་གནང་སྐབས་ཕྱག་དང་མཆོད་པ་སོགས་ཁྲི་ཀའི་རི་ཁྲོད་པའི་ཕྱག་ལེན་བཞིན་གནང་།འདི་ནི་ཆུང་དུས་ནས་ཁོང་གི་ཨ་ཁུ་དང་ལྷན་དུ་ཡུན་རིང་ཉམས་ལེན་གནང་བའི་ཕྱག་ལེན་བཟང་པོ་དེ་ཡིན་གསུངས།༧ལ་མོ་ཡོངས་འཛིན་རྡོ་རྗེ་འཆང་གིས།ཨ་ཁུ་བྱ་མདོ་ཚང་དང་ངེད་གཉིས་ཤ་ཉེ་ཡིན།མདའ་བཞིའི་ཤིང་བཟོ་ཨ་ལོ་དང་ཧ་ཅང་ཤ་ཉེ་ཡིན།ང་བླ་བྲང་ནས་ངྷི་ཚར་སོང་ནས་དམ་བཅའ་སྡོད་སྐབས་ཁོང་ཕེབས་ནས་རྟགས་གསལ་གནང་སོང་།ཁོང་ཡ་མཚན་པོའི་རྣམ་དཔྱོད་ཅན་དང་དགེ་བཤེས་ཡ་མེད་རེད།ཅེས་བོན་སྐོར་སྡེ་བའི་རྒན་པོ་སྐོར་ཅིག་དང་ང་ཚོ་ཁོང་གི་སྤྲུལ་སྐུ་ཅིག་བཙལ་རྒྱུར་ཡར་ཞུ་སྐབས་ལ་གསུངས་སོང་།རིགས་པའི་དབང་ཕྱུག་སྒེའུ་སྟེང་བློ་བཟང་དཔལ་ལྡན་གྱི་དོ་ཟླ་ཡིན་གསུངས།རྟགས་གསལ་གཏོང་སྐབས་སྒྲ་དག་གསལ་གསུམ་གྱི་སྐད་ཤུགས་ཧ་ཅང་མཐོ་གསུངས།

སྤྱི་ལོ་ ༡༩༢༤ ལོར་རྗེ་ཁ་གྱ་བ་འཇམ་དབྱངས་དཔལ་ལྡན་མཆོག་ལས་བླ་གྲྭ་སུམ་ཅུ་སྐོར་དང་ལྷན་དུ་ཤར་སྐལ་ལྡན་སྐུ་ཕྲེང་གཉིས་པའི་བཀའ་འབུམ་གྱི་ལུང་གསན། སྤྱི་ལོ་ ༡༩༢༥ ལོར་བཤེས་གཉེན་ཆེན་མོ་ཁོང་རང་ཉིད་ཀྱིས་ཞུས་པ་ལྟར་རྗེ་ཁ་གྱ་བ་མཆོག་གིས་རྣམ་སྲས་བཀའ་བཅོ་ལྔའི་རྗེས་གནང་དགྱེས་བཞིན་བསྩལ་པ་གསན་བཞེས་གནང་ཞིང་། རྗེ་གསེར་ལག་པ་འཇམ་དབྱངས་རྒྱ་མཚོ་མཆོག་གི་ཞལ་སྔ་ནས་ལས་གཤིན་ཡང་གསང་དུག་རི་ནག་པོའི་རྗེས་གནང་ཆིག་བརྒྱུད་དུ་བསྩལ་པ་གསན།ངྷི་ཚ་དགོན་པར་མི་ཏྲ་བརྒྱ་རྩ་དང་བ་རི་བརྒྱ་རྩ་སོགས་དབང་ལུང་བཀའ་ཆོས་མང་པོ་གནང་།དགེ་ཕྲུག་དག་ལ་དཔེ་ཁྲིད་རྒྱུན་འཇགས་སུ་གནང་།འགྲེལ་བ་དོན་གསལ་དང་དབུ་མ་རྩ་བ་ཤེས་རབ་རྒྱུན་དུ་ཞལ་འདོན་གནང་།འཛིན་གྲྭ་དབུ་མར་བུད་ནས་ཕ་ཡུལ་ལ་ཐེངས་མང་ཕེབས་ནས་སྡེ་བར་སྨྱང་གནས་སྟོང་ཕྲག་དུ་མ་དང་མ་ཎི་དུང་ཕྱུར་མང་པོ་འདོན་རྒྱུའི་སྲོལ་བཟང་བཙུགས་ནས་རིག་གསར་བར་དུ་སྲོལ་དེ་མ་ཉམ་པར་བཟུང་།རྒྱུན་དུ་སྨྱང་གནས་ཚོགས་དབུར་ཕེབས་ནས་འགྲིག་ལམ་ཀུན་སྤྱོད་དམ་འཛིན་གནང་།བོན་སྐོར་སྡེ་བར་སྔོན་མར་བོན་སྔགས་ཁྱིམ་ཚང་འགའ་རེ་ཡོད་ལ།ཁོང་གི་ཁྱིམ་ཚང་ཡང་བོན་སྔགས་ཚང་ཞིག་ཡིན་པས།ཁོང་གི་བན་ཁ་ལ་བསྒྱུར་བས།ཁོང་ལ་མི་དགའ་བའི་མི་འགའ་རེ་ཡོད།ཡིན་ནའང་ཁོང་གི་གཟི་ཤུགས་ལ་སུས་ཀྱང་རྒོལ་མི་ནུས།མི་སྐྱ་ཐམས་ཅད་ཀྱིས་སྨྱང་གནས་འཚོགས་སྐབས།རྒྱལ་མཆོག་ལྔ་བའི་སྨྱང་གནས་ཆོ་གབླ་མཆོད།སྨོན་ལམ་སྣ་ལྔ།ལྟུང་བཤགས་སོགས་འདོན་པ་ཆ་ཚང་འདོན་མཁན་ཧ་མང་།ཁོང་གི་སྐུ་ཚེ་དེར་འཇིགས་བྱེད་བསྙེན་ཆེན་གཉིས།ཆུ་མིག་བརྒྱ་རྩ་སོགས་བསྙེན་སྒྲུབ་ལས་གསུམ་ཡང་ཧ་ཅང་ཚད་ལྔན་གནང་།རྒྱུན་དུ་ཁོང་གི་དགེ་ཕྲུག་དག་ལ་གྲྭ་བ་ཞིག་ཡིན་ན་རང་དོན་དུ་ཟས་ཕོ་བ་རྒྱགས་ཙམ་དང་།གོས་རྒྱབ་ཁེབས་ཙམ་གྱིས་ནི་རེད།མཐོ་སར་མ་འདུག དམན་སར་སྡོད།ཧ་ཅང་བྲན་གཡོག་ལྟ་བུར་ཡང་འདུག་མི་རུང་།དེ་ལྟར་བྱས་ན་གྲྭ་བའི་ན་བཟའ་ལ་གཞན་གྱིས་འཕྱ་དམོད་དང་ཉེས་པ་ཚབ་ཆེན་བསག་རྒྱུར་ཉེན་ཁ་ཆེ།ཞེས་རྒྱུན་དུ་གསུངས།བོན་སྐོར་སྡེ་བར་གདན་ཐོག་གཅིག་ནས་སྨྱང་གནས་སྟོང་སྐོར་གཅིག་སྲུང་དགོས་རྒྱུའི་འགྲིག་ལམ་བཞག་ནས་སྲུང་སྐབས།སྐྱེས་པ་མ་རབས་སྐོར་གཅིག་གིས་སྨྱང་གནས་སྐབས་མིག་མང་རྩེད་ནས་བསྡོད་སྐབས།ཁོང་ཕེབས་ནས་ཁོ་ཚོར་དབྱུག་པས་རྡུང་བས།རྒད་པོ་རྩེད་མཚེར་ཅན་ཞིག་གིས།ཨ་ལ་ལ་སངས་རྒྱས་རློན་པ་ཞིག་ལ་ཅི་འདྲའི་ཞེ་སྡང་སྐམ་པོ་ཞིག་ཡོད་ཀི་ཟེར་ནས་བྲོས་སོང་པ་སོགས་ཀྱི་དགོད་གཏམ་ཡང་ཡོད།བྱ་མདོ་ཚལ་རྔ་ནགས་རྒན་དུ་ཚལ་རྔ་དགོན་པར་ཞྭ་དམར་ལམ་རིམ་གྱི་ཁྲིད་དང་བདེ་གསང་འཇིགས་གསུམ་གྱི་དབང་གནང་།བྱ་གཞུང་མཆོད་རྟེན་མཐོང་གྲོལ་ཆེན་མོ་ཡང་ཁོང་གི་ཐུགས་འཁུར་ནས་གནང་ནས་ལེགས་འགྲུབ་བྱུང་།སྐབས་དེར་ཡུལ་བྱ་གཞུང་སྟོད་སྨད་ཀུན་ན་མཆོད་རྟེན་འདི་མ་གཏོགས་མེད།རྒྱུན་དུ་བོན་སྐོར་སྡེ་བར་ཐུགས་རྗེ་ཆེན་པོའི་དབང་ལུང་དང་མན་ངག་མང་པོ་གནང་བས་སྡེ་བ་དེར་བོན་པོ་རང་བཞིན་གྱི་ཉུང་དུ་སོང་།བོན་ཕྲུག་འགའ་རེ་ནས་སྨྱང་གནས་སྐབས་བོན་པོའི་མ་ཎི་བཏོན་པས་ཁོང་གིས་དགྲ་ཆོས་དེ་འདྲ་སུས་ཐོན་ཟེར་ཀི་གསུངས་ནས་འགྲམ་ལྕག་ཚ་ཐག་ཆོད་པ་རྒྱབ་པའི་ལོ་རྒྱུས་ཀྱང་འདུག

སྤྱི་ལོ་ ༡༩༤༢ ལོར་ཚ་རྔ་དགོན་དགའ་ལྡན་དར་རྒྱས་གླིང་དུ་མཆོད་རྟེན་མཐོང་གྲོལ་ཆེན་མོ་ཞིག་རྗེ་ཉིད་ཀྱིས་ཐུགས་བཀོད་མཛད་དེ་སླར་གསོ་བྱས། སྦྱིན་བདག་ཀྱང་བོན་སྐོར་སྡེ་བར་བྱེད་དུ་བཅུག  དེའི་སྐབས་སུ་ཚ་རྔ་དགོན་པར་བཀའ་ཆོས་ཀྱང་མི་ཉུང་བ་གསུངས། རྗེ་ཞྭ་དམར་རྡོ་རྗེ་འཆང་གི་ལམ་རིམ་ཀྱི་ཁྲིད་གནང་སྐབས། ངན་འགྲོའི་སྡུག་བསྔལ་གྱི་སྐོར་གསུང་སྐབས་སུ་སེམས་ཅན་སྡུག་བསྔལ་གྱིས་མནར་བ་ཐུགས་ལ་དགོངས་ནས་མ་བཟོད་པར་སྤྱན་ཆབ་གོང་བ་བངས་པ་ཙམ་བསིལ་ཞིང་ཆོས་མཐུན་འགར་གསུང་མ་ཐུབ་པར་གསུང་མཚམས་བཞག  ཚུལ་འདི་ནི་རྗེ་ཉིད་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་འབའ་ཞིག་ཐུགས་དམ་ཀྱི་མཐིལ་དུ་བཟུང་བ་དང་། བྱང་ཆུབ་ལམ་གྱི་རིམ་པའི་རྟོགས་པ་ཐམས་ཅད་ཐུགས་རྒྱུད་ལ་འཁྲུངས་ཡོད་པའི་འབྲས་རྟགས་ཡང་དག་གོ །གང་ལྟར་བོན་པོའི་བྱ་སྤྱོད་ལ་གཏན་ནས་ཐུགས་མི་དགྱེས།བོན་སྡེ་བར་རྒྱུན་དུ་སྨྱང་གནས་སྲུང་ས་མོད་ཧོར་ཤེས་རབ་བྱེ་མ་དང་བློ་ལམ་འདས་མདོ་དེར་ཁྲི་ཀའི་རི་ཁྲོད་པའི་ཕྱག་ལེན་ལྟར་ལོ་རེར་མཆོད་པ་འབུམ།མཆོད་མེ་འབུམ་འཇོག་སྲོལ་ཡོད།དེའི་ཤུལ་དུ་དེང་སང་བཙུན་དགོན་བདེ་ཆེན་ཤེས་རབ་མཐར་ཕྱིན་གླིང་ཆགས་ཡོད།སྔོན་ཆད་ཧོལ་ཡུལ་མཚམས་ཁང་དུ་རྗེ་གསེར་ཁང་བས་གཉིས་པའི་མཆོད་མེ་བཟུང་བའི་རྗེས་ལ་ཁོང་གི་ཕྱག་ལེན་དེ་ལྟར་བཟུང་།

ཁོང་གིས་རྒྱུན་དུ་འཁོར་བ་སྟོང་ན་བཟང་།ཁྱིམ་རྒྱུད་ཆད་ན་བཟང་གསུངས།མཚོ་སྔོན་བདུད་ཤུལ་དུ་ཡང་ཁོང་རྒྱུན་དུ་ཕེབས་ནས་དབང་ལུང་གནང་།བྲག་དཀར་རྫོང་ངྷི་ཚ་དགོན་པར་ཡང་ཕེབ་ནས་དཔེ་ཁྲིད་སོགས་གནང་བར་གསུངས།ཁོང་གི་ཕུ་བོ་ཐར་ཤུལ་ལྷ་རྒྱལ་གྱིས་ལོ་རེ་རེ་བཞིན་དངུལ་སྒོར་མང་པོ་ཁྱེར་ཡོང་ནས་ཁོང་ལ་ཕྱག་དཔེ་དང་མཆོད་རྫས་ཀྱི་མཐུན་རྐྱེན་མང་པོ་བསྐྲུན།གསུང་རྩོམ་སྐོར་ལ།རྗེ་གསེར་ལག་པའི་རྣམ་ཐར་གསོལ་འདེབས།ངྷི་ཚ་འདྲ་སྐུའི་ལྷ་ཁང་གི་དཀར་ཆགས།ལམ་རིམ་ཟིན་བྲིས་དང་ཕར་ཕྱིན་སྐོར་གྱི་ཟིན་བྲིས་ཡོད་རབས་གསུངས།འོན་ཀྱང་ད་ལྟ་ལག་སོན་མ་བྱུང་།དགུང་ལོ་༦༧སྤྱི་ལོ་༡༩༥༧ལོའི་ལོ་འགོ་ནས་ཕོ་བ་ན་བའི་ནད་ཀྱི་བཟུང་།སྐབས་དེར་ཁོང་གི་ཕུ་བོ་ལྷ་རྒྱལ་སོགས་བོན་སྐོར་མི་རྒན་འགའ་རེ་ཁོང་གི་སྐུ་མདུན་དུ་འགྲོ་སྐབས།ད་ང་རང་འདས་སོང་བའི་རྗེས་ལ་རྒྱུ་རྫས་ཡོད་ཚད་དགོན་པ་གཞུང་ལ་ཕུལ་དགོས།ང་རང་གི་སྐྱེས་པ་སྔོན་མ་ཨ་མཆོད་ཀླུ་བྷོ་ཟེར་བ་ཅིག་རེད།ད་ང་རང་གི་རིང་འདིར་ཚོགས་བསགས་སྒྲིབ་སྤྱོང་རེ་བྱས་ནས་ཅིག་དག་ཡོད་བསམ་ཀིད་འགྲོ་ས་ཡོད་ན་དག་ཞིང་ཅིག་བུད་འགྲོ ཕྱིར་འཁོར་བའི་ནང་འདིར་ཅིག་མི་སྐྱེས་པར་གྱུར་ཅིག་གསུངས་ནས་སྤྱན་བཙུམ་ནས་ཞུགས་འདུགཁོང་༡༩༥༧ལོའི་ཟླ༩ཚེས་༢༢ཉིན་ངྷི་ཚ་བཀྲ་ཤིས་ཆོས་སྡིངས་སུ་སྐུ་མྱ་ངན་ལས་འདས་སོང་།ཁོང་གི་སློབ་མ།བླ་མ་རྡོ་རྗེ་འཆང་རྗེ་བཙུན་ཡེ་ཤེས་རྒྱ་མཚོ།བྱ་མདོ་སྡོང་རིང་དགེ་བཤེས།བྱ་མདོ་ཐང་ནག་དགེ་བཤེས་སོགས་མང་གསུངས།

  ཅེས་པ་འདི་ནི་དམ་པ་གང་གི་ཡང་ཚ་བྱ་མདོ་རིན་བཟང་གིས་འཚོལ་བསྡུ་བྱས་པའོ།།  

                           

  རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།  

གསལ་འདེབས། 

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།  

 

དྲ་བའི་སྦྲེལ་ཐགhttp://www.tb1025.cn   

བརྒྱུད་འགོད།