ལོ་ཚིགས་ཉི་མའི་འོད་ཟེར།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-10-13 20:11:41     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞེད་པ།    ཀློག་ཐེངས།  

147064761514854958.jpg 

                   ༄༅། །བསྟན་པའི་གསལ་བྱེད་ཆེན་པོ་བོད་དུ་རིམ་གྱིས་བྱུང་བའི་ལོ་ཚིགས་རེའུ་མིག་ཏུ་བཀོད་པའི་ཚིགས་ལུང་ཚེགས་ཆུང་རྟོགས་བྱེད་གསེར་གྱི་ཉི་མ་འོད་ཟེར་བཀྲ་བ་བཞུགས་སོ། །

           ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ་ཙ་སྭཱ་ར་སྭ་སྟྱཻ། ལྷ་དང་བཅས་པའི་བླ་མ་ཟས་གཙང་སྲས། །མ་ལུས་རྒྱལ་བའི་ཡབ་གཅིག་འཇམ་པའི་དབྱངས། །རྒྱལ་རྣམས་གསང་བའི་མཛོད་འཛིན་གསང་བའི་བདག །ཕྱག་ན་པད་དཀར་འཆང་རྣམས་སྙིང་དབུས་བཞུགས། །མཛེས་སྡུག་སྐུ་ཡིས་བརྟན་གཡོའི་ཁེངས་པ་འཕྲོག །དྲུག་ཅུའི་དབྱངས་ལ་ཤེས་བྱ་མ་ལུས་འཆར། །ཟབ་རྒྱས་ཐུགས་ཀྱི་སྒྱུ་འཕྲུལ་བྱེ་བ་འགྱེད། །དབྱངས་ཅན་ལྷ་མོས་ངག་གི་དབང་ཕྱུག་སྩོལ། །ཕན་བདེའི་འབྱུང་གནས་ཐུབ་དབང་བལྟམས་དུས་དང༌། །མངོན་པར་བྱང་ཆུབ་ཆོས་འཁོར་བསྐོར་ཚུལ་དང༌། །བསྟན་པའི་གནས་ཚད་མང་ཡང་འཁྲུལ་བྲལ་ལུགས། །འཇམ་དཔལ་རྩ་རྒྱུད་དུས་འཁོར་སོགས་ཀྱིས་འཆད། །རང་རང་རྨོངས་ཡུས་ཕྱོགས་རེའི་མིག་ཅན་གྱིས། །ཞར་འདྲོག་ཧམ་གཤོབ་གཏམ་སོགས་མི་བྱེད་པར། །ཊཱིཀ་ཆེན་སྤྱན་སྔ་རིན་བསོད་སྒོམ་སྡེ་སོགས། །ཀུན་མཁྱེན་རྣམ་ལྔའི་བསྟན་རྩིས་འཁྲུལ་མེད་ཉོན། །ལེགས་བཤད་ལོ་ཡི་རེ་མིག་འདི་ལྟོས་དང༌། །དམ་པ་ཀུན་དང་ཐུབ་བསྟན་འབྱུང་ཚུལ་གསལ། །

           དེ་ཡང་བསྐལ་བ་དང་པོ་རྫོགས་ལྡན་གྱི་དུས་སུ་སེམས་ཅན་ཚེ་ལོ་དཔག་མེད་ཐུབ་ཅིང་དེ་རྒ་བ་འཆི་བ་མེད་ལ་འོད་ལུས་གཟུགས་ཅན་ལྟ་བུ་ནམ་མཁའ་ལ་གནས་ཤིང༌། ཉི་ཟླ་རྒྱུ་སྐར་ཚེས་གྲངས་དགེ་མི་དགེ་རིགས་རུས་བསྙེན་གནས་དང་སྔགས་སོགས་ཀྱང་མ་བྱུང་བ་ཡིན་ཏེ། ཆོས་བཤེས་ཀྱིས་བསྒྱུར་བའི་འཇམ་དཔལ་རྩ་རྒྱུད་ལས། རྫོགས་ལྡན་དུས་ཀྱི་དུས་དེར་ནི། །སེམས་ཅན་རང་གི་མཐུར་ལྡན་ཏེ། །ཐམས་ཅད་ནམ་མཁའ་ལ་འགྲོ་ཞིང༌། །རྒས་དང་འཆི་བ་རྣམ་པར་སྤངས། །དེ་དུས་རྒྱུ་སྐར་མེད་པ་སྟེ། །ཉི་ཟླ་མེད་ཅིང་སྐར་མ་མེད། །ལྷ་མེད་ལྷ་མིན་འཇིག་རྟེན་མེད། །དང་པོའི་དུས་ནི་དུས་ཀྱི་མཆོག །མི་མེད་རིགས་ཀྱང་ཡོད་མ་ཡིན། །ཚེས་གྲངས་མེད་ཅིང་སྐྱེས་པ་མེད། །བསྙེན་གནས་མེད་ཅིང་གསང་སྔགས་མེད། །དགེ་དང་མི་དགེའི་ལས་མེད་དེ། །རང་དགའ་བ་ནི་རྣམ་པར་སྤྱོད། །དེ་དག་སྤྱོད་དང་སྤྱད་བྱའང་མེད། །དེ་དག་དག་ཅིང་ང་ཡི་མེད། །ཅེས་དང༌། འབྲོག་འགྱུར་ལས། ཉི་མ་ཟླ་བ་སྐར་མ་མེད། །ལྷ་དང་ལྷ་མིན་འཇིག་རྟེན་མེད། །ཅེས་སོ། །དེ་ནས་སེམས་ཅན་མང་པོ་སྔོན་གྱི་ལས་ཀྱིས་སའི་སྟེང་དུ་འོང་ཞིང༌། ས་བླའི་ལྷའི་གནས་དང་ལྷ་དང་ལྷ་མ་ཡིན་པ་དག་ཀྱང་བྱུང་སྟེ། རྩ་རྒྱུད་ལས། རྟག་ཏུ་སེམས་ཅན་རྣམ་མང་པོ། །སྣོད་ཀྱི་འཇིག་རྟེན་མི་རྣམས་ནི། །ཆུང་ངུ་རྣམས་ལ་རབ་འཇུག་སྟེ། །དེ་ནས་དེ་དག་སྔོན་ལས་ཀྱིས། །ས་ཡི་སྟེང་དུ་དྲངས་ཏེ་འོངས། །ས་བླའི་གཞལ་མེད་ཁང་བཟང་གནས། །ལྷ་དང་ལྷ་མིན་ཡང་དག་བྱུང༌། །ཞེས་སོ། དེ་ནས་དུས་འབྲིང་དུ་སླེབས་པ་ན་ཁ་ཟས་ལ་བརྐམ་པས་འོད་མེད་ཅིང༌། ལུས་སྲ་ཞིང་རྩུབ་པ་བར་མའི་ལུས་ལ་བརྟེན་པ་སོགས་དང༌། ཉིན་ཞག་ཟླ་བ་དང་ལོ་དང་གཟའ་དང་སྐར་མ་ཀུན་བྱུང་ཞིང་སྐར་རྩིས་ཡང་དེ་ནས་བྱུང་བ་ཡིན་ཏེ། འབྲོག་འགྱུར་ལས། བར་མའི་ལུས་ལ་ཡང་དག་བརྟེན། །བཟའ་དང་བཏུང་བ་བརྐམ་ཆགས་པས། །འོད་དེ་དག་ནི་རབ་ཏུ་ཉམས། །ལུས་ནི་སྲ་བ་ཉིད་གྱུར་ཅིང༌། །དགེ་དང་མི་དགེ་རྣམ་པར་སྤྱོད། །ཅེས་དང༌། རྩ་རྒྱུད་ལས། དེ་ནས་དུས་འབྲིང་སླེབ་པ་ན། །མ་ཡི་ལུས་ལ་ཡང་དག་བརྟེན། །ཁ་ཟས་ལེན་པ་བརྐམ་རྣམས་ཏེ། །དེ་དག་འོད་ནི་རབ་ཏུ་ཉམས། །ལུས་ནི་སྲ་ཞིང་རྩུབ་པ་སྟེ། །དགེ་དང་མི་དགེར་རྣམ་གཡོ་བས། །དེ་ནས་ཉིན་དང་ཟླ་བ་དང༌། །ལོ་དང་གཟའ་དང་སྐར་མ་ཀུན། །དེ་ནས་བཟུང་སྟེ་གང་ཅུང་ཟད། །སྐར་རྩིས་ཤེས་པ་ཁོ་ནའོ། །སེམས་ཅན་ཕན་འདོད་བཟོད་པས་ན། །དེ་ནས་ང་ཡིས་སྔོན་བཤད་དོ། །ཞེས་སོ། །རིམ་གྱིས་ཐ་མལ་བ་དང་སྐར་མ་སོགས་བྱུང་ཚུལ་འདི་ལྟར་མ་ཤེས་པས་པཎ་ཆེན་བསོད་གྲགས་ཀྱིས་ཀྱང་དཔྱད་གསུངས་པ་སོགས་མང༌། དེ་ནས་སྟོན་པ་དྲང་སྲོང་ཚངས་པ་སོགས་ཀྱི་ཆ་བྱད་ཀྱིས། བཟོ་དང༌། བསྟན་བཅོས་སྣ་ཚོགས། སྒྲུང་དང༌། རིག་བྱེད་དང༌། སྒྲ་དང༌། སྡེབ་སྦྱོར། སྐར་རྩིས། སྒྱུ་རྩལ་སོགས་ཀྱི་བསྟན་བཅོས་སྣ་ཚོགས་བསྟན་པའི་ཕྱིར། རྩ་རྒྱུད་ལས། ཇི་སྙེད་ཅུང་ཟད་འཇིག་རྟེན་འདིར། །བཟོ་ཤེས་པ་ཡི་སྤྱོད་པ་དང༌། །བསྟན་བཅོས་ལུགས་དང་སྒྲུང་དག་དང༌། །རིག་བྱེད་བརྡ་སྤྲོད་དེ་བཞིན་དུ། །སྡེབ་སྦྱོར་སྐར་མའི་རྩིས་ཉིད་དང༌། །གྲངས་དང་སྒྱུ་རྩལ་བསྔགས་པ་དག །ཅེས་དང༌། འབྲོག་འགྱུར་ལས། འཇིག་རྟེན་ཇི་སྙེད་ཡོད་པ་ཡི། །ཁྱབ་འཇུག་གིས་བྱ་བཟོ་སྤྱོད་དང༌། །ལུགས་ཀྱི་བསྟན་བཅོས་སྔོན་གྱི་རབས། །དེ་བཞིན་རིག་བྱེད་བརྡ་སྤྲོད་དང༌། །སྡེབ་སྦྱོར་སྐར་མའི་དཔྱད་ཉིད་དང༌། །རྩིས་དང་སྒྱུ་རྩལ་འདོད་པ་དང༌། །ཞེས་སོ། །

           དེ་རྗེས་བསྐལ་པ་འདིའི་མི་རྣམས་ཚེ་ལོ་བཞི་ཁྲིའི་དུས་སུ་སངས་རྒྱས་འཁོར་བ་འཇིག་དང༌། སུམ་ཁྲིའི་དུས་སངས་རྒྱས་གསེར་ཐུབ་དང༌། ཉི་ཁྲིའི་དུས་སངས་རྒྱས་འོད་སྲུངས་དང༌། བརྒྱ་པའི་དུས་མཉམ་མེད་ཤཱཀྱ་ཐུབ་པ་དང༌། བརྒྱད་ཁྲིའི་དུས་རྒྱལ་བ་བྱམས་པ་འབྱུང་ངོ༌། །དེ་ཡང་འཇིག་རྟེན་ཐམས་ཅད་ཀྱི་བླ་མ་སངས་རྒྱས་བཅོམ་ལྡན་འདས་ནི་ཟིལ་གནོན་ཞེས་པ་མེ་ཕོ་རྟའི་ལོ་ས་ག་ཟླ་བ་ཤོལ་བཅས་ཀྱི་སྔ་མའི་ས་གའི་ཉ་ལ་ལྷུམས་སུ་ཞུགས་པ་ཡིན་ཏེ། རྒྱ་ཆེར་རོལ་བ་ལས། དཔྱིད་ཟླ་ཐ་ཆུང་གི་ཚེས་ཞེས་པ་ནས། ཚེས་བཅོ་ལྔ་ཟླ་བ་ཉ་བའི་དུས་སུ་ཡུམ་གསོ་སྦྱོང་བླངས་པའི་རུམ་དུ་གློ་གཡས་པ་ནས་ཞུགས་སོ། །ཞེས་སོ། །དེ་ནས་ཤོལ་དང་བཅས་པའི་ཟླ་བ་བཅུ་རྫོགས་པ་མེ་ཕོ་རྟ་ལོ་དེ་ཉིད་ཀྱི་དགུན་ཟླ་ཐ་ཆུང་རྟ་ཟླའི་ནང་གི་སྐར་མ་རྒྱལ་འཛོམས་པའི་ཚེས་བདུན་གྱི་སྔ་དྲོ་སྐུ་བལྟམས་ཏེ། རྒྱ་ཆེར་རོལ་བ་ལས། དེ་ལྟར་ཟླ་བ་བཅུ་ཚང་བ་ན་མའི་གློ་གཡས་པ་ནས་དྲན་ཞིང་ཤེས་བཞིན་དུ་མངལ་གྱི་དྲི་མས་མ་གོས་པར་བྱུང་སྟེ། །ཞེས་སོ། །སྐར་མ་རྒྱལ་ལ་འཁྲུངས་པ་ནི། རྒྱ་རོལ་ལས། སྐར་མ་རྒྱལ་དང་ཡང་ལྡན་པར་གྱུར། །ཅེས་དང༌། ཏོག་ལས། འདྲེན་པ་ཁྱོད་ནི་རྒྱལ་ལ་སྐྱེས། །ཞེས་སོ། །ཉེར་དགུ་ཁབ་ཏུ་བཞུགས་ནས། ཉེར་དགུ་པ་ཤིང་ཕོ་ཁྱི་ལ་ཐར་པར་གཤེགས། སུམ་ཅུ་པ་ཤིང་ཕག་ལ་ལྷག་སྤྱོད་ལ་ཏིང་ངེ་འཛིན་གསན། དེ་ནས་ལོ་དྲུག་དཀའ་བ་སྤྱད། སོ་དྲུག་པ་ལྕགས་མོ་སྦྲུལ་གྱི་དཔྱིད་ཟླ་ཐ་ཆུང་ས་གའི་ཉ་ལ་སངས་རྒྱས་ཏེ། སངས་རྒྱས་ནས་ལོ་ཞེ་ལྔའི་བར་དུ་བཞུགས་ཤིང་ཆོས་འཁོར་བསྐོར་བར་བཤད་པའི་ཕྱིར། ཤིང་རྟ་ཆེན་པོ་ལེགས་ལྡན་གྱི་རྟོག་གེ་འབར་བ་ལས། རྒྱུ་གྲངས་མེད་པ་གསུམ་དུ་བསགས་པ་ལས་ལོ་བཞི་བཅུ་རྩ་ལྔ་ལས་འབྲས་བུ་བྱུང་བར་མ་གྱུར་པ་ཡང་མི་རིགས་སོ། །ཞེས་གསུངས་པའི་ཕྱིར། སོ་ལྔ་དང་སོ་བདུན་ལ་སངས་རྒྱས་པར་བཤད་པ་མི་འཐད་པ་ཁོ་ནའོ། །མངོན་འབྱུང་གི་མདོ་ལས་ཀྱང༌། བྱང་ཆུབ་སེམས་དཔའ་ལོ་ཉེར་དགུ་བཞེས་ཏེ་ཁབ་ནས་བྱུང་སྟེ་ལོ་དྲུག་དཀའ་བ་སྤྱོད་པར་འགྱུར་ཏེ། དེ་ནས་བདུད་རྩི་རྟོགས་པར་གྱུར་པར་མཐོང་ངོ༌། །ཞེས་སོ། །དེའི་ཚེ་ཟླ་བའང་དུས་མེས་བཟུང་བར་གྱུར་ཏེ། འདུལ་བ་གཞི་བམ་པོ་བརྒྱ་ལྔ་བཅུ་པ་ལས། བཅོམ་ལྡན་འདས་ཀྱིས་བླ་ན་མེད་པའི་ཡེ་ཤེས་བརྙེས་པ་ན། གྲགས་འཛིན་མ་ལ་ཡང་ཁྱེའུ་ཞིག་བཙས་སོ། །ཟླ་བ་ཡང་སྒྲ་གཅན་གྱིས་ཟིན་ཏོ། །ཞེས་སོ། །

           སངས་རྒྱས་པའི་ལོ་དེའི་ཞག་ཞེ་དགུའི་སྟེང་ཧོར་ཟླ་དྲུག་པ་ཆུ་སྟོད་ཟླ་བའི་ཚེས་བཞི་ལ་ཝ་ར་ཎ་སིར་བདེན་བཞིའི་ཆོས་འཁོར་བསྐོར་ཏེ། དེའི་དུས་མཆོད་ཝ་ར་ཎ་སིར་དར་རོ། །དེ་ནས་ཆོས་འཁོར་རིམ་པ་གཉིས་དང་ཐེག་པ་གསུམ་བསྟན་ཏེ། དེ་ནས་ཟླ་བ་བཅུ་གཉིས་སོང་བའི་ལོ་རྗེས་མ་ཆུ་རྟའི་ནག་ཟླ་ལ་དཔལ་ལྡན་འབྲས་སྤུངས་མཆོད་རྟེན་དུ་རྒྱལ་པོ་ཟླ་བཟང་སོགས་རྣལ་འབྱོར་པ་ཕོ་མོ་ལྷ་ཀླུ་སོགས་ལ་དུས་འཁོར་རྩ་རྒྱུད་བསྟན་པ་ཡིན་ཏེ། འགྲེལ་ཆེན་ལས། སངས་རྒྱས་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་ནས་ཐེག་པ་གསུམ་བསྟན་པར་མཛད་ནས་ཟླ་བ་བཅུ་གཉིས་ནག་པ་ཉ་ལ་ཤྲཱི་དྷ་ན་ཀ་ཊ་ཀར་ཆོས་ཀྱི་དབྱིངས་གསུང་གི་དབང་ཕྱུག་གི་དཀྱིལ་འཁོར་ཆ་བཅུ་དྲུག་རྣམ་པར་དབྱེ་བའི་མཚན་ཉིད་སོགས་དང༌། རྩ་རྒྱུད་ལས། སྟོན་པས་བྱ་རྒོད་ཕུང་པོ་རུ། །ཤེས་རབ་ཕ་རོལ་ཕྱིན་ཚུལ་བཞིན། །ཆོས་བསྟན་དཔལ་ལྡན་འབྲས་སྤུངས་སུ། །དེ་བཞིན་གསང་སྔགས་ཚུལ་ཀྱང་གསུངས། །ཞེས་སོ། །སངས་རྒྱས་པའི་ཕྱི་དེ་ལོ་དུས་འཁོར་གསུངས་པར་ཀུན་མཁྱེན་བུ་དང་མཁས་གྲུབ་ཐམས་ཅད་མཁྱེན་པ། དེབ་སྔོན་པ་དང༌། མཁས་པ་སྤྱན་སྔ་དོན་གྲུབ་དཔལ་དང༌། མཁས་དབང་ཁྲི་རིན་པོ་ཆེ་འོད་ཟེར། པཎ་ཆེན་བསོད་གྲགས་དང༌། ཀུན་མཁྱེན་སྒོམ་སྡེ་སོགས་བཞེད་པས་འདིར་ཡང་དེ་ལྟར་བྱས་སོ། །དུས་འཁོར་རྩ་རྒྱུད་གསུངས་པའི་དུས་དེ་ནས་ལོ་ཞེ་བཞིའི་བར་དུ་ཆོས་ཀྱི་འཁོར་ལོ་བསྐོར་ཞིང༌། དགུང་ལོ་བརྒྱད་ཅུ་དང་ཟླ་བ་གསུམ་བཞུགས་ཏེ་མེ་ཕོ་སྟག་གི་ལོ་ས་ག་ཟླ་བའི་ཉའི་ནམ་ཕྱེད་ན་མྱ་ངན་ལས་འདས་པའི་ཚུལ་བསྟན་ཏེ། མྱང་འདས་ཆེན་མོ་ལས། དཔྱིད་ཟླ་ཐ་ཆུང་ཉའི་ནང་བར་ཡོངས་སུ་མྱ་ངན་ལས་འདས་པའི་དུས་དང་ཉེ་བར་གྱུར་པ་ན་ཞེས་དང༌། མཆོད་རྟེན་བརྒྱད་ཀྱི་བསྟོད་པ་ལས། བཙུན་པས་གསོལ་བ་བཏབ་ནས་ཟླ་གསུམ་བཞུགས། །ཞེས་གསུངས་པའི་ཕྱིར། ཁ་ཅིག་གིས་གྱ་བཞི་དང༌། འགའ་ཞིག་གིས་གྱ་གཉིས་ལ་འདས་པ་སོགས་མི་འཐད་དེ། གསེར་འོད་ལས། སྐུ་ཚེ་བརྒྱད་ཅུ་ཞིག་ཐུབ་སྟེ། ཞེས་དང༌། བྱེ་བཤད་ལས། ཆོས་འཁོར་གནས་དང་ཡངས་པ་ཅན། །ས་དཀར་ཅན་དང་ལྷ་ཡི་གནས། །བྱིས་པ་གསོད་དང་ཀཽ་ཤཾ་བྷི། །འབྲོག་གནས་མཆོད་རྟེན་རི་དང་ནི། །འོད་མའི་གྲོང་དང་སྒྲ་བཅས་དང༌། །སེར་སྐྱའི་གནས་ཀྱི་གྲོང་ཁྱེར་ཏེ། །དེ་རྣམས་སུ་ནི་ཐུབ་པ་ཡི། །སྐྱེས་མཆོག་ལོ་རེ་ལོ་རེ་བཞུགས། །ཉི་ཤུ་རྩ་གསུམ་མཉན་ཡོད་དུ། །སྨན་གྱི་ནགས་སུ་ལོ་བཞི་སྟེ། །འབར་བའི་ཕུག་གི་གནས་སུ་གཉིས། །རྒྱལ་པོའི་ཁབ་ཀྱི་གྲོང་དུ་ལྔ། །དཀའ་བ་སྤྱོད་པ་ལོ་དྲུག་སྟེ། །ཉི་ཤུ་རྩ་དགུ་ཁབ་གནས་སུ། །རྒྱལ་བ་དེ་དག་བརྒྱད་ཅུ་ལ། །ཐུབ་མཆོག་དམ་པ་མྱ་ངན་འདས། །ཞེས་པ་དག་དང་འགལ་ལོ། །བཅོམ་ལྡན་འདས་ཀྱིས་དུས་འཁོར་རྩ་རྒྱུད་གསུངས་པའི་རྗེས་སུ་ལོ་གཉིས་པ་ཆུ་རྟ་ལ་ཟླ་བཟང་གིས་རྒྱུད་དང་འགྲེལ་བ་སྟོང་ཕྲག་དྲུག་ཅུ་པ་མཛད་པར་གསུངས་ཏེ། འགྲེལ་ཆེན་ལས། དེ་ལྟར་རྒྱུད་སྟོན་པའི་དུས་ལས་ལོ་གཉིས་པ་ལ་དཀྱིལ་འཁོར་གྱི་འཁོར་ལོ་སྤྲུལ་པའི་སྐུའི་རྫུ་འཕྲུལ་བསྟན་ནས་ལོངས་སྤྱོད་རྫོགས་པའི་སྐུ་གང་ལས་འོངས་པ་དེ་ཉིད་དུ་གཤེགས་ཏེ། སེམས་ཅན་རྣམས་ཀྱི་དངོས་གྲུབ་ཀྱི་རྒྱུའོ། །ཞེས་སོ། །དེ་ནས་ཟླ་བཟང་གིས་ཆུ་རྟ་ལ་བློས་བསླངས་བཞེངས་པ་དང༌། ཆུ་ལུག་རིགས་ལྡན་ལྷ་དབང་ཁྲིར་ཕེབས་པ་ཡིན་ནོ། །སྟོན་པ་འདས་པའི་ལོ་གཉིས་པ་རབ་བྱུང་མེ་ཡོས་ལ་བཀའ་བསྡུ་བ་དང་པོ་མཛད་དེ། དེའི་ཚེ་ཤཱ་རིའི་བུ་འཁོར་བརྒྱད་ཁྲི་དང༌། མོའུ་འགལ་བུ་འཁོར་བདུན་ཁྲི། སྟོན་པ་འཁོར་ཁྲི་བརྒྱད་སྟོང་དང་བཅས་ཞི་བར་གཤེགས་པས་ལྷ་རྣམས་ཀྱིས་སྡེ་སྣོད་གསུམ་མི་སྒྲོགས་སོ། །ཞེས་འཕྱ་བ་བསལ་བའི་དོན་དུ་དགྲ་བཅོམ་པ་ལྔ་བརྒྱའི་སྣམ་སྦྱར་བཏིང་བར་ཀུན་དགའ་བོ་དང༌། ཉེ་བར་འཁོར་དང༌། འོད་སྲུངས་གསུམ་རིམ་གྱིས་བཞུགས་ནས་བཀའ་སྡེ་སྣོད་གསུམ་བསྡུས་པས་ལྷ་རྣམས་ཀྱིས་དགྲ་བཅོམ་པ་ལྔ་བརྒྱས་སྡེ་སྣོད་གསུམ་བསྡུས་པས་ལྷ་འཕེལ། ལྷ་མ་ཡིན་འགྲིབས་སོ། །ཞེས་བསྔགས་པ་བརྗོད་དོ། །

           བསྟན་པའི་གནས་ཚད་བཤད་ཚུལ་མང་ཡང་ལྔ་སྟོང་འཐད་ལྡན་དང༌། དེ་དུས་འཁོར་དང་མཐུན་ཚུལ་དང༌། རབ་བྱུང་དང་པོ་སོགས་རེ་མིག་ཏུ་འགོད་པ་གསུམ། དང་པོ་ནི། བསྟན་པ་ལོ་ལྔ་སྟོང་གནས་པ་འཐད་ལྡན་ཡིན་ཏེ། དེ་ལྟར་སྟོན་པའི་མདོ་དང༌། དེ་ལྟར་བཞེད་པའི་ཚད་ལྡན་གྱི་སྐྱེས་བུ་དུ་མ་ཡོད་ཅིང༌། དུ་མས་དེ་ལྟར་བཤད་པའི་ཕྱིར། མདོ་སྡེ་བསྐལ་བཟང་གི་གླེགས་བམ་ཁ་ཅིག་ཏུ། ལོ་ལྔ་སྟོང་གནས་ཞེས་བྱུང་བ་དང༌། ཡུམ་གསུམ་གྱི་གཞུང་འགྲེལ་གནོད་འཇོམས་ལས། དེ་བཞིན་གཤེགས་པའི་བསྟན་པ་གནས་པ་ནི་ལོ་ལྔ་སྟོང་དུ་གསུངས་ཏེ། ཞེས་དང༌། ཐུབ་དགོངས་ལས་ཀྱང༌། གཞན་དག་ནི་དེ་བཞིན་གཤེགས་པའི་དམ་པའི་ཆོས་གནས་པའི་དུས་ནི་ལོ་སྟོང་ཕྲག་ལྔར་སྨྲའོ། །ཞེས་དང༌། འབུམ་ཊཱིཀ་ལས། ལྔ་བརྒྱ་ཐ་མ་ཞེས་བྱ་བ་ནི་བརྒྱ་ཕྲག་ལྔ་བསྡུས་པ་ལ་ལྔ་བརྒྱ་ཐ་མ་ཞེས་བྱའོ། །དེ་བཞིན་གཤེགས་པའི་ཆོས་གནས་པའི་དུས་ནི་ལོ་ལྔ་སྟོང་ངོ༌། །ཞེས་གསུངས་པའི་ཕྱིར། འདིས་ནི་ལོ་ལྔ་སྟོང་དུ་བཤད་པའི་མདོ་དང་འཕགས་ཡུལ་གྱི་པཎ་ཆེན་དུ་མ་ཡོད་པར་ཤེས་ཏེ། ཡོད་པར་མ་ཟད་གྲགས་ཡང་ཆེ་བའི་འབུམ་ཊཱིཀ་དང༌། གནོད་འཇོམས་གཉིས་དང༌། ཐུབ་པ་དགོངས་རྒྱན་དང༌། འཇམ་དཔལ་གྲགས་པ་སོགས་ཀྱིས་བཤད་ཅིང༌། བོད་ཀྱི་མཁས་པ་མང་པོས་ཀྱང་དེ་ལྟར་བཞེད་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། ཊཱིཀ་ཆེན་ལས། དེ་ལྟར་ན་ཡང་སློབ་དཔོན་ཆེན་པོ་འཇམ་དཔལ་གྲགས་པས་ཀྱང་ལྔ་སྟོང་དུ་གནས་པར་གསུངས་པས་དེ་ལྟར་སྟོན་པའི་མདོ་དང༌། དེ་ལྟར་བཞེད་པའི་ཚད་ལྡན་གྱི་སྐྱེས་བུ་ཡོད་པར་ཤེས་སོ། །ཞེས་གསུངས་ཤིང༌། གནོད་འཇོམས་ཆེ་ཆུང་གཉིས་དང༌། ཞི་འཚོ་དང༌། ཤནྟིས་ཀྱང་ལྔ་སྟོང་གནས་པར་བཞེད་པའི་ཕྱིར། གསེར་ཕྲེང་ལས། དེ་ཡང་ཞི་འཚོའི་བཞེད་པ་སྟེ། གནོད་འཇོམས་ཆེ་བར་དེ་དེ་ལྟར་དེ་བཞིན་གཤེགས་པའི་བསྟན་པ་གནས་པའི་དུས། ཞེས་པ་ནས། འཆད་པའི་ལུགས་ལ་ལ་ཇི་སྐད། ལ་ལ་ཇི་སྐད་དུ་འཆད་དེ་སྤྱིར་ལོ་ལྔ་སྟོང་མཐུན་ནོ། །ཞེས་དང༌། ཡང་གསེར་ཕྲེང་ལས། འདིའི་རང་ལུགས་དང་མན་ངག་རྗེས་འབྲང་མཐུན་ལ། ཤནྟིས་ཀྱང་ལོ་ལྔ་སྟོང་གནས་པར་བཤད་དོ། ཞེས་དང༌། གནོད་འཇོམས་ཆུང་བར་དང་པོ་གསུམ་ལ་འབྲས་བུ་གཅིག་དང་གཉིས་ཐོབ་པ་མང་བས། ཞེས་དང༌། དེ་ནས་གསུམ་ལ་ནས། སྒྲུབ་པ་དང་ལྡན་པའི་དུས་ཚིགས་དང༌། དེ་ནས་གསུམ་ལ་སྡེ་སྣོད་དར་འགྱུར་ཏེ། ནས། ལུང་ལ་སྤྱོད་པ་མང་བས་ལུང་གི་དུས་ཚིགས་དང༌། ཐ་མ་སྡེ་སྣོད་དབང་བཙན་པར་མི་བྱེད། ནས། མཚན་མ་ཙམ་གྱི་ཚིག་གོ ། ཞེས་གསུངས་པའི་ཕྱིར། སྔར་གྱི་རྟགས་ཟུར་གཉིས་པ་གྲུབ་སྟེ། བསྟན་པ་ལོ་སྟོང་དང༌། སྟོང་དང་ལྔ་བརྒྱ་དང༌། ཉིས་སྟོང་དང༌། ཉིས་སྟོང་ལྔ་བརྒྱར་གནས་པར་གསུངས་པ་རྣམས་དྲང་དོན་དང་དགོངས་པ་ཅན་དང༌། ལྔ་སྟོང་སྒྲ་ཇི་བཞིན་པར་བོད་ཀྱི་མཁས་པ་རྣམས་བཞེད་པའི་ཕྱིར་ཏེ། དུས་འཁོར་ཊཱིཀ་ཆེན་ལས། པདྨ་དཀར་པོའི་མདོར་ཕྱེད་དང་ཉིས་སྟོང༌། ཟླ་བའི་སྙིང་པོའི་མདོར་ཉིས་སྟོང་དང༌། བློ་གྲོས་མི་ཟད་པས་བསྟན་པའི་མདོའི་འགྲེལ་བར་ལོ་སྟོང་དང༌། རྡོ་རྗེ་གཅོད་པའི་འགྲེལ་པར་ལོ་ཕྱེད་དང་སུམ་སྟོང་དུ་བསྟན་པ་གནས་པར་གསུངས་ཤིང༌། དེ་ལ་བོད་ཀྱི་མཁས་པ་རྣམས་ཕལ་ཆེར་མཐུན་པར་ལྔ་སྟོང་དུ་གསུངས་པ་སྒྲ་ཇི་བཞིན་པ་དང༌། མདོ་ལས་ཚུལ་གཞན་དུ་གསུངས་པ་དགོངས་པ་ཅན་དུ་བཤད་དོ། །ཞེས་གསུངས་པའི་ཕྱིར།

           གཉིས་པ་དེ་དུས་འཁོར་དང་མཐུན་ཚུལ་ནི། ཟླ་བཟང་གི་རྗེས་སུ་རྒྱལ་པོ་དྲུག་གིས་ལོ་བརྒྱ་བརྒྱ་ལ་ཆོས་བསྟན་ཏེ། རྒྱལ་པོ་ལྷ་དབང༌། གཟི་བརྗིད་ཅན། ཟླ་བས་བྱིན། ལྷའི་དབང་ཕྱུག སྣ་ཚོགས་གཟུགས། ལྷ་དབང་ལྡན་ཏེ་རྒྱལ་པོ་དྲུག་གིས་ཆོས་བསྟན། རྩ་རྒྱུད་འགྲེལ་ཆེན་དུ་དྲངས་པ་ལས། ཟླ་བ་ལྷ་དབང་གཟི་བརྗིད་ཅན། །ཟླ་བས་བྱིན་དང་ལྷའི་དབང་ཕྱུག །སྣ་ཚོགས་གཟུགས་དང་ལྷའི་དབང་ལྡན། །ཞེས་སོ། །རྩ་རྒྱུད་གསུངས་ནས་ལོ་དྲུག་བརྒྱ་དང་གཉིས་ན་རིགས་ལྡན་གྲགས་པ་བྱོན་ནས་བསྡུས་རྒྱུད་མཛད་ཅིང་ཐམས་ཅད་རྡོ་རྗེ་རིགས་གཅིག་ལ་མཛད་པས་འདི་ཕྱིན་ལ་རིགས་ལྡན་ཞེས་གྲགས་ཤིང་ལོ་བརྒྱར་ཆོས་བསྟན་ཏེ། བསྡུས་རྒྱུད་ལས། ལོ་འདི་ནས་ནི་དྲུག་བརྒྱའི་ལོ་ཡི་གསལ་བར་མི་བདག་གྲགས་པ་ཤམྦྷ་ལ་ཞེས་བྱ་བར་འབྱུང༌། ཞེས་དང༌། འགྲེལ་ཆེན་རྭ་འགྱུར་ལས། དེ་ཡང་བྲམ་ཟེའི་དྲང་སྲོང་ཉི་མའི་ཤིང་རྟས་གཙོ་བྱས་པའི་བྱེ་བ་ཕྱེད་དང་བཅས་པ་གསུམ་རྡོ་རྗེ་ཐེག་པ་ལ་མངོན་པར་དགའ་བ་རིགས་གཅིག་ཏུ་བྱེད་པར་འགྱུར་རོ། །ཞེས་སོ། །

           འོ་ན་ང་མྱ་ངན་ལས་འདས་ནས་ལོ་དྲུག་བརྒྱ་ལོན་པ་ན་ཤམྦྷ་ལའི་ཡུལ་དུ་འཇམ་པའི་དབྱངས་གྲགས། ཞེས་སོགས་ཀྱི་དོན་ཇི་ལྟར་བཤད་སྙམ་ན། འདི་ལ་བསམ་ནས་ཁ་ཅིག །གཟུགས་སྐུ་བསྡུས་པའི་ལོ་སྔ་མར་གསུངས་ཟེར་ཞིང་ངེས་མདོག་དོན་མེད་བྱུང་རྒྱལ་མང་པོ་སྨྲ། ལ་ལས་ལུང་དེ་སྔར་གྱི་རྒྱ་དཔེ་ལ་མེད་ཟེར་བ་སོགས་ཐམས་ཅད་ཀྱིས་གཟུགས་སྐུའི་སྣང་བ་བསྡུས་པའི་ཐ་མའི་མཛད་པར་བྱེད་པ་མི་འཐད་དེ། འདིའི་མྱ་ངན་ལས་འདས་པ་དང་པོར་སངས་རྒྱས་པའི་ཚུལ་བསྟན་པ་ཁོ་ནར་བྱེད་དགོས་ཏེ། ཡེ་ལེ་འདིར་བྱེ་མདོ་སེམས་ཙམ་རྣམས་ཀྱིས་ལྷག་བཅས་ལྷག་མེད་ཀྱི་མྱང་འདས་འདོད་ཚུལ་དང༌། དབུ་མ་པས་ཕུང་པོ་ལྷག་མ་དང་བཅས་པའི་མྱང་འདས་དོར་ནས་རབ་ཏུ་མི་གནས་པའི་མྱང་འདས་འདོད་པ་དང༌། འདིར་ཕུང་པོ་ལྷག་མ་མེད་པའི་སྒྲིབ་གཉིས་ཀྱིས་མྱ་ངན་ལས་འདས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བྱེད་པའི་ཕྱིར། ཡེ་ལེའི་འགྲེལ་ཆེན་ལས། བྱེ་བྲག་ཏུ་སྨྲ་བ་དང༌། མདོ་སྡེ་པ་དང༌། རྣལ་འབྱོར་སྤྱོད་པ་རྣམས་ཀྱིས་ཕུང་པོ་ལྷག་མ་དང་བཅས་པའོ། །དབུ་མ་པ་རྣམས་ཀྱིས་ཕུང་པོ་ལྷག་མ་དང་བཅས་པའི་མྱང་འདས་དོར་ནས་རབ་ཏུ་མི་གནས་པའི་མྱང་འདས། ཞེས་པ་ནས། དེ་ནས་ཕྱོགས་སུ་འཛིན་པ་སྤངས་པའི་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱའོ། །ཞེས་མྱ་ངན་ལས་འདས་པ་སངས་རྒྱས་དུས་ལ་སྦྱར་བ་དང༌། འགྲེལ་ཆེན་ལས། ས་གའི་ཉའི་སྐྱ་རེངས་ཤར་བ་ན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་ནས་ཐེག་པ་གསུམ་སྟོན་པར་མཛད་དེ་ཟླ་བ་བཅུ་གཉིས་པ་ནག་པ་ཉ་ལ་ཤྲཱི་དྷ་ན་ཀ་ཊ་ཀར་ནས། དང་པོའི་སངས་རྒྱས་རྣམས་སྤྲོས་སོ། །ཞེས་སངས་རྒྱས་ནས་ཟླ་བ་བཅུ་གཉིས་པ་ནག་ཟླར་རྩ་རྒྱུད་གསུངས་པར་བཤད་ཅིང༌། སངས་རྒྱས་ནས་ལོ་མང་པོ་སོང་བ་ཡིན་ན་ལོ་འདི་ཙམ་ན་གསུངས་དགོས་པར་མ་གསུངས་པའི་ཕྱིར་དང༌། ང་མྱ་ངན་ལས་འདས་ནས་ལོ་དྲུག་བརྒྱ་ཞེས་པའི་མྱ་ངན་ལས་འདས་པའི་དུས་ཡང་དང་པོ་སངས་རྒྱས་པའི་དུས་ཡིན་ལ། ཐ་མ་ཞི་བར་གཤེགས་པའི་དུས་མ་ཡིན་ཏེ། འགྲེལ་ཆེན་ལས། ང་མྱ་ངན་ལས་འདས་ནས་ལོ་དྲུག་བརྒྱ་ལོན་པ་ན་ཤམྦྷ་ལའི་ཡུལ་དུ་འཇམ་པའི་དབྱངས་ཤཱཀྱའི་རིགས་ལས་ལྷའི་དབང་ཕྱུག་དང༌། ལྷ་མོ་རྣམ་པར་རྒྱལ་མའི་མངལ་དུ་གྲགས་པ་འདུས་པ་ཅན་དུ་འགྱུར་བ་ནི་འདི་ལྟ་སྟེ། ཞེས་དང༌། དེའི་ཤེས་བྱེད་དུ་རྩ་རྒྱུད་དྲངས་པ་ལས། དང་པོའི་ལོ་ནི་བརྒྱ་ཕྲག་དྲུག །གསལ་བར་གྲགས་པའི་རྒྱལ་པོ་ནི། །ཤམྦྷ་ལ་རུ་འབྱུང་བར་འགྱུར། །ཞེས་དང༌། འཇམ་དཔལ་གྲགས་པས་ཁྲི་མཛད་ནས་ཞེ་གཅིག་དུས་བོད་དུ་གཉའ་ཁྲི་བཙན་པོ་བྱུང་བ་མཉམ། འཇམ་དཔལ་གྲགས་པས་ལོ་བརྒྱར་ཆོས་བསྟན་ནས་འདས་པའི་རྗེས་སུ་རིགས་ལྡན་པད་དཀར་དང༌། བཟང་པོ་དང༌། རྣམ་རྒྱལ་དང༌། བཤེས་གཉེན་བཟང་པོ་དང༌། རིན་ཆེན་ཕྱག་དང༌། ཁྱབ་འཇུག་སྦས་པ་དང༌། ཉི་མ་གྲགས་དང༌། ཤིན་ཏུ་བཟང་དང༌། བརྒྱད་འདས་པའི་རྗེས་སུ་མ་ཁའི་ཡུལ་དུ་ཀླ་ཀློ་ཞུགས་པ་དང༌། རིགས་ལྡན་རྒྱ་མཚོ་རྣམ་རྒྱལ་ཁྲིར་ཕེབས་པ་དུས་མཉམ་སྟེ། འགྲེལ་ཆེན་ལས། འདིར་བྱེད་པ་ལ་ངེས་པ་ནི་དེ་བཞིན་གཤེགས་པའི་དུས་ནས་ལོ་དྲུག་བརྒྱ་ནི་འཇམ་དཔལ་གྱི་དུས་སོ། །ཞེས་པ་ཡང་རིགས་ལྡན་གྲགས་པས་ཆོས་སྟོན་པའི་ཐོག་མའི་དུས་ཡིན་ཞིང༌། བརྒྱད་བརྒྱ་ནི་ཀླ་ཀློའི་དུས་སོ་ཞེས་པ་ཡང་འཇམ་དཔལ་གྲགས་པའི་རྗེས་སུ་རིགས་ལྡན་པད་དཀར་སོགས་བརྒྱད་ཀྱིས་ལོ་བརྒྱད་བརྒྱར་ཆོས་བསྟན་པའི་རྗེས་སུ་ཀླ་ཀློའི་ཐོག་མ་འཛིན་པར་བཤད་དོ། །

           དེ་ནས་སྲོང་བཙན་སྒམ་པོ་མེ་གླང་ལོ་འཁྲུངས་ནས་ལོ་བརྒྱད་པ་ཤིང་སྤྲེལ་ལོ་ལ་ཁར་ཀླ་ཀློའི་ཆོས་ཞུགས། རྒྱ་མཚོ་རྣམ་རྒྱལ་གྱིས་ལོ་བརྒྱ་དང་གྱ་གཉིས་སུ་ཆོས་བསྟན། རྒྱལ་དཀས་ཉིས་བརྒྱ་དང་ཉེར་གཅིག་བསྟན་པས། རིགས་ལྡན་དེ་གཉིས་ཀྱིས་ཆོས་བསྟན་པའི་ཡུན་ཚད་ལ་བཞི་བརྒྱ་དང་གསུམ་བྱུང་བ་ནི་མེ་མཁའ་རྒྱ་མཚོའི་ལོར་འཇོག་ཅིང༌། དགོས་པ་ཀླ་ཀློ་ཐོག་མར་ཞུགས་ནས་བརྒྱ་གྱ་གཉིས་འདས་པ་དང་རྒྱལ་དཀའ་ཁྲིར་ཕེབས་ཤིང༌། རྒྱལ་དཀས་ཉུང་ངུའི་བྱེད་རྩིས་མཛད་དུས་ཀྱི་འདས་ལོའི་ཐོག་མར་རབ་བྱུང་མེ་ཡོས་ནས་བྱེད་པ་ཤེས་པའི་ཆེད་ཡིན་པའི་ཕྱིར་ཏེ། འགྲེལ་ཆེན་ལས། དེ་ལ་བརྒྱད་ཅུ་རྩ་གཉིས་ཀྱིས་ལྷག་པའི་བརྒྱས་དམན་པ་ནི་རྒྱལ་དཀའ་གང་གིས་ཉུང་ངུའི་བྱེད་པ་རྣམ་པར་སྦྱོར་བའི་རིགས་ལྡན་རྒྱལ་དཀའི་དུས་སོ། །འདི་ཡན་ཆད་ཀྱི་ལོ་གྲངས་ལ་རྒྱ་བོད་ཀྱི་མཁས་པ་དུས་ཞབས་པ་ཆེ་ཆུང་དང༌། རྭ་ལོ་དང་རོང་པ་གཉིས་དང༌། ས་སྐྱ་དང་བུ་དོལ་གཉིས་སོགས་ཞལ་མཐུན་པར་ཡོད་དོ། །དེ་ནས་ཟླ་བཟང་ནས་དྲག་པོ་འཁོར་ལོ་ཅན་གྱི་བར་ཆོས་རྒྱལ་སོ་གཉིས་སུ་གྲངས་ངེས་ཏེ། བསྡུས་རྒྱུད་ལས། སུམ་ཅུ་རྩ་གཉིས་གདན་གྱི་མཐར་ནི་ལྷ་མིན་དགྲ་པོ་ཚེ་ལོ་བརྒྱ་པ་ཕྱག་ན་འཁོར་ལོ་བསྒྱུར། །ཞེས་སོ། །རིགས་ལྡན་གྲགས་པ་སོགས་ཉེར་ལྔར་ངེས་ཏེ། འཇིག་རྟེན་ཁམས་ལེའི་གོ་སླ་ལས། གང་ན་ནི་ཉི་ཤུ་རྩ་ལྔ་པོ་ཡི་གྲངས་རྣམས་རིམ་གྱིས་ཡོངས་སུ་བགྲང་བའི་དུས་ཀྱི་མཐར། །རིགས་ལྡན་རིགས་ལ་ལྷ་ཡི་དབང་པོ་ལྷ་མཆོག་རྣམས་ཀྱིས་བཏུད་པའི་དྲག་པོ་རིགས་ལྡན་འབྱུང་བར་འགྱུར། །ཞེས་སོ། །འདིས་ནི་རིགས་ལྡན་སོ་གསུམ་དང་སོ་གཉིས་བཞེད་པ་རྣམས་ཀྱང་གསལ་ལོ། །རིགས་ལྡན་ཉེར་ལྔ་ནི། པད་དཀར་མན་ཆད་རིགས་ལྡན་བརྒྱད་ཀྱི་མིང་གོ་རིམ་ལྟར་བཤད་དེ། རྩ་རྒྱུད་ལས། གྲགས་པ་རིགས་ལྡན་རིགས་ཀྱང་སྟེ། །དེ་ནས་རིགས་ལྡན་པདྨ་དཀར། །བཟང་པོ་རིགས་ལྡན་གསུམ་པའོ། །དེ་བཞིན་བཞི་པ་རྣམ་རྒྱལ་སྟེ། །བཤེས་གཉེན་བཟང་པོ་རིན་ཆེན་ཕྱག །བདུན་པ་ཁྱབ་འཇུག་སྦས་པའོ། །ཉི་མ་གྲགས་དང་ཤིན་ཏུ་བཟང༌། །ཞེས་སོ། །

           མེ་མཁའ་རྒྱ་མཚོའི་ལོ་ནི་རིགས་ལྡན་གཉིས་ཀྱི་དུས་ཏེ། རྩ་རྒྱུད་ལས། རྒྱ་མཚོ་རྣམ་རྒྱལ་རྒྱལ་དཀའ་དང༌། །ཞེས་སོ། །ལྷག་མའི་རིགས་ལྡན་བཅུ་བཞི་ཡོད་དེ། རྩ་རྒྱུད་ལས། རིགས་ལྡན་ཉི་མ་བཅུ་གཉིས་པ། །སྣ་ཚོགས་གཟུགས་དང་ཟླ་བའི་འོད། །མཐའ་ཡས་དང་ནི་ས་སྐྱོང་དང༌། །དཔལ་སྐྱོང་སེང་གེ་རྣམ་པར་གནོན། །སྟོབས་པོ་ཆེ་དང་མ་འགགས་པ། །མི་ཡི་སེང་གེ་དབང་ཕྱུག་ཆེ། །མཐའ་ཡས་རྣམ་རྒྱལ་རིགས་ལྡན་དང༌། །གྲགས་པ་རིན་ཆེན་དེ་ནས་སླར། །དེ་སྲས་འཁོར་ལོ་ཆེན་པོ་ཅན། །རིགས་ལྡན་དྲག་པོ་འབྱུང་བར་འགྱུར། །སྨྲ་མཁས་རྟ་མཆོག་ཏིང་འཛིན་གྱིས། །ཀླ་ཀློའི་ཆོས་ནི་མཐར་བྱེད་པའོ། །ཞེས་གསུངས་པ་ལྟར་རིགས་ལྡན་ཉི་མ་དང༌། སྣ་ཚོགས་གཟུགས་དང༌། ཟླ་འོད་དང༌། མཐའ་ཡས་དང༌། ས་སྐྱོང་དང༌། དཔལ་སྐྱོང་དང༌། སེང་གེ་དང༌། རྣམ་གནོན་དང༌། སྟོབས་ཅན་དང༌། མ་འགགས་པ་དང༌། མི་ཡི་སེང་གེ་དང༌། དབང་ཕྱུག་ཆེན་པོ་དང༌། མཐའ་ཡས་རྣམ་རྒྱལ་དང༌། རིགས་ལྡན་དྲག་པོ་དང་བཅུ་བཞི་བྱ་དགོས་པ་ཤེས་པར་གྱིས། དེ་ནས་སྲོང་བཙན་སྒམ་པོ་དགུང་ལོ་བཅུ་བཞེས་པའི་མེ་ཁྱི་ལ་རྒྱལ་སར་བྱོན། བལ་བཟའ་ཁྲི་བཙུན་ཁབ་ཏུ་བཞེས། ལྷ་མི་བསྐྱོད་རྡོ་རྗེ་དང༌། བྱམས་པ་ཆོས་འཁོར་གདན་དྲངས། ཙན་དན་སྒྲོལ་མ་རང་བྱོན་རྣམས་སྤྱན་དྲངས། ལོ་བཅོ་བརྒྱད་བཞེས་པའི་དུས་ཤིང་ཕོ་རྟ་ལ་དམར་པོ་རིར་ཕེབས། ཕྱི་ལོ་ཤིང་ལུག་ལ་དམར་པོ་རིར་ཕོ་བྲང་རྨངས་བཏིང་སྟེ། གྱང་རིམ་སུམ་ཅུ་བརྩེགས་པ་མཁར་དམར་པོ་དགུ་བརྒྱ་དང་གོ་དགུ་ཡོད་པ་བཞེངས། ས་མོ་ཕག་ལ་བལ་བཟས་སྦྱིན་བདག་མཛད་ནས་འོ་ཐང་གི་མཚོ་བསྲུབས་ནས་ར་ས་འཕྲུལ་སྣང་བཏབ།

           རྒྱལ་པོ་དགུང་ལོ་ཉི་ཤུ་བཞེས་དུས་རྒྱ་བཟའ་ཀོང་ཇོས་མདོ་སྡེ་པད་དཀར། དཀོན་མཆོག་སྤྲིན། འདུས་པ་རིན་པོ་ཆེའི་ཏོག་གཟུངས་བཞི་དང་འཕྲུལ་སྣང་གི་ཇོ་བོ་སྤྱན་དྲངས་ཏེ་དམར་པོ་རིར་དཔྱིད་ཟླ་འབྲིང་པོའི་ཡར་ངོའི་ཚེས་བརྒྱད་ལ་ཕེབས་ཏེ་ར་མོ་ཆེའི་གཙུག་ལག་ཁང་བཞེངས་པའི་དུས་ཐོན་མི་སཾ་བྷོ་ཊས་བོད་དུ་ཡི་གེ་བྱས། རྒྱལ་པོ་འདིས་རྒྱལ་སྲིད་ལོ་དྲུག་ཅུར་བསྐྱངས་ཏེ་དམ་པའི་ཆོས་ཀྱི་སྲོལ་བཟང་པོ་བཏོད་ནས་དགུང་ལོ་གྱ་གཉིས་པ་ས་ཕོ་ཁྱི་ལ་བཙུན་མོ་གཉིས་དང་ལྷན་ཅིག་ཏུ་ཐུགས་རྗེ་ཆེན་པོ་རང་བྱུང་གི་ཐུགས་ཀར་ཐིམ། རྒྱ་བཟའ། བལ་བཟའ། ཞང་ཞུང་བཟའ། རུ་ཡོང་བཟའ། མི་ཉག་བཟའ་དང་ལྔ་བཞེས་ཀྱང་སྲས་མ་བྱུང་བར་སྟོད་ལུང་ནས་མོང་གཟའ་ཁྲི་ལྕམ་བཞེས་པའི་སྲས་གཉིས་ལས། གཅུང་མང་སྲོང་མང་བཙན་གྱིས་རྒྱལ་སྲིད་བཟུང༌། སྲོང་བཙན་འཁྲུངས་པའི་མེ་གླང་ནས་ཁྲི་རིན་པོ་ཆེ་འོད་ཟེར་གྱིས་བརྩིས་པས་རབ་བྱུང་དགུ་པའི་མེ་བྱི་ཡན་ཆད་ལ་ལོ་དགུ་བརྒྱ་དང་གཅིག་སོང༌། དེ་ནས་རབ་བྱུང་བཅུ་གཉིས་པའི་མེ་སྤྲེལ་བར་དུ་ལོ་ཉིས་བརྒྱ་ཐམ་པ་སོང་བ་དང་བསྲེས་པས་ལོ་སྟོང་དང་ཆིག་བརྒྱ་དང་གཅིག་སོང༌། ལྷ་སའི་རྨངས་གཏིང་ནས་མེ་བྱི་ཡན་ལ་ལོ་བརྒྱད་བརྒྱ་དང་དོན་དགུ་སོང༌། མེ་སྤྲེལ་འདི་ཡན་ལ་ལོ་སྟོང་དང་དོན་དགུ། སྲོང་བཙན་གཤེགས་པའི་ས་ཁྱི་ཡན་ཆད་ལ་བསྟན་པ་ལོ་སྟོང་དང་ལྔ་བརྒྱ་སོ་གསུམ་སོང༌། ས་ཁྱི་དེ་ནས་བརྒྱད་ཅུ་སོང་བའི་ས་རྟ་ལ་ཁྲི་སྲོང་ལྡེ་བཙན་འཁྲུངས། དགུང་ལོ་བཅུ་གསུམ་པ་ལ་རྒྱལ་པོས་སྦ་ཡེ་ཤེས་དབང་པོ་ཕོ་ཉར་མངགས་ཏེ། མཁན་ཆེན་ཞི་བ་འཚོ་སྤྱན་དྲངས། དེའི་ལུང་བསྟན་ལྟར་སློབ་དཔོན་པདྨ་འབྱུང་གནས་སྤྱན་དྲངས། བོད་ཀྱི་ལྷ་སྲིན་དམ་ལ་བཏགས་ཤིང་ཧས་པོ་རིར་ཕེབས།

           རྒྱལ་པོ་དགུང་ལོ་ཉེར་གཅིག་པ་ས་སྟག་ལ་བསམ་ཡས་གཙུག་ལག་ཁང་བཞེངས། ལོ་བཞི་ལ་གྲུབ། ཁ་ཅིག་ཉེར་གཉིས་པ་ལྕགས་ཡོས་ལ་བཏབ་ཟེར། དེ་ནས་གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་སློང་བཅུ་གཉིས་སྤྱན་དྲངས། སད་མི་མི་བདུན་རབ་ཏུ་བྱུང༌། པཎྜི་ཏ་བི་མ་ལ་མི་ཏྲ། སངས་རྒྱས་གསང་བ་སོགས་དང༌། ལོ་ཙཱ་བ་སད་མི་མི་བདུན་དང༌། བནྔྷེ་དཔལ་བརྩེགས་སོགས་ཀྱིས་ཆོས་མང་དུ་བསྒྱུར། མཐར་དགུང་ལོ་རེ་དགུ་པ་མེ་སྟག་ལ་འདས། ཁ་ཅིག་ལོ་བཅུ་ལ་གསང༌། དེའི་སྔོན་ལ་གཤེགས་སྐད། དེ་ནས་མེ་ཁྱི་ཡན་ཆད་ལ་ལོ་བདུན་བརྒྱ་དང་སོ་གཅིག་འདས། དེ་ནས་མེ་སྤྲེལ་འདིའི་བར་ལ་ལོ་དགུ་བརྒྱ་དང་སུམ་ཅུ་སོ་གཅིག་འདས། བསམ་ཡས་བཏབ་ནས་མེ་ཁྱིའི་བར་ལོ་བདུན་བརྒྱ་དང་དོན་དགུ་སོང༌། མེ་སྤྲེལ་འདིའི་བར་ལ་ལོ་དགུ་བརྒྱ་དང་དོན་དགུ་སོང༌། བུའི་ཆོས་འབྱུང་དུ་མེ་ཡོས་ལ་བཏབ་པར་བཀོད་པས་ཅུང་འདི་ལེགས་པ་འདྲ། འདིའི་རྗེས་སུ་སྲས་མུ་ནེ་བཙན་པོས་རྒྱལ་སྲིད་མཛད། མི་རྣམས་ལྟོགས་ཕྱུག་ལན་གསུམ་བསྙམ། ཉེར་དགུ་ལ་འདས། དེའི་རྗེས་གཅུང་ཁྲི་སྲོང་ལྡེ་བཙན་སད་ན་ལེགས་ཀྱིས་རྒྱལ་སྲིད་བཟུང༌། བསྟན་པའི་ཞབས་ཏོག་ཆེར་མཛད་ནས་ང་བཞི་པ་ས་མོ་བྱ་ལ་གྲགས་ཀྱི་ཕུར་འདས། དེའི་སྲས་བར་པ་མངའ་བདག་ཁྲི་རལ་ཅན་ནི་ཤམྦྷ་ལར་རིགས་ལྡན་རྒྱལ་དཀས་བྱེད་རྩིས་མགོ་བརྩམས་པའི་མེ་ཁྱི་ལ་འཁྲུངས། དགུང་ལོ་བཅུ་གཉིས་པ་མེ་བྱ་ལ་རྒྱལ་སྲིད་བཟུང༌། འདི་ནི་ཕྱག་རྡོར་སྤྲུལ་པར་གྲགས། འདིའི་རིང་ལ་ཀ་ཅོག་ཞང་གསུམ་སོགས་ཀྱིས་སྡེ་སྣོད་གསུམ་གྱི་ཆོས་མང་དུ་བསྒྱུར། ཕོ་བྲང་འོ་ཤིང་རྡོ་རྒྱ་ཕིབས་དགུ་ཐོག་ཅན་བཞེངས། འདི་ཡན་ཆད་དུ་བོད་ཆོས་རྒྱལ་རྣམས་ཀྱིས་གཙུག་ལག་ཁང་སྟོང་རྩ་བརྒྱད་བཞེངས་པར་གྲགས། རབ་བྱུང་མི་རེ་ལ་མི་ཁྱིམ་བདུན་བདུན་ཕུལ་ནས་ཞབས་སྤྱི་བོར་བླངས། ཆོས་འགྱུར་རོ་ཅོག་གི་གཞུང་ཚད་བམ་གྲངས་འགྱུར་བྱང་དང་བཅས་དཀར་ཆག་ཏུ་བཀོད། རྒྱ་བོད་འདུམ་བྱས་པའི་རྡོ་རིང་གི་ཡི་གེ་བྲིས་པ་སོགས་མཛད།

           དགུང་ལོ་སོ་དྲུག་པར་འདས། སྲོང་བཙན་སྒམ་པོ་རྒྱལ་སར་བྱོན་པའི་ས་མོ་གླང་ནས་རལ་བ་ཅན་འདས་པའི་ལྕགས་བྱ་ཡན་ཆད་ལ་ལོ་ཉིས་བརྒྱ་དང་བཅུ་གཅིག་སོང་འདུག་པའི་རིང་ལ་བོད་དུ་བསྟན་པ་སྔ་དར་གྱི་ཐ་སྙད་བྱས། ལྕགས་བྱ་དེ་ནས་མེ་ཁྱི་ཡན་ཆད་ལ་ལོ་དྲུག་བརྒྱ་དང་དོན་དྲུག་སོང༌། མེ་སྤྲེལ་འདི་ཡན་ཆད་ལ་ལོ་བརྒྱད་བརྒྱ་དང་དོན་དྲུག་སོང༌། གླང་དར་གྱིས་བསྟན་པ་བསྣུབས་པ་མ་བཟོད་ནས། ལྷ་ལུང་དཔལ་གྱི་རྡོ་རྗེས་བསད། དེ་ནས་ལོ་ལྔ་བཅུ་འདས་པ་ཆུ་བྱི་ལ་བླ་ཆེན་དགོངས་པ་རབ་གསལ་འཁྲུངས། དེ་ནས་ལོ་དྲུག་འདས་པ་ས་རྟ་ལ་ལོ་ཆེན་རིན་ཆེན་བཟང་པོ་འཁྲུངས། དེ་ནས་ལོ་བཅོ་ལྔ་འདས་པ་ཆུ་བྱི་ལ་ཕྱི་དར་གྱི་མགོ་བཙུགས་པར་བུ་སྟོན་ཐམས་ཅད་མཁྱེན་པ་བཞེད། དེ་ནས་ལོ་གསུམ་འདས་པའི་མེ་བྱི་ལ་ཞིང་སྣ་ནམ་རྡོ་རྗེ་དབང་ཕྱུག་འཁྲུངས། དེ་ནས་ལོ་གཉིས་འདས་པའི་ས་སྟག་ལ་ཕྱི་དར་མགོ་ཚུགས་པར་འབྲོམ་སྟོན་པ་བཞེད། དེ་ནས་ཇོ་བོ་བོད་དུ་ཕེབས་པའི་ཆུ་རྟའི་བར་ལོ་དྲུག་ཅུ་རྩ་བཞིའི་ཁོངས་སུ་དབུས་ཀྱི་ལྔ། གཙང་གི་གསུམ། མངའ་རིས་འོད་བརྒྱད་པ་སྤུན་གཉིས་དང་མཁས་པ་མི་བཅུས་བསྟན་པ་མདོ་སྨད་ནས་དར་བར་ཕེབས་ནས་དབུས་གཙང་དུ་བསྟན་པ་སྤེལ། ས་སྟག་ནས་ལོ་བཞི་འདས་པའི་ཆུ་རྟ་ལ་ཇོ་བོ་ཨ་ཏི་ཤ་འཁྲུངས། དེ་ནས་ལོ་བཅུ་གཅིག་འདས་པའི་ཆུ་སྦྲུལ་ལ་འབྲོག་མི་ལོ་ཙྪ་བ་འཁྲུངས། དེ་ནས་ལོ་བཅུ་གཅིག་འདས་པའི་ཤིང་འབྲུག་ལ་འབྲོམ་སྟོན་པ་རྩྭ་སྒྱེ་མོར་འཁྲུངས། དེ་ནས་ལོ་བདུན་འདས་པའི་ལྕགས་ཕག་ལ་ནག་ཚོ་དང་ཁུ་སྟོན་གཉིས་འཁྲུངས།

           དེ་ནས་གཅིག་འདས་པའི་ཆུ་བྱི་ལ་དགེ་བཤེས་གྲྭ་བ་མངོན་ཤེས་ཅན་དང་ལོ་ཆེན་ལྷོ་ཕྲག་མར་པ་གཉིས་འཁྲུངས། སྣ་ནམ་པས་རྒྱལ་ལྷ་ཁང་བཏབ། དེ་ནས་གཉིས་འདས་པའི་ཤིང་སྟག་ལ་ཟུར་ཆུང་འཁྲུངས། དེ་ནས་གཅིག་འདས་པའི་ཤིང་ཡོས་ལ་བཀའ་གདམས་རྣལ་འབྱོར་པ་ཨ་མེས་ཆེན་པོ་འཁྲུངས། དེ་ནས་གཅིག་འདས་པའི་མེ་འབྲུག་ལ་འཛེང་དགོན་པ་བ་དབང་ཕྱུག་འཁྲུངས། དེ་ནས་གཅིག་འདས་པའི་མེ་སྦྲུལ་ལ་ཆག་ཁྲི་མཆོག་དང་རྒྱ་གར་ཕྱག་ན་གཉིས་འཁྲུངས། གྲུ་མེར་གྱིས་ཐང་པོ་ཆེ་བཏབ། དེ་ནས་གསུམ་འདས་པ་ལྕགས་སྤྲེལ་ལ་འབྲོམ་རིན་པོ་ཆེ་ཁམས་སུ་ཕེབས། བླ་མ་སེ་བཙུན་བསྟེན། དེ་ནས་ལོ་བདུན་འདས་པ་ན་མེ་མཁའ་རྒྱ་མཚོའི་ལོ་འདས་ཏེ་རབ་བྱུང་དང་པོ་མེ་ཡོས་ཀྱི་རེ་མིག་འདི་ཤར་བ་དང༌། ཤམྦྷ་ལར་རིགས་ལྡན་ཉི་མ་ཁྲིར་ཕེབས་པ་དུས་མཉམ། འོ་ན་དེང་སང་རིགས་ལྡན་གང་གི་དུས་སྙམ་ན་རིགས་ལྡན་བཅོ་བརྒྱད་པ་སེང་གེ་ཤམྦྷ་ལའི་སེང་གེའི་ཁྲིར་ཕེབས་ནས་ལོ་དགུ་བཅུ་བཞེས་པ་རབ་བྱུང་བཅུ་གཉིས་པ་མེ་སྤྲེལ་འདིའོ། །འདི་ནས་ལོ་བཅུ་སོང་བ་དང༌། རིགས་ལྡན་བཅུ་དགུ་པ་རྣམ་གནོན་གྱིས་ཁྲི་མཛད་ནས་ལོ་བརྒྱར་ཆོས་སྟོན་པར་འགྱུར་རོ། །

 

                                                                                                                 རྩོམ་སྒྲིག་པ། མང་ར་བ།

         གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                    དྲ་བའི་སྦྲེལ་ཐགhttp://www.tb1025.cn 

 

བརྒྱུད་འགོད།