ཆོས་སྡེ་ཆེན་པོ་དགའ་ལྡན་གྱི་དཀར་ཆག་གསུམ་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-10-11 20:25:39     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞེད་པ།    ཀློག་ཐེངས།  

 262203419828328873.jpg

                 དགོན་པ་འདིའི་རྟེན་གཅོ་བོ་ལྷ་མིའི་མཆོད་གནས་མཐོང་ཐོས་དོན་ལྡན་བྱེད་པའི་རྟེན་མཐའ་ཡས་པ་ལས་རགས་རིམ་བརྗོད་ན། ཡངས་པ་ཅན་གྱི་གཙང་ཁང་དུ་ལྷ་བཟོའི་བཟོ་ཐིག་སོགས་ཕལ་བ་མིན་པར་སྐུ་རྒྱུའི་བྱིན་རླབས་བཟོ་བོའི་སྐྱེད་ཆོག་དང་ལག་ཆ་གང་དགོས་རྒྱུད་སྡེའི་དགོངས་པ་ལྟར་གྱི་སྐྱེད་ཆོག་སོགས་རྗེ་རང་ཉིད་ཀྱིས་མཛད་ནས་བྱིན་རླབས་ཀྱི་ཕུང་པོར་བསྐྲུན་པར་མ་ཟད། ཕྱག་ཚད་ཀྱང་ཤཱ་རིའི་བུ་དང༌། ཚངས་པ་ཨེ་ཊའི་བུ་ལ་སོགས་པས་ཞུས་པར་གྲགས་པ་སོགས་ཡོད་ཀྱང༌། གཙོ་བོར་འཁྲུལ་མེད་ནི་བདེ་མཆོག་སྡོམ་འབྱུང་གིས་སངས་རྒྱས་བྱང་སེམས་ལྷ་ཞི་ཁྲོ་དུ་མའི་ཕྱག་ཚད་སྟོན་པ་དང༌། དེའི་འགྲེལ་པ་རཏྣ་རཀྵི་ཏས་མཛད་པ་དང༌། གཤིན་རྗེ་གཤེད་དམར་ནག་གི་རྒྱུད་གཉིས་ཀྱི་ལེའུ་རེ་རེས་ཕྱག་ཚད་སྟོན་པ་རྣམས་གུང་བསྒྲིགས་ནས་ཚད་དང་ལྡན་པར། སྟོན་པའི་སྐུ་གཟུགས་ཇོ་བོའི་སྐུ་ཚད་ལས་ཅུང་ཆེ་བ་གསེར་ཟངས་ལས་བསྒྲུབ་པ། པད་སྦྲགས་དང་བཅས་པའི་དཔངས་གཞུ་འདོམ་གང་སོར་བཅུ་ཡོད་པ། ནང་རྟེན་སོགས་རྗེ་བླ་མ་ཉིད་ཀྱིས་མཛད་པ། རབ་གནས་རྒྱས་པར་མཛད་པས་ཚུལ་ཁྲིམས་ཀྱི་དྲི་ངད་ལྡང་བ་ཐུབ་པ་ཚུལ་ཁྲིམས་མར་གྲགས་པ། རྗེ་རིན་པོ་ཆེས་མ་འོངས་པ་ན་ཇོ་བོ་རིན་པོ་ཆེ་ཀླུས་གདན་དྲངས་པའི་ཚེ་འདི་ཇོ་བོའི་སྐུ་ཚབ་ཡོངས་པར་ལུང་བསྟན་པར་གྲགས་པ། ལན་རེ་མཐོང་བས་ཀྱང་སངས་རྒྱས་ཀྱི་སྨོན་ལམ་དང་རྗེ་བཙུན་ཙོང་ཁ་པ་ཆེན་པོའི་ཐུགས་རྗེའི་ཤུགས་ཀྱིས་མངོན་མཐོ་ངེས་ལེགས་ཀྱི་ས་བོན་བསྐྲུན་ངེས་འདི་བཞུགས། རྗེ་འདིས་དེ་ལྟར་ཕྱག་ཚད་མཛད་པས་དེའི་སྲས་ཀུན་གྱིས་ཀྱང་དེ་ལྟར་བྱས་ཤིང་ཕྱག་ཚད་ཀྱི་ཟིན་བྲིས་ཡང་ཡོད་ཅིང༌། ཁྱད་པར་དུ་རྒྱལ་བ་དགེ་འདུན་གྲུབ་པས་བཀྲ་ཤིས་ལྷུན་པོར་དེ་ལྟར་མཛད་པས་སྨན་ཐང་བ་སྔ་ཕྱིའི་ཟིན་བྲིས་དང༌། སྨན་བླ་དོན་གྲུབ་དང༌། སྤྲུལ་སྐུ་ང་ལ་གཟིགས་སམ་འཕྲང་ཁང་པ་དཔལ་ལྡན་བློ་གྲོས་གཉིས་ཀྱིས་ཡིག་ཆ་ལེགས་པ་རེ་མཛད་པས་དེང་སང་ཕྱོགས་ཐམས་ཅད་དུ་ཁྱབ་པར་གྱུར་ཏོ། །

                 དེ་ཡང་འདིའི་རྒྱབ་ཡོལ་དུ་སངས་རྒྱས་སོ་ལྔའི་སྐུ། གཡས་གཡོན་དུ་ལྡེམ་དང་བཅས་པ་གཟི་བྱིན་བླ་ན་འབར་བ་དང༌། དེའི་གཡོན་དུ་རྒྱལ་ཚབ་དར་མ་རིན་ཆེན་གྱིས་རྒྱུ་ཕྱག་ཚད་སྔ་མ་ལྟར་མཛད་ནས་ནང་རྟེན་དུ། གསེར་ཟངས་ལས་གྲུབ་པའི་འོད་དཔག་མེད་སྐུ། རྗེ་དེ་སོགས་དམ་པ་དུ་མས་ཕྱག་ནས་འཐོར་བའི་བྱིན་རླབས་ཤིན་ཏུ་ཆེ་བ་དང༌། གཡོན་དུ་མཁས་གྲུབ་ཐམས་ཅད་མཁྱེན་པ་སོགས་འབྲི་ཕག་སོ་སོས་རྗེ་བདག་ཉིད་ཆེན་པོའི་དགོངས་རྫོགས་སུ་ཟངས་ཀྱི་དད་འབུལ་མང་པོ་བྱུང་བ། མཁས་གྲུབ་ཐམས་ཅད་མཁྱེན་པས་རྒྱུའི་བྱིན་རླབས་ཕྱག་ཚད་ཞིབ་ཐིག་གནང་ནས་རབ་གནས་མཛད་པ། གསེར་ཟངས་ལས་གྲུབ་པའི་ཐུབ་དབང་གི་ཚད་གཞུ་འདོམ་གང་དང་སོར་དགུ་ཡོད་པ། བྱིན་རླབས་དང་གཟི་བྱིན་ཕན་ཚུན་འགྲན་པ་ལྟ་བུ། རྒྱབ་ཡོལ་སངས་རྒྱས་སོ་ལྔ་དང༌། གསོལ་ལྷུང་དང་བཅས་པ་འདི་བཞུགས། དེའི་གཡོན་དུ་རྗེ་བཙུན་འཇམ་དབྱངས་ཀྱིས་བསྐྱེད་རྫོགས་གྱི་རྟོགས་པ་ཁྱད་པར་ཅན་འཁྲུངས་པའི་སློབ་མ་བདུན་ལུང་བསྟན་པའི་ནང་ཚན་དང༌། རྗེ་བཙུན་གྱིས་འཁོར་དག་པ་རྣམ་བརྒྱད་ཕྱག་གཡོག་ཏུ་གནང་བའི་ནང་ཚན་དུས་འཁོར་གྱི་སྟོང་གཟུགས་དང༌། གསང་བདེ་འཇིགས་བྱེད་ཀྱི་རིམ་གཉིས་ཀྱི་རྟོགས་པ་ཁྱད་པར་ཅན་སྐྱེས་པར་ཞང་ཞུང་ཆོས་དབང་གྲགས་པའི་བསྟོད་ཚོགས་སོགས་ནས་བཤད་པ་ལྟར་མངའ་བ། ཤར་གྱི་གདན་ས་ཡང་འདིའི་གདན་ས་ཡིན་པ། དེའི་དགོངས་རྫོགས་ལ་བཞེངས་པའི་གསེར་ཟངས་ཀྱི་ཐུབ་དབང་སྐུ་བྱིན་ཅན་འདི་བཞུགས། དེའི་གཡོན་གྱི་རྣམ་རྒྱལ་མཆོད་རྟེན་འདོམ་ཕྱེད་དོ་བ་འདི་ནི། རྗེ་བཙུན་གྱིས་ལུང་བསྟན་པའི་འཁོར་དག་པ་རྣམ་བརྒྱད་ཀྱི་ཐོག་མ་འཇམ་དཀར་བ། རྟོགས་པའི་ཡོན་ཏན་གྱི་ཕུང་པོ་དེའི་གདུང་ཐལ་ལས་གྲུབ་པ་ཡིན་ལ། གདུངས་འབུམ་དགའ་ལྡན་གྱི་སྐོར་ལམ་གྱི་ནང་གི་དེ་ཡིན་པར་ངག་རྒྱུན་དང༌། པཎ་ཆེན་རིན་པོ་ཆེས་གསུངས་ཚུལ་དེ་མོ་སྤྲུལ་སྐུ་ངག་དབང་དགེ་ལེགས་ཀྱི་རྣམ་ཐར་ན་ཡོད།

                 དེའི་གཡོན་གྱི་རྒྱལ་བ་སེང་གེའི་ང་རོའི་གསེར་སྐུ་འདི་ནི། འཇམ་དབྱངས་གཙང་པ་བདུན་གྱི་ནང་ཚན་ལྔ་པ་བ་སོ་ཆོས་ཀྱི་རྒྱལ་མཚན་རང་ཉིད་ཀྱིས་རྒྱུ་ཐིག་ཚད་སྔར་བཞིན་མཛད་ནས་བཞེངས་ཤིང་རབ་གནས་སོགས་མཛད། བྱིན་རླབས་རྒྱལ་བ་སེང་གེ་ང་རོ་དང་མཚུངས་པར་གྲགས་པ་འདིའི་ཁྲི་འདི་ཡང་རྒྱལ་བ་ཙོང་ཁ་པ་ཆེན་པོའི་འོད་གསལ་གཟིམས་ཁྲི་ཡིན་ནོ། །སྤྲུལ་པའི་གླེགས་བམ་ལས། ཁྲིམས་འཆལ་བྱོལ་སོང་སྐྱོང་བར་བྱེད། །སྡིག་གྲོགས་འཕེལ་ཞིང་སྐྱོན་གྱིས་གང༌། །རང་ཉིད་མི་བསྲུན་གཞན་ལ་འཕྱ། །ནོར་བདུན་འདོར་ཞིང་ནོར་མིན་སྒྲུབ། །ཅེས་སོགས་ལྟར་བཀའ་གདམས་ཀྱི་བསྟན་པ་སྔ་མ་ཡང་དེ་འདྲར་གྱུར་སྐབས་སུ་ལྔ་བརྒྱའི་ཐ་མར་བསྟན་པའི་མེ་རོ་གསོ་ཞིང༌། གྲགས་པ་བྱང་རིའི་རྩེ་མོར་སྐུ་གདུང་དམ་པ་བཞག་ནས་ཐུགས་རྗེའི་འོད་ཟེར་གྱིས་དད་ལྡན་དཔག་མེད་སྡུད་ཚུལ་དང༌། བསྟན་པ་གནས་ཀྱི་བར་དུ་སྤྲུལ་པ་ཡི་གེ་དང༌། འོད་ཟེར་དང༌། དབྱངས་དང༌། གཟུགས་བརྙན་དང༌། གང་ཟག་སྣ་ཚོགས་འབྱོན་ལ། རྒྱ་མཚོ་ལྟ་བུའི་དགོན་པ་འོང་བར་བཤད་པས། རྗེ་རྒྱལ་བ་ཁོ་ན་ལུང་བསྟན་དང༌། དགའ་སྣར་ཐང་བྱང་ཆེན་དང༌། སངས་རྒྱས་སེང་གེའི་ལུང་བསྟན་ཁྱད་པར་མི་ཚང་ལས། ལུང་བསྟན་འདི་ལ་སེང་གེའི་མཚན་ཉིད་མི་ལྡན་བཞིན་དུ་རི་བོང་གིས་ཨང་ཉན་མི་བྱེད་པར་ལུང་བསྟན་ཚུལ། ཇི་སྐད་དུ། གླེགས་བམ་གྱི་སྔར་གྱི་ལུང་བསྟན་གྱི་འཕྲོ་ཉིད་དུ་གླེགས་བམ་ལས། འོན་ཀྱང་ལྔ་བརྒྱའི་ཐ་མར་ཡང༌། །བསྟན་པའི་མེ་རོ་དེ་ན་གནས། །རྒྱལ་བ་མྱ་ངན་འདས་པ་ཡི། །རིང་བསྲེལ་སྐྱེ་རྒུས་མཆོད་པར་བྱེད། །བྱང་རི་ལྷུན་པོ་བརྟན་པའི་རྩེར། །བྱང་ཆུབ་གནས་ཞེས་གྲགས་པའི་སར། །བདག་གིས་བྱིན་རླབས་སེང་གེའི་སྒྲ། །སྐུ་གདུང་དམ་པ་དེར་གནས་ཏེ། །ཐུགས་རྗེས་འོད་ཟེར་ཕྱོགས་བཅུར་འཕྲོ། །ཞེས་པ་ནས། བསྟན་གནས་བར་དུ་ཡང་ཡང་འོང༌། །ཞེས་གསུངས་པ་ལྟར་གནས་འདིར། སྔར་ནས་སངས་རྒྱས་ཟིན་ཀྱང་ཚུལ་བསྟན་ལ་རྗེ་བདག་ཉིད་ཆེན་པོས་བདུད་རིགས་ཚར་བཅད། བར་དོ་ལོངས་སྤྱོད་རྫོགས་པའི་སྐུར་སངས་རྒྱས་པའི་ཚུལ་བསྟན་པའི་གནས་ཡིན་པས་བྱང་ཆུབ་ཀྱི་གནས་དང༌། རྡོ་རྗེ་གདན་དང་མཚུངས་པར་ལུང་བསྟན་པའི་སྐུའི་རགས་པའི་ཟུང་འཇུག་གི་ཟ་མ་ཏོག་བསྟན་པ་ཡུན་རིང་དུ་གནས་པའི་རྟེན་འབྲེལ་དུ། མ་ཉམས་པར་ཙན་དན་འབའ་ཞིག་ལས་བསྒྲུབ་པའི་སྒྲོམ་དུ་བཞུགས་པ། སོ་སོས་དད་འབུལ་གྱི་དངུལ་བྲེ་ཆེན་བཅོ་བརྒྱད་སོགས་ཀྱིས་གདུང་རྟེན་སྔར་བཤད་པ་ལྟར་མཆོད་རྟེན་གྱི་ཆ་ཚད་ཕུན་སུམ་ཚོགས་པ་རིན་པོ་ཆེའི་ཕྲ་སྣ་ཚོགས་པས་སྤྲས་པ་བཞེངས་ཏེ། དེ་དག་གི་བུམ་པར་སྐུ་གདུང་སྣམ་སྦྱར་གྱིས་དྲིལ་བ་ཙན་དན་གྱི་སྒྲོམ་དང་བཅས་པ་བཞུགས་ཤིང༌། རིམ་གཉིས་ཀྱི་ཏིང་ངེ་འཛིན་ཕ་རོལ་ཏུ་ཕྱིན་པའི་རྡོ་རྗེ་སློབ་མ་དག་པ་རྣམ་བརྒྱད་ཀྱི་ལྷག་བདུན། རྒྱལ་ཚབ། འདུལ་འཛིན། མཁས་གྲུབ་ཐམས་ཅད་མཁྱེན་པ་སོགས་ཀྱིས་རབ་གནས་རྨད་བྱུང་གནང་བ་དངུལ་གདུང་མཐོང་བ་དོན་ལྡན་དུ་གྲགས་པ་མིང་དོན་གནས་ཀྱི་བྱིན་རླབས་ཀྱི་སྐྱེ་དགུའི་ནོར་བུ་འདི་ལ་ཡང་ཕྱི་དུས་སུ་དཔའ་རིས་གསེར་ཏོག་ནང་སོས་དེ་ནང་རྟེན་བྱས་ཏེ་རྣམ་རྒྱལ་མཆོད་རྟེན་ཕྲ་རྒྱན་ཕུན་སུམ་ཚོགས་པ་སྟེང་འོག་བར་གསུམ་ལ་འོས་པའི་བླ་མ་ཡི་དམ་ཆོས་སྐྱོང་སྐུ་དུ་མས་སྤྲས་པ་ཁྱད་འཕགས་འདི་བྱས་སོ། །

                  དེའི་མདུན་དུ་རྗེ་བདག་ཉིད་ཆེན་པོའི་སྐུ་འོད་ཟེར་མར་གྲགས་པ་འདི་ལ་འོད་ཟེར་འཕྲོས་པ་གཙང་ཁང་གི་ཐུབ་པ་དང་འོད་གསལ་ཕུག་གི་ལྡེབ་རིས་རྗེ་བདག་ཉིད་ཆེན་པོ་རང་གི་འདྲ་སྐུ་གསུམ་འབྲེལ་བྱུང་བས་དེ་ལྟར་གྲགས་ཤིང༌། ད་ལྟ་ཡང་དུས་བཟང་ལ་དེ་ལྟར་འོང་བར་གྲགས་ཤིང༌། རྒྱལ་བ་གོང་མ་དག་དང༌། པཎ་ཆེན་གོང་མ་དང༌། གཟིམས་ཁང་གོང་མ་དག་བྱོན་དུས་མཆོད་རྟེན་དང་སྐུ་འདི་དག་ལ་འོད་སོགས་བྱུང་བ་རྣམ་ཐར་དང་ངག་རྒྱུན་ལ་གྲགས་ཤིན་ཏུ་ཆེ་བ། བྱིན་རླབས་རྗེ་རང་ཉིད་དང་ཆ་འདྲ་བ། མདུན་དུ་རྗེ་རང་གི་གསོལ་ལྷུང་གསོལ་དཀར་དང་བཅས་པ་ལགས། འདིའི་གཡས་སྐུ་འདི་རྒྱལ་ཚབ་རིན་པོ་ཆེའི་སྐུ་དང༌། གཡོན་སྐུ་མཁས་གྲུབ་རིན་པོ་ཆེའི་སྐུ་ཡིན། བདེ་མཆོག་དཔུང་སྐུ་རྒྱ་གར་མ་དང༌། རྒྱ་ནག་མར་གྲགས་པ་གཉིས་རང་རང་གི་བླ་མའི་སྐུ་མདུན་དུ་ཡོད་པ་བླ་མ་གཉིས་ཀྱི་ཐུགས་དམ་གྱི་རྟེན་དུ་གྲགས། འཇམ་དབྱངས་སེང་ཞོན་མ་རྗེའི་ཐུགས་དམ་གྱི་རྟེན་ཁྱད་འཕགས་ཕྲ་རྒྱན་ཕུན་སུམ་ཚོགས་པ་འདི་ལ་སོགས་པ་སྐུ་རྟེན་བྱིན་རླབས་ཅན་དུ་མ་བཞུགས། དཔལ་གསང་བདག་གྲུབ་ཆེན་ལས་ཀྱི་རྡོ་རྗེའི་ལུང་བསྟན་ལས། ཆོས་རྗེ་བློ་བཟང་གྲགས་པ་ཁྱེད་རང་གི་གདན་ས་འཛིན་མཁན། མཁས་ཤིང་གྲུབ་པ་བརྙེས་པ་མང་པོ་ཡོངས་པ་འདུག ཁྱེད་རང་གི་རྗེས་ལ་གཙང་པའི་དགེ་བའི་བཤེས་གཉེན་ཁྱེད་རང་གི་ཐུགས་ཁེངས་པ་བདུན་འབྱུང་ཞེས་གསུངས་པ་ལྟར། འཇམ་དབྱངས་གཙང་པ་བདུན་བརྒྱུད་ཀྱི་ཐོག་མ། རྗེ་རིན་པོ་ཆེ་ལ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོས། ཟླ་བ་བཟང་པོ་ཁྱོད་ཀྱི་རིགས་ལྡན་པདྨ་དཀར་པོ་དང༌། འཇམ་དཔལ་གྲགས་པ་གཉིས་རྗེས་སུ་ཟུངས་ཤིག་ཅེས་ལུང་བསྟན་པའི་པདྨ་དཀར་པོ་ནི་རྒྱལ་ཚབ་དང༌། འཇམ་དཔལ་གྲགས་པ་མཁས་གྲུབ་རྗེ་ཡིན་པར་གྲགས་ཆེ་བ་ལྟར། རིགས་ལྡན་པད་དཀར་གྱི་རྣམ་འཕྲུལ་རྒྱལ་ཚབ་ཐམས་ཅད་མཁྱེན་པའི་གདུང་ཞུགས་ལ་ཕུལ་བར་རིང་བསྲེལ་ཤེལ་ལྟ་བུ་དཔག་མེད་ཕེབས་པ་ཕལ་ཆེར་ནང་དུ་བཞུགས་པའི་མཆོད་རྟེན་གཡས་ཀྱི་དང་པོ་འདི་ལགས། དངུལ་གདུང་ཆེན་མོའི་གཡོན་གྱི་མཆོད་རྟེན་འདི་ནི་འཇམ་དབྱངས་བདུན་བརྒྱུད་ཀྱི་གཉིས་པ། རིགས་ལྡན་འཇམ་དཔལ་གྲགས་པའི་རྣམ་སྤྲུལ། མ་འོངས་པ་ན་དྲག་པོ་འཁོར་ལོ་ཅན་དུ་སྤྲུལ་པ་འཛམ་གླིང་མཁས་པའི་གཙུག་ནོར་མཁས་གྲུབ་ཐམས་ཅད་མཁྱེན་པའི་སྐུ་གདུང་ཞུགས་ལ་ཕུལ་བས་ཞུན་ཐིག་ལས་བདེ་མཆོག་དྲིལ་བུ་པའི་སྐུ་བལྟ་བས་ཆོག་མི་ཤེས་པ་དང༌། རིང་བསྲེལ་ཁ་དོག་སྣ་ལྔ་དུ་མ་ཕེབས་པར་དགའ་ལྡན་གྱི་གདན་རབས་ལས་བཤད་པ་ལྟར་ཕལ་ཆེར་ནང་རྟེན་དུ་བཞུགས་པས་བྱིན་རླབས་ཤིན་ཏུ་ཆེ་བ་ལགས། རྒྱལ་ཚབ་ཀྱི་རྟེན་གྱི་གཡས་སུ་མཐུ་སྟོབས་དབང་ཕྱུག །མ་རུང་བ་མཐའ་དག་གི་གཉེན་པོ། དཔལ་གསང་བའི་བདག་པོ་དང་རྡོ་རྗེ་འཇིགས་བྱེད་གཉིས་སུ་མེད་པ། རྗེ་རང་ཉིད་ཀྱིས་སངས་མ་རྒྱས་བར་དུ་ཐུགས་རྗེས་འཛིན་པར་ཞལ་གྱིས་བཞེས་པ། འཇམ་དབྱངས་བདུན་གྱི་གསུམ་པ་རྗེ་ལེགས་པ་རྒྱལ་མཚན་གྱི་གདུང་གི་དབུ་ཀླད་ཞུན་ཐིགས་ལས་རྡོ་རྗེ་འཇིགས་བྱེད་ཀྱི་སྐུ་ཞལ་ཕྱག་ཡོངས་རྫོགས་པ་ནང་དུ་བཞུགས། 

                                                                                                                      རྩོམ་སྒྲིག་པ། མང་ར་བ།

 

         གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།