ཆོས་སྡེ་ཆེན་པོ་དགའ་ལྡན་གྱི་དཀར་ཆག་གཉིས་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-10-11 20:19:32     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞེད་པ།     ཀློག་ཐེངས།  

90826978328408125.jpg 

                  དེ་རྗེས་སྟོན་པ་འཁོར་བཅས་ཁ་ཆེར་ཕེབས་དུས། ད་ལྟའི་སློབ་མ་དགེ་སློང་པདྨའི་ངང་ལྡན་འདི་བོད་གདོང་དམར་ཅན་གྱི་ཡུལ་དུ་བློ་བཟང་གྲགས་པ་ཞེས་བྱ་བའི་དགེ་སློང་དུ་གྱུར་ནས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་མདོ་སྔགས་ཟུང་དུ་འབྲེལ་བའི་བསྟན་པ་རྒྱས་པར་བྱེད་པ་འོང་གསུངས་ཏེ། ཀུན་དགའ་བོ་ལ་བཀའ་སྩལ་ནས། ཀུན་དགའ་བོས་དུང་བསྣམས་ནས་རྫུ་འཕྲུལ་གྱིས་བྱོན། འབྲོག་རི་བོ་ཆེར་གཏེར་དུ་སྦས། གཏེར་བདག་ཚོགས་བདག་ལ་བཅོལ་བ་སྤྲེའུའི་གཟུགས་སུ་ཡོད། ཅེས་གསུངས་ལ། གསང་བའི་བདག་པོ་མཁན་ཆེན་ཕྱག་རྡོར་པའི་ལུང་བསྟན་ལས་ཀྱང༌། ཆོས་རྗེ་བློ་བཟང་གྲགས་པ་ཁྱེད་དགོན་གནས་གར་བཏབ་ན་ལེགས་གསུངས་པ་ཁྱེད་རང་གིས་བླ་མ་དང་ཡི་དམ་དབྱེར་མེད་དུ་མཛོད་ལ་གསོལ་བ་ཐོབ་དང༌། ད་དུང་ཞིབ་ཆ་འདྲ་བ་ཅིག་འཇམ་དབྱངས་ཀྱིས་གསུངས་པར་འདུག འོན་ཀྱང་ང་ལ་ལྷག་པའི་ལྷས་གསུངས་དུས། དབང་བསྐུར་རི་ཡི་འདབས་དག་ཏུ། །བཙུན་མོ་སྡིང་གི་ངོས་ཕྱོགས་སུ། །དགེ་འདུན་དཔག་མེད་འདུ་བར་འགྱུར། །རི་ནི་གང་ཡིན་འཇམ་དབྱངས་འཆད། །དབུས་གཙང་མདོ་ཁམས་རྒྱ་ཡུལ་གྱི། །མཆོད་ཡུལ་དམ་པ་ཚོགས་སོག་རྟེན། །མངའ་རིས་བྱང་ཁམས་ཀུན་གྱི་སྐྱབས། །ཟེར་བ་སོགས་བྱུང་སྟེ། ངའི་འདི་ཟུར་ཙམ་ཡིན། ཁྱེད་རང་གང་དགོས་ཡི་དམ་ལ་ཞུས་པས་ཡོངས་པར་སྣང༌། ཞེས་གསུངས་ལ།

                  དེ་ཡང་དབང་བསྐུར་རི་ནི་དགོན་པའི་མདུན་གྱི་རི་དེ་ལ་ཆོས་རྒྱལ་སྲོང་བཙན་སྒམ་པོ་བཞུགས་ནས་དགོན་པ་ངོས་ཀྱི་སྡིང་དེ་ལ་བཙུན་མོ་བཞུགས་ནས་དབང་བསྐུར་བའི་ཕྱག་ནས་ཀྱི་རྗེས་ཀྱང་རྡོ་ལ་ཡོད་པས། དགོན་པའི་གཡོན་གྱི་སྡིང་ནི་བཙུན་མོ་ཡིན་པས། དེའི་ངོས་ཕྱོགས་སུ་དགེ་འདུན་དཔག་མེད་འདུ་བ་རི་དང་སྡིང་གང་ཡིན་འཇམ་དབྱངས་ལ་དྲིས་ན་འདི་ཡིན་ཞེས་བཤད་པ་ཡོངས་ལ། དགོན་པའི་མ་རྟེན་འབྲེལ་གྱིས་བཙུན་མོ་སྡིང་ངོས་ལ་བཏབ་ན། དབུས་གཙང༌། མདོ་སྨད་དང༌། ཁམས་དང༌། ཆེན་པོ་རྒྱ་ཧོར་གྱི་ཡུལ་གྲུའི་བར་གྱི་མངའ་རིས་ཀྱི་སྐྱེ་འགྲོ་ཁ་ཆེ་ནས་བྱང་ཕྱོགས་ཀྱི་རྒྱ་མཚོ་དང་ཤར་མཐའི་རྒྱ་མཚོའི་བར་དུ་ཁྱབ་ལ། དེ་ཡང་དཔལ་གསང་བ་འདུས་པའི་རྒྱུད་ཕྱི་མ་ལས། གང་ཞིག་ཐུན་བཞིའི་རྡོ་རྗེ་དག་ནི་སྒྲུབ་བྱེད་ཅིང༌། །མི་སྣང་ལ་སོགས་སྣ་ཚོགས་མཆོག་དང་དམན་གྲུབ་ཅིང༌། །བླ་མའི་དྲིན་གྱིས་འདི་ན་མ་ནོར་ལམ་རྟོགས་པ། །བྱང་ཆུབ་རྡོ་རྗེ་འདྲར་བལྟ་དེ་ལ་རྟག་ཕྱག་འཚལ། །ཞེས་སོགས་བཤད་པ་ལྟ་བུའི་ཡོན་ཏན་དང་ལྡན་པའི་མདོ་སྔགས་ཟུང་འབྲེལ་གྱི་རྡོ་རྗེ་འཛིན་པ་ཆེན་པོ་སངས་རྒྱས་ཀྱིས་ཀྱང་ཕྱག་མཛད་པའི་ཡུལ་དམ་པ་དག་གིས་ས་ཀུན་ཁྱབ་ཚུལ་རྣམ་ཐར་དད་པའི་འཇུག་ངོགས་ལས། ཚེ་འདི་ཉིད་ལ་རྡོ་རྗེ་འཆང་གི་གོ་འཕང་འཐོབ་པར་ནུས་པའི་མན་ངག་གི་གནད་གྲུབ་ཆེན་གྱི་དགོངས་པ་ལྟར་འཁྲུལ་མེད་དུ་གོ་ནས། ཞེས་པ་ནས། བོད་ལ་གྲུབ་ཐོབ་ཏུ་གྲགས་པ་དུ་མ་ཞིག་གིས་བསྐྲུན་པར་མི་ནུས་པའི་ཏིང་ངེ་འཛིན་བརྟན་པོ་རྙེད་པ་དང༌། ལྷག་པའི་ལྷས་བྱིན་གྱིས་བརླབས་ཤིང་བསྙེན་སྒྲུབ་དང་བཟླས་པ་ལ་གོམས་པ་རྨད་དུ་བྱུང་བས། རང་གཞན་གྱི་བདུད་དང་བར་དུ་གཅོད་པ་ཚར་གཅོད་པ་ལ་ཐོགས་པ་མེད་པའི་ནུས་པ་དང་ལྡན་པ་ལ་སོགས་པ་མདོར་ན་རྒྱུད་སྡེ་དང་མཐུན་པའི་རྡོ་རྗེ་འཛིན་པ་སོ་སོར་ཐར་པ་དང་འདུལ་བའི་ཀུན་སྤྱོད་རྣམ་པར་དག་ཅིང་བྱང་ཆུབ་སེམས་དཔའི་བསླབ་པའི་གནས་དག་ལ་ཐེག་པ་ཆེན་པོའི་སྡེ་སྣོད་དང་མཐུན་པར་གཅེས་སྤྲས་སུ་བྱེད་པ། སྡོམ་པ་གསུམ་གྱི་ཆུ་བོ་ཡན་ལག་བརྒྱད་དང་ལྡན་པས་ཐུགས་རྒྱུད་རྙོག་པ་མེད་པར་ལེགས་པར་གཏམས་པའི་སྡེ་སྣོད་འཛིན་པ་སྟོང་ཕྲག་མང་པོ་ཞིག་གིས། ནུབ་ཕྱོགས་ཛ་ལན་དྷ་ར་ནས་བཟུང་སྟེ། ཤར་ཕྱོགས་རྒྱ་མཚོ་ཆེན་པོ་ལ་ཐུག་པའི་རྒྱ་ནག་གི་རྒྱལ་ཁམས་ཡན་ཆད་དུ་ཅི་རིགས་པར་ཁྱབ་པར་འགྱུར་བ་འདི་ལྟ་བུ་ནི་རྗེ་བླ་མ་འདི་ཉིད་འབའ་ཞིག་གི་རྨད་དུ་བྱུང་བའི་འཕྲིན་ལས་དཔག་པར་དཀའ་བ་ཡིན་ནོ། །ཞེས་གསུངས་པ་ནི་རང་བཞིན་བརྗོད་པ་ཁོ་ན་ཡིན་ཏེ།

                 འཇམ་དཔལ་རྩ་རྒྱུད་ལས། སངས་རྒྱས་མཛད་པ་བྱེད་པར་བཤད་པར་མ་ཟད། མ་ཅིག་ལབ་སྒྲོན་གྱིས་ཀྱང༌། མཐའ་ཡས་རྒྱུད་སྡེའི་ཚོགས་ལ་དབང་བསྐུར་ཞིང༌། །རྒྱུད་སྡེ་རྒྱ་མཚོའི་དགོངས་པའི་བཅུད་ཕྱུང་ནས། །གདུལ་བྱར་གྱུར་པའི་སྐལ་ལྡན་ཚིམ་པར་མཛད། །ཅེས་དང༌། རྡོ་རྗེ་གླིང་བའི་གཏེར་ལས་ཀྱང༌། དེ་ཡི་ཆོས་རྒྱུད་འཛིན་རྣམས་ཚེ་གཅིག་སངས་རྒྱས་ཡིན། །ཞེས་གསུངས་སོ། །སྤྲུལ་པའི་གླེགས་བམ་གྱི་མ་འོངས་ལུང་བསྟན་གྱི་ཐོག་མར་སྦས་པའི་བརྟུལ་ཞུགས་མཛད་པའི་བཟང་པོ་འགའ་རེ་འོང་སྟེ་དེ་པའང་བཤད་མི་འཚལ། གོང་བཞིན་དུ་རིགས་གསུམ་གྱི་སྐུའི་ངོ་བོ་གྱུར་པ་དགེ་སློང་བྱང་ཆུབ་སེམས་དཔའི་རིགས་བསྐྱེད་པ། དེའང་ཐམས་ཅད་ཐམས་ཅད་ལ་མཁས་མོད་ཀྱི། འོན་ཀྱང་གཅིག་གིས་ཁོ་བོའི་གཞུང་ལུགས་རྒྱ་མཚོ་ལྟ་བུ་འབྱེད་ཅེས་གསུངས་པས་རྗེ་བདག་ཉིད་ཆེན་པོ་ལུང་བསྟན་ཀྱང༌། གསལ་བར་མི་འཆད་པ་དང༌། གོ་རིམ་དང་ཆད་པ་ལྟ་བུར་ཚང་བར་མི་སྟོན་པ་དང༌། སྣར་ཐང་དང་དགའ་ལྡན་ཡང་ཡང་བསྐྱར་བས་ལྷག་པ་ཡིན་ཀྱང་དགོས་དབང་ཡིན་ཚུལ་སོགས་མ་འོངས་ལུང་བསྟན་ལས། ཇོ་བོས་དཔང་མཛོད་གྲོགས་པོ་རྣམས། །དེ་རིང་ཡོད་ངེས་དམ་པ་རྣམས། །གང་ནས་ཟིན་ཟིན་ཐོར་བུར་བསྒྲགས། །དེ་ལ་ཉེས་གང་མཐོལ་ལོ་བཤགས། །ལ་ལ་ཆད་དང་ལྷག་སྲིད་ནའང༌། །དགོས་པའི་དབང་ཡིན་ནོངས་པ་མེད། །ཅེས་སོགས་ཀྱི་ལྡེ་མིག་བྱས་ནས་དཔྱད་དགོས་ལ། ལུང་བསྟན་དེ་ཉིད་ལས། བྱང་རི་ལྷུན་པོ་བརྟན་པའི་རྩེར། །ཞེས་པ་ནས། དེ་ནི་རྡོ་རྗེ་གདན་དང་མཚུངས། །ལྷ་དང་ཀླུ་དང་གནོད་སྦྱིན་དང༌། །མི་དང་དྲི་ཟ་དག་གིས་མཆོད། །གང་ནས་བལྟས་ཀྱང་ལྷང་ངེར་གསལ། །ཞེས་ལྷ་ཀླུ་མི་སོགས་ཀྱི་སྐྱབས་གནས་གཅིག་པུ་དང༌། དགའ་ལྡན་སོགས་དགོན་པའི་མ་དང་ཡན་ལག་ཀྱང་མ་འོངས་ལུང་བསྟན་གྱི་འོག་གི་འཕྲོ་དེ་ཉིད་ལས། དེའི་རྒྱུད་པ་ལ་ཡང་བཀའ་གདམས་གཞུང་བར་གྲགས་ནས་གཞུང་བའི་ཆོས་གྲྭ་རྒྱ་མཚོ་ལྟ་བུ་དབུས་གཙང་གཉིས་སུ་ལྔའམ་དྲུག་ལ་ཉེ་བ་འོང༌། དབུས་སུ་གཞུང་ཀུ་པོར་གྲགས་ཏེ་དེ་དག་གི་མ་ལག་ལུང་པའི་སུལ། ཞེས་པ་ནས། ཉུང་ཤོས་དཔོན་གཡོག་གཉིས་གཉིས་ནས་བཟུང་སྟེ། བཞི་སྡེ། ལྔ་སྡེ། བརྒྱད། བཅུ། ཉི་ཤུ་ཙམ། བཞི་བཅུ་ལྔ་བཅུ་མན་ཆོད་རྡོ་རྗེ་གདན་གྱི་མཆོད་རྟེན་བཞིན་དུ་དཀར་པོ་སིབ་སིབ་ཏུ་འབྱུང་ཞེས་གསུངས།

                  འདི་དང་མཐུན་པར་འོག་གི་ལུང་བསྟན་ལས་ཀྱང༌། མདོར་ན་གནས་མཆོག་དེ་དག་ཏུ། །དང་པོ་བཞི་གྲྭ་ནས་བཟུང་སྟེ། །ཐ་མར་སྟོང་ཕྲག་ཕྱེད་དང་གསུམ། །བསླབ་པ་གསུམ་ལྡན་ཤཱཀྱའི་སྲས། །འགྲོ་བ་ཀུན་གྱི་མགོན་དུ་འགྱུར། །ཞེས་གསུངས་པའི་དོན་གནས་གཅིག་ལ་གྲ་སོགས་མིན་པར་སྔར་བཤད་པ་ལྟར་རྒྱ་བོད་ཁམས་སོག་གི་ཡུལ་ཀུན་ཏུ་འབྱུང་བའི་དོན་ཡིན། སྤྱིར་སྤྱོད་འཇུག་ལས། གང་ལ་སེམས་ཀྱི་དམ་པ་རིན་ཆེན་དེ། །སྐྱེས་པ་དེ་ཡི་སྐུ་ལ་ཕྱག་འཚལ་ཞིང༌། །གང་ལ་གནོད་པ་བྱས་ཀྱང་བདེར་འབྲེལ་བ། །བདེ་བའི་འབྱུང་གནས་དེ་ལ་སྐྱབས་སུ་མཆི། །ཞེས་དང༌། འཇིག་རྟེན་ལྷ་མིར་བཅས་པའི་ཕྱག་བྱར་འགྱུར། །ཞེས་གསུངས་པ་ལྟར་ཡིན་ལ། དེའི་ནང་ནས། རྗེ་བདག་ཉིད་ཆེན་པོ་མཐོང་ཐོས་དྲན་ཞིང་རེག་ཚད་ཐམས་ཅད་ལ་མངོན་མཐོ་ངེས་ལེགས་ཀྱི་ཕན་ཡོན་འབྱུང་ངེས་ཡིན་པ་ནི། འཇམ་དཔལ་རྩ་རྒྱུད་ལས། ཐམས་ཅད་བྱང་ཆུབ་ལུང་བསྟན་ཏེ། །ང་ཡི་བྱང་ཆུབ་མཆོག་ཐོབ་སྟེ། །དེ་ནི་འཇིག་རྟེན་སྦྱིན་གནས་འགྱུར། །སྲིད་པ་གསུམ་གྱི་མཐར་ཡང་བྱེད། །སྔགས་དང་རྒྱུད་ལ་མངོན་བརྩོན་པ། །གྲགས་པ་འཛིན་པ་ཤེས་པར་བྱ། །ཞེས་དང༌། མདོ་སྡེ་གདམས་ངག་འབོགས་པའི་བསྟན་པ་དྭངས་སྙིགས་འབྱེད་པའི་ལེའུ་ལས་ཀྱང༌། རྨད་བྱུང་བཀོད་མཛེས་ཞིང་ཁམས་སུ། །རྒྱལ་བ་སེང་གེའི་ང་རོར་འགྱུར། །དེ་ལ་དད་བྱེད་ཞིང་དེར་སྐྱེ། །ཞིང་མཆོག་དེ་ནི་ཁྱད་པར་འཕགས། །ཞེས་དང༌། གསང་བའི་བདག་པོས་མཁན་ཆེན་ཕྱག་རྡོར་པ་ལ་ལུང་བསྟན་པ་ལས་ཀྱང༌། ཁོ་བོ་ལག་ན་རྡོ་རྗེས་ཀྱང་འདི་ཡི་ཡོན་ཏན་དཔག་པར་མི་ནུས་ཤིང༌། ཞེས་པ་ནས། མཐོང་ཐོས་རེག་གསུམ་གྱིས་ཕན་ཡོན་ཐོབ་པའི་གང་ཟག་ཡིན་པས། ཁོང་གི་རྒྱུད་ཚོད་གཞན་གྱིས་རྟོགས་པར་མི་ནུས་སོ། །ཞེས་དང༌། མ་ཅིག་ལབ་སྒྲོན་གྱིས་ཀྱང༌། དགེ་སློང་དེ་དང་ཐུག་པའི་སེམས་ཅན་གང་དག་རྣམས་ནི་དམུ་རྒོད་བོད་དུ་བསྟན་མཐར་སྐྱེས་ཀྱང་དོན་ཆེན་འགྲུབ་པ་ཡིན་ནོ། །ཞེས་སོགས་དང༌། མཐོང་ཐོས་རེག་གསུམ་འདྲེན་པར་ལུང་བསྟན་པའི་རྗེ་རྒྱལ་བ་གཉིས་པས་སྔར་སངས་རྒྱས་བྱང་སེམས་དུ་མས་བྱིན་གྱིས་བརླབས་ཤིང་ལུང་བསྟན་པའི་དགོན་པ་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་འདི་བཏབ་ཅིང་གནས་འདི་ནི། སྤྲུལ་པའི་གླེགས་བམ་ལས། དེ་ནི་རྡོ་རྗེ་གདན་དང་མཚུངས། །ལྷ་དང་ཀླུ་དང་གནོད་སྦྱིན་དང༌། །མི་དང་དྲི་ཟ་དག་གིས་མཆོད། །གང་ནས་བལྟས་ཀྱང་ལྷང་ངེར་གསལ། །ཞེས་གསུངས་པ་ལྟར་ནག་ཕྱོགས་སྡེ་རིས་མཐའ་དག་མཐུ་སྟོབས་དང༌། བསྟན་བསྲུང་རྣམས་ཀྱིས་ཚར་བཅད་ཅིང༌། རྟག་ཆད་ལྟ་བའི་རི་བོ་མཐའ་དག་བཅོམ་ཞིང་བར་དོ་ལོངས་སྐུར་སངས་རྒྱས་པར་མཛད་པས་གངས་ཅན་གྱི་རྡོ་རྗེ་གདན་ཆེན་པོ་ལྷ་ཀླུ་གནོད་སྦྱིན་མི་དང་དྲི་ཟ་སོགས་ཀྱིས་མཆོད་པར་མཛད་པའི་གནས་མཆོག་འདི། ཇོ་བོ་ཡབ་སྲས་སམ། རྗེ་བདག་ཉིད་ཆེན་པོ་རང་ཉིད་ཀྱི་སྤྲུལ་པ་སྣ་ཚོགས་པ་དུ་མ་འོངས་ཤིང་གནས་འདི་སྐྱོང་ཚུལ་ནི།

                  སྤྲུལ་པའི་གླེགས་བམ་ལས། བདག་གི་སྤྲུལ་པ་དམ་པ་ཞིག །རེས་འགའ་དགེ་སློང་ཉིད་དུ་སྤྲུལ། །རེས་འགའ་བྱིས་པའི་གཟུགས་སུ་འོང༌། །རེས་འགའ་དབུལ་ཕོངས་སྤྲང་པོའི་གཟུགས། །རེས་འགའ་བྱོལ་སོང་བྱ་ཁྱིའི་གཟུགས། །ཞེས་པས་གང་ཟག་སྣ་ཚོགས་དང་གཟུགས་ཀྱི་སྤྲུལ་པ་དང༌། ཡང་གླེགས་བམ་ལས། རེས་འགའ་གསོལ་འདེབས་དབྱངས་ཀྱི་གཟུགས། །རེས་འགའ་ཡིག་འབྲུ་གཟུངས་ཀྱི་གཟུགས། །གྲགས་པ་ཅན་གྱི་དགེ་སློང་ངོ༌། །བསྟན་གནས་བར་དུ་ཡང་ཡང་འོང༌། །ཞེས་གསུངས་པ་ལྟར་སངས་རྒྱས་ཀྱི་བསྟན་པ་གནས་ཀྱི་བར་དུ་སྤྲུལ་པ་སྣ་ཚོགས་ཡང་ཡང་འོང་བ་དང༌། སྔོན་རྗེ་ཞལ་བཞུགས་དུས་ཀྱང་གཎྜིའི་སྒྲ་གྲག་པ་དང༌། རིའི་ཕྱོགས་བཞིའི་ཤར་གྱི་རྡོ་རྗེ་འཇིགས་བྱེད་དཔའ་གཅིག་རང་བྱོན་དང༌། དུང་དང་དམིགས་བརྩེ་མ་རང་བྱོན་སོགས་དང༌། ཕྱོགས་སོ་སོར་གྲགས་ཆེ་བས། རི་འདི་ཡང་པཎ་ཆེན་ཐམས་ཅད་མཁྱེན་པ་ཆེན་པོས་རང་བྱོན་གྱི་ཕུང་པོ་འཁོར་ལོ་སྡོམ་པའི་ཕོ་བྲང་དུ་འདུག་གསུངས་པ་ལྟར་དོན་ལ་གནས་པས་བརྗོད་ཀྱིས་མི་ལངས་ཤིང༌།  

                                                                                                                            རྩོམ་སྒྲིག་པ། མང་ར་བ།

             གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།