རྗེ་བཙུན་འཇམ་དབྱངས་བཞད་པའི་རྡོ་རྗེའི་རྣམ་ཐར་བཀའ་རྩོམ་ཚིགས་བཅད་མ་བཞུགས་སོ། །

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-10-09 21:46:28     རྩོམ་པ་པོ།   ཀུན་མཁྱེན་འཇམ་དབྱངས་བཞེད་པ།    ཀློག་ཐེངས།  

70035007226342927.jpg

                                                        ༄༅། །རྗེ་བཙུན་འཇམ་དབྱངས་བཞད་པའི་རྡོ་རྗེའི་རྣམ་ཐར་བཀའ་རྩོམ་ཚིགས་བཅད་མ་བཞུགས་སོ། །

          ཨོྃ་བདེ་ལེགས་སུ་གྱུར་ཅིག །རྩ་བརྒྱུད་བླ་མ་རྗེ་བཙུན་མཁྱེན་པའི་གཏེར། །རྣམ་འདྲེན་རྒྱལ་བ་སྲས་བཅས་ཐམས་ཅད་དང༌། །ཡི་དམ་བསྟན་སྲུང་ཀུན་ལ་གུས་བཏུད་ཀྱི། །འདོད་པའི་རེ་བ་དོན་དང་ལྡན་པར་མཛོད། །ཡོན་ཏན་སྦེད་ཅིང་སྐྱོན་ནི་མཐོལ་བཤགས་པ། །ཐུབ་དབང་བཅས་པ་དམ་པ་སྤྱིའི་ལུགས་ཕྱིར། །ཡོན་ཏན་འང་མི་སྒྲོགས་གྱི་ན་བདག་འདྲ་ལ། །ངང་ཚུལ་ངན་པས་བྲི་འོས་མ་མཆིས་ཀྱང༌། །སྔོན་ནས་ཤེས་དང་མི་ཤེས་དུ་མ་དང༌། །ལྷག་ཏུ་ཉེ་སྦྱར་དུ་མས་རྨོངས་ཡུས་དང༌། །ལྷག་བསམ་ཟླ་བ་བདེ་ཐང་སྤྲུལ་སྐུ་སོགས། །སློབ་མ་མང་པོས་ལག་སྦྲེལ་ནན་བསྐུལ་ངོར། །ཐོས་བསམ་སྒོམ་དང་དམ་པ་བསྟེན་ཚུལ་རྣམས། །ནོར་དང་ང་རྒྱལ་རློམ་སེམས་མ་མཆིས་པར། །རྔ་གཡོག་གིས་བསྐུལ་བ་ཊ་ཧ་བཞིན་སྒྲོགས། །སྐྱེས་པའི་ཡུལ་དང་གཞོན་དུས་བག་ཆགས་དང༌། །ཆོས་སྒོར་ཞུགས་དང་བཤེས་གཉེན་བསྟེན་ཚུལ་དང༌། །མང་དུ་ཐོས་དང་བསམ་པས་སྒྲོ་འདོགས་བཅད། །སྒོམ་ལ་སྙིང་རུས་གཞན་ལ་ཕན་སེམས་དང༌། །ཐུབ་བསྟན་རྒྱས་འདོད་བདག་གི་རྣམ་ཐར་ཡིན། །སྐྱེ་ཡུལ་བསང་གི་རྡོ་གེར་ལྷས་ཁྲ་ཏིང༌། །རབ་བྱུང་བཅུ་གཅིག་ནང་གི་ས་བྱིར་སྐྱེས། །རུས་ནི་ལྡོང་དང་རིགས་ནི་རྗེ་དཔོན་བརྒྱུད། །ཁྲི་དམག་ཟློག་ནུས་མེས་སོགས་རིགས་ཡིན་ཀྱང༌། །སྡིག་ཅན་དཔའ་བ་ཉིད་ལས་ཆོས་རིགས་མིན། །ཕ་ནི་ཁ་འདལ་མ་ནི་ཐར་མོ་བྱམས། །གཉིས་ཀ་སྙིང་སྟོབས་ཆེ་ལ་སྦྱིན་ལ་དཔའ། །སྐྱེས་པའི་གོང་དུ་མེས་པོར་རྨི་ལམ་ལྟས། །ཆོས་དུང་ཕང་བར་བྱུང་སོགས་བཀའ་འགྱུར་གྱི། །བཞེངས་པའི་ལྟས་སམ་ཆོས་ཀྱི་ལྟས་ཙམ་ཡིན། །སྐྱེས་པའི་ཚུལ་གྱི་ལེའུ་དང་པོ་རྫོགས། །

    ༈ གསུམ་བཞི་ཕན་དུ་ན་ཚ་ཁ་ཤས་བྱུང༌། །ལོ་ལྔ་ལོན་ཚེ་རྒྱལ་བ་གོང་མའི་ཞབས། །གོང་དུ་ཆིབས་བསྒྱུར་དུས་སུ་ཞལ་འཇལ་ཞིང༌། །ཆོས་འབྲེལ་ཕྱག་དབང་གནང་ཚུལ་དྲན་ཙམ་བྱུང༌། །ལོ་བདུན་ཀློག་བསླབ་དཔེ་བཅས་འཆར་སླ་མྱུར། །ཆུང་ངུའི་དུས་སུ་ཆོས་འཆད་དགོན་པ་འདེབས། །རི་ཁྲོད་འདེབས་དང་སྒོམ་ཚུལ་སྣ་ཚོགས་སོགས། །པོ་ཏི་ལྷ་ཁང་སོགས་ཀྱི་བག་ཆགས་སོགས། སད་པའི་དྲན་ཚུལ་ཡིད་ཀྱི་རི་མོ་མང༌། །བཅུ་གསུམ་བར་དུ་ཡི་གེ་འབྲི་ཀློག་དང༌། །བསྙེན་གནས་བསྙེན་བསྒྲུབ་ཅི་རིགས་རོལ་རྩེད་བྱས། །གཞོན་དུས་བག་ཆགས་ལེའུ་མདོ་ཙམ་ཡིན། །

    ༈ བཅུ་གསུམ་དུས་སུ་དྲིན་ཅན་ཡེ་ཤེས་ཀྱི། །མཚན་ཅན་བླ་མས་རབ་བྱུང་རྗེས་གནང་སོགས། །ཆོས་ཀྱི་སྒོར་ཞུགས་འབྲི་ཀློག་བཟླས་བརྗོདའང་མང༌། །བཅོ་ལྔ་བཅུ་དྲུག་དུས་སུ་འཕོ་བ་སོགས། །མན་ངག་ཟབ་ཁྱད་ཅན་འགར་བློ་སྦྱངས་ཤིང༌། །ཞི་ཁྲོའི་ལྷ་འགར་བསྙེན་མཚམས་ངག་བཅད་དང༌། །བཟླས་བརྗོད་འགྲུས་བྱས་རྟགས་མཚན་རེ་མང་བྱུང༌། །སྐ་རགས་བཀྲོལ་ནས་མི་ཉལ་འདི་ནས་བྱས། །བཅོ་བརྒྱད་ནས་ནི་ཉི་ཤུའི་བར་དེ་དག །གཙོ་བོར་བཟླས་བརྗོད་གྲོང་ཆོག་སྨན་རྒྱུད་བསླབ། །ཕུ་ཆུང་སྤྲུལ་སྐུ་རྒྱལ་སྲས་རིན་པོ་ཆེར། །ཚེ་རྟའི་དབང་དང་རྗེ་ཡི་རྣལ་འབྱོར་ཐོབ། །བཤེས་གཉེན་དམ་པ་སུ་ཅུག་ཐུ་སོགས་ཀྱིས། །སྔགས་ཀློག་ཐབས་དང་གཏོར་མ་གཏོང་ཚུལ་དང༌། །ཆོས་ཀྱི་གླེང་མོ་གནས་བཅུའི་ཞལ་ཐང་གི །རི་ཁྲོད་རི་མོ་མཐོང་བ་ཙམ་གྱིས་ནི། །འཁོར་བར་སྐྱོ་ཤས་སྲིན་མོའི་གླིང་ལྟ་བུའི། །འདུ་ཤེས་ཉིན་མཚན་གཉིད་དུས་ཚུན་ཆད་དུ། །འཆར་བ་ཤུགས་དྲག་ཆུ་ཀླུང་རང་བཞིན་འགྱུར། །སྐབས་འགར་ཕྱུགས་དང་མི་ཡི་འགྲོ་འདུག་ལ། །བལྟས་པས་འགྲོ་འདིའི་བྱ་སྤྱོད་མཐོང་མན་རྣམས། །རླུང་གིས་བདས་པའི་ཤིང་བལ་ལྟར་སྤྱོད་ཀྱང༌། །མི་ཤེས་མི་སྐྱོ་འདི་དག་སྨྱོན་པའམ། །ཆང་གིས་བསླད་དམ་རྣམ་ཤེས་མེད་པ་མཚར། །ད་ནི་འགྲོ་བ་འདི་དང་བདག་རང་གི །དོན་འདི་ཨེ་མ་ངེས་པར་སྒྲུབ་སྙམ་དུ། །གཉིད་དང་མ་གཉིད་ཟ་འདུག་འགྲོ་དུས་ཚུན། །བསམ་པས་རེ་ཞིག་མཚམས་བྱས་ཟླ་བ་དྲུག །ངག་བཅད་བཟླས་བརྗོད་ཕྱག་དང་དཔེ་ཀློག་སོགས། །ཆོས་པའི་གྲལ་དུ་བསྡད་རུང་ཙམ་བྱས་ཀྱང༌། །བསླབ་བྱའི་ཆོས་དང་བཤེས་གཉེན་དང་བྲལ་བའི། །སེམས་ཀྱི་ཟུག་རྔུས་རབ་གདུངས་ཨེ་མ་ང༌། །རྒྱ་ཆེན་ཐོས་པ་རྒྱ་མཚོ་ལྟར་སྤྱོད་པའི། །མཁས་མང་དབུས་སུ་སླེབས་ཏེ་ཉིན་མཚན་དུ། །སྤྱོད་པའི་དངོས་གྲུབ་བླ་མ་ལྷ་ཁྱོད་དང༌། །བསྟན་སྲུང་གིས་སྩོལ་ཞུ་ཞེས་ཡང་ཡང་གསོལ། །དེ་ནས་དགེ་སྡིག་འདྲེས་མ་ཕྱུགས་ཉོ་ཚོང། །ཇ་དང་ཁལ་རྟ་སྣ་ཚོགས་མཐོང་བའི་ཚེ། །འདི་དག་གིས་ནི་བདག་ཕྱིར་སྡིག་འདི་སྤྱད། །འགྲོ་འདུག་མང་ན་.....སེམས་ཅན་ལ་གཟན་པས་.....སེམས་ལ་གཟན་པ་ཡིས། །ཕྱིན་ཆད་འགྲོ་འདུག་སྤངས་ལ་ཆོས་ཟབ་མོར། །ཐོས་བསམ་སྒོམ་པ་བྱེད་སྙམ་ཤུགས་དྲག་སྐྱེས། །དེ་དུས་ཉམས་མགུར་རྟོགས་བརྗོད་སོགས་བལྟས་པས། །ཐམས་ཅད་བློར་ཟིན་སྨོན་པ་ཤུགས་དྲག་སོང༌། །ཡོང་ཁར་གྲུབ་པའི་དབང་ཕྱུག་ཟླ་མེད་པ། །སྐལ་ལྡན་རྒྱ་མཚོར་སྐྱབས་འཇུག་རྟ་ཕུལ་ཏེ། །འཇམ་དཔལ་ནག་པོའི་རྗེས་གནང་མཛད་པ་ན། །ཉམས་དང་གྲིབ་ཀྱི་ཚོགས་རྣམས་རང་སར་དེངས། །སེམས་ལ་ཤར་ཚུལ་མ་ལུས་ཡི་གེར་སུས། །ལམ་ཞུགས་གུང་འབབ་ས་དང་ཞག་ས་ཡི། །ཁྱད་པར་རྣམས་ཀྱང་སྔ་ཉིན་རྨིས་ནས་འོངས། །ལྟས་སོགས་མང་ལ་ལྡང་ལའི་ལ་རྩ་རུ། །ལྟས་བཟང་ནད་གཞི་བག་ཙམ་ཡོད་པའང་སངས། །རྭ་སྒྲེང་མཇལ་ཞིང་སྨོན་ལམ་ལེགས་པར་བཏབ། །ཕོ་མདོར་སི་ལི་རྒོད་ཚང་མཐོང་བའི་ཚེ། །ངས་ཀྱང་ད་ལྟ་རི་ཁྲོད་བྱེད་སྙམ་པ། །ངག་སྨྲས་ཟླ་བོས་བཀག་ཀྱང་ཁེགས་དཀའ་བྱུང༌། །སྟག་ལུང་མཆོད་མཇལ་དེ་དུས་མ་དྲེད་པས། །ལྷ་རྣམས་ཡང་མཐོང་དེ་དངོས་རྣམ་པར་འཆར། །ལྷ་སར་སླེབས་འཕྲལ་ཇོ་བོར་མཇལ་བར་ཕྱིན། །སྨོན་ལམ་ཡང་ཡང་བཏབ་ཅིང་དད་འདུན་སྐྱེས། །ས་ཡི་ཉི་ཟླ་སེ་འབྲས་ཟུང་གྲགས་པའི། །སེ་ར་ཐེག་ཆེན་གླིང་དུ་མཆོད་མཇལ་བྱས། །དད་པ་ཆེ་བར་སྐྱེས་སྐབས་དགེ་བཤེས་གཉིས། །བགྲོ་གླེང་མཛད་པར་མཐོང་ནས་སྔོན་ཆད་ཀྱི། །དཀའ་བའི་སྡུག་སངས་སྐྲ་གཟེང་སྙིང་འཕར་ཏེ། །རེ་ཞིག་འགྲོ་བ་ལུས་ནས་རྒྱངས་བལྟས་བྱས། །ཨེ་མ་ད་ལྟ་རང་ལ་ལྭ་བ་ཤག །ཕུད་ནས་ཆོས་གྲྭར་འགྲོ་འམ་ཡང་ཡང་ཤར། །དེ་རྗེས་འཛམ་གླིང་མཁས་པའི་འབྱུང་གནས་དང༌། །གངས་ཅན་མགོན་པོ་ཕྱག་ན་པདྨ་ཡིས། །མངོན་པར་སངས་རྒྱས་རྡོ་རྗེ་གདན་གྱི་ཟླ། །བླ་མ་ལྷ་དང་ཆོས་སྐྱོང་མངོན་སུམ་དུ། །བཞུགས་པའི་དཔལ་ལྡན་འབྲས་སྤུངས་ཆོས་སྡེར་སླེབས། །མཐོང་བ་ཙམ་གྱིས་འདི་ཀར་རང་སྡོད་ཅེས། །དད་དང་འདུན་པ་དགའ་བ་ཕན་ཚུན་དུ། །འགྲན་པ་རབ་དགའི་ས་ཡི་དབུས་སུ་སླེབས། །མཆོད་མཇལ་བྱེད་པའི་སྔ་ནུབ་རྨི་ལྟས་ལ། །འདུ་ཁང་སྟེང་དང་ལམ་རིམ་ལྷ་ཁང་གི །ལྟས་བཟང་སྔགས་ཁང་འཇིགས་བྱེད་ལྷ་ཁང་གི །ལྟས་རྣམས་ལེགས་རྨིས་ཕལ་ཆེར་དོན་མཐུན་བྱུང༌། །ཉེར་གཅིག་ས་སྤྲེལ་ལོ་དེའི་ཡར་ངོ་ལ། །འཇམ་མགོན་མི་ཡི་ཟོལ་བརྟེན་རྡོ་རྗེ་འཆང༌། །བློ་གྲོས་རྒྱ་མཚོར་སྐྱེས་བཅས་སྙན་གསན་བྱས། །དེ་ཡི་ཉེར་ལྔར་བསྡུས་གྲྭ་ཆུང་ངུར་ཞུགས། །ཆོས་ཐུན་གཉིས་བཟུང་ཙམ་གྱིས་རྩོད་གྲྭ་རྙེད། །བཅུ་པའི་ཡར་ངོར་སྟག་ལྤགས་ཤམ་ཐབས་སོགས། །ཚེ་སྔོན་སྦྱངས་པའི་རང་བཞིན་རྣལ་འབྱོར་བ། །ལུང་རྟོགས་བདག་པོ་རྡོ་རྗེ་འཆང་ཆེན་པོ། །ཕ་བོང་ཁ་པར་རྡོ་རྗེ་འཇིགས་བྱེད་ཀྱི། །བཅུ་གསུམ་ལྷ་ཡི་དབང་བསྐུར་རང་གིས་ཞུས། །སྟ་གོན་རྨིས་ལྟས་བགེགས་ཀྱིས་མི་ཚུགས་རྟགས། །ལ་སོགས་བྱུང་ཞིང་ཐུགས་དགྱེས་སྔགས་སྒོར་ཞུགས། །དགུན་ཆོས་དང་པོར་བསྡུས་པ་འབྲིང་གྲྭ་བྱས། །ཆོས་གྲྭར་རྩོད་པའི་ཐལ་འགྱུར་ཀུན་ལེགས་པས། །ཕལ་ཆེར་ཀུན་གྱིས་སྔར་ནས་ཆོས་གྲྭ་རུ། །སོང་བའི་ང་རྒྱལ་ཅན་ཞིག་རེད་ཅེས་གྲགས། །དེ་སྐབས་རྟགས་དང་རྨིས་ལྟས་ཆེས་མང་བ། །དད་པའི་སྟོབས་ཡིན་ཕྱིས་སུ་དྲེད་པས་མེད། །ལོ་དེའི་དགུན་དུས་ཕོ་བྲང་པོ་ཏ་ལར། །འཇིག་རྟེན་དབང་ཕྱུག་འབྲོམ་སྟོན་ངུར་སྨྲིག་གར། །མཐོང་ཐོས་རེག་འདྲེན་རྒྱལ་དབང་ཐམས་ཅད་མཁྱེན། །ངག་དབང་བློ་བཟང་རྒྱ་མཚོའི་ཞབས་དྲུང་དུ། །རབ་བྱུང་དགེ་ཚུལ་སོ་ཐར་བདུད་རྩི་ཐོབ། །སྔགས་པ་དཔོན་སློབ་ཚུལ་ཁྲིམས་མཚན་ཅན་ལ། །འཇིགས་བྱེད་མངོན་རྟོགས་གཉིས་དང་ལྷན་ཐབས་དང༌། །སྦྱིན་སྲེག་སོགས་ཐོབ་ཁོ་བོའང་གཞོན་དུས་སུ། །ཡ་སོགས་མང་འདྲེན་སོགས་གསུངས་ཤིན་ཏུ་དགྱེས། །ཉེར་གཉིས་ས་བྱའི་ལོ་ལ་རྡོ་རྗེ་འཆང༌། །རྩ་བའི་བླ་མ་ཕ་བོང་ཁའི་ཞབས་སུ། །གསང་འཇིགས་ཀུན་ཚེ་དབང་རྣམས་རྒྱས་བཤད་བཅས། །བྱིན་རླབས་བདུད་རྩིའི་རྒྱུན་གྱིས་སྙིང་བུམ་གང༌། །ལོ་དེར་རྒྱན་འཇུག་དགེ་འདུན་རྒྱ་མཚོ་ཡི། །གྲུབ་མཐའི་རྣམ་བཞག་གྲུ་རྫིངས་རྟེན་འབྲེལ་དང༌། །བློ་རྟགས་མན་ཆད་བསྡུས་ཚན་ཉེར་ལྔ་ཀུན། །ཞིབ་བཟུང་བརྒལ་བརྟག་སྒོ་ནས་གཏན་ཕབ་ཅིང༌། །དཀའ་བཅུ་ནོ་ཡོན་དབོན་པོས་ཁས་ལེན་བསྐྱར། །སྟོན་ཆོས་གསུམ་ལ་དོན་ནི་བདུན་ཅུ་ཚེ། །དགུན་ཆོས་དུས་སུ་ཕར་ཕྱིན་གཞུང་སར་བྱས། །ལྕགས་ཁྱིར་ལེགས་བཤད་སྙིང་པོ་ཆོས་འབྱུང་གི །དྲང་ངེས་རྣམ་འབྱེད་ཆོས་གྲགས་རྣམ་རྒྱལ་བའི། །དྲང་ངེས་རྣམ་འབྱེད་དགེ་འདུན་རྒྱ་མཚོ་ཡི། །དཀའ་འགྲེལ་བདེ་ལེགས་ཉི་མ་དམ་ཆོས་དཔལ། །མོ་མའི་རྟེན་འབྲེལ་དགེ་འདུན་ཉི་ཤུ་དང༌། །དགེ་འདུན་ཉི་ཤུ་ཆོས་འབྱུང་བྱམས་ལྷུན་གཉིས། །བསམ་གཟུགས་མཐའ་དཔྱོད་སྤྱི་དོན་བརྒྱད་ཙམ་སོགས། །མང་པོ་ཕལ་ཆེར་བཟུང་ཞིང་ལ་ལར་བལྟས། །སྟོན་གྱི་སྲོད་ཆོས་རྟེན་འབྲེལ་སྐབས་གསུམ་པ། །དེ་དག་དབྱར་དགུན་ཆོས་མཚམས་གཉིས་པོ་ལ། །དྲང་ངེས་རྣམ་འབྱེད་དགེ་འདུན་ཉི་ཤུ་དང༌། །བསམ་གཟུགས་སོགས་ཀྱང་འཛིན་ཆོས་སྩལ་བ་གནང༌། །ལྕགས་ཕག་ལོ་བར་རྣམ་བཤད་གསེར་ཕྲེང་གི །དཀའ་གནད་རྣམས་དང་འགྲེལ་ཆུང་ཕལ་ཆེར་བཟུང༌། །ལྕགས་ཕག་ལོ་ལ་དབུ་མའི་རྣམ་བཤད་ཀྱི། །ཕལ་ཆེར་བཟུང་ལ་འདུལ་མཛོད་བདེ་ལེགས་དང༌། །རྗེ་བཙུན་པ་དང་བསོད་གྲགས་སྐྱོ་ཊིཀ་དང༌། །དངོས་གྲུབ་གཉིས་དང་རིན་ཆེན་ཤིང་རྟ་གསུམ། །རང་འགྲེལ་འགྲེལ་བཤད་ཅི་རིགས་ལྟ་རྟོག་བཅུག །དེ་དུས་རྣམ་པར་དཔྱོད་པའི་ཀློང་རྡོལ་ལྟར། །གྲུབ་པའི་མཐའ་དང་ཡིག་འཇོག་སོ་སོ་ལ། །བལྟས་པ་ཙམ་གྱིས་ཆུ་དྭངས་རྡེའུ་ལྟར། །དངོས་ཤུགས་མ་འདྲེས་ཤེལ་ལ་ཚོན་བཞིན་འཆར། །ལམ་རིམ་སྔགས་རིམ་བསྐྱེད་རྫོགས་དུ་མ་དང༌། །འཇིགས་མཛད་ཆོས་སྐོར་རྒྱུད་འགྲེལ་མང་པོའང་བལྟས། །ལ་ལའི་ལུང་ཉན་ཟུར་དགུའི་དྲུག་ཅུ་པའི། །ཐིག་བཏབ་ཟན་བརྩིགས་སོགས་ཀྱང་མངོན་ཆུང་བྱས། །ཕ་བོང་ཁ་རུ་གསང་འཇིགས་ཀུན་ཚེ་དབང༌། །ནག་པོ་སྐོར་གསུམ་གསང་འཇིགས་མངོན་དཀྱིལ་གྱི། །ལྗགས་ལུང་ལ་སོགས་ལོ་དེར་སླར་ཡང་ཐོབ། །ཕར་ཕྱིན་ཐལ་ཕྲེང་ལྷག་མ་མི་ཡི་གར། །རྩ་བའི་བླ་མ་རྒྱལ་བའི་སྲས་ཆེན་པོ། །སྦྱོར་ལམ་པར་གྲགས་དོན་གྲུབ་རྒྱ་མཚོར་ཞུས། །དགུན་ཆོས་ཕར་ཕྱིན་སྟོན་མོའི་དམ་བཅའ་སོགས། །རྗེ་ཡི་ཡིག་ཆ་དང་མཐུན་ཚད་མས་དྲངས། །འོན་ཀྱང་འཇིག་རྟེན་རྨོངས་ཡུས་གནའི་སྲོལ་གྱི། །དྲང་མིན་ཡུར་བར་ཞེན་པའི་ཉལ་འགྲོ་རྒྱུགས། །མཚན་ཉིད་སྟོང་འཁོར་བོན་པོའི་བསཽ་སྒྲ་དང༌། །མུ་ཏོའི་རྒྱང་འབོད་འདི་གསུམ་ངེས་པ་ཅི། །ཚེ་རབས་སྔོན་མའི་ལེགས་བྱས་ཆུ་ཀླུང་དུ། །ལུང་རིགས་པད་དཀར་འདབ་བརྒྱ་བཞད་པ་ལ། །དཔྱོད་ལྡན་ངང་མོས་བརྒལ་བརྟག་དབྱངས་སྙན་ཀྱང༌། །ལོག་སྨོན་བྱ་རོག་དེར་སྙིང་མི་དགའ་ལོ། །འཛམ་གླིང་གསལ་བྱེད་བཅུ་གཉིས་བདག་པོ་འདི། །སྤྲིན་དང་ཁུག་སྣ་རྡུལ་གྱི་ཉེས་པ་ཡིས། །མི་སྡོད་གླིང་བཞིར་ཉིན་བྱེད་ཚལ་བཞད་ན། །རྒྱལ་སྲས་ཚོགས་གཉིས་ཅན་རྣམས་ཇི་ལྟར་སྡོད། །དེ་སྐབས་འཇམ་མགོན་བློ་གྲོས་རྒྱ་མཚོ་ཡིས། །རྒྱན་འཇུག་མཛོད་འདུལ་རྣམ་འགྲེལ་རྩ་བ་ལྔ༌། །ཆོས་སྤྱོད་རབ་གསལ་གཞི་གསུམ་ཆོ་ག་སོགས། །མང་པོའི་ལྗགས་ལུང་ཚོགས་པ་ཡོངས་ལ་གནང༌། །གྲུབ་ཆེན་ཤ་བོར་པཎ་ཆེན་གསུང་འབུམ་ཐོར། །ཐོས་བསམ་བསྒོམ་གསུམ་ཚེ་འདིར་ལེགས་མཛད་པ། །རྡོ་རྗེ་འཆང་དབང་མི་ཡི་གར་མཛད་པ། །པཎ་ཆེན་བཀའ་འགྱུར་སྦྱིན་པ་རྒྱ་མཚོ་ལ། །བདེ་གསང་འཇིགས་གསུམ་མངོན་དཀྱིལ་ལྷན་ཐབས་དང༌། །སོ་སོའི་བསྐྱེད་རྫོགས་ཀུན་དང་ཁྱད་པར་དུ། །འཇིགས་བྱེད་སྒྲུབ་སྐོར་ཀུན་གྱི་རིམ་གཉིས་ཆ། །ལེགས་པར་བཤད་པ་མཁས་གྲུབ་ཡབ་སྲས་ཀྱི། །བསྐྱེད་རྫོགས་ཆེན་པོ་རྒྱུད་སྡེ་བཞིའི་སྦྱིན་སྲེག །མན་ངག་ཀུན་ལྡན་དངོས་གྲུབ་རྒྱ་མཚོ་ཐོབ། །འོན་ཀྱང་འདི་ཡི་མན་ངག་ཀུན་ཤེས་པའི། །གསུང་རྒྱུན་སྲད་པ་རྡོ་རྗེ་འཆང་ཆེན་ལས། །རང་གཞན་ལ་མེད་སོ་སོའི་ཡི་གེ་ན། །སྟོང་གྲག་འབྲུག་སྒྲ་བཞིན་དུ་ཆར་བསྒྲགས་ཀྱང༌། །རྒྱུད་དང་མན་ངག་ཕྱག་ལེན་གསུམ་འཕྲོད་པ། །ཉིན་མོའི་སྐར་མ་པས་ཀྱང་དཀོན་པར་སྣང༌། །རྩ་འཇུག་རྣམ་བཤད་གཉིས་དང་འགྲེལ་ཆུང་དང༌། །ལེགས་བཤད་སྙིང་པོ་དབུ་མ་རིགས་ཚོགས་དྲུག །འཇུག་པ་མདོ་རྩ་སུམ་བརྒྱ་རྩ་འགྲེལ་གཉིས། །ཚད་མ་སྡེ་བདུན་མདོ་དང་རང་འགྲེལ་བཅས། །ལམ་རིམ་ཆེ་ཆུང་རྒྱལ་བ་སྔ་ཕྱིའི་ཁྲིད། །པཎ་ཆེན་ཁྲིད་སོགས་ལུང་དང་ཟླ་གསུམ་དུ། །འཇམ་དཔལ་བཤད་ལུང་ཉམས་ཁྲིད་སྨིན་རྒྱས་ཐོབ། །དེ་དག་གོང་ཙམ་རྒྱལ་བ་གཉིས་པའི་བསྟན། །སྤེལ་ལ་ལེགས་སྨོན་བྱང་ཆུབ་སེམས་ཀྱི་གཏེར། །རྒྱལ་བའི་ཆོས་མཛོད་བདག་གི་མགོན་ཟླ་མེད། །མེར་རྒན་བླ་མ་ངག་དབང་བློ་གྲོས་ལས། །ལམ་རིམ་གཉིས་དང་སངས་རྒྱས་ཡེ་ཤེས་ཀྱི། །དམིགས་བརྩེ་མ་ཡི་ཕྱི་ནང་གསང་སྒྲུབ་སོགས། །ཐོབ་ཅིང་དེ་ནས་ཐུགས་རྗེས་དུས་ཀུན་ཏུ། །ཕ་དང་བུ་བཞིན་མི་འབྲལ་རྒྱུན་དུ་བསྐྱངས། །ང་ཡིས་ཆོས་ཚུགས་ཟིན་ཙམ་འདིའི་དྲིན་ཡིན། །ཉེར་ལྔ་ཆུ་བྱའི་ལོ་ལ་དབུ་མ་དང༌། །རྣམ་འགྲེལ་ཆོས་གྲྭར་ཟུང་འཛིན་ནང་དུ་ཡང༌། །མཛོད་འདུལ་བཟུང་ཟིན་བཤེས་གཉེན་དམ་པ་གཉིས། །གྲྭ་སྐོར་སྟེར་བར་གསུངས་ཀྱང་མ་བླངས་པར། །མཆོད་མཇལ་ཚུལ་དུ་གསང་ཕུར་རྣམ་འགྲེལ་ལ། །རང་ཊིཀ་གསར་བའི་སྟེང་ནས་དཀའ་བཅུ་བྱས། །དེ་ཡི་སྔ་ལོ་འཆད་རྩོད་རྩོམ་པ་ལ། །འཇམ་དབྱངས་དངོས་གྱུར་པྲ་ཛྙཱ་དཱ་ན་ལ། །ཚད་མ་འདུལ་མངོན་དཀའ་གནས་ཟླ་ཕྱེད་ལྷག །ཞིབ་ཞུས་སྐབས་འགར་དགུན་གྱི་མཚན་རང་འདས། །ཉི་རྩེ་ཤར་གྱི་བར་དུ་དཔྱད་པར་བྱས། །བཤེས་གཉེན་དེ་དགྱེས་ཕན་ཚུན་སེམས་གཅིག་བྱུང༌། །ལོ་དེར་བཀའ་འགྱུར་བ་དང་མེར་རྒེན་ལས། །འདུལ་ཊིཀ་རིན་ཆེན་ཕྲེང་སོགས་ཆེས་མང་ཐོབ། །ཆུ་གླང་ལོ་ལ་ཆོས་གྲྭར་དབུ་ཚད་གཉིས། །མཛོད་ལའང་ཟུར་ཉན་བྱས་པས་གསང་ཕུ་རུ། །འཇམ་མགོན་ཤེས་རབ་སྦྱིན་པས་སྔ་ལོ་ནས། །འདི་རུ་རབ་འབྱམས་ཀྱིས་ཞེས་བཀའ་སྩལ་བཞིན། །པོ་ཏི་ལྔ་ལ་ཉིན་ལྔར་དམ་བཅས་པས། །རབ་འབྱམས་སྨྲ་བའི་ཐོག་མ་དེ་ནས་ཚུགས། །པོ་ཏི་གཞན་ལའང་ལན་ནི་མ་གཉིད་ཙམ། །ཚད་མའི་སྐབས་སུ་ལག་པ་ཅུང་ཟད་ཕྱུང༌། །འོན་ཀྱང་ཕན་ཚུན་རྣམ་དཔྱོད་ལྷག་དགའ་རྒྱས། །ལྟས་མཚན་ངོ་མཚར་འཁྲུལ་མེད་ལེགས་འགའ་འང་བྱུང༌། །ཉེར་བདུན་ཤིང་སྟག་ལོ་ལ་སླར་རྣམ་འགྲེལ། །འདུལ་བའང་རྡོ་རྗེ་འཆང་དབང་བཀའ་འགྱུར་བའི། །ཞབས་ལས་མདོ་སྔགས་ལུང་དང་རྗེས་གནང་མང༌། །ཤིང་ཡོས་སླར་མཛོད་རྣམ་འགྲེལ་ལེའུ་དང་རྫོགས། །མེ་འབྲུག་མདོ་སྔགས་རྩེ་མོ་རྒྱུད་ཀུན་གྱི། །རྒྱལ་པོ་དཔལ་ལྡན་གསང་འདུས་བཤད་སྒྲུབ་གྲྭ། །ཆུ་བོ་གངྒཱ་ཚུན་གྱི་སྔགས་གྲྭའི་རྩེར། །མཁས་དང་གངས་ཅན་མགོན་པོས་མངའ་གསོལ་བ། །དཔལ་ལྡན་སྨད་རྒྱུད་འདུས་གྲྭའི་དབུས་སུ་ཕྱིན། །འཇུག་སྒོ་ཚལ་དང་ལྷོ་འབྲུག་རྭ་ལུང་བར། །འཇོམས་བྱེད་དྲག་པོའི་གཏོར་ཆེན་དྲུག་ཅུ་པ། །རྡོ་རྗེ་འཆང་དངོས་བློ་གྲོས་རྒྱ་མཚོ་དང༌། །ལྕང་སྐྱ་མཆོག་གི་སྤྲུལ་སྐུ་ཧེ་རུ་ཀ། །བློ་བཟང་ཆོས་ལྡན་རྣམ་གཉིས་ཞབས་དྲུང་ནས། །དེ་ཡི་ཐིག་དབྱངས་རྔ་ཆིངས་གནམ་དང་སའི། །འཁོར་ལོ་གཉིས་དང་ཟན་ལིང་ཤོག་ལིང་གི །མན་ངག་ཀུན་ཐོས་ལས་མཁན་བདག་ལ་སྩལ། །འཕངས་དུས་འགའ་ལ་རྨི་ལྟས་ཉམས་སོགས་བྱུང༌། །ཁོ་བོ་དྲག་དམིགས་ལིངྒ་ཉམ་ཐག་པ། །བསམ་པ་ཙམ་གྱིས་སྙིང་རྗེས་འགའ་མ་དམིགས། །བདེན་རྫུན་དབང་ངམ་དགེ་འདུན་དམིགས་ནུས་སམ། །དམིགས་ན་རྟགས་ཐོན་ངེས་སྣང་ཡང་ཡང་འཆར། །དེ་ལྟར་ན་ཡང་ཇོ་བོའི་སྐུ་མདུན་དང༌། །ཡུལ་ཡང་གཉན་སྙམ་རྩུབ་པའི་སེམས་མ་བཞག །དེ་ནས་ཡབ་གཅིག་རྒྱལ་བ་གཉིས་པ་ཡིས། །གནས་འདིར་གསང་འདུས་ལྷ་ཚོགས་ཞལ་གཟིགས་པས། །འདི་ན་མ་འོངས་དུས་ན་གསང་འདུས་ཀྱི། །འདུས་སྡེ་འབྱུང་ཞེས་ལུང་བསྟན་ངག་རྒྱུན་དུ། །གྲགས་པའི་ཆུ་མིག་ལུང་དུ་རིམ་ལྔ་ཡི། །དམར་ཁྲིད་ཕྱག་ལེན་བྱིན་རླབས་བདུད་རྩིའི་ངད། །དྲོན་པོ་མ་འཆུག་ཉམས་མྱོང་ལྗགས་ཀྱིས་མྱང༌། །དགའ་དང་རྨི་ལྟས་ཏིང་འཛིན་བརྩོན་པ་བྱུང༌། །མཚམས་གྲོལ་ཁྲིད་སྟོན་ལག་རྗེས་རྒྱུད་བཞིན་དུ། །བཤད་པའི་གོ་རིམ་ཐོབ་ཀྱང་སྐལ་ལྡན་རྣམས། །སྤུ་ལྡང་ཐལ་མོ་སྦྱོར་དེས་སྙིང་ཚིམ་གྱུར། །རིང་ནས་ཡིད་ལ་བརྣག་པའི་ཡབ་གཅིག་རྗེའི། །ཐུགས་བཅུད་མར་མིའི་ཁ་བོ་འབྲུག་ལྟ་བུར། །སྒྲོགས་པ་རྒྱལ་ཀུན་ཕྱག་བྱེད་མཁའ་འགྲོ་མའི། །སྙིང་གི་བཅུད་དེ་ཐོབ་སྙམ་དུས་ཀུན་དགའ། །གནས་དེར་གཞི་གསུམ་ཕྱག་ལེན་ལག་ཉ་སྲུངས། །ནུབ་ལྷག་གཅོད་དང་གར་དབྱངས་ཐིག་གསུམ་སོགས། །བཤད་བཞིན་ཕྱག་ལེན་བཏབ་པས་དགའ་ལྡན་པའི། །གུར་དཀར་གསེར་ཏོག་ལྟ་བུར་འགྲན་ཟླ་མེད། །དེ་ཡི་དོན་གྱི་དཔལ་ལྡན་རྒྱུད་གྲྭ་གཉིས། །གནམ་ལ་ཉི་ཟླ་ས་ལ་རྒྱུད་པ་གཉིས། །མཁས་པས་བསྔགས་དེ་དོན་ལྡན་སངས་རྒྱས་གསུངས། །སྟོན་ཆོས་གསང་སྔགས་མཁར་དུ་གསང་འདུས་ཀྱི། །དཀྱིལ་འཁོར་ཐིག་འདེབས་ས་ལ་ཁྱོད་འགྲོ་ཞེས། །གཞུང་བརྒྱ་སྨྲ་དབང་མོན་པ་དབུ་མཛད་ཀྱིས། །བཀའ་སྩལ་བཞིན་ཕྱིན་ཐིག་ཆོག་ཐིག་རྣམས་ཀུན། །སྔར་གྱི་ཕྱག་ལེན་རྣམ་གྲངས་བཅས་ཐོས་ཤིང༌། །ཟླ་ཕྱེད་འདུས་པའི་བདག་འཇུག་སྐྱེ་དགུའི་ཡིད། །འཛིན་དང་གསོ་བྱེད་ཉམས་མྱོང་གསང་སྔགས་ཀྱི། །བག་ཆགས་རྨད་བྱུང་ཡིད་མཁར་འགོག་མེད་བསྐྲུན། །དགུན་ཆོས་མདོ་རྒྱུད་དུ་མར་ལུང་བསྟན་པ། །རྒྱལ་བ་གཉིས་པས་བདུད་བཅོམ་སངས་རྒྱས་ཞིང༌། །ཆོས་འཁོར་བསྐོར་གནས་རྡོ་རྗེ་གདན་གཉིས་པ། །དགའ་ལྡན་གནས་སུ་རིམ་ལྔ་སོ་སོ་ཡི། །དམིགས་པ་རྣམ་པ་ཡིད་ལ་བྱེད་ཚུལ་སོགས། །ལེགས་དང་མི་ལེགས་སོ་སོའི་ལག་རྗེས་དང༌། །ལམ་དང་འབྲས་བུ་འབྱུང་ཚུལ་མན་ངག་ཅེས། །རྫུན་དང་ཧམ་ཚོད་མིན་པར་རྒྱུད་སྡེ་དང༌། །གྲུབ་ཆེན་ཀུན་གྱི་ཐུགས་བཞེད་མ་འདྲེས་པར། །ངོ་སྤྲོད་ཆེན་མོ་རིམ་ལྔ་གསལ་སྒྲོན་ཞེས། །རང་གཞན་ཀུན་གྱིས་མཐོང་སྨོན་དེ་ཉིད་དང༌། །བསྐྱེད་པའི་རིམ་པ་དངོས་གྲུབ་རྒྱ་མཚོ་ཞེས། །རིམ་པ་དང་པོར་དེ་མཚུངས་ཟླ་མེད་པ། །རྣམ་གཉིས་མཛུབ་ཁྲིད་སྔོན་ནས་ད་ལྟའི་བར། །གཅིག་ནས་གཅིག་བརྒྱུད་ཟླ་མེད་གསུང་བཤད་ཐོབ། །སེམས་ལ་ད་ནི་མར་པ་མི་ལ་ཡིས། །རྡོ་རྗེའི་སྐུ་དེ་མིན་པ་གསུང་འདི་ལས། །ཇི་ཞིག་ཕེབས་སྙམ་རྗེ་བཙུན་ཙོང་ཁ་པར། །དད་པ་ཕྱོགས་ཞེན་མིན་པ་དེ་དུས་རྙེད། །བསྡད་ནའང་དགའ་ལ་སོང་ནའང་ཆེས་ཆེར་དགའ། །བསྒོམས་ན་མངོམ་སུམ་རབ་དགའ་ཐོབ་སྙམ་པའི། །ཆོས་ལ་ཡིད་ཆེས་དད་པ་ཉིན་མཚན་སྐྱེས། 

                                                                                                                         རྩོམ་སྒྲིག་པ། མང་ར་བ།

         གསལ་འདེབས། 
                   རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།