ཆོས་སྡེ་ཆེན་པོ་དགའ་ལྡན་གྱི་དཀར་ཆག་དང་བོ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-10-11 20:12:51     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞེད་པ།    ཀློག་ཐེངས།  

 97058295108396316.jpg

                                                                                        ༄༅། །རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་དཔལ་ལྡན་བླ་མ་དམ་པ་འཇམ་དབྱངས་བཞད་པའི་རྡོ་རྗེས་མཛད་པའི་ཆོས་སྡེ་ཆེན་པོ་དགའ་ལྡན་གྱི་དཀར་ཆག་བཞུགས་སོ། །

                  ཨོཾ་བདེ་ལེགས་སུ་གྱུར་ཅིག །ལྷ་མིའི་རྣམ་འདྲེན་ཟླ་མེད་ཟས་གཙང་སྲས། །སྲས་ཀྱི་ཐུ་བོ་རྒྱལ་ཚབ་མི་ཕམ་མགོན། །རྒྱལ་ཀུན་ཡབ་གཅིག་རྒྱལ་སྲས་འཇམ་དབྱངས་ཞབས། །སྐྱབས་མཆོག་སངས་རྒྱས་སྲས་བཅས་གཙུག་གིས་མཆོད། །སྙིགས་དུས་ལོག་སྤྱོད་ཐུན་གསུམ་མུན་ཚོགས་ཀུན། །སེལ་བྱེད་ལེགས་སྨོན་མཁྱེན་རབ་འོད་ཟེར་འབུམ། །ཐུབ་བསྟན་བཅུ་གཉིས་གླིང་བདག་ཉི་མ་མཆོག །རྒྱལ་བ་གཉིས་པའི་ཞབས་སེན་གཙུག་ན་མཛེས། །སངས་རྒྱས་ཀུན་གྱིས་ལུང་བསྟན་གངས་ཅན་གྱི། །རྡོ་རྗེ་གདན་དངོས་གཉིས་པ་དཔའ་བོ་དང༌། །མཁའ་འགྲོ་ཆོས་སྐྱོང་སྤྲིན་བཞིན་མངོན་རྒྱུ་བའི། །དགའ་ལྡན་རྟེན་གསུམ་འགའ་ཙམ་ལོ་རྒྱུས་བྲི། །

                  ༈ དེ་ཡང་རྟེན་འདི་དག་གི་ལོ་རྒྱུས་རྒྱས་པར་མི་ལྕོགས། མཚོན་ཙམ་བཤད་ན། མཁན་ཆེན་ཕྱག་རྡོར་པ་ལ་དཔལ་གསང་བའི་བདག་པོས་ལུང་བསྟན་པ་ལས། བློ་བཟང་གྲགས་པ་འདི་ཉིད་ནི། །སངས་རྒྱས་ཀུན་གྱི་སྤྲུལ་པ་སྟེ། །པཎ་ཆེན་རྐྱང་གི་ལུས་བཟུང་ནས། །མདོ་དང་སྔགས་ཀྱི་དོན་བཤད་ཅིང༌། །ངེས་པ་ཁོ་ནར་འཚང་རྒྱའོ། །ཞེས་གསུངས་པ་ལྟར་སངས་རྒྱས་ཐམས་ཅད་ཀྱི་སྤྲུལ་པ་ཡིན་ལ། སྤྲུལ་ཚུལ་ཡང་སྙིགས་དུས་ཀྱི་ལོག་སྤྱོད་མཐའ་དག་ཟིལ་གྱིས་མནན་ནས་བསྟན་པའི་བདུད་རྩིའི་འོད་སྣང་གིས་ས་གསུམ་ཁྱབ་པའི་ཆེད་དུ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་སྔོན་རྒྱལ་བ་དབང་པོའི་ཏོག་གི་དུས་ནས་དེ་ལྟར་འགྱུར་བར་བྱིན་གྱིས་བརླབས་ཤིང་ཐུགས་བསྐྱེད་པའི་མཐུས་འཇིག་རྟེན་ཐམས་ཅད་དུ་མདོ་སྔགས་ཀྱི་ཆོས་ཀྱི་བདུད་རྩིས་ཁྱབ་པར་མཛད་པ་ཡིན་ཏེ། འཇམ་དཔལ་རྩ་རྒྱུད་ལས། ཡི་གེ་དང་པོ་པ་གྲགས་པ། །སྡོམ་བརྩོན་ཐམས་ཅད་གྲགས་པ་ཡང༌། །སྟོན་པའི་བསྟན་པ་གསལ་བྱེད་པ། །བསྟན་པ་དེ་ཚེ་ས་སྟེང་དུ། །རྣམ་པར་ཉམས་ཤིང་སྣང་མེད་ལ། །བསྟན་པའི་གཟུགས་བརྙན་ཡིད་དུ་འོང༌། །བྱེད་པར་འགྱུར་བ་ཐེ་ཚོམ་མེད། །ཅེས་སོགས་དང༌། མ་ཅིག་ལབ་སྒྲོན་གྱིས། དགེ་སློང་ཚུལ་འཛིན་གྲགས་པའི་མཚན་ཐོགས་ཏེ། །ལུང་རིགས་སེང་གེའི་ང་རོ་རབ་བསྒྲགས་པས། །ཁྲིམས་འཆལ་ལོག་སྤྱོད་སྤོབས་པ་ཟིལ་གྱིས་གནོན། །ཁྲིམས་འཆལ་དཔག་མེད་ཡང་དག་ཁྲིམས་ལ་སྦྱོར། །ཐུབ་པ་ཉིད་ཀྱི་སྲོལ་ལུགས་ཇི་བཞིན་མཚུངས་པ་ཡི། །འདུལ་ཁྲིམས་སྲོལ་གཏོད་སྟོན་པའི་ཆས་རྟགས་འཛིན། །ཞེས་གསུངས་ཤིང༌། གཏེར་ཁ་གོང་དང༌། རཏྣའི་སྤྱི་ལུང་སོགས་ལས་ཀྱང་དེ་ལྟར་བཤད་པ་དང༌། མ་ཅིག་ལབ་སྒྲོན་གྱིས། བསྟན་པ་གསལ་བར་བྱེད་པའི་སྐྱེས་བུ་དེ་ནི། ཞེས་པ་ནས། རེས་སྤྱན་རས་གཟིགས་དབང་བོ་ལ་ཆོས་ཞུ་བ། རེས་མགོན་པོ་བྱམས་པ་ལ་ཆོས་ཞུ་བ། རེས་མགོན་པོ་ཚེ་དཔག་མེད་ལ་ཆོས་ཞུ་བ། རེས་མགོན་པོ་འཇམ་དཔལ་དང་ཀུ་ཀུ་རི་བ་ལ་ཆོས་ཞུ་ནུས་པ། སེམས་ཅན་གྱི་དོན་བྱེད་པ་ལ་ཐུགས་བསྐྱེད་ཤིན་ཏུ་ཆེ་བ། ཞེས་པ་ནས། འདིར་བྱོན་ནས་དགེ་སློང་གི་ཆས་སུ་ཞུགས་ནས་སངས་རྒྱས་ཀྱི་བསྟན་པ་གསལ་བར་བྱེད་པ་ཡིན་ནོ། །དེའང་ཐུབ་པ་ཉིད་ཀྱི་ལུང་བསྟན་ཐོབ་པ་དང༌། ཞེས་དང༌། འཇམ་དབྱངས་ཁ་ཆེས་ཀྱང༌། ཏ་ཐཱ་ག་ཏས་ལུང་བསྟན་རྒྱལ་བའི་སྲས། །ཞེས་སོགས་ལྟར་ལུང་བསྟན་ཚུལ་ཡང་ཤིན་ཏུ་མང་སྟེ། དེའི་ནང་ནས། འཇམ་དཔལ་རྩ་རྒྱུད་ལས། ང་ནི་མྱ་ངན་འདས་པའི་ཚེ། །ས་ཡི་སྟེང་འདི་སྟོངས་པ་ན། །ཁྱོད་ཉིད་བྱིས་པའི་གཟུགས་ཅན་གྱིས། །སངས་རྒྱས་མཛད་པ་བྱེད་པར་འགྱུར། །དེ་ཚེ་དགོན་ཆེན་རབ་དགའ་བ། །ཁ་བ་ཅན་ན་ཡོད་པ་ཡིན། །ཞེས་སངས་རྒྱས་མྱ་ངན་ལས་འདས་རྗེས་འཇམ་དབྱངས་བྱིས་པ་སྟེ་སོ་སྐྱེའི་ཚུལ་བཟུང་ནས་སངས་རྒྱས་ཀྱི་མཛད་པ་བྱེད་པ་དང༌།

                  དགོན་པ་ཆེན་པོ་དགའ་ལྡན་ཞེས་གངས་ཅན་དུ་འབྱུང་བར་ལུང་བསྟན་པ་ལྟར་རྣམ་ཐར་ཟུར་འདེབས་ལས་ཀྱང༌། སྤྲེའུ་ལོའི་མཇུག་ཏུ་ཡབ་ཀྱི་མནལ་ལམ་དུ་རྒྱ་ནག་རི་བོ་རྩེ་ལྔ་ནས་འོང་ཟེར་བའི་བཙུན་པ་མེ་ཏོག་ཕྲེང་བ་དུ་མ་སྦྲེལ་བའི་ཆོས་གོས་དང༌། སུམ་ཅུ་རྩ་གསུམ་གྱི་ཤིང་ལོ་ཡིན་ཟེར་བ་དར་སེར་པོ་འདྲ་བའི་ཤམ་ཐབས་ཅན། པོ་ཏི་ཁྱེར་བ་ཞིག་བྱུང་ནས། ང་ཁྱེད་ལ་གནས་ཞིག་གཡོར་བ་ཡིན་ཟེར་ནས། ཞེས་པ་ནས། འཇམ་དབྱངས་ཀྱི་རྣམ་འཕྲུལ་ཡིན་སྙམ་པ་བྱུང་སྐད་ཅེས་དང༌། དཔལ་གསང་བའི་བདག་པོ་མིའི་རྣམ་པར་རོལ་བ་མཁན་ཆེན་ཕྱག་རྡོར་བའི་གསུང་འབུམ་ལས། གསང་བའི་བདག་པོས། བྱམས་པས་བྱིན་གྱིས་བརླབས་པའི་གང་ཟག་འཇམ་དཔལ་དབྱངས་དང་གཉིས་སུ་མེད་པ། ལྷ་མོ་དབྱངས་ཅན་མས་རིག་པ་སྟེར་བར་བྱེད་པ་ཕུན་སུམ་ཚོགས་པ་གཅིག་དང་བཅོ་ལྔའི་གོང་ནས་འབྲེལ་བ་ཡོད་ཅིང༌། ཞེས་སོགས་དང༌། མཁས་གྲུབ་ཐམས་ཅད་མཁྱེན་པའི་རྣམ་ཐར་གཟིགས་པ་ལྔ་ལྡན་ལས། སང་ཉིན་རྗེ་ལ་མཇལ་དུས་མདངས་རྨི་ལམ་འདི་ལྟ་བུ་གཅིག་རྨིས་པ་ཇི་ལྟར་ལགས་ཞུས་པས། ཁྱེད་ཀྱིས་བླ་མ་དང་ཡི་དམ་དབྱེར་མེད་དུ་མཐོང་བ་ལེགས། ཁྱེད་སྔགས་ཀྱི་ཆེད་དུ་བྱ་བའི་གདུལ་བྱ་རིན་པོ་ཆེ་ལྟ་བུའི་གང་ཟག་གཅིག་ཡིན་པར་འདུག །ང་རྗེ་བཙུན་འཇམ་དབྱངས་སུ་མཐོང་བ་ལྟར་དོན་ལ་གནས་མོད། གཞན་བློ་དམན་པའི་གང་ཟག་གིས་ཐ་མལ་བར་མཐོང་འོང་བ་ཡིན། ཞེས་གསུངས་པ་ལྟར་དམིགས་བརྩེ་མའི་ཊཱིཀྐ་ཚིག་དོན་རབ་གསལ་དང༌། འཇིགས་བྱེད་ཆོས་འབྱུང་དང༌། རཏྣའི་སྤྱི་ལུང་སོགས་དུ་མས་བཤད། ཡང་དམིགས་བརྩེ་མའི་ཊཱིཀ་ཆེན་རྣམ་ཐར་ཟུར་འདེབས་སུ། དེ་ནས་བྱ་ལོ་ཟླ་བ་དང་པོའི་ཚེས་བཅུའི་ནུབ་མོ་ཡུམ་གྱི་མནལ་ལམ་དུ་དགེ་འདུན་ལ་སོགས་པའི་ཕོ་མོ་བསམ་གྱིས་མི་ཁྱབ་པས་རྒྱལ་མཚན་དང༌། རྔ་བོ་ཆེ་ལ་སོགས་པ་རོལ་མོའི་བྱེ་བྲག་མཐའ་ཡས་པ་བཟུང་སྟེ། སྤྱན་རས་གཟིགས་འབྱོན་པ་ལ་བསུ་བ་བྱེད་ཟེར་གྱིན་འདུག་པས། ཞེས་སོགས་ལྟར་སྤྲུལ་པའི་གླེགས་བམ་ལས་ཀྱང་དེ་ལྟར་བཤད་པས་སྤྱན་རས་གཟིགས་ཀྱི་སྤྲུལ་པ་དམ་པ་དང༌། ཡང་རྣམ་ཐར་ཟུར་འདེབས་ལས། ཡབ་ཀྱི་མནལ་ལམ་དུ་ལྕང་ལོ་ཅན་ནས་ཕྱག་ན་རྡོ་རྗེས་འཕངས་སམ་སྙམ་པའི་གསེར་གྱི་རྡོ་རྗེ་འབར་བ་ཞིག་ཡུམ་ལ་ཐིམ་པ་རྨིས་པས་བུ་སྟོབས་ལྡན་ཞིག་སྐྱེ་བ་ཡིན་ནམ། ཞེས་གསུངས་པ་ལྟར་མཁན་ཆེན་ཕྱག་རྡོར་ལ་གསང་བའི་བདག་པོས་ཀྱང༌། སོ་སོ་སྐྱེ་བོའི་སྣང་ངོར་སྦྱོར་ལམ་ལ་གནས་པར་གྲགས། ཁོ་བོ་ལག་ན་རྡོ་རྗེས་ཀྱང་འདིའི་ཡོན་ཏན་དཔག་པར་མི་ནུས་ཤིང་ལྷག་པའི་ལྷ་ཕྱི་ནང་གི་མང་པོས་རྗེས་བཟུང༌། རིགས་གསུམ་མགོན་པོས་ཀྱང་རྗེས་སུ་བཟུང་སྟེ་ལྷག་པའི་ལྷ་ཡིན། ཞེས་གསུངས་པ་ལྟར། དཔལ་གསང་བདག་ཕྱག་ན་རྡོ་རྗེ་དང་དབྱེར་མ་མཆིས་པ་དང༌། ཡི་དམ་རྒྱུད་སྡེ་བཞིའི་ལྷ་མཐའ་ཡས་པས་བྱིན་གྱིས་བརླབས་པ་ཡང་རྣམ་ཐར་ཟུར་འདེབས་སུ། ཆོས་རྗེ་དོན་གྲུབ་རིན་ཆེན་ལ་རྨི་ལམ་དུ་དཔལ་རྡོ་རྗེ་འཇིགས་བྱེད་ཞལ་གཟིགས་པས་ཡང་ཡང་ཞལ་གཟིགས་པར་གསོལ་བ་བཏབ་པས། སང་ཕོད་ད་ཙམ་ན་ལུང་པ་འདིའི་མདའ་རུ་ཡོང༌། དེ་བར་དུ་བདེ་བར་གྱིས་གསུངས་པས། དེ་གང་ཡིན་དཔྱད་པའི་ཕྱིར་ཏིང་ངེ་འཛིན་ལ་མཉམ་པར་གཞག་པས་ཁྱེད་ཀྱི་བུར་འདུག་པ་ཐིགས་པ་ཡིན། ཞེས་དང༌། གངས་ཅན་གྱི་རྒྱལ་བ་ཉི་མ་བདུན་གྱི་གཉིས་པ་རྒྱལ་བ་དགེ་འདུན་རྒྱ་མཚོས་གསུངས་པ་ལས་ཀྱང༌། རྒྱལ་བ་ཀུན་གྱི་ཡབ་གཅིག་འཇམ་པའི་དབྱངས། །མ་རུང་བདུད་དཔུང་འཇོམས་མཛད་གཤིན་རྗེ་གཤེད། །མི་ཡི་གཟུགས་ཀྱིས་རྣམ་རོལ་ཙོང་ཁ་པ། །ཞེས་གསུངས་པ་དང༌།

                  རྒྱལ་བ་དགེ་འདུན་གྲུབ་ཀྱི་གསུང་ལས་ཀྱང༌། རྗེ་རིན་པོ་ཆེ་ལ་གཤེགས་པ་མི་མངའ་སྙམ་ཞེས་སོགས་གསུངས་པ་ལྟར། འཇམ་དབྱངས་ཁྲོས་པ་དཔལ་རྡོ་རྗེ་འཇིགས་བྱེད་མིའི་ཟློས་གར་མཛད་པ་དང༌། ཡང་མ་ཅིག་ལབ་སྒྲོན་གྱིས་ལུང་བསྟན་པ་ལས་སངས་རྒྱས་ཀྱི་བསྟན་པ་གསལ་བར་བྱེད་པའི་དགེ་སློང་གཅིག་འབྱུང་བྱས་པ་དེ། ད་ལྟར་བཤད་པའི་དགེ་སློང་གྲགས་པའི་མཚན་ཐོགས་པ་འདི་ཡིན། དགེ་སློང་དེས་བསྟན་པ་འཆོལ་བ་མང་དུ་འབྱུང་བ་རྣམས་ཚར་གཅོད་ཅིང༌། ཡང་དག་པའི་དོན་དང་བསྟན་པ་རྣམ་དག་གི་ཁྲིམས་སྲོལ་བཏོད་པ་ནི་འཛམ་བུ་གླིང་དུ་ཐུབ་པས་ཆོས་འཁོར་བསྐོར་བ་དང་སྙིགས་དུས་བོད་དུ་དགེ་སློང་གྲགས་པའི་མཚན་ཅན་བྱུང་ནས་ཆོས་སྲོལ་བཏོད་པ་ནི་མཚུངས་ཏེ། ཞེས་དང༌། འཇམ་དཔལ་རྩ་རྒྱུད་ལས། ཁྱོད་ཉིད་བྱིས་པའི་གཟུགས་ཀྱིས་ནི། །སངས་རྒྱས་མཛད་པ་བྱེད་པར་འགྱུར། །ཞེས་གསུངས་པ་དང༌། ལྷ་མོ་དྲི་མ་མེད་པས་ཞུས་པ་ལས་ཀྱང༌། བྱང་ཕྱོགས་གངས་རིའི་རྒྱུད་ཀྱི་ཆར། །དགེ་བ་ལྡན་པའི་ས་ཕྱོགས་སུ། །དམ་པའི་ཆོས་ནི་རྒྱས་པར་འགྱུར། །ཞེས་དང༌། མཁན་ཆེན་ཕྱག་རྡོར་བའི་ལུང་བསྟན་ལས་ཀྱང༌། འཕྲིན་ལས་བསམ་གྱིས་མི་ཁྱབ་པ་དཔག་མེད་འོང༌། ཆོས་སྡེ་ཆེན་པོ་ཁྱེད་ཀྱི་རིང་ལ་འདེབས། དགེ་འདུན་ཚན་ཆེ་བ་འདུ། འཕགས་པའི་སློབ་མ་ལྔ་དྲུག་འདུ། བསྟན་པ་དང་སེམས་ཅན་ལ་ཕན་ཆེ་བར་འབྱུང༌། མདོ་སྔགས་ཀྱི་གཞུང་ལུགས་ཀྱང་ཆེས་ཆེར་གསལ་བར་བྱེད་ཅིང༌། སངས་རྒྱས་འཇིག་རྟེན་དུ་བྱོན་པ་འདྲ་བའི་རིང་ལུགས་འོང༌། འགྲོ་བ་མང་པོ་ཞིག་ཐར་པའི་ལམ་ལ་འཁྲིད་པར་འདུག་པས་ཤིན་ཏུ་ངོ་མཚར་ཞེས་པ་ལྟར་མོ་ལའི་ལ་རྩར་བཞུགས་དུས་རྒྱལ་བ་བྱམས་པས། རིགས་ཀྱི་བུ་ཁྱོད་ཀྱིས་ནི་སངས་རྒྱས་འཇིག་རྟེན་དུ་བྱོན་པ་འདྲ་བ་ཞིག་འོང་བར་ཤེས་པར་བྱོས་ཤིག་ཅེས་སེང་གེའི་སྒྲས་དབུགས་དབྱུང། གཉལ་སྨད་སེང་གེ་རྫོང་དུ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོས། ཁྱོད་ཀྱིས་དུས་ཀྱི་འཁོར་ལོ་འདི་ལ་རྒྱལ་པོ་ཟླ་བ་བཟང་པོ་བྱོན་པ་འདྲ་བ་གཅིག་འོང་བ་ཡོད་དོ། །ཞེས་སྔགས་ཀྱི་འཁོར་ལོས་བསྒྱུར་བར་བྱིན་གྱིས་བརླབས་པ་དང༌། རྗེ་བཙུན་འཇམ་དབྱངས་ལ་གྲུབ་ཆེན་བརྒྱད་ཅུ་རྒྱན་དྲུག་གིས་བསྐོར་བ་ཡང་ཡང་གཟིགས་ནས། མདོ་སྔགས་ཀྱི་བདུད་རྩི་ཐོབ་པ་ཙམ་གྱིས་གྲོལ་བར་བྱིན་གྱིས་བརླབས་ཀྱི་བཀའ་བབས་ཀྱི་བདུད་རྩིས་གདུལ་བྱ་མཐའ་ཡས་མུ་མེད་པས་རྒྱལ་བ་སྲས་བཅས་ཀྱི་བཀོད་པས་ནམ་མཁའི་ཁྱོན་མ་ལུས་གང་བ་ཇི་ལྟར་དཔལ་གསང་བ་འདུས་པ་གསུངས་པའི་ཚེ་རྒྱལ་བ་སྲས་བཅས་ཏིལ་གྱི་གང་བུ་ལྟར་གང་བར་མཛད་པ་ལ། མཆོད་པ་དང་སྨོན་ལམ་རླབས་ཆེན་མཛད་པས་སྐྱེ་རྒུ་མཐོང་ཐོས་དྲན་རེག་འདྲེན་པའི་མཐོ་རིས་དང༌། ཐར་པ་དང༌། ཐམས་ཅད་མཁྱེན་པའི་ལམ་སྲོལ་རྒྱ་ཆེ་ཞིང༌། བསྟན་པ་དག་ཞིང་ཆེན་པོས་འཇིག་རྟེན་ཁྱབ་པ་ལྟ་བུ་མཛད། དམ་ཚིག་གི་དྲི་བསུང་མཆོག་ཏུ་དགའ་བ་དང༌། བཤད་སྒྲུབ་ཀྱི་རྔ་བོ་ཆེ་བརྡུངས་པས་འཇིག་རྟེན་ལས་འདས་པའི་དཔའ་བོ་དང་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཆོས་སྐྱོང་བའི་སྲུང་མ་ཐམས་ཅད་དབྱར་དུས་ཀྱི་སྤྲིན་བཞིན་འདུ་ཞིང་ལུས་དང་གྲིབ་མ་བཞིན་འབྲལ་བ་མེད་པར་བླ་མ་དང་རྡོ་རྗེ་འཇིགས་མཛད་ཀྱི་བཀའ་བཞིན་དུ་རང་གི་རྗེས་འཇུག་གདུལ་བྱ་བསྟན་པ་འཛིན་སྐྱོང་སྤེལ་བ་ལ་གཡེལ་བ་མེད་པར་བཞུགས་པ་ཀུན་གྱིས་མངོན་སུམ་ལྟ་བུར་གྲུབ་ཅིང༌། ཤེས་བྱེད་ཀྱང་མདོ་རྒྱུད་ལུང་བསྟན་ཆེས་མང་བ་ལགས།

                  སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་རྗེ་རྒྱལ་བ་གཉིས་པ་དེ་ཉིད་ཀྱིས་བདུད་བཏུལ་བ་དང༌། ཆོས་འཁོར་བསྐོར་བའི་གནས་ནི། འཇམ་དཔལ་རྩ་རྒྱུད་ལས། དུས་ཀྱི་ཐ་མ་དེ་ལ་ནི། །སེམས་ཅན་ཀུན་ལ་མཆོག་སྦྱིན་བྱེད། །འཇིག་རྟེན་པ་ནི་མྱ་ངན་འདས། །ས་ཡི་སྟེང་ནི་སྟོངས་གྱུར་ན། །ཁྱོད་ཉིད་བྱིས་པའི་གཟུགས་ཀྱིས་ནི། །སངས་རྒྱས་མཛད་པ་བྱེད་པར་འགྱུར། །དེ་ཚེ་དགོན་ཆེན་རབ་དགའ་བ། །ཁ་བ་ཅན་ན་ཡོད་པ་ཡིན། །ཆུ་བོ་གསེར་དང་ལྡན་འགྲམ་དུ། །ང་ནི་མྱ་ངན་འདའ་བར་འགྱུར། །ཞེས་ཁ་བ་ཅན་དུ་དགའ་ལྡན་ཞེས་པའི་དགོན་གནས་སོགས་ལུང་བསྟན་པ་འདི་ཡིན་ལ། དེ་ཡང་གཞན་གྱི་ལུང་བསྟན་ལ་ཧམ་ཚོད་ལྟ་བུ་ཡང་མིན་པ་ནི་དགོན་པའི་མིང་དང་གང་དུ་འདེབས་པའི་ལུང་ལག་ཚུན་ཆད་གསལ་བར་བཤད་པ་ནི་སངས་རྒྱས་མྱ་ངན་ལས་འདའ་ཁར། འོད་སྲུངས་དང་ཀུན་དགའ་བོ་ལ་མདོ་སྡེ་གདམས་ངག་འབོགས་པ་བཀའ་སྩལ་པའི་མདོ་འདིའི་ལེའུ་བཞི་བཅུ་པ་བསྟན་པ་དྭངས་སྙིགས་འབྱེད་པའི་ལེའུ་ནས་དུ་མ་ལུང་བསྟན་པ་དེ་ཟུར་དུ་ཕྱུང་བ་ལས། ཀུན་དགའ་བོས་ཞུས་པ་ལས། བཅོམ་ལྡན་འདས་ཀྱིས། ཀུན་དགའ་བོ་བསྟན་པ་གསོ་བའི་གང་ཟག་འདི་ལྟར་རོ། །ད་ལྟར་ང་ལ་ཤེལ་དཀར་གྱི། །ཕྲེང་བ་ཕུལ་ནས་སེམས་བསྐྱེད་པ། །ང་ཡི་བསྟན་པ་གསོ་བྱེད་ལ། །མཐའ་འཁོབ་ཁ་བ་ཅན་ལྗོངས་སུ། །འབྲི་དང་ལྡན་གྱི་ས་མཚམས་སུ། །དགའ་ཞེས་བྱ་བའི་དགོན་པ་འདེབས། །བློ་བཟང་ཞེས་བྱའི་མཚན་ཅན་འབྱུང༌། །ཞེས་སྟོན་པ་སངས་རྒྱས་ལ་ཤེལ་དཀར་གྱི་འཕྲེང་བ་ཕུལ་ནས་ལྟ་སྤྱོད་རྣམ་དག་སྤེལ་བའི་སྨོན་ལམ་བཏབ་སྟེ་སེམས་བསྐྱེད་པས། སངས་རྒྱས་ཀྱིས་ཁྱེའུ་པདྨའི་ངང་ཚུལ་འདི་མ་འོངས་པ་ན་ཁ་བ་ཅན་དུ་འབྲི་གུང་དང༌། དེའི་ཚུ་རོལ་དུ་ལྡན་གཉིས་ཀྱི་ས་མཚམས་འགོག་པ་རིའམ། འབྲོག་རིའི་ངོས་སུ་དགོན་པ་དགའ་ལྡན་ཞེས་བྱ་བ་དང༌། ཁྱེའུ་པདྨའི་ངང་ཚུལ་གྱིས་མཚན་བློ་བཟང་གྲགས་པ་ཞེས་བྱ་བ་འབྱུང་ཞེས་པ་ཡིན་ཏེ། དེ་དུས་ཀྱི་ཤེལ་ཕྲེང་འབུལ་བའི་ཁྱེའུ་མཚན་པདྨའི་ངང་ཚུལ་ཡིན་པ་ནི། བླ་མ་དབུ་མ་པས་རྗེ་བཙུན་འཇམ་དབྱངས་ལ་ཞུས་པ་ནི། སྔོན་སངས་རྒྱས་འཇིག་རྟེན་ན་བཞུགས་པའི་དུས་སུ་བླ་མ་འདི་རྒྱ་གར་དུ་བྲམ་ཟེའི་ཁྱེའུ་ཞིག་ཏུ་འཁྲུངས། དེའི་ཚེ་དགེ་སློང་གི་ཆ་ལུགས་འཛིན་པའི་བྱང་ཆུབ་སེམས་དཔའ་མོས་པའི་བློ་གྲོས་ཞེས་བྱ་བ་དང་མཇལ་ནས་དེ་ཉིད་མཉེས་པར་བྱས་ཤིང་ཞབས་འབྲིང་དུ་ཆོས་མང་དུ་གསན། དེས་ཁྲིད་དེ་སྟོན་པ་ཤཱཀྱ་ཐུབ་པར་མཇལ་ཞིང་སེམས་བསྐྱེད། དེའི་ཚེ་སྟོན་པ་ལ་ཤེལ་དཀར་པོ་དྲི་མ་མེད་པ་བརྒྱ་རྩའི་ཕྲེང་བ་ཞིག་དང་བས་ཕུལ་ནས་སྨོན་ལམ་བཏབ་པས་སྟོང་པ་ཉིད་ཀྱི་ལྟ་བ་ཕྱིན་ཅི་མ་ལོག་པར་རྟོགས་པའི་ས་བོན་བཞག་པ་ཡིན་ཞེས་གསུངས་པ་དང༌།

                  ལང་གཤེགས་རྒྱ་ནག་མ་ལས། སྟོན་པ་འཁོར་བཅས་མཚོ་མ་ཕམ་པའི་འགྲམ་དུ་དབྱར་གནས་པར་ཞལ་གྱིས་བཞེས་པའི་ཚེ། ཀླུའི་རྒྱལ་པོ་མ་དྲོས་པས་དུང་ཞིག་ཕུལ་བས་བཅོམ་ལྡན་འདས་ཀྱིས་མོའུ་འགལ་གྱི་བུ་ལ། ཁྱོད་རྫུ་འཕྲུལ་གྱིས་སོང་ལ་དུང་འདི་བོད་གདོང་དམར་ཅན་གྱི་ཡུལ་དུ་སྦོས་ཤིག །མ་འོངས་པའི་དུས་ན་འཁོར་འདིའི་ནང་ནས་དགེ་སློང་པདྨའི་ངང་ཚུལ་གྱིས་ངའི་བསྟན་པ་རྒྱས་པར་བྱེད་པའི་དུས་དགེ་འདུན་གྱི་ཚོགས་དུང་བྱེད་ཀྱི། དེའི་གཏེར་བདག་ཏུ་ཚོགས་བདག་སྤྲེའུ་གཟུགས་སུ་བྱས་ཏེ་སྲུང་དུ་ཆུག །ཅེས་བཤད་པ་དང༌། ལུང་བསྟན་གསང་བའི་མེ་ལོང་ལས་ཀྱང༌། བྱ་རྒོད་ཕུང་པོའི་རིར་སྟོན་པ་སངས་རྒྱས་ལ་ཀླུའི་རྒྱལ་པོ་མ་དྲོས་པས་དུང་ཕུལ་བ་རེ་ཞིག་ཆོས་དུང་མཛད། 

                                                                                                                       རྩོམ་སྒྲིག་པ། མང་ར་བ།

         གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།