རྗེ་འཇིགས་མེད་དབང་པོའི་རྣམ་ཐར་རྒྱལ་སྲས་འཇུག་ངོགས། བཅུ་བ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-28 12:59:16     རྩོམ་པ་པོ།   དཀོན་མཆོག་བསྟན་པའི་སྒྲོན་མེ།    ཀློག་ཐེངས།  

74929347010745038.jpg

                    བདེ་གཤེགས་གསུང་གི་གསང་བའི་གངྒཱ་འཛིན། །བསྲུབས་སྐྱེས་དཀར་གསལ་ཡིད་འོང་ཆོས་ཀྱི་དུང༌། །བདག་བློ་རྣམ་པར་རྒྱལ་བའི་ཁང་བཟང་རྩེར། །ཟབ་ཅིང་རྒྱ་ཆེ་སྙན་པའི་དབྱངས་སྒྲོགས་ཤིག །དེ་ནས་ཧོར་ཟླ་ལྔ་པའི་ཚེས་དགུའི་ཉིན་གདན་ས་ཆེན་པོ་ནས་ཁྲི་ཆེན་སྤྲུལ་བའི་སྐུ་རྣམ་གཉིས་དང༌། གྲྭ་ཚང་གསུམ་གྱི་བླ་མ་ཁྲི་གདན་ཟུར་སྐུ་སྐྱེ་ཆེ་ཆུང་སྤྱི་དགེ་གཉེར་དབོན་ཆོས་མཛད་སོགས་དང༌། ཨ་མཆོག །གཙོས། མཛོ་དགེ །རྐང་ཚ། རྗེས་ཚང༌། གླ་རི་འགོ །ཧོར་ཚང༌། རོང་པོ་མར་ནང་བཀྲ་ཤིས་ཆོས་སྡེ། གཅུ་འཁོར་གསང་སྔགས་ཆོས་སྡིངས། བྲག་དཀར་སོགས་དགོན་ལག་ཐམས་ཅད་ཀྱི་བླ་མ་ལས་སྣེ་ཆེ་བགྲེས་དཔོན་ཁག་དུ་མ་དང་བཅས་རྟ་པ་སྟོང་ཕྲག་བརྒལ་བས་ཆིབས་སྐྱེལ་ཞུས་ཏེ་གདན་ས་ནས་ཕྱག་བཏེགས། དགོན་པའི་ཕྱི་རོལ་ནས་ཐལ་སྐད་ལན་གསུམ་བཏང་སྟེ་ཆིབས་ཁ་ཕྱིར་བསྒྱུར་བ་སོགས་ལེགས་པའི་རྟེན་འབྲེལ་བསྒྲིགས། གྲྭ་མང་ནས་མོས་གུས་དང༌། སྐྱོ་ཤས་ཤུགས་དྲག་པོས་འབྲལ་མ་ཕོད་པར་ཞབས་ཐང་དུ་རྒྱང་རིང་པོའི་བར་ཕེབས་སྐྱེལ་ཞུས། ལམ་ནས་ལྷ་སྡེ་དང༌། མདའ་ཚན་སོ་སོས་ཞག་བབས་སོགས་ཀྱི་གྲ་སྒྲིག་བསྙེན་བཀུར་ཡང་དག་བསྒྲུབས། ཨུརྒེ་ནས་གདན་དྲངས་ཏེ་གསོལ་སྟོན་གཟབ་རྒྱས་ཀྱི་ཐོག །གོས་ཆེན་བཅུ་སྐོར་དང༌། དངུལ་སྲང་བརྒྱ། མཛོ་སུམ་ཅུ་སོགས་ཕེབས་རྫོངས་སྤམ་མཐོ་བ་ཕུལ། ཝང་གི་སྐུ་ཚབ་ཏུ་རབ་འབྱམས་པ་བློ་བཟང་འཇིགས་མེད་དང༌། པཱེ་ཐང་གཉིས་ཞབས་ཕྱིར་མངགས། མཆོད་ཡོན་ལུགས་གཉིས་ཀྱི་བཀའ་མཆིད་ཞིབ་པར་གནང་ཞིང༌། དཔོན་ཚང་ནས་རྒྱལ་བ་བསོད་ནམས་རྒྱ་མཚོའི་གསེར་སྐུ་མི་ཚད་ལྷག་ཙམ་བཞེངས་པ་ལ། གསང་བ་འདུས་པའི་སྒོ་ནས་རབ་གནས་ཀྱི་ཆོ་ག་རྒྱས་པར་མཛད། བསྒྲུབ་བྱ་སོ་གསུམ་ཙམ་ལ་བསྙེན་རྫོགས་ཀྱི་སྡོམ་པ་ཕོག་ཅིང༌། ཕྱོགས་འདུས་ཀྱི་མཇལ་བ་ཁྲིར་ཉེ་བ་ལ་ཕྱག་དབང་དང་ཆོས་འབྲེལ་སྩལ་ཏེ་ཡིད་ཀྱི་རེ་བ་བསྐང༌། དྲུག་པའི་ཚེས་གསུམ་ལ་དཔོན་ཚང་འཁོར་བཅས་གྲྭ་ཚང་གི་བླ་མ་ལས་སྣེ་སོགས་ཀྱིས་ཆིབས་སྐྱེལ་ཞུས་ཏེ་ཨུརྒེ་ནས་ཆིབས་ཁ་བསྒྱུར། ལོ་དེར་ཀ་ཆུ་ཕྱོགས་སུ་ཟ་ལར་གྱི་འཁྲུག་གཞི་ཆེ་བར་བརྟེན། ཁྲི་ཟུར་བསོད་ནམས་གྲགས་པ་སོགས་འགའ་ཞིག་གིས་སྐུ་ཞབས་ཉིད་དབུས་སུ་ཕེབས་ན་ཤུལ་ནས་དགོན་པ་སོགས་ལ་སྐྱོན་ཡོད་མེད་ཀྱི་དོགས་པ་བསླངས་པར་ངེད་ཀྱི་རྨི་ལམ་དུ་རྒད་པོ་སྨ་ར་དཀར་པོ་ཅན་ལུས་བོངས་རིང་བ་ཞིག་ལ་སྡེ་གཟར་གྱི་དོན་སྐོར་དྲིས་པས་འཁྲུག་ལོང་ཆེ་ཙམ་འོང་ཟེར་ཡང༌། རང་རེའི་དགོན་པ་འདིར་དེ་འདྲའི་རིགས་ཀྱིས་སྐྱོན་མེད་པར་ཀུན་མཁྱེན་གོང་མས་ལུང་བསྟན་ཡོད་པས་སྐྲག་མི་དགོས་ཞེས་དབུགས་དབྱུང་བར་མཛད། ཀླུ་འབུམ་ཇ་སག་མཇལ་བར་འོངས་ཏེ་ཕེབས་རྫོངས་ཞུས། ལ་མོ་ཞབས་དྲུང་རིན་པོ་ཆེའི་ཨུརྒེར་གདན་དྲངས་ཏེ་གསོལ་སྟོན་གཟབ་རྒྱས་དང༌། ལམ་དུ་འཁྱེར་བདེའི་གཟིམས་གུར་སྤུས་ལེགས་ཆ་འགྲིག་དངུལ་གོས་དར་རྟ་མཛོ་རྔ་མོང་སོགས་རྫོངས་ཆ་སྤམ་མཐོ་བ་ཕུལ། ཟླ་བ་དྲུག་པའི་ཚེས་བརྒྱད་ལ་རྨ་ཆུ་ཁ་ནས་ཚོགས་ཆེན་ཁྲི་ཟུར་བསོད་ནམས་གྲགས་པ། བླ་མ་དབུ་མཛད་ངག་དབང་ཚུལ་ཁྲིམས། དུས་འཁོར་རྡོ་རྗེ་འཛིན་པ་ངག་དབང་ཕུན་ཚོགས་སོགས་ཆིབས་སྐྱེལ་མང་མ་ཕྱིར་སློག །རྨ་ཕ་རིར་ཨ་ལག་ཤཱ་དྭགས་པོ་ཀུན་གྲོལ་ནོ་མོན་ཧན། མཚོ་སྔོན་འཇིགས་མེད་པེའི་ལི། མི་འགྱུར་པེའི་སི། བན་མུག་ཇ་སག །སྒྲོལ་མ་སྐྱབས་ཇ་སག །ནོར་བུ་ཇ་སག་རྣམས་ཀྱི་མི་སྣ་འབྱོར་ཏེ་སོ་སོ་ནས་ཕེབས་རྫོངས་དངོས་འབུལ་གྱ་ནོམ་པ་བསྟར། རིགས་པའི་དབང་ཕྱུག་དགེ་བཤེས་བསོད་ནམས་དང༌། སྨྲ་ཁམས་ཞབས་དྲུང་ཆེ་ཆུང་གཉིས་མཇལ་བར་འོངས་ཏེ་འབུལ་སྐྱེས་བཏེག་ཅིང་ཆོས་ཀྱི་གསུང་གླེང་མང་དུ་གནང༌།

                    སྔ་ཕྱིར་ཕེབས་རྫོངས་ལ་གོས་དར་ཟམ་སོ་མཛོ་རྟ་སོགས་ཤིན་ཏུ་ཕོན་ཆེ་བ་བྱུང་ཞིང་དངུལ་རྐྱང་ལ་ཡང་ཐོ་གསལ་རགས་རིམ་བསྡོམས་པར་སྲང་ལྔ་སྟོང་ལྷག་ཙམ་སྣང༌། ཚེས་བཅུ་གསུམ་ལ་བླ་བྲང་ཕྱག་མཛོད་ཆེན་མོ་སྤྱི་སོའི་སྡེ་པ་སོགས་ཆིབས་སྐྱེལ་བ་མཐའ་དག་ཕྱིར་སློག །དེ་སྐབས་ཤིག་རབ་འབྱམས་པ་བློ་བཟང་འཇིགས་མེད་པ་གླེང་གཞི་གཞན་མེད་པར་མི་དྲག་འགའ་ཞིག་གིས་རྐུས་བྱས་ཚུལ་ཐོལ་བྱུང་དུ་གསུངས་པས་ཁོང་དོགས་པ་སྐྱེས་ཏེ་ཚེས་གྲངས་ཡིད་ལ་བཞག་ནས་ཕྱིར་ལོ་རང་ཡུལ་དུ་འབྱོར་པའི་ཚེ་ཉིན་དེར་གནས་ཚུལ་དེ་འདྲ་ཞིག་གི་རྐྱེན་གྱིས་བརྗོད་གླེང་སྣ་ཚོགས་བྱུང་ཚུལ་ཐོས་པས་ལྐོག་གྱུར་གྱི་གནས་ལ་གཟིགས་པ་སྒྲིབ་མེད་དུ་མཐོང་བས་མོས་གུས་ལྷག་པར་འཕེལ། ལ་གཉིས་བར་དུ་ཞག་སྐབས་ཟི་ལིང་ཨམ་བན་ནས་ཆིབས་སྐྱེལ་དུ་མངགས་པའི་ཐུང་ཤི་གཉིས་འབྱོར་ཏེ་ཨམ་བན་གྱི་ཞུ་ཤོག་རྟེན་བཅས་དང་རྒྱ་ལུགས་ཀྱི་སྟོན་མོ་ས་ཆུའི་སྨན་འགའ་ཞིག་བཅས་ཕུལ། ཆེའི་དམ་གྱི་དཔོན་པོ་དཔལ་སྐྱིད་ཇ་སག་དང་མན་ཇུ་ཇ་སག་སོ་སོ་ནས་མཇལ་བར་འོངས་ཏེ་དངོས་འབུལ་བཏེག །ལབ་རྩེ་ཁྲབ་གོན་ནས་རྨ་ཆེན་ལ་བསང་གནང་སྐབས་ན་བུན་སོགས་ཀྱིས་མ་བསྒྲིབས་པའི་གངས་རི་གསལ་བར་མཐོང་ཞིང༌། དེའི་སྟེང་ནས་སྤྲིན་དཀར་པོ་ཆུང་ངུ་ཞིག་འཕྲལ་དུ་དར་ཡུག་བརྐྱང་བ་བཞིན་རྗེ་ཉིད་བཞུགས་པའི་ཕྱོགས་སུ་ཤད་ཀྱིས་འོངས་པས་རྟེན་འབྲེལ་ལེགས་ཞེས་དགྱེས་ཚུལ་མཛད། ལམ་སྐབས་ཀུན་ནས་ནང་དགུང་དང༌། ཐ་ན་ཕེབས་བྱམས་ནང་ཚུན་ཆད་དུ་ཕྱག་དཔེ་གཟིགས་རྟོག་རྒྱུན་པར་མཛད་ཅིང༌། སྐྱེས་རབས་སོ་བཞི་པའི་འགྲེལ་པ་ལྗགས་རྩོམ་གནང༌། ཨ་རུ་ཧོར་ཆེན་བླ་མ་ཞབས་དྲུང་གིས་གསོལ་བ་བཏབ་པ་བཞིན་དྲུག་པའི་ཉི་ཤུ་ནས་བདུན་པའི་ཚེས་བརྒྱད་ཀྱི་བར་ལམ་རིམ་ཆེན་མོའི་བཤད་ལུང་ཤིན་ཏུ་རྒྱས་པར་སྩལ། ཡུས་ཤུས་དཔོན་པོ་པཱེ་ཧུ་ཚེ་དབང་དགེ་ལེགས། པཱེ་ཅང་ཚེ་དབང་རབ་བརྟན་སོགས་ཡུས་ཤུས་སྡེ་པ་ཐམས་ཅད་ནས་གུས་འདུད་ལྷུར་བླངས་ཏེ་ཞབས་ཏོག་དང་དངོས་འབུལ་ཞུས་པ་རྣམས་ཀྱི་རེ་བ་བསྐངས། འབྲི་ཆུ་ཁར་བཱེ་ཧུ་བསོད་ནམས་ཕུན་ཚོགས་ཀྱིས་བསྙེན་བཀུར་གང་ལེགས་ཞུས་པར་འདོད་ཆོས་ཁ་ཡར་གནང༌། རྒྱལ་མཚན་མཐོན་པོ་ནས་རྗེ་ཉིད་པཎ་ཆེན་གོང་མ་དེ་དང་ཐུགས་ནང་ཤིན་ཏུ་ཉེ་བར་མ་ཟད། རྒྱ་ཕེབས་ཀྱི་སྐོར་སོགས་སྔ་ཕྱི་དུ་མར་སྐུ་དྲིན་ཆེ་ཚུལ་གྱི་གསུང་ཤོག་དང་བཅས་བཀྲ་ཤིས་འཁྱིལ་གྱི་འདུ་ཁང་ཆེན་མོའི་སྟེང་དུ་འཛུགས་རྒྱུའི་གསེར་གྱི་རྒྱལ་མཚན་ཆ་དང༌། གཉྫིར་ཆེ་ལེགས་བཟོ་བཀོད་གསེར་མདངས་ཐམས་ཅད་ཕུན་སུམ་ཚོགས་པ་ཞིག་བསྐུར་བའི་མི་སྣ་རྣམས་མདུན་དུ་མཇལ་ཏེ་རྒྱུ་མཚན་ཞུས་པར་དགྱེས་པའི་བཀའ་མཆིད་དང་བདག་རྐྱེན་གྱ་ནོམ་པ་གནང༌། འགོ་ཚ་སྐུ་སྐྱེ་དཀོན་མཆོག་མཐུ་སྟོབས་དབང་པོ་མཇལ་བར་འོངས་ཏེ་དངོས་འབུལ་བཏེག་ནས་སྒྲོལ་མའི་རྗེས་གནང་སོགས་ཆོས་འབྲེལ་འགའ་ཞིག་ཞུས་པར། ཀརྨ་ཆགས་མེད་ཀྱི་གསུང་འབུམ་ཞིག་ཚོལ་དགོས་ཀྱི་བཅོལ་དན་གནང༌། དགེ་ལྡན་ཆོས་འབྱུང་གི་ལྗགས་རྩོམ་འཕྲོ་འཐུད་ཅིང་གཞན་དོན་གཉེར་ཅན་འགའ་ཞིག་གིས་ཞུས་ངོར་ལྗགས་རྩོམ་ཁ་ཡར་མཛད། རྡོ་རམས་པ་བློ་བཟང་དང་རྡོ་རམས་པ་དར་རྒྱས་གཉིས་ལ་ཡང་གཞུང་ཆེན་པོ་དུ་མའི་སྟེང་ནས་འཕྲོས་པ་གནང་བས་ཁོང་རྣམ་གཉིས་ལ་ཡང་བློ་སྐྱེད་ཚད་མེད་པ་བྱུང༌། དགུང་མོའི་ཆ་ལ་ཞལ་འདོན་ཆག་མེད་སོགས་ཆོས་ཀྱི་བྱ་བས་ཉིན་མཚན་ཁོར་ཡུག་ཏུ་འདའ་བ་མ་གཏོགས་ལམ་ཐག་རིང་བར་སྙད་བཏགས་ནས་ཆོས་ཕྱོགས་མཐའ་དག་རྒྱབ་བསྐྱུར་གྱི་ངང་ཚུལ་རྣམས་རིང་དུ་དོར། བྱ་སྔོ་ཁྲོབ་ཏུ་ཞག་སྐབས་ཁོ་བོ་ཅག་གི་དཔོན་པོ་བློ་བཟང་དཀོན་མཆོག་བསུ་བར་འབྱོར་པ་ལ་དབུས་ཕྱོགས་ཀྱི་བཀའ་འདྲི་མང་དུ་གནང༌། བརྒྱད་པའི་ཚེས་བཅོ་བརྒྱད་ལ་མཚོ་མོ་རྭར་ཕེབས་ཐོག་རྭ་སྒྲེང་ནོ་མོན་ཧན་ནས་བསུ་བ་འཚམས་ཞུས་བཅས་འབྱོར། དེར་བཞུགས་སྐབས་ནག་ཆུ་མཁན་ནང་གཉིས་མཇལ་དུ་འོངས་ཏེ་གསོལ་སྟོན་དྲངས་པར་གཞུང་དུ་འབུལ་རྒྱུའི་རྟ་ཉིས་བརྒྱ་སྐོར་ཞིག་སྤྲད། ཧལ་ཧ་རྗེ་བཙུན་དམ་པའི་མགྲོན་གཉེར་ཟླ་བ་ངོ་གཡོག་མཇལ་བར་འོང་བ་ལ་བཀའ་མཆིད་ཞིབ་ཏུ་གནང་ཞིང་རྗེ་བཙུན་དམ་པའི་མཆོག་སྤྲུལ་རིན་པོ་ཆེ་སོགས་ལ་འབུལ་རྒྱུའི་ཞུ་ཤོག་འགའ་ཞིག་གནང༌། ཚེས་ཉེར་དགུ་ལ་གཞུང་ས་ནས་རྟ་འུལ་ཞོན་པ་ཁལ་མ་སོགས་རྫོངས་སྐྱེལ་གྱི་ཚུལ་དུ་གནང་བའི་སྟེང་ནས་ཆིབས་ཁ་བསྒྱུར། དགུ་པའི་ཚེས་བཞིའི་ཉིན་ཁོ་བོ་ཅག་དང༌། སྒོ་མང་དཔོན་སློབ་སྐལ་བཟང་དངོས་གྲུབ། དཔོན་སློབ་སངས་རྒྱས་རྡོ་རྗེའི་མཆོག་སྤྲུལ་གྲགས་པ་རྒྱལ་མཚན། རྭ་སྒྲེང་ནོ་མོན་ཧན་གྱི་ཕྱག་མཛོད། སྒོ་མང་སྡེ་པ། ཧ་སྡོང་དང་ཀླུ་འབུམ་གྱི་དགེ་རྒན་བཅས་ཀྱིས་སྟབས་གཅིག་པར་དབུ་མ་བཀྲ་ཤིས་ཐང་དུ་བསུས་ཏེ་ཞལ་གྱི་དཀྱིལ་འཁོར་མིག་གི་བདུད་རྩིར་གྱུར་པའི་ཐོག་དགྱེས་པའི་བཀའ་མཆིད་མང་དུ་ཕེབས། རྭ་སྒྲེང་དུ་ཕེབས་ཏེ་མཆོད་མཇལ་ཞིབ་རྒྱས་དང༌། བསྟན་པ་ཕྱོགས་མཐར་རྒྱས་པའི་ཐུགས་སྨོན་ནན་ཏན་མཛད། རྭ་སྒྲེང་ནོ་མོན་ཧན་ནས་གཞིས་ལེན་གྱི་སྟོན་མོ་གཟབ་རྒྱས་བསྟར་ཞིང་སྤྲུལ་བའི་སྐུ་ལ་དངོས་འབུལ་སྤམ་མཐོ་བ་དང་བཅས་ཚོགས་པར་མང་འགྱེད་གྱ་ནོམ་པ་སྩལ། ཚེས་དགུ་ལ་སེར་སྨད་ཀྱི་དཔོན་སློབ་སྟོང་སྐོར་སྤྲུལ་བའི་སྐུ་རིན་པོ་ཆེ་དང་སེ་ར་བྱེས་སྨད་གཉིས་ཀྱི་སྡེ་པ། ཧ་སྡོང་དགེ་རྒན་བཅས་བསུ་བར་འབྱོར། དེ་ནུབ་ལྷུན་གྲུབ་རྫོང་དུ་ཞག་བབས་ཀྱི་ཐོག་སྟོང་སྐོར་སྤྲུལ་བའི་སྐུ་ནས་དཀར་སྤྲོའི་བསྙེན་བཀུར་ཞུས། དེ་ནས་རིམ་གྱིས་ཕེབས་པས་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་ནས་བྱང་རྩེ་དཔོན་སློབ་དང༌། ཚོགས་ཆེན་དགེ་བསྐོས་འབྲས་སྤུངས་བློ་གསལ་གླིང་དཔོན་སློབ་དང༌། འདུལ་བ་བླ་མ་གདན་ཟུར། སེ་ར་བྱེས་དཔོན་སློབ། སེ་རའི་ཚོགས་ཆེན་དགེ་བསྐོས་སོགས་བསུ་བ་རིམ་པར་འབྱོར། ཚེས་བཅུ་གསུམ་གྱི་ཉིན། སེར་བྱེས། སེར་སྨད། ཁོ་བོ་ཅག །ཧ་སྡོང་ཁམས་ཚན། སྒོ་མང་གྲྭ་ཚང་བཅས་ཀྱིས་ཐབ་བསུ་ཕུལ་བ་རྣམས་ལ་རིམ་པར་ཕེབས། འབྲས་སྤུངས་སྤྱི་སོའི་ཐབ་བསུའི་སྟེང་དུ་བླ་མ་བདུན། ཞལ་ངོ་གཉིས། གནས་ཆུང་ཆོས་རྗེ། ཚོགས་ཆེན་དབུ་མཛད། སྤྱི་སོའི་སྡེ་པ་བཅས་ཀྱིས་མཇལ་དར་ཕུལ། དེ་ནས་གཞུང་ས་རིན་པོ་ཆེ་ནས་རྩེ་དྲུང་གསུམ། ཤོད་དྲུང་གསུམ་བཅས་མངགས་ཏེ་ཐབ་བསུའི་བསྙེན་བཀུར་ཞུས་ཤིང་རིམ་གྱིས་དཔལ་གྲོང་ཁང་གསར་དུ་ཕྱག་ཕེབས། ཕྱི་ཉིན་སྔ་ཆར་ཇོ་བོ་རིན་པོ་ཆེ་དང༌། རང་བྱོན་ལྔ་ལྡན། བྱམས་པ་ཆོས་འཁོར་མ། རྗེ་ང་འདྲ་མ་སོགས་རྟེན་འགངས་ཆེ་བ་རྣམས་ལ་མཆོད་མཇལ་ཞིབ་ཏུ་མཛད། བསྟན་པའི་གསལ་བྱེད་དམ་པ་རྟ་ཚག་རྗེ་དྲུང་སྤྲུལ་བའི་སྐུ་རིན་པོ་ཆེ་དང༌། རྒྱུད་སྟོད་སྨད་ཀྱི་མཁན་པོ་སོགས་བླ་མ་སྤྲུལ་སྐུའི་རིགས་དུ་མ་དང་གཞུང་གི་མི་ཆེན་སོ་སོ་ནས་མཇལ་བར་འོང་བ་ལ། རང་རང་གི་བློ་དང་འཚམ་པའི་གསུང་འཕྲོས་དང་འོས་བསྟུན་གྱི་གནང་སྐྱེས་གྱ་ནོམ་པ་སྩལ། བ་རི་བླ་མ་ངག་དབང་དོན་གྲུབ་ཀྱི་སྐུ་སྐྱེ་མཇལ་བར་ཕེབས་པ་ལ་སྤྱིར་སྤྲུལ་སྐུ་ཆེ་ཁག་མིན་ཀྱང་ཁོང་གི་སྐུ་གོང་མ་རྗེ་ཉིད་ཀྱི་བླ་མ་ཡིན་གཤིས་བཀུར་གཟོས་ཚད་མེད་པ་གནང་བ་ནི་ད་ལྟར་གྱི་དུས་ལ་ལྟོས་པའི་ཐུན་མོང་མ་ཡིན་པའི་རྣམ་ཐར་ཞིག་ཏུ་སྣང༌།

                 མཆོད་མཇལ་ཞིག་གི་ཚེ་འཇམ་དབྱངས་ཁོ་ཡོན་མར་སྙན་ཤལ་ཕུལ་བ་ཀུན་མཁྱེན་གོང་མའི་དུས་བཞིན་ཕྱག་གིས་བཞེས་པས་དེར་འཁོད་མཐའ་དག་ཡ་མཚན་ཞིང་ཡིད་ཆེས་ལྷག་པར་འཕེལ། བསྒྲུབ་བྱ་འགའ་ཞིག་ལ་བསྙེན་རྫོགས་ཀྱི་སྡོམ་པ་སྩལ་ཅིང༌། རྒྱུད་སྨད་བླ་མ་དབུ་མཛད་ཀྱིས་ཞུས་ངོར་དྭགས་པོ་ནམ་མཁའ་གྲགས་ཀྱིས་མཛད་པའི་གསང་འདུས་བསྐྱེད་རྫོགས་གཉིས་ཀྱི་ལྗགས་ལུང་དང༌། གཞན་དོན་གཉེར་ཅན་ཁ་ཤས་ལ་འཇམ་དབྱངས་དཀར་པོའི་རྗེས་གནང་སོགས་འདོད་ཆོས་འགའ་ཞིག་གནང༌། འཇམ་མགོན་བསྟན་པའི་རྩ་ལག་རྒྱལ་སྲས་སྤྲུལ་བའི་སྐུ་རིན་པོ་ཆེ་མདུན་དུ་མཇལ་བར་ཕེབས་ནས་ཟུར་གསོས་གྱ་ནོམ་པ་ཞུས། རྒྱལ་སྲས་རིན་པོ་ཆེས་ངེད་ཀྱིས་སྔར་ནས་དབུ་མའི་བཀའ་རྩོམ་རྟིང་སྐུལ་ཞུས་པ་ཡིན་ཀྱང་ངས་ལྷ་རམས་པའི་དམ་བཅའ་མ་བཞག་བར་དུ་ཁྱེད་ཀྱིས་མ་བརྩམས། ད་ལྟ་ང་མ་ཎི་འདོན་སྐབས་ཁྱེད་ཀྱིས་གསུངས་འདུག་ཀྱང་བེད་མི་ཆོད་པར་སྣང་ཞེས་ཞལ་རྩེད་མཛད་པ་སོགས་ཕན་ཚུན་ཐུགས་ནང་ཤིན་ཏུ་ཉེ་བའི་གསུང་འཕྲོས་རྒྱུན་རིང་མཛད། བཅུ་པའི་ཚེས་བཅུ་གཅིག་ལ་རྒྱལ་དབང་ཐམས་ཅད་མཁྱེན་པ་བཀྲ་ཤིས་ལྷུན་པོ་ནས་ཕེབས་པར་ཆིབས་བསུ་མཛད་དེ་མཚན་ཉིད་གླིང་ཁར་ཐབ་བསུའི་སྟེང་ནས་མཇལ་ཁ་ཞུས། རྒྱལ་དབང་མཆོག་ནས་ལམ་སྐབས་སོགས་ཀྱི་བཀའ་འདྲི་དང་འབྲས་སྤུངས་བཞུགས་གྲལ་ལ་ཕེབས་དགོས་ཀྱི་བཀའ་བསྒྱུར་བ་བཞིན་དུ་དེར་བྱོན། སྒོ་མང་གྲྭ་ཚང་ནས་རྒྱལ་དབང་མཆོག་ལ་གསོལ་སྟོན་ཞུས་པའི་སྡེབས་སུ་རྗེ་ཉིད་ཀྱང་གདན་དྲངས་པ་ལྟར་ཕེབས། དེ་ཉིན་རྗེ་དྲུང་སྤྲུལ་བའི་སྐུ་རིན་པོ་ཆེ་ནས་གདན་དྲངས་ཏེ་གསོལ་སྟོན་གཟབ་རྒྱས་ཞུས། ངེས་འབྱུང་བྱང་སེམས་ཡང་དག་པའི་ལྟ་བ་གསུམ་ཟུང་དུ་འབྲེལ་བའི་སྒོ་ནས་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པ་ཀུན་སྤངས་ཆེན་པོ་ཀློང་རྡོལ་བླ་མ་ངག་དབང་བློ་བཟང་པའི་ཞལ་སྔ་ནས་གདན་དྲངས་ཏེ་བཅུ་པའི་བཅོ་བརྒྱད་ནས་བཅུ་གཉིས་པའི་ཟླ་མཇུག་ཙམ་གྱི་བར་དུ་རྗེའི་གསུང་འབུམ་ཁྲོད་ནས་ལུང་སྔར་མ་གསན་པ་འགའ་ཞིག་དང༌། སྔར་གསན་ཀྱང་ལུང་རྒྱུན་ལ་དོགས་པ་ཡོད་པའི་རིགས། བཀའ་གདམས་ཕ་ཆོས་བུ་ཆོས། རྒྱལ་དབང་དགེ་འདུན་རྒྱ་མཚོའི་གསུང་འབུམ་སོགས་ལྗགས་ལུང་མང་དུ་གསན། ཕར་ཡང་རྡོ་རྗེ་འཛིན་པ་དཀོན་མཆོག་རྒྱལ་མཚན་གྱི་ལམ་རིམ་སོགས་ཀྱི་ལུང་ཁ་ཤས་གནང༌། བར་སྐབས་སུ་རྒྱལ་དབང་རིན་པོ་ཆེར་གཟིམས་ཆུང་མཇལ་ཁ་ལན་འགའ་ཞིག་ཞུས་པར་དགྱེས་པའི་བཀའ་མཆིད་མང་དུ་ཕེབས། མཚུར་ཕུ་ནས་ཀརྨ་བས་འཚམས་ཞུས་སྒྲོལ་མའི་སྐུ་ཁྱད་འཕགས་དང་སྙན་དངགས་ཀྱི་དཔེ་འགའ་ཞིག་བཅས་འབྱོར་བར་ལན་དུ་ཚིག་སྦྱོར་ཕུན་སུམ་ཚོགས་པའི་ཆབ་ཤོག་བདོག་པ་གྱ་ནོམ་པའི་རྟེན་དང་བཅས་པ་ཕུལ། ཉིན་གཅིག་ཞབས་ཕྱི་རྣམས་བསྡུས་ཏེ་ངེད་ལ་ཆོས་ཉན་སོགས་དོན་ཆེན་པོ་སྒྲུབ་རྒྱུ་མང་པོས་ལོ་རྗེས་མར་ཕྱིར་འགྲོ་མི་ཐུབ་པ་འདུག་ཅེས་བཀའ་ཕེབས། ཚང་མས་འབྱོན་དགོས་ཀྱི་ཞུ་བ་ནན་ཏན་ཕུལ་ཀྱང་བསྒྱུར་མ་ནུས་པས་དཔོན་གཡོག་རགས་བསྡུས་བཞུགས་རྒྱུར་བྱས་ཏེ་དམངས་ཕྱིར་སློག་པས་སྔ་འགྲོས་ཀྱི་མགོ་པར་ཨུས་ཙང་དབོན་པོ་དགེ་འདུན་འཇམ་དབྱངས་དང་རབ་འབྱམས་པ་བློ་བཟང་ཚུལ་ཁྲིམས་གཉིས་འགྲོ་དགོས་ཀྱི་བཀའ་ཁྱབ་སྩལ། རྒྱལ་སྲས་སྤྲུལ་བའི་སྐུ་རིན་པོ་ཆེའི་དྲུང་ནས་གྲུབ་ཆེན་བརྒྱད་ཅུའི་རྗེས་གནང་གསན་ཅིང་ཕར་ཡང་ཆོས་བཀའ་འགའ་ཞིག་གནང༌། བཅུ་གཉིས་པའི་ཉི་ཤུ་གཉིས་ནས་བཟུང་ཞག་བདུན་གྱི་རིང་བཅད་རྒྱ་མཛད་ཅིང་ཉི་ཤུ་དགུའི་ཉིན་རྣམ་རྒྱལ་གྲྭ་ཚང་གི་འཆམ་ལ་གཟིགས་མོར་ཕེབས། དེའི་ཕྱི་ཉིན་རྒྱ་རྩིས་དང་བསྟུན་ནས་དགུང་ལོ་ང་བརྒྱད་པ་ཤིང་སྦྲུལ་གྱི་ལོ་གསར་དགའ་སྟོན་གནང༌། གཞུང་རྩིས་ཀྱི་ཚེས་གཅིག་ལ་པོ་ཏ་ལར་ཕེབས་ཏེ་རྒྱལ་དབང་རིན་པོ་ཆེར་ལོ་གསར་གྱི་མཇལ་དར་ཕུལ། གཞུང་ས་ནས་གདན་ཁྲི་སོགས་ཀྱི་བཀུར་གཟོས་དང་སྟོན་མོ་གཟབ་རྒྱས་བསྟར། སེ་འབྲས་ཀྱི་བླ་མ་ལས་སྣེ་གཞུང་གི་བཀའ་བློན་སོགས་མི་དྲག་ཕལ་ཆེར་མཇལ་བར་འོངས་ཤིང༌། བཀྲ་ཤིས་ལྷུན་པོ་ནས་སྡེ་པ་གླང་གདོང་ནས་དང་སྡེ་པ་ཡེ་ཤེས་ཕུན་ཚོགས་གཉིས་འབྱོར་ཏེ་སྐྱབས་མགོན་པཎ་ཆེན་ཐམས་ཅད་མཁྱེན་གཟིགས་ཆེན་པོའི་གསུང་ཤོག་དང་ཕྱག་མཛོད་ཆེན་མོ་སོགས་དྲག་རིམ་ཕལ་ཆེ་བའི་འཚམས་ཞུས་ཀྱི་ཡི་གེ་རྣམས་ཕུལ། དགེ་ཚུལ་གྱི་སྡོམ་པ་ཞུ་མཁན་མང་དུ་བྱུང་བས་འདོད་མོས་བཞིན་གནང༌། ཚེས་དགུར་རྒྱལ་དབང་རིན་པོ་ཆེ་ལྷ་སར་ཆིབས་བསྒྱུར་གནང་སྐབས་ཕེབས་བསུ་ཞུས་ཤིང་ཨེ་ཝཾ་དུ་གཞུང་ས་ནས་ཤངས་ལེན་དང་གཟོས་སྒོ་སྔར་ལས་ཀྱང་ལྷག་པར་ཞུས། འདིས་མཚོན་ཏེ་ཕྱོགས་གང་དུ་ཕེབས་ཀྱང་ལན་རེ་བཞིན་ནམ་འཕང་ཇེ་མཐོར་འགྲོ་བ་ཀུན་གྱི་མཐུན་སྣང་དུ་གྲུབ་པ་ཞིག་ཡོད་པ་ནི། སྟོབས་ཀྱིས་བསྡིགས་པ་མེད་པར་འགྲོ་ཀུན་འདུད། །གསུངས་པ་ལྟར་ལུང་དང་རྟོགས་པའི་ཡོན་ཏན་གྱི་གཟི་བྱིན་དུ་མངོན། བཅུ་གཅིག་ལ་གདན་ས་ཆེན་པོ་སྐུ་འབུམ་ནས་མི་སྣ་ཆེད་མངགས་ཀྱིས་རྒྱལ་དབང་རིན་པོ་ཆེར་ཞབས་བརྟན་ཕུལ་བའི་སྟེང་དུ་གསུང་བཤད་ཚིག་དོན་ཕུན་སུམ་ཚོགས་པ་ཞིག་མཛད། བཅོ་ལྔའི་ཉིན་འཕགས་མཆོག་ཕྱག་ན་པདྨ་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་ལྷ་ལྡན་སྨོན་ལམ་གྱི་ཚོགས་དབུས་སུ་གདན་དྲངས་ཏེ་རྗེ་ཉིད་ནས་བརྟན་བཞུགས་ཀྱི་བཤད་པ་དོན་ཟབ་ཅིང་རྒྱ་ཆེ་ལ་ཚིག་སྙན་ཞིང་འབྲེལ་ཆགས་པ་འཇིགས་པ་མེད་པའི་གསུང་གི་གདངས་ཟབ་མོ་དང་བཅས་ཏེ་ཞུས་པའི་མཐར་དངོས་འབུལ་གྱི་རིམ་པ་ཡང་དངུལ་སྲང་བརྒྱ་ལས་གྲུབ་པའི་མཎྜལ། དངུལ་དཀར་གྱི་བཀྲ་ཤིས་རྟགས་བརྒྱད་དང་རྫས་བརྒྱད། ན་བཟའ་ཉེར་སྤྱད་ཀྱི་སྐོར། དངུལ་རྟ་རྨིག་མ་བརྒྱ། ཐོན་ཐི། མང་ནོག །ཁ་ཐི་སོགས་བཟང་གོས་ཡུག་བརྒྱ། ཆིབས་ཆེན་གསུམ་གྱིས་གཙོས་པས་རྟ་ཉིས་བརྒྱ་སྐོར། བཟང་ཇ་འཁོར་དྲུག་བརྒྱ་སོགས་སྤུས་གཙང་ཞིང་རྒྱ་ཆེ་བའི་དངོས་འབུལ་ནམ་མཁའ་མཛོད་ཀྱི་སྒོ་འཕར་ཕྱེ་བ་ལྟ་བུ་དང༌། དེ་མཚུངས་ཁྲི་ཆེན་ནོ་མོན་ཧན་ལ་ཡང་དངུལ་གྱི་མཎྜལ། ན་བཟའ་ཉེར་སྤྱད། རྡོ་ཚད་སུམ་ཅུ། གོས་ཆེན་སུམ་ཅུ། འཁོར་དྲུག་སུམ་ཅུ་སོགས་འབུལ་ནོད་ཤིན་ཏུ་སྤམ་མཐོ་བ་བཏེག །དགེ་འདུན་ཁྲི་ཕྲག་གཉིས་དང་སུམ་སྟོང་བརྒལ་བར་ཇ་ཐུག་སོགས་ཀྱིས་བསྙེན་བཀུར་ཉིན་འཁྱོངས་ཞུས་པའི་ཐོག་དངུལ་རྡོ་ཚད་ཉིས་བརྒྱ་དང་ཉི་ཤུ་སྐོར་གྱིས་སྐུ་འགྱེད་ཞོ་ཕྱེད་དང་དྲུག་རེ་ཕུལ་ནས་བསྟན་འགྲོའི་དོན་དུ་བསྔོ་བའི་ཐུགས་སྨོན་རྒྱ་ཆེར་གནང༌། རྗེ་བླ་མའི་བསྟན་པའི་སྲོག་ཤིང་མཚུངས་ཟླ་མ་མཆིས་པ་དཔོན་སློབ་བྱམས་པ་རིན་པོ་ཆེ་ནི་ཉིད་ཀྱི་བཀའ་དྲིན་གསུམ་ལྡན་གྱིི་བླ་མ་ཡིན་པའི་དབང་གིས་ཕུར་བུ་ལྕོག་སྤྲུལ་བའི་སྐུ་རིན་པོ་ཆེ་དཔལ་འབྱོར་རབ་བརྟན་དུ་གདན་དྲངས་ཏེ་དངུལ་གྱི་མཎྜལ་བར་མཛོད་སྣ་ལྔའི་འདོགས་བཅས་དང་དངུལ་སྲང་བརྒྱ། གོས་ཆེན་ལྔ་སོགས་ལེགས་འབུལ་གྱ་ནོམ་པ་བསྟར། ལྷ་སའི་ཨམ་བན་གཉིས་དང་བཀའ་བློན་བཞི། རྗེ་དྲུང་ཨ་ཁུ་ལགས་དང་སྐུ་མཆེད་རྣམ་པ་གཉིས་སོགས་སོ་སོ་ལ་ཡང་བབས་འོས་ཀྱི་གནང་སྐྱེས་འཚེམ་མེད་དུ་སྩལ་ཏེ་ཚིམ་པར་མཛད།

                  རྒྱུད་སྟོད་སྨད་གཉིས་ལ་གྲྭ་ཇ་ཁ་ཤས་ཀྱི་ཐོག་ཞབས་བརྟན་བསྒྲུབས་ཏེ་སྐུ་འགྱེད་བལ་ཊམ་རེ་ཕུལ། སྙན་བརྒྱུད་བསྟན་པའི་བདག་པོ་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོ་གཙང་ནས་མར་ཕེབས་པ་དང་མཇལ་འཛོམ་གྱི་ཐོག་མདོ་སྔགས་ཀྱི་དཀའ་གནད་དུ་མ་ལས་བརྩམས་པའི་ཆོས་ཀྱི་འབེལ་གཏམ་རྒྱ་ཆེར་མཛད་དེ་བྱམས་འཇམ་དབྱངས་བགྲོ་བ་ལྟ་བུའི་ངོ་མཚར་གྱིས་ནོར་འཛིན་ཡངས་པའི་ཁྱོན་འདི་སྐལ་བ་བཟང་པོར་བསྒྲུབས། རྒྱུད་སྨད་བླ་མ་དབུ་མཛད་སོགས་དགེ་བའི་བཤེས་གཉེན་མང་པོས་ཆོས་ཀྱི་དྲི་བ་སྣ་ཚོགས་ཞུས་པར་ཐམས་ཅད་ཀྱི་སོམ་ཉིའི་དྲ་བ་ལྷག་མེད་དུ་བསལ་བས་ཞུ་བ་པོ་ཡོན་ཏན་ཇི་ཙམ་ཆེ་བ་བཞིན་རྗེ་འདི་ལ་དད་པ་ལྷག་པར་ཐོབ་སྟེ། ལེགས་བཤད་མཁས་པའི་བློ་གྲོས་ཀྱིས། །གོ་ཡི་བླུན་པོས་དེ་ལྟ་མིན། །ཞེས་པའི་དོན་དུ་མངོན། དེ་ཡང་རྗེ་འདི་ནི་གསུང་རབ་ཀྱི་དཀའ་གནས་ལ་དོགས་པ་གཅོད་པ་དང༌། གཞན་ལ་ཕན་བཞེད་ཀྱི་ཐུགས་དགོངས་འབའ་ཞིག་མ་གཏོགས། གཞན་གྱི་ཚོད་ལྟ་ཞིང་ཁྱད་དུ་གསོད་པ་དང་མཛེས་ལམ་ཙམ་དུ་དོགས་པ་ཞུ་ཞིང་ཆོས་ཉན་པ་སོགས་དམ་པ་མ་ཡིན་པའི་སྤྱོད་ཚུལ་སྐད་ཅིག་ཙམ་ཡང་མི་མཛད་ལ། དེའི་རྒྱུ་མཚན་གྱིས་ཁྲི་ཆེན་ནོ་མོན་ཧན་རིན་པོ་ཆེར་མཇལ་འཛོམ་གྱི་ཚེ་ཆོས་མཐུན་གྱི་གསུང་གླེང་གཞན་མ་གཏོགས་དཀའ་གནད་ཀྱི་དྲི་བ་སོགས་མ་ཞུས་པས། དེ་ཁྲི་ཆེན་གྱི་དགོངས་པར་ཅུང་ཟད་མ་བབས་ཚུལ་འགའ་ཞིག་ནས་ནང་སྦྱར་གྱིས་ཞུས་པར་བརྟེན། ཉིན་གཅིག་གསུང་འཕྲོས་ཀྱི་ཚེ་རྗེ་འདིས་མདོ་ལུགས་ཀྱི་ཕྱག་ཆེན་ཟེར་བ་འདི་ཐལ་འགྱུར་བའི་ལྟ་བ་སྒོམ་ཚུལ་ཁོ་ན་ཞིག་ཡིན་ན་ལྟ་ཁྲིད་ཅེས་པ་དང་མིང་གི་ཁྱད་པར་ཙམ་ལས་དགོས་པ་ལྷག་པོ་མི་འདུག་ཅིང༌། དེ་ལས་གཞན་ཞིག་ཀྱང་འཇོག་རྒྱུ་ཅུང་དཀའ་བར་འདུག་པས་ཇི་ལྟར་འཐད་ཅེས་ཞུས་པ་ལ། ནོ་མོན་ཧན་རིན་པོ་ཆེའི་ཞལ་ནས། དེ་ལས་སླ་མོད། བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ལ་བྱེད་རྒྱུ་ཡིན་པར་འདུག་ཅེས་བཀའ་ཕེབས་པས། བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ཟེར་བ་སྔགས་ལུགས་ཡིན་མོད་ཞུས་པ་ན་དེ་བདེན་པར་འདུག་གསུངས། སྤྱིར་མཁས་པ་རྣམས་ནི་གཞན་དང་གཏམ་གླེང་བའི་ཚུལ་ཡང༌། ཚལ་བ་སི་ཏུ་དགེ་བའི་བློ་གྲོས་ཀྱིས། མཁས་པའི་ཡུལ་སར་མཁས་པའི་གཏམ་གྱིས་དགའ་བ་བསྐྱེད། །ཆེན་པོའི་མདུན་སར་ཆེན་པོའི་གཏམ་གྱིས་དགའ་བ་བསྐྱེད། །གྲོང་པའི་འདུན་སར་གྲོང་པའི་ཚིག་གིས་དགའ་བ་བསྐྱེད། །ཨེ་མ་རྨོངས་པའི་འདུན་སར་ཆལ་ཆོལ་གཏམ་གྱིས་དགའ་བ་བསྐྱེད། །གསུངས་པ་ལྟར་རང་རང་གི་བློ་དང་མཐུན་ཞིང་སྐབས་དང་འཚམ་པ་ཞིག་དགོས་པ་ཡིན་པར་སྣང༌། གཉིས་པའི་ཚེས་ལ་དགའ་ལྡན་དུ་ཆིབས་ཁ་བསྒྱུར་ཏེ་གསེར་གདུང་ཆེན་མོ་དང་འོད་ཟེར་ཕུག་སོགས་ལ་མཆོད་མཇལ་ཞིབ་ཏུ་མཛད། ཚོགས་ཆེན་ལ་མང་ཇ་གསུམ་གྱི་སྟེང་དུ་དངུལ་སྲང་བཞི་བརྒྱ་སྐོར་གྱིས་སྐུ་འགྱེད། གྲྭ་ཚང་གཉིས་དང་ཏོག་ར་ཁམས་ཚན་སོགས་ལ་མང་འགྱེད་དང་གྲྭ་ཇ་རྣམ་བཞག་སྤྱི་འཇོག་རྒྱས་པར་བསྟར། ཆོས་རྒྱལ་ལ་ནང་མཛོད་སྣ་ལྔའི་སྙན་ཤལ་དང་མཆོད་པ་རྒྱས་པ་ཕུལ་ཏེ་བསྐང་གསོ་བཏང་ནས་བསྟན་པ་འཕེལ་རྒྱས་ཀྱི་འཕྲིན་བཅོལ་ནན་ཏན་དུ་མཛད། བྱང་རྩེ་བླ་མས་གདན་དྲངས་ཏེ་གསོལ་སྟོན་ཞུས་པའི་ཐོག་གྲྭ་ཚང་གི་སྤྱི་དཔེ་པོ་ཏི་སུམ་བརྒྱར་ཉེ་བ་ཞིག་ཡོད་པ་ཐམས་ཅད་ལ་མ་ལུས་པར་གཟིགས་རྟོག་གནང་སྟེ་གཞུང་སོ་སོ་ནས་འདི་རྩོམ་པ་པོ་འདི་དང་འདི་ཡིན་ཞེས་སོ་སོར་ངོ་སྤྲོད་མཛད་པས་མཁས་པ་དང་མཁས་པར་རློམ་པ་ཐམས་ཅད་ཧ་ལས་ཤིང༌། དེའི་ནང་ནས་དཔེ་ཆ་ཞིག་ལ་འདི་ངེད་ཀྱི་སྐྱེ་བ་གོང་མའི་ཕྱག་དཔེ་ཞིག་ཡིན་པ་འདྲ་གསུངས་ཏེ་ཞལ་འབྱེད་དུ་བཅུག་པས་ཀུན་མཁྱེན་གོང་མའི་གསུང་གི་བསམ་གཟུགས་ཉིད་ཀྱིས་ཕྱག་བྲིས་གནང་བ་ཞིག་ཡིན་འདུག་པས་དེར་འཁོད་ཐམས་ཅད་ལ་བཅོས་མིན་གྱི་མོས་གུས་ཚད་མེད་པ་འཁྲུངས། སྤྱིར་ངོས་འཛིན་བྱེད་པ་ཡང་ཡོ་བྱད་ཀྱི་རིགས་མ་གཏོགས་ཆོས་ཕྱོགས་ལ་ངོས་འཛིན་བྱེད་པ་ཤིན་ཏུ་དཀོན་ཞིང་ལྷག་ཏུ་ནར་སོན་ན་རྟུལ་དུ་འགྲོ་བ་སྤྱི་ལུགས་ལྟ་བུ་ཡིན་ཀྱང་འདི་ནི་གཞན་དང་མ་འདྲེས་པའི་ཁྱད་ཆོས་བླ་ན་མེད་པ་ཡིན་པར་ཤེས་པར་གྱིས། ཕྱིར་ཕེབས་པའི་ཚེ་གྲྭ་མང་གིས་ཕེབས་སྐྱེལ་ཞུས་ཏེ་ཐལ་སྐད་ལན་གསུམ་བཏང་ནས་དར་དཀར་གྱི་གཡབ་མོ་དང་བཅས་ཆིབས་ཁ་ཕྱིར་བསྒྱུར་བ་སོགས་ལེགས་པའི་རྟེན་འབྲེལ་བསྒྲིགས། སེ་རར་ཕེབས་ཏེ་ཚོགས་ཆེན་ལ་དངུལ་སྲང་བདུན་བརྒྱ་སྐོར་གྱིས་མང་འགྱེད་དང༌། བྱེས་སྨད་གཉིས་ལ་ཡང་གྲྭ་ཇ་འགྱེད་བཅས་བཏང༌། ཕུར་བུ་ལྕོག་སྤྲུལ་བའི་སྐུ་དང་སྟོང་སྐོར་སྤྲུལ་བའི་སྐུ་སོགས་ནས་ཤངས་ལེན་གྱི་སྟོན་མོ་གཟབ་རྒྱས་ཞུས། ཕུར་བུ་ལྕོག་རི་ཁྲོད་དུ་ཕེབས་ཏེ་དགེ་འདུན་རྣམས་ལ་མང་འགྱེད་དང༌། གྲུབ་པའི་དབང་ཕྱུག་དེ་ཉིད་ཀྱི་སྐུ་གདུང་རིན་པོ་ཆེར་མཆོད་པ་རྒྱ་ཆེན་པོ་ཕུལ་ནས་ཐུགས་སྨོན་གྱིས་མཚམས་སྦྱོར་ནན་ཏན་མཛད། དེ་ནས་འབྲས་སྤུངས་བླ་མ་ལས་སྣེ་ཁག་གིས་ཕེབས་བསུ་ཇ་ཐབ་དང་བཅས་འབྲས་སྤུངས་སུ་ཆིབས་ཁ་བསྒྱུར། ཚོགས་ཆེན་དུ་དངུལ་སྲང་སྟོང་དང་བཞི་བརྒྱ་སྐོར་གྱིས་སྐུ་འགྱེད་བལ་ཊམ་ཕྱེད་གཉིས་རེ་དང༌། སྤྱི་འབུལ་རྡོ་ཚད་གཅིག །དཔལ་ལྡན་བཀྲ་ཤིས་སྒོ་མང་དུ་ཇ་ཐུག་བཞིའི་ཐོག་སྐུ་འགྱེད་དངུལ་སྲང་རེ་ཕུལ་བར་དངུལ་རྐྱང་སྲང་ཉིས་སྟོང་སུམ་བརྒྱ་སྐོར་དང༌། སྐལ་འཕར་བཞི་བརྒྱ་སྐོར་ལ་དེ་ཀའི་རྩིས་ཀྱི་དངོས་པོ་སྣ་ཚོགས། དཔོན་སློབ་རིན་པོ་ཆེར་སྐུ་གསུང་ཐུགས་རྟེན་དངུལ་སྲང་བརྒྱ། གོས་ཡུག་ལྔ་སོགས་ཚན་གྲངས་སྤམ་མཐོ་བ་བཏེག །གྲྭ་ཚང་གཞན་གསུམ་ལ་ཡང་གྲྭ་ཇའི་ཐོག་སྐུ་འགྱེད་ཁ་བཏགས་རེ་དང་སོ་སོའི་བླ་མར་ཚན་གྲངས་སྤྱི་འབུལ་སོགས་ཆ་མཚུངས་སུ་གནང༌། སྒྲ་དབྱངས་གླིང་དུ་ཆོས་སྐྱོང་ལ་བར་མཛོད་སྣ་ལྔའི་སྙན་ཤལ་དང་ཚན་གྲངས་སྤུས་ལེགས་ཚོགས་པར་མང་འགྱེད་བཅས་ཕུལ། གྲྭ་ཚང་ཕན་ཚུན་གྱི་གྲྭ་རིགས་བདག་རྐྱེན་ཟུར་དུ་གནང་དགོས་ཐམས་ཅད་ལ་ཡང་བབས་འོས་ཀྱི་གནང་ཆ་འཚེམ་མེད་དུ་སྩལ་ཏེ་ཚིམ་པར་མཛད།

                  གཉིས་པའི་མར་ངོ་ལ་ཀློང་རྡོལ་བླ་མ་རིན་པོ་ཆེའི་མདུན་ནས་ལུང་གསན་དགོས་ཀྱི་འཕྲོ་འཐུད་ཅིང་ཕར་ཡང་ནམ་མཁའ་གྲགས་ཀྱི་བསྐྱེད་རྫོགས་སོགས་ཆོས་བཀའ་འགའ་ཞིག་གནང༌། བྱང་རྩེ་མཁན་རིན་པོ་ཆེ་བློ་བཟང་སྨོན་ལམ་ནས་ནན་གྱིས་ཞུས་པར་བརྟེན་ཁྲི་ཐོག་ཁང་དུ་ཕྱག་ཕབ་སྟེ་མཁན་རིན་པོ་ཆེས་གཙོ་མཛད་དོན་གཉེར་ཅན་དུ་མ་ལ་ལམ་རིམ་ཆེན་མོའི་བཤད་ལུང་སྨིན་རྒྱས་དང་རྗེའི་གསུང་འབུམ་གྱི་ལྗགས་ལུང་སྩལ། ཧོར་ཆེན་ཞབས་དྲུང་ཡེ་ཤེས་འཕྲིན་ལས་རབ་རྒྱས་ཀྱིས་ཞུས་ངོར་རྗེ་དྲུང་སྤྲུལ་བའི་སྐུ། སྟོང་སྐོར་སྤྲུལ་བའི་སྐུ། བྱང་རྩེ་མཁན་རིན་པོ་ཆེ། སྒོ་མང་དཔོན་སློབ། སེ་འབྲས་ཀྱི་གྲྭ་པ་སྟོང་ཕྲག་བརྒལ་བ་བཅས་ལ་གདུགས་དཀར་ལྷ་མང་གི་དབང་ཆེན་སྟ་གོན་དང་བཅས་པ་གནང༌། བཞི་པའི་ཡར་ཚེས་ལ་ནོར་འཛིན་དགའ་ཚལ་དུ་སྤོས་ཏེ་རྗེ་དྲུང་སྤྲུལ་བའི་སྐུ་རིན་པོ་ཆེ་ནས་ཞུས་པ་བཞིན་མགོན་ཆེན་བཅུ་གསུམ་གྱི་རྗེས་གནང་སོགས་ཟབ་ཆོས་མང་དུ་སྩལ། བཀྲ་ཤིས་ལྷུན་པོར་ཕེབས་རྒྱུའི་དོན་དུ་རྒྱལ་དབང་རིན་པོ་ཆེར་ཐོན་ཕྱག་ཞུས་པར་ནང་སྦྱར་གྱི་བཀའ་མཆིད་ཞིབ་རྒྱས་མཛད་ཅིང་གུང་ཚིགས་ལྷན་དུ་གནང༌། ཨ་ཁུ་ལགས་དང་སྐུ་བཅར་དགེ་འདུན་སོགས་ཀྱིས་ཀྱང་རང་རང་གི་ནང་དུ་གདན་དྲངས་ཏེ་བསྙེན་བཀུར་ཞུས། སྐུ་བཅར་དགེ་འདུན་ལ་སྔར་དཔེ་ཞིག་གི་གཡར་པོ་དགོས་ཞེས་ཡང་ཡང་གསུངས་པ་ཁོང་ནས་ངོས་མ་ཟིན་པར་དཔེ་དེ་མེད་ཚུལ་ཞུས་ཀྱང་ཉིན་དེར་དཔེ་ཁྲོད་ནས་པོ་ཏི་ཞིག་ལྷུ་འདོན་གནང་སྟེ་ཞལ་འབྱེད་དུ་བཅུག་པས་སྔ་མའི་དཔེ་དེ་ཀ་ཡིན་འདུག་པ་དང༌། དགེ་འདུན་ལ་ངས་སྔ་སོར་ཡང་ཡང་བཤད་པ་དེ་འདི་ཡིན་གསུངས་པས་ཁོང་ཡང་ཡ་མཚན་ལྷག་པར་སྐྱེས་ཏེ་གུས་པ་ཆེན་པོས་དཔེ་དེ་སྐུ་ཞབས་སུ་འབུལ་བར་མཛད། དེ་མཚུངས་ཕུར་བུ་ལྕོག་ཏུ་ཕྱག་དཔེ་མང་པོའི་ཁྲོད་ནས་ཐུགས་མཁོའི་དཔེ་འགའ་ཞིག་ཞལ་མ་ཕྱེ་བར་རྒྱང་ནས་གཟིགས་ཏེ་གཡར་པོ་ཞུས་པ་སོགས་འདི་འདྲའི་ལོ་རྒྱུས་ཤིན་ཏུ་མང༌། ལྔ་པའི་ཉེར་གཉིས་ལ་གཙང་དུ་ཆིབས་ཁ་བསྒྱུར་བར་གཞུང་དང་སྐུ་བཅར་མཁན་པོ་སྒོ་མང་ཧར་སྡོང་སོ་སོ་ཇ་ཐབ་དང་ཕེབས་སྐྱེལ་ཞུས། རིན་ཆེན་སྒང་དུ་ཕེབས་པར་ཀློང་རྡོལ་བླ་མ་རིན་པོ་ཆེ་ནས་ཕྱག་དཔེ་ཁ་ཤས་ཤིག་མ་གཏོགས་གང་ཡོད་ཐམས་ཅད་ཕུལ་བ་ཡིན་ཞུས་པར་དེ་ཙམ་མི་རུང་གསུངས་ཏེ་ནང་ནས་པོ་ཏི་བཅུ་ལྷག་ཙམ་ཞིག་བཞེས། རྭ་བ་སྟོད་དང་ཉག་རེ་ཁམས་ཚན་སོ་སོ་ལ་མང་འགྱེད་གྱ་ནོམ་པ་གནང༌། རྒྱང་རྩེར་འབྱོར་སྐབས་རྒྱལ་མཚན་མཐོན་པོའི་རྩེ་དྲུང་རོང་པ་ངོ་གཡོག་དང་ཧར་གདོང་དགེ་རྒན་གཉིས་བཅས་བསུ་བར་འབྱོར། དཔལ་འཁོར་ཆོས་སྡེས་གདན་དྲངས་པར་ཕེབས་པའི་ཚེ་མཁན་པོས་གཙོས་གྲྭ་ཚང་བཅུ་དྲུག་གི་ལས་སྣེ་རྣམས་ཀྱིས་བསུ་བ་འདུ་ཁང་སྟེང་ནས་དར་འཕྱར་དུང་འབུད་སོགས་བཀུར་གཟོས་བླ་ན་མེད་པ་ཞུས། རྒྱལ་བ་ཡབ་སྲས་ཀྱིས་ཞབས་སེན་ཉེ་བར་བཀོད་པའི་ཆོས་ཁྲིའི་སྟེང་ནས་སྐྱ་སེར་གྱི་ཁྲོམ་མཐའ་ཡས་པ་ལ་སྨན་ཆོག་རྒྱས་པའི་བཀླག་ལུང་གནང་སྐབས་མེ་ཏོག་གི་ཆར་བབས་པ་སོགས་རྟེན་འབྲེལ་ཕུན་སུམ་ཚོགས་པ་བྱུང༌། ཚོགས་པར་མང་འགྱེད་གནང་ཞིང་སྐུ་འབུམ་ཆེན་མོ་སོགས་ལ་རྟེན་མཇལ་ཞིབ་ཏུ་མཛད། དགའ་བཞི་གུང་གི་གཞིས་ཀར་གདན་དྲངས་ཏེ་བསྙེན་བཀུར་ཡང་དག་ཞུས།

                  མཁས་གྲུབ་ཐམས་ཅད་མཁྱེན་པའི་གདན་ས་རི་བོ་མདངས་ཅན་གྱི་དགོན་པའི་ལས་སྣེ་རྣམས་བསུ་བར་འོངས་ཏེ་གདན་དྲངས་པས་དེར་ཆིབས་བསྐྱོད། ཚོགས་མང་ལ་ཚེ་དཔག་གྲུབ་རྒྱལ་ལུགས་ཀྱི་རྗེས་གནང་དང་ཀུན་མཁྱེན་གོང་མས་མཛད་པའི་མཁས་གྲུབ་རིན་པོ་ཆེའི་སྐུ་བསྟོད་ལྷ་དང་མིར་བཅས་མ་སོགས་ཀྱི་ལྗགས་ལུང་འགའ་ཞིག་སྩལ། སྐུ་བསྟོད་དེ་ཉིད་རྒྱུན་གྱི་ཚོགས་འདོན་དུ་ཚུགས་ཏེ་དཔོན་སློབ་མཐའ་དག་ལུགས་གཉིས་ཀྱི་སྒོ་ནས་ཚིམ་པར་མཛད། ཕྱིར་ཕེབས་པའི་ཚེ་ཐལ་སྐད་དར་ཡུག་དང་བཅས་ཆིབས་ཁ་བསྒྱུར་བ་སོགས་དགའ་ལྡན་དུ་ཕེབས་སྐབས་ཇི་ལྟ་བ་བཞིན་བྱུང་སྟེ་ཡབ་སྲས་གཉིས་ཀའི་གདན་སར་འདི་ལྟ་བུའི་རྟེན་འབྲེལ་རང་འགྲིག་ཏུ་འོང་བ་ནི་དཔག་པར་དཀའ་བའི་རྟེན་འབྲེལ་ཞིག་ཏུ་མངོན། མཚན་སྒྲོགས་དགོན་པས་གདན་དྲངས་ཏེ་ཆོས་འབྲེལ་ཞུས་ཤིང་གཙང་དུ་གར་ཕེབས་པའི་ལམ་བར་གྱི་མི་སྡེ་མཐའ་དག་ནས་བསང་གཏོང་བ་དང༌། ལམ་གྱི་འགྲམ་དུ་རྡོ་བསྒྲིགས་པ་དང༌། བྲོ་གཞས་དར་འཕྱར་སོགས་རྒྱལ་བ་ཡབ་སྲས་ཕེབས་སྐབས་དང་ཆ་མཚུངས་པའི་གུས་འདུད་དང་བཀུར་གཟོས་ཕུལ་དུ་ཕྱིན་པ་ཞུས། དྲུག་པའི་ཚེས་ལྔ་ལ་རྒྱལ་མཚན་མཐོན་པོའི་མགྲོན་གཉེར་ལྕགས་པ་ངོ་གཡོག་ལྔ་བཅུ་སྐོར་གྱིས་བསུ་བ་ཇ་ཐབ་དང་བཅས་བཀྲ་ཤིས་ལྷུན་པོར་ཕྱག་ཕེབས། ཉེ་འཁོར་དེར་ཟླ་བ་གཉིས་ཙམ་ལ་ཆར་གཏན་མ་བབས་པར་ཐན་པ་ཆེ་སྐབས་ཤིག་ཡིན་འདུག་ཀྱང་རྗེ་ཉིད་དགོན་པའི་ནང་དུ་ཕེབས་པ་དང་དགུང་ཇའི་དུང་གཏོང་བ་ཆར་གྱི་རྒྱུན་བབས་པ་གསུམ་དུས་མཚུངས་སུ་བྱུང་བས་དེར་འཁོད་མཐའ་དག་དགའ་སྤྲོ་དང་དད་གུས་འགྲན་པ་བཞིན་གྱུར། དེའི་ཕྱི་ཉིན་ཀུན་གཟིགས་ཕོ་བྲང་དུ་པཎ་ཆེན་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོའི་མཆོག་གི་སྤྲུལ་བའི་སྐུ་རིན་པོ་ཆེར་མཇལ་ཁ་ཞུས་པར་ཕེབས་ལམ་སོགས་ཀྱི་བཀའ་འདྲི་དང་འབྲས་སིས་བཞེས་འཕྲོ་ཕྱག་གིས་གནང་བ་སོགས་པཎ་ཆེན་གོང་མའི་དུས་ལྟར་གྱི་དགྱེས་གཟིགས་ཚད་མེད་པ་གནང༌། ཕྱག་མཛོད་ནོ་མོན་ཧན་རིན་པོ་ཆེ་དང་གསོལ་དཔོན་ཆེན་མོ་རྒྱལ་ཡབ་སོ་སོ་ནས་ཀྱང་ཤངས་ལེན་གྱི་སྟོན་མོ་གཟབ་རྒྱས་ཞུས། ལོ་ཆེན་སྤྲུལ་བའི་སྐུ་ནས་བཀའ་ཆོས་དུ་མ་གནང་དགོས་ཀྱི་ཞུ་བ་ནན་ཏན་ཕུལ་བར་རྟེན་འབྲེལ་ལ་དགོངས་ཏེ་བཅུ་གཅིག་གི་ཉིན་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་རྗེས་གནང་སྩལ། བཅོ་ལྔའི་ཉིན་རྡོ་ཚད་ལྔའི་ཟོང་སྦྱར་གྱི་གསོལ་སྟོན་ཞུས་པའི་ཐོག་པཎ་ཆེན་ཐམས་ཅད་མཁྱེན་པར་བརྟན་བཞུགས་ཀྱི་འབུལ་བ། དངུལ་གྱི་མཎྜལ་བར་མཛོད་སྣ་ལྔའི་འདོགས་ཅན། རྟ་རྨིག་མ་བདུན་ཅུ། གོས་ཆེན་བདུན་ཅུ། ཁོར་དྲུག་མ་བདུན་ཅུ། ཆིབས་ཆེན་གཉིས་ཀྱིས་གཙོས་པས་རྟ་བརྒྱ་སོགས་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལ་འགྲན་པའི་དངོས་འབུལ་གྱ་ནོམ་པ་དང༌། ཕྱག་མཛོད་ཆེན་མོར་ཡང་དངུལ་སྲང་ལྔ་བརྒྱ། གོས་ཆེན་དང་ཁོར་དྲུག་བཅུ་རེ་སོགས་བདོག་པ་སྤམ་མཐོ་བ་བསྟར། གསོལ་དཔོན་མཁན་པོ་དང་རྒྱལ་ཡབ་སོ་སོར་དངུལ་སྲང་བརྒྱ་ཕྲག་རེ་དང་གོས་ཆེན་ལྔ་རེ་སོགས་བབས་འོས་དང་བསྟུན་པའི་གནང་ཆ་མཛད། ཚོགས་ཆེན་ལ་ཇ་ཐུག་བཞིའི་བསྙེན་བཀུར་ཞུས་པའི་ཐོག་དངུལ་སྲང་སྟོང་དང་ལྔ་བརྒྱ་སྐོར་གྱིས་སྐུ་འགྱེད་ཞོ་གསུམ་རེ་ཕུལ། གཞན་གྱི་ལས་ཚན་སོ་སོར་ཡང་རྣམ་བཞག་སྤྱི་འཇོག་སོགས་དཔངས་མཐོ་བ་སྩལ་ཏེ་ཚིམ་པར་མཛད། དེ་ཡང་ཡོན་ཏན་རིན་པོ་ཆེ་སྡུད་པ་ལས། གླིང་བཞི་ལེགས་པར་བརྒྱན་པ་མཆིལ་མའི་ཐལ་བ་འདྲ། །བྱིན་ནས་དགའ་བར་འགྱུར་གྱི་གླིང་ཐོབ་དེ་ལྟ་མིན། །ཞེས་གསུངས་པ་ལྟར་སྲིད་པའི་དཔལ་འབྱོར་མཐའ་དག་རྨི་ལམ་གྱི་དགའ་སྟོན་དང་འདྲ་བར་གཟིགས་པའི་དབང་གིས་དེ་ལྟ་བུའི་སྦྱིན་པ་རླབས་པོ་ཆེ་ལ་ཞུམ་པ་མེད་པར་འཇུག་པ་ནི་བདག་ཉིད་ཆེན་པོ་རྣམས་ཀྱི་ངང་ཚུལ་ཡིན་གྱི། དམ་པར་ཁས་འཆེ་བ་ཕལ་མོ་ཆེ་དག་གིས་རྗེས་སུ་ཡི་རངས་ཙམ་ཡང་བྱ་དཀའ་བའི་གནས་སོ། །
དེ་ལ་འདི་སྐད་ཅེས་ཀྱང་བྱ་སྟེ། སྙིགས་དུས་འགྲོ་བའི་བླ་མ་ཕལ་མོ་ཆེ། །དངུལ་ཆུའི་སྦར་མོ་ཐུགས་ཀར་བཅིང་ན་ཡང༌། །གཉེན་འཁོར་སོར་མོའི་ཕྲག་ནས་ཟག་པ་ཡིས། །ཕྱག་སྟོང་བསྣམས་ཏེ་ཆོས་སྐུར་ཐིམ་པ་མང༌། །ལ་ལས་སངས་རྒྱས་བསྟན་པའི་དཔག་བསམ་ལྗོན། །ཐོ་ཅོའི་སྤྱོད་པས་རྩ་བ་ཉམས་བྱས་ཏེ། །སྐམ་པོའི་ཡལ་ག་བཙུགས་པའི་སྟོང་འུར་གྱིས། །བསྟན་པ་འཛིན་སྐྱོང་རྒྱ་ཆེན་བྱས་སོ་ལོ། །གཞན་ཕན་ཁོ་ནར་གཞོལ་བའི་འཕྲིན་ལས་ཀྱི། །འཛམ་བུའི་ཡལ་གར་ཤུགས་ཀྱིས་སྨིན་པའི་འབྲས། །མི་འགྱུར་བདེ་བ་མཆོག་གི་གསེར་སྦྱངས་སུ། །སྒྲུབ་པའི་ཐབས་ཀྱི་བྱེད་པོ་ཁྱོད་མིན་སུ། །སྲིད་འབྱོར་བདག་ཏུ་འཛིན་པའི་སྲེད་པ་དང༌། །ཕྱག་སོར་པདྨོའི་འདབ་བརྒྱ་ཅིག་ཅར་གྲོལ། །ཀུན་ཡིད་སྦྲང་རྩིས་མྱོས་པའི་གར་སྟབས་དང༌། །བསྟོད་བསྔགས་དྲི་ཟའི་གླིང་བུ་ལྷན་ཅིག་བསྒྱུར། །རྣམ་གྲོལ་དོན་གཉེར་ལི་ཤིའི་ཁ་སྒོ་ལས། །རྙེད་བཀུར་མངོན་འདོད་གྲེ་ཕུགས་སྒྲེག་པའི་བསུང༌། །རེ་འགའ་འཐུལ་བས་དྲི་ཞིམ་སྐྱེངས་བྱེད་པ། །ཆོས་ནོར་གཉིས་སུ་འཐུང་བའི་ཆོས་ཉིད་ཡིན། །གདོང་ལྔའི་ཁྲི་ལ་མཚན་དཔེས་མཛེས་པ་འམ། །དམན་པའི་ཁྲོད་དུ་ཧྲུལ་པོས་འཚོ་ཡང་རུང༌། །སྲིད་འབྱོར་སྦྲུལ་གདུག་གཡོ་བའི་ལྕེ་རྩེ་ལ། །དགྱེས་པར་མི་འགྱུར་དེ་ལ་གློ་བ་དགའ། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །
                

                     དེ་ལྟར་ཡུལ་དབུས་སུ་བྱོན་པའི་དགོས་དོན་གྱི་གཙོ་བོ་གཉིས་ལས། རྒྱལ་བ་ཡབ་སྲས་གཉིས་ལ་དངོས་འབུལ་དང༌། གདན་ས་ཆེན་པོ་བཞི་ལ་བསྙེན་བཀུར་གྱི་རིམ་པ་རྣམས་ཐུགས་བཞེད་བཞིན་ལེགས་པར་གྲུབ་ཅིང༌། དྲུག་པའི་ཚེས་བཅུ་དགུ་ནས་དབུ་བརྩམས་ཏེ་ལོ་ཆེན་སྤྲུལ་བའི་སྐུ་རིན་པོ་ཆེ་བློ་བཟང་བསྟན་འཛིན་རྒྱ་མཚོ་ལ་འཕྲེང་བ་ཀྲྀ་ཡ་སྦྲགས་པའི་དཀྱིལ་འཁོར་ཞེ་ལྔའི་དབང༌། མི་ཏྲའི་ནང་ནས་རྡོར་ཕྲེང་དང་ཐུན་མོང་མ་ཡིན་པའི་དཀྱིལ་འཁོར་རེ་ལྔ་གཙུག་དགུའི་དཀྱིལ་འཁོར་དང་བཅས་པའི་དབང༌། མགོན་ཆེན་བཅུ་གསུམ་གྱི་རྗེས་གནང་སོགས་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། དེའི་སེང་བར་དུ་དོན་གཉེར་ཅན་སོ་སོའི་འདོད་མོས་བཞིན་དགེ་འདུན་ལྔ་བཅུ་སྐོར་ཡན་ཆད་ནས་སྟོང་ཕྲག་ཕྱེད་གཉིས་བརྒལ་བའི་བར་ཅི་རིགས་ལ་ཀུན་རིག་ལྷ་སོ་བདུན་དང་འཇམ་དབྱངས་དཀར་པོ་ལྷ་ལྔའི་དབང༌། འཇིགས་བྱེད་སྔགས་བཏུ། མགོན་པོ་ཕྱག་དྲུག་པ། མགོན་དཀར། མགོན་པོ་ཞལ། ཆོས་རྒྱལ། ལྷ་མོ། རྣམ་སྲས། བེག་ཙེ། དུར་ཁྲོད་བདག་པོ། སེང་གདོང་མ། ཕྱག་རྡོར་མེའི་སྤུ་གྲི། འཇམ་དབྱངས་ནག་པོ། སྒྲོལ་དཀར་སོགས་ཀྱི་རྗེས་གནང༌། དགའ་ལྡན་ལྷ་བརྒྱ་མའི་ཁྲིད་དང་འོད་དཔག་མེད་ཀྱི་འཕོ་ཁྲིད། འདུལ་བ་མདོ་རྩ་བ། མཛོད་རྩ་བ། རྣམ་འགྲེལ་རྩ་བ། རྒྱན་འཇུག་གཉིས། མཁས་གྲུབ་རྗེས་གསུངས་པའི་དུས་འཁོར་གྱི་ཆོ་ག་རྒྱས་པ། རྗེ་ཉིད་ཀྱི་ཞབས་བརྟན་གསོལ་འདེབས་འགའ་ཞིག་གི་ལུང་སོགས་རང་རང་གི་བློ་དང་འཚམ་པའི་ཆོས་ཀྱི་བདུད་རྩིའི་ཆར་ཕབས་ཏེ་སྐལ་བཟང་གདུལ་བྱའི་ཡིད་ཀྱི་དད་པའི་མྱུ་གུ་སྨིན་པར་མཛད། བརྒྱད་པའི་ཚེས་བཞི་ནས་བཟུང་ཉིན་བདུན་གྱི་བར་དུ་པཎ་ཆེན་ཐམས་ཅད་མཁྱེན་པ་བསྐལ་བཟང་ལྕང་རར་ལྗོངས་རྒྱུར་ཕེབས་པ་དང་ལྷན་དུ་ཆོས་དང་མཐུན་པའི་དགའ་སྟོན་དུ་མ་ཉམས་སུ་བསྟར། བཅུ་གཅིག་གི་ཉིན་བསུ་བ་སེར་སྦྲེང་དང་བཅས་སྣར་ཐང་དུ་ཆིབས་བསྐྱོད་དེ་ཞག་གསུམ་བཞུགས་ནས་བོད་ཀྱི་མཁས་པ་སྔ་མ་རྣམས་ཀྱི་ཕྱག་དཔེ་ཕོན་ཆེ་བར་བཞུགས་པ་ལ་གཟིགས་རྟོག་ཞིབ་ཏུ་མཛད། ཚོགས་མང་ལ་མགོན་ཆོས་ལྷ་མོ་གསུམ་གྱི་བསྐང་གསོའི་ལྗགས་ལུང་གནང༌། སླར་ཡང་ཧར་གདོང་གཟིམས་ཁང་དུ་ཕེབས་ཏེ་གསང་སྔགས་རྒྱལ་བ་གྲྭ་ཚང་ནས་གསོལ་བ་བཏབ་པ་ལྟར་བདེ་མཆོག་སྔགས་བཏུ་དང་དུར་ཁྲོད་བདག་པོའི་རྗེས་གནང་སྩལ། ཉེར་གཉིས་ལ་ས་སྐྱར་ཆིབས་ཁ་བསྒྱུར་བའི་ལམ་ནས་རྗེ་ཤེས་རབ་སེང་གེའི་གདན་ས། སྐུ་གསུམ་ལག་གཏོད་ཀྱི་གདམས་པ་ཚང་ལ་མ་ནོར་བ་འཇམ་མགོན་སྙན་བརྒྱུད་ཀྱི་རིང་ལུགས་འཛིན་པའི་མཁས་གྲུབ་བྱེ་བའི་འབྱུང་གནས། རྗེ་རང་གིས་སྐུ་ཚེ་དུ་མར་བདག་གིར་བཟུང་སྟེ་བསྐྱངས་པའི་གཙང་རྒྱུད་དཔལ་ལྡན་སྲད་པ་ཞེས་ཉི་ཟླ་ལྟར་གྲགས་པ་དེར་ཕེབས་པ་ན་བསུ་བ་སེར་སྦྲེང་དང་བཅས་པས་མདུན་བསུས་ཏེ་དཔལ་ལྡན་དང་པོའི་མགོན་པོ་རྒྱུད་ཆེན་དཀོན་མཆོག་ཡར་འཕེལ་གྱི་གཟིམས་ཁང་དུ་ཕྱག་ཕེབས། བསྒྲུབ་བྱ་བཅུ་ཕྲག་གཅིག་ལ་བསྙེན་རྫོགས་ཀྱི་སྡོམ་པ་སྩལ་ཅིང༌། ཚོགས་མང་ནས་གསོལ་བ་བཏབ་པ་བཞིན་བདེ་གསང་འཇིགས་གསུམ་གྱི་མངོན་དཀྱིལ་དབང་ཆོག་སྦྱིན་སྲེག་སྨོན་ལམ་ཤིས་བརྗོད་དང་བཅས་པའི་ལྗགས་ལུང་སྩལ། ད་ལྟ་དུས་དབང་གིས་འཆད་ཉན་སོགས་ཅུང་ཟད་ཉམས་དམའ་བས་ཆོས་ཞུས་ཧ་ཅང་རྒྱ་ཆེ་བ་ཞིག་མ་སྤོབས་འདུག་ཀྱང་མདོ་སྔགས་གཉིས་དང་སྔགས་ལ་ཡང་གསང་བདེ་འཇིགས་གསུམ་ཡ་མ་བྲལ་བའི་འཇམ་མགོན་སྙན་བརྒྱུད་ཀྱི་རིང་ལུགས་ཆ་ཐམས་ཅད་ནས་སྤེལ་བའི་རྟེན་འབྲེལ་གྱི་སྒོ་ལེགས་པར་འགྲིག་པ་ཡིན་ནམ་སྙམ། ཆོས་སྡེ་འདི་ནི་ཉིད་ཀྱི་སྐུ་འཕྲེང་གོང་མ་དུ་མའི་གདན་ས་དང༌། གསང་ཆེན་ཆོས་ཀྱི་འབྱུང་ཁུངས་ཡིན་པས་རི་མོར་བྱ་བའི་འོས་སུ་གཟིགས་ཏེ། དགེ་འདུན་རྣམས་ལ་བསོད་བཏགས་རེ་དང་དངུལ་བལ་ཊམ་རེ་ཇ་བར་ཁག་བཞི་གྲིག་རེ་བཅས་འགྱེད་སྣ་གསུམ། སྤྱི་འཇོག་ལ་དངུལ་སྲང་སུམ་བརྒྱའི་ཟོང་གི་གཉྫི་ར། དངུལ་སྲང་སྟོང་དང་དྲུག་བརྒྱ་སྐོར་ལས་བསྒྲུབས་པའི་གསེར་གྱི་རྒྱལ་མཚན་ཆ། ཆོས་ཐོག་གི་ཐེབས་སུ་དངུལ་སྲང་སུམ་བརྒྱ། མཆོད་རྫས་དུ་མ་དང་བཅས་སྦྱོར་འཇགས་གནང༌།

                   དེ་ཀའི་ཚོགས་མང༌། ཕྱོགས་འདུས་ཀྱི་མཇལ་བ་སོགས་ཆེས་མང་བར་ཚེ་དབང་དང་སྐྱབས་འགྲོའི་ཁྲིད་གནང་བས་མེ་ཏོག་གི་ཆར་བབས་པ་སོགས་ལྟས་ཡ་མཚན་པ་མང་དུ་བྱུང༌། ཆོས་རྒྱལ་དང་ལྷ་མོ་རང་བྱོན་ཡོད་པའི་སར་ཕེབས་ཏེ་གཏོར་འབུལ་གནང་ཞིང་དཔའ་མོ་བྲོ་འཁྲབ་ཀྱི་ས་ལ་གཟིགས་རྟོག་མཛད། དོན་གཉེར་ཅན་འགའ་ཞིག་ལ་གཏོར་མའི་འཁྲུལ་འཁོར་གྱི་མན་ངག་ཞིག་ཀྱང་སྩལ། འདུལ་ནག་པ་དཔལ་ལྡན་བཟང་པོའི་སྒྲུབ་ཁང་དུ་ཕེབས་ཏེ་འཇིགས་མཛད་རྡོ་རྗེའི་རིམ་གཉིས་རྣལ་འབྱོར་ཟབ་མོའི་ཐུགས་དམ་རྒྱུན་རིང་གནང༌། དེ་ནས་ལྷུན་པོ་རྩེར་ཕེབས་ཏེ་འཇམ་མགོན་ཙོང་ཁ་པ་ཆེན་པོས་རྗེ་ཤེས་རབ་སེང་གེ་ལ་དངོས་སུ་གནང་བའི་ཆོས་རྒྱལ་གྱི་ཞལ་འབག་སོགས་ལ་རྟེན་མཇལ་ཞིབ་ཏུ་མཛད། བདག་ཆེན་གྱི་མགྲོན་གཉེར་ཞིག་གིས་གཙོས་ཕེབས་བསུ་ཇ་ཐབ་དང་བཅས་བོད་ཡུལ་གྱི་རྡོ་རྗེ་གདན་དཔལ་གྱི་ས་སྐྱར་ཕེབས། མཁས་གྲུབ་གཉིས་ལྡན་གྱི་བསྟན་པའི་སྲོག་ཤིང་ཟམ་མ་ཆད་པར་བྱོན་པའི་གདུང་རྒྱུད་འཇམ་པའི་དབྱངས་ས་སྐྱ་བདག་ཆེན་སྐུ་མཆེད་ལྷན་རྒྱས་ཀྱི་དྲུང་དུ་མཇལ་བར་གསུང་གླེང་ཞིབ་རྒྱས་དང༌། གདན་གཟོས་སོགས་ཀྱི་ཕུ་དུད་ཆེ་བར་མཛད། གདུང་རྒྱུད་རིན་པོ་ཆེ་ངག་དབང་ཀུན་དགའ་ཆོས་སྐྱོང་གི་ཞབས་དྲུང་དུ་ཁྲོས་ནག་ལྷ་བཅུ་གསུམ་མའི་དབང་དང་ཚེ་རྟ་ཟུང་འབྲེལ་གྱི་རྗེས་གནང་སོགས་ཆོས་བཀའ་འགའ་ཞིག་ཞུས་ཏེ་སྔ་ཕྱིར་འབུལ་ནོད་ཀྱང་སྤམ་མཐོ་བ་བཏེག །ཕར་ཡང་འཇམ་པའི་དབྱངས་ལྷན་རྒྱས་ལ་ཞལ་གྱི་ཧ་ལ་ནག་པོའི་བེའུ་བུམ་གྱི་ལྗགས་ལུང་ཕུལ། ད་ལྟ་ཡོངས་གྲགས་ལ་ཚེ་དཔག་གི་རྗེས་གནང་གི་མཇུག་ཏུ་རྟ་མགྲིན་གསང་སྒྲུབ་ཀྱི་རྗེས་གནང་རེ་བྱས་པ་ལ་ཚེ་རྟ་ཟུང་འབྲེལ་གྱི་ཐ་སྙད་འདོགས་པར་འདུག་ཀྱང་བདག་ཆེན་ནས་རྟ་མགྲིན་དམར་ཆུང་དང་སྦྲགས་ཏེ་གནང་བ་དེ་ཉིད་རས་ཆུང་བས་དང་པོར་རྒྱ་གར་ནས་གདན་དྲངས་པའི་ཕྱག་ལེན་མ་ནོར་བ་ཡིན་འདུག་གསུངས་ནས་ཐུགས་གཙིགས་ཆེ་བར་མཛད་དེ་འདི་ཙམ་ཡང་བསྟན་པའི་ཆ་ཤས་ཕྲ་མོ་ཚུན་ཆད་བདག་གིར་བཞེས་ནས་དག་ཐེར་མཛད་པའི་རྣམ་ཐར་རྨད་དུ་བྱུང་བ་ཞིག་ཡིན་པར་སེམས་སོ། །བླ་མ་ཀུན་དགའ་རྣམ་རྒྱལ་གྱི་དྲུང་དུ་བདེ་མཆོག་བོང་ཞལ་ཅན་གྱི་དབང་དང་རྗེས་གནང་འགའ་ཞིག་གསན་ཅིང་ས་སྐྱའི་གཙུག་ལག་ཁང་རྣམས་ལ་མཆོད་མཇལ་ཞིབ་རྒྱས་དང་ས་པཎ་གྱིས་རབ་གནས་མཛད་པའི་འཇམ་དབྱངས་ཀྱི་སྐུ་ལ་གཟིགས་ཏེ་རྟེན་གྱི་གཙོ་བོ་འདི་ཉིད་ཡིན་གསུངས་ནས་ཐུགས་སྨོན་རྒྱ་ཆེར་གནང༌། དགུ་པའི་ཚེས་བཅུ་ལ་ས་སྐྱ་ནས་ཆིབས་ཁ་བསྒྱུར་བའི་ཚེ་རྩེ་དྲུང་བཅུ་སྐོར་གྱིས་ཆིབས་སྐྱེལ་སོགས་བཀུར་གཟོས་སྔར་ལས་ཆེས་ལྷག་པ་ཞུས། ལྷ་རྩེའི་དགོན་པས་བསུ་བ་སེར་སྦྲེང་དང་བཅས་གདན་དྲངས་པར་ཕེབས་ཏེ་སེར་སྐྱ་སྟོང་ཕྲག་བརྒལ་བར་འཇམ་ལུགས་ལྷ་ལྔའི་རྗེས་གནང༌། སྙིང་པོ་དོན་གསུམ་གྱི་ཁྲིད་སོགས་ཆོས་བཀའ་ཅི་རིགས་གནང༌། ལྷ་རྩེའི་མཁན་པོ་ངོ་གཡོག་ཉུང་འདུས་ལ་ལམ་གཙོའི་ཁྲིད་དང་སེང་གདོང་མའི་རྗེས་གནང་སྩལ། རྟག་བརྟན་ཕུན་ཚོགས་གླིང་དུ་ཆིབས་བསྐྱོད་ནས་རྣམ་རྒྱལ་མའི་སྒྲུབ་ཐབས་དང་ཕྱག་རྡོར་འབྱུང་འདུལ་གྱི་སྒྲུབ་ཐབས་སོགས་བཀླག་ལུང་འགའ་ཞིག་གནང་སྟེ། རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་གདན་ས་ཆོས་ལུང་བྱང་རྩེར་ཕེབས། རྒྱལ་མཚན་མཐོན་པོ་ནས་དགོན་ལག་སོ་སོར་རྗེ་ཉིད་ལ་ཐུགས་མཁོ་ཡོད་པའི་ཕྱག་དཔེ་གང་དགོས་བཞེས་ཆོག་པའི་ལུང་ཕེབས་པ་བཞིན་དེར་བཞུགས་ཀྱི་དཔེ་ཁྲོད་ནས་མ་དཔེ་དཀོན་ཞིང་ཁུངས་དག་པའི་ཕྱག་དཔེ་མང་རབ་ཅིག་བཞེས། རྗེ་བཙུན་བསོད་ནམས་རྩེ་མོས་བཏབ་པའི་བསམ་གཏན་སྒྲུབ་སྡེས་གདན་དྲངས་ཏེ་ཕྱག་ཆེན་རྩ་བ་རྒྱལ་བའི་གཞུང་ལམ་དང་གསོལ་འདེབས་ཀྱི་ལྗགས་ལུང་ཞུས། ལམ་བར་གྱི་མི་སྡེ་མཐའ་དག་གིས་ཕེབས་ལམ་བཅོས་པ་གུང་བབས་ཞག་བབས་ཀྱི་གྲ་སྒྲིགས་སོགས་བསྙེན་བཀུར་ཕུལ་དུ་ཕྱིན་པ་དང༌། གཞི་དགོན་སོ་སོའི་གྲྭ་པ་རྣམས་ཀྱང་མཇལ་བར་འོངས་ཏེ་ཕྱག་དབང་དང་ཆོས་འབྲེལ་ཞུ་བ་སོགས་གུས་འདུད་ལྷུར་བླངས། བོ་དོང་དགོན་པའི་ཐད་དུ་ཕེབས་པ་ན་དགོན་པའི་འདབས་ནས་རླུང་འཚུབ་ཆེན་པོ་སྦོམས་སུ་སོག་གུར་ཆེ་བའི་ཚོད་ཙམ་རྩེ་མོ་ནམ་མཁའ་ལ་རེག་པ་ལྟ་བུ་ཞིག་རྗེ་ཉིད་ཀྱི་མདུན་ངོས་སུ་འོངས་ཤིང་དེ་ནས་བྱང་ཕྱོགས་སུ་སོང་བ་ན་ལུང་པ་བཀང་འགྲོ་བ་ལྟ་བུའི་རྡུལ་འཚུབ་ཤིན་ཏུ་ཆེ་བ་ཞིག་ཏུ་སོང་བས་ཞབས་འབྲིང་བ་རྣམས་ཡ་མཚན་དུ་གྱུར་པ་ན། བོ་དོང་གི་གཙུག་ལག་ཁང་འདི་ལ་ལྷ་མོ་མངོན་སུམ་དུ་བཞུགས་ཡོད་གསུངས་ཏེ་འདོད་ཁམས་དབང་མོ་མངོན་སུམ་དུ་བསུ་བར་བྱོན་པ་གོར་མ་ཆག་གོ །
                 དེ་ནས་དེར་བྱོན་ཏེ་རྟེན་མཇལ་མཛད་ཅིང་མང་འགྱེད་གནང༌། རྡོ་རྗེ་གདན་དང་ཁྲོ་ཕུ་སོགས་ཀྱིས་གདན་དྲངས་པས་རེ་བ་བསྐངས་ཤིང༌། ཁྲོ་ཕུ་ལོ་ཙྪ་བ་བྱམས་པ་དཔལ་གྱིས་བཞེངས་པ་རང་གི་རྩེ་ཁྲུ་བརྒྱད་ཅུའི་ཚད་གསེར་ཟངས་ལས་གྲུབ་པའི་བྱམས་སྐུ་ཆེན་མོ་བྱིན་རླབས་ཀྱི་གཟི་འོད་འབར་བ་དེའི་མདུན་དུ་མཆོད་པ་གཟབ་རྒྱས་ཕུལ་ཏེ་ཐུགས་བསྐྱེད་སྨོན་ལམ་ནན་ཏན་མཛད། དེ་ནས་རྗེ་ཤེས་རབ་སེང་གེའི་དངོས་སློབ་མགོན་པོ་དཔལ་བཟང་གི་གདན་སའི་ཆོས་སྡེར་ཕེབས་ཏེ་དགེ་འདུན་རྣམས་ལ་གསེར་ཞུན་མའི་ལྗགས་ལུང་དང༌། གངས་ཅན་ཆོས་འཕེལ་དུ་པཎ་ཆེན་ཐམས་ཅད་མཁྱེན་པས་མཛད་པའི་ཚུལ་ཁྲིམས་ཡང་དག་བསྲུང་བའི་མན་ངག་གི་ལུང་གནང༌། དགུ་པའི་བཅོ་ལྔ་ལ་རྩེ་དྲུང་བཅུ་སྐོར་གྱིས་ཕེབས་བསུ་ཇ་ཐབ་དང་བཅས་བཀྲ་ཤིས་ལྷུན་པོར་བབས། སྐྱབས་མགོན་མཆོག་སྤྲུལ་རིན་པོ་ཆེར་མཇལ་ཕྱག་ཞུས་པའི་ཚེ་སྟོན་མོ་གཟབ་རྒྱས་གནང༌། དཀའ་ཆེན་བློ་བཟང་རབ་རྒྱས་དང་དྲུང་རམས་པ་བློ་བཟང་དཔལ་ལྡན་གཉིས་ཀྱིས་ཞུས་ངོར་དགེ་འདུན་སྟོང་ཕྲག་ལྷག་རེ་ལ་དཔལ་གསང་བ་འདུས་པ་མི་བསྐྱོད་རྡོ་རྗེ་དང༌། འཇིགས་བྱེད་དཔའ་བོ་གཅིག་པ་གཉིས་ཀྱི་དབང་བཞི་ཡོངས་སུ་རྫོགས་པ་སྟ་གོན་དང་བཅས་པ། བྱམས་འཇམ་དབྱངས་སྤྱན་རས་གཟིགས་གསུམ་གྱི་རྗེས་གནང༌། རྡོ་རྗེ་འཛིན་པ་དཀོན་མཆོག་རྒྱལ་མཚན་གྱིས་མཛད་པའི་ལམ་རིམ་ཚིགས་བཅད་མ་སོགས་ཀྱི་ལྗགས་ལུང་འགའ་ཞིག་དང་བཅས་པ་དགྱེས་བཞིན་དུ་སྩལ། དྲུང་རམས་པ་བློ་བཟང་རིག་འཛིན་གྱིས་ཀླུ་དབང་རྒྱལ་པོ་དང་ལྕམ་སྲིང་གཉིས་ཀྱི་རྗེས་གནང་ཞུས་པར་འདོད་མོས་བཞིན་བཀའ་དྲིན་བསྐྱངས། ཕྱག་མཛོད་ནོ་མོན་ཧན་རིན་པོ་ཆེ་དང་གསོལ་དཔོན་མཁན་པོ་བཅས་རྩེ་དྲུང་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་གསོལ་བ་བཏབ་པ་བཞིན་ཧོར་ཟླ་བཅུ་པའི་ཚེས་གཉིས་ཀྱི་ཉིན་བདེ་ལྡན་ཞིང་གི་མགོན་པོ་སྣང་བ་མཐའ་ཡས་ངུར་སྨྲིག་འཆང་བའི་ཟློས་གར་ལྷུར་བཞེས་པ་པཎ་ཆེན་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་བློ་བཟང་དཔལ་ལྡན་ཡེ་ཤེས་དཔལ་བཟང་པོའི་རྣམ་ཐར་ལྗགས་རྩོམ་གསར་དུ་གནང་བའི་དབུ་བཙུགས་པར་རྩེ་ནས་བཀྲ་ཤིས་པའི་ལྷ་རྫས། གསེར་བཟང་པོ་སྲང་གང༌། གོས་ཆེན་ལེགས་པ་ཡུག་བཅས་སུམ་ཚན་ཞིག་ཕུལ་བ་ཕུན་སུམ་ཚོགས་པའི་རྟེན་འབྱུང་གི་དགེ་མཚན་དུ་གྱུར། བཀའ་རྩོམ་གྱི་སེང་བར་དུ་ཚེས་གསུམ་ལ་ཧར་གདོང་སྤྱི་ཁང་ནས་གྲྭ་པ་བརྒྱད་བརྒྱ་ལྷག་ལ་འཇིགས་བྱེད་སྔགས་བཏུ། རྡོ་རྗེ་སེམས་དཔའ། རྣམ་འཇོམས་ལྗང་སྔོན། ཆོས་རྒྱལ་ཕྱི་སྒྲུབ་རྣམས་ཀྱི་རྗེས་གནང༌། རྒྱལ་དབང་བསྐལ་བཟང་རྒྱ་མཚོས་མཛད་པའི་དྲིལ་བུ་ལྷ་ལྔའི་བླ་བརྒྱུད་བདག་མདུན་སྨོན་ལམ་ཤིས་བརྗོད་དང་བཅས་པའི་ལྗགས་ལུང༌། ཚེས་ལྔ་ལ་རྣམ་སྲས་མདུང་དམར་ཅན་དང༌། ཚོགས་བདག་དམར་པོ། གུར་མགོན་རྣམས་ཀྱི་རྗེས་གནང༌། ཚེས་དྲུག་ལ་རྡོ་རྗེ་རབ་བརྟན་མའི་རྗེས་གནང༌། ཚེས་བརྒྱད་ལ་བཀའ་གདམས་ཐིག་ལེ་བཅུ་དྲུག་གི་དབང་རྣམས་སྩལ། ཚེས་དགུ་ལ་ཞྭ་ལུར་ཕེབས་པའི་ལམ་ནས་ཐེག་ཆེན་གླིང་གི་རི་ཁྲོད་པ་རྣམས་ཀྱིས་གདན་དྲངས་ཏེ་ཆོས་འབྲེལ་ཞུས། དེ་ནས་ཞྭ་ལུའི་དགེ་འདུན་རྣམས་ཀྱིས་སེར་སྦྲེང་དང་བཅས་བླ་བྲང་དུ་ཕྱག་ཕེབས་ནས་ཚོགས་པར་མང་འགྱེད་དང་དུས་མཆོད་ཀྱི་ཐེབས་སྤམ་མཐོ་བ་གནང༌། རི་སྦུག་བླ་མ་བྱམས་པ་སྨོན་ལམ་གྱི་དྲུང་ནས་དུས་འཁོར་བསྡུས་རྒྱུད་དང་འགྲེལ་ཆེན་དྲི་མེད་འོད་ཀྱི་བཤད་ལུང༌། བུ་སྟོན་རིན་པོ་ཆེ་དང་ཐུགས་སྲས་རིན་རྒྱལ་པའི་གསུང་འགའ་ཞིག་གི་ལུང༌། དགེ་སློང་བློ་བཟང་རབ་བརྟན་པའི་དྲུང་ནས་འཇམ་དཔལ་གསང་ལྡན་གྱི་དབང་རྣམས་གསན། གྲུབ་ཆེན་ག་ཡ་དྷ་རའི་བུམ་ཆུ་དང་བུ་སྟོན་ང་འདྲ་མར་མཇལ་ཞིང་དེའི་མདུན་དུ་གསོལ་འདེབས་ཤོ་ལོ་ཀ་ལྔ་པ་ཞིག་ལྗགས་རྩོམ་མཛད། དེར་ལོ་སུམ་ཅུ་སྐོར་ལ་བུག་སྒོ་འདག་འབྱར་བྱས་ཏེ་ཚེ་མཚམས་ལ་བསྡད་ནས་ཐུགས་དམ་མཛད་མཁན་ཞིག་ཡོད་པ་དེས་ཞུ་ཡིག་ཕུལ་ཏེ། སྐྱབས་མགོན་དམ་པ་བླ་མ་རིན་པོ་ཆེ། །མཚན་བརྗོད་དཀའ་ཞིང་དོན་སླད་བརྗོད་པ་ལ། །འཇམ་པའི་དབྱངས་དངོས་བཞད་པ་རིན་པོ་ཆེ། །སྐྱེས་ཆེན་དམ་པ་གང་གི་ཞབས་པད་དྲུང༌། །སྒོ་གསུམ་གུས་པ་ཆེན་པོས་ཕྱག་བྱས་ནས། །ཞུ་གསོལ་ཚེ་མཚམས་བདག་གི་སྒྲུབ་ཁང་ནི། །ཆོས་ཁྲིའི་ལྷ་ཁང་མཇལ་ཕེབས་ཕྱོགས་ན་ཡོད། །ཕེབས་ཞོར་བུག་སྒོར་ཕྱག་དབང་བྱིན་རླབས་དང༌། །ཞལ་མཇལ་གསུང་ཐོས་སྙིང་ནས་ཞུ་འདོད་ལགས། །ཐུགས་རྗེ་ཆེན་པོའི་སྤྱན་གྱིས་གཟིགས་པ་མཁྱེན། །
                

                   ཞེས་ཞུས་པར་དགྱེས་པ་ཆེན་པོས་ཕེབས་ཏེ་ཕྱག་དབང་དང་ཆོས་ཀྱི་གསུང་གླེང་མང་དུ་གནང་ནས་རེ་བ་ཚིམ་པར་མཛད། ཞྭ་ལུ་མཐིལ་གྱི་བླ་ཟུར་བཞིའི་སློབ་དཔོན་དང་བཅས་པས་གསོལ་བ་ནན་ཏན་དུ་བཏབ་པའི་ངོར་དགེ་འདུན་བརྒྱ་ལྷག་ཙམ་ལ་རྣམ་སྣང་མངོན་བྱང་གི་དབང་དང་ལོ་གྱོན་མ་རིགས་གསུམ་གྱི་རྗེས་གནང༌། ཀུན་མཁྱེན་གོང་མའི་གསུང་གི་ལོ་གྱོན་མའི་ལས་ཚོགས་དང་བཅས་པའི་ལུང་རྣམས་གནང༌། ལེགས་བཤད་ཆོས་གླིང་ནས་གདན་དྲངས་པར་ཕེབས་ཏེ་མཆོག་སྤྲུལ་རིན་པོ་ཆེའི་གཟིམས་ཁང་དུ་བཞུགས་ཞག་མཛད་ཅིང་ཚེ་དཔག་གྲུབ་རྒྱལ་ལུགས་ཀྱི་རྗེས་གནང་སྩལ། ཉེར་བདུན་ལ་བཀྲ་ཤིས་ལྷུན་པོར་བབས་ཤིང་སྔར་ཞྭ་ལུར་ཆིབས་བསྒྱུར་གནང་སྐབས་ཞལ་ནས་ངེད་འགྲོ་འདུག་མང་བས་དེའི་གྲངས་བཞིན་ཇ་ཐབ་དང་བསུ་སྐྱེལ་གནང་བ་འོ་བརྒྱལ་ཆེ་ཞིང་དགོས་པ་མི་འདུག་པས་ད་ལན་དེ་འདྲ་མ་བྱེད་ཅེས་ནན་གྱིས་གསུངས་པར་བརྟེན་ཁོང་རྣམས་ཀྱིས་གྲ་བསྒྲིགས་མ་བྱས་པར་སྐྱབས་མགོན་མཆོག་སྤྲུལ་རིན་པོ་ཆེ་ནས་དེ་རིང་འཇམ་དབྱངས་བཞད་པ་ཚང་ཕེབས་རྒྱུ་མིན་ནམ་ཁྱེད་ཚོའི་ཆིབས་བསུ་དང་ཇ་ཐབ་འདེབས་མཁན་ཨེ་སོང་གསུངས་པར། འགྲོ་རྒྱུ་མིན་ཚུལ་ཞུས་པས་ཅིས་ཀྱང་འགྲོ་དགོས་གསུངས་ཏེ་སྔར་རྒྱུན་བཞིན་གནང༌། དེ་ནས་བཀའ་རྩོམ་གྱི་འཕྲོ་འཐུད་ཅིང་བཅུ་གཅིག་པའི་ཚེས་ལ་ཉིན་གཅིག་སྐྱབས་མགོན་མཆོག་སྤྲུལ་རིན་པོ་ཆེའི་མདུན་དུ་ཕེབས་ནས་གུང་ཚིགས་ལྷན་དུ་མཛད་པའི་ཚེ་སྐུ་རྩེད་གནང་བའི་གཟུགས་རིས་འགའ་ཞིག་ཡོད་པའི་ཁྲོད་ནས་རྟ་མཆོག་གི་གཟུགས་རིས་ཤིག་གནང་བ་བསྟན་འགྲོའི་དོན་རླབས་པོ་ཆེ་སྒྲུབ་པ་ལ་འཕྲིན་ལས་རྒྱུགས་པའི་བརྡར་དགོངས། སྐྱབས་མཆོག་གོང་མའི་ན་བཟའི་ཁྲོད་ཀྱི་སྐུ་འགག་དང་སྐུ་གཟན་ཞིག་གནང་སྟེ་དེང་སང་ནམ་ཟླ་དགུན་དུ་སོང་གཤིས་སྐུ་བསིལ་ན་མི་རུང་བས་མནབ་དགོས་གསུངས་པ་བཞིན་འཕྲལ་དུ་བཞེས། ཞྭ་ལུ་ནས་ཕེབས་པའི་སྐུ་ཞང་ཆོས་རྗེ་བསྟན་འཛིན་འཕྲིན་ལས་ཀྱི་དྲུང་ནས་རྗེ་བཙུན་མིད་ལའི་རྣམ་ཐར་དང་མགུར་འབུམ་གྱི་ལུང༌། བླ་མ་ཀུན་དགའ་རྣམ་རྒྱལ་གྱི་དྲུང་ནས་སྦྱོང་རྒྱུད་དཀྱིལ་འཁོར་བཅུ་གཉིས་ཀྱི་དབང་རྣམས་གསན། མགྲོན་གཉེར་སྤོ་ར། དཀའ་ཆེན་བློ་བཟང་བྱང་ཆུབ་རྣམས་ཀྱིས་ཞུས་ངོར་གྲྭ་པ་ཉིས་བརྒྱ་ལྷག་ལ་ལམ་གྱི་གཙོ་བོ་རྣམ་གསུམ་གྱི་ཁྲིད་དང༌། ངག་བྱིན་རླབས་ཀྱི་ལུང་གནང་ཞིང་ཐེག་པ་ཆེན་པོའི་སེམས་བསྐྱེད་ཀྱི་སྡོམ་པ་ཕོག །བཅུ་གཉིས་པའི་ཚེས་ལ་གདན་ས་ནས་སྣང་རྭ་དགེ་ཞིས་དང༌། ཝང་གི་ཨུརྒེ་ནས་དགེ་ལེགས་དབོན་པོ་བཅས་འཚམས་ཞུས་ལ་མངགས་པ་འབྱོར་ཏེ་ཐམས་ཅད་བདེ་བར་ཡོད་པའི་གནས་ཚུལ་ཞུས་ཤིང་སོ་སོའི་འཚམས་ཞུས་ཀྱི་ཡི་གེ་རྣམས་ཕུལ། ཞལ་རྣམ་འགྱུར་བཅུ་བདུན་གྱི་རྗེས་གནང་ལུང་དང་བཅས་པ་ས་སྐྱར་ཆོས་རྒྱུན་ཆད་ནས་ཞུ་ཡུལ་མེད་པས་རྗེ་ཉིད་ལ་ཞུ་བར་ས་སྐྱ་གོང་མ་རིན་པོ་ཆེའི་ཡོངས་འཛིན་ཞིག་ཆེད་གཏད་ཀྱིས་ཕེབས་པ་ལ་ཆོས་སྐོར་མཐའ་དག་བཞེད་པ་བཞིན་གནང༌། ཉིན་གཅིག་མགོན་ཁང་དུ་མཆོད་མཇལ་གནང་སྟེ་ཕྱིར་ཕེབས་ནས་དེ་རིང་ཆོས་སྐྱོང་ཐམས་ཅད་ཀྱིས་སྙན་ཤལ་ཕུལ་བ་ལེགས་པར་བཞེས་སོང་གསུངས་པ་ལ་དཔག་ན་སྙན་ཤལ་བཞེས་པ་ཙམ་མ་ཡིན་པའི་གཟིགས་སྣང་ཁྱད་པར་བ་ཞིག་ཡོད་པར་ཐེ་ཚོམ་མི་འདུག་ཅེས་དཔྱོད་ལྡན་རྣམས་མགྲིན་གཅིག་ཏུ་གླེང༌། རྒྱལ་དབང་ཐམས་ཅད་མཁྱེན་པར་ལོ་གསར་གྱི་འཚམས་ཞུས་པ་རྫོངས་སྟ་མཛད། པཎ་ཆེན་མཆོག་དང་ལྷན་དུ་ཤེར་ཕྱིན་ལྷ་ཁང་ནས་འཆམ་ལ་གཟིགས་རྟོག་གནང༌། ཉི་ཤུ་བདུན་ལ་བཀྲ་ཤིས་ལྷུན་པོའི་ལོ་གསར་ཡིན་སྟབས་རྗེ་ཉིད་འཁོར་བཅས་ཀྱིས་སྐྱབས་མགོན་ཐམས་ཅད་མཁྱེན་པར་ལོ་གསར་གྱི་མཇལ་ཁ་ཞུས། རྒྱ་རྩིས་ཀྱི་ཟླ་བ་དང་པོའི་ཚེས་གཅིག་ལ་དགུང་ལོ་ང་དགུ་པ་མེ་རྟའི་གནམ་ལོ་གསར་ཚེས་ཀྱི་དགྱེས་སྟོན་མཛད་ཅིང༌། ཧར་གདོང་ཁམས་ཚན་ནས་ཀྱང་གསོལ་སྟོན་གཟབ་རྒྱས་བསྟར། བཀྲ་ཤིས་ལྷུན་པོའི་སྨོན་ལམ་ཆེན་མོར་ལྷ་དར་རེའི་འགྱེད་དང༌། གྲྭ་ཚང་ཁམས་ཚན་སོ་སོར་མང་འགྱེད་ཟུར་དུ་གནང༌། ཕྱག་མཛོད་ནོ་མོན་ཧན་ནས་བསྐུལ་མ་མཛད་པ་བཞིན་དཀྱིལ་ཁང་བླ་མ་བློ་བཟང་ནམ་མཁའ། ཤར་རྩེ་བླ་མ་བློ་བཟང་དགེ་ལེགས། བཀྲ་ཤིས་རྩེའི་རྗེ་དྲུང་བློ་བཟང་འཇམ་དཔལ། དུས་འཁོར་རྡོ་རྗེ་སློབ་དཔོན་བློ་བཟང་ཚེ་བརྟན། གསོལ་དཔོན་ཚོགས་གསོག་པ་བློ་བཟང་དོན་གྲུབ་སོགས་བཀྲ་ཤིས་ལྷུན་པོ་རང་གི་བླ་གྲྭ་ཧྲག་བསྡུས་དང༌། སྲད་རྒྱུད། བདེ་ཆེན་རབ་རྒྱས། སྤོས་ཁང་སོགས་ཕྱོགས་འདུས་ཀྱི་དོན་གཉེར་ཅན་འགའ་ཞིག་བཅས་ཁྱོན་སྟོང་ཕྲག་ལྷག་ཙམ་ལ་དཔལ་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོའི་དབང་གི་སྟ་གོན། བྱིས་པ་འཇུག་པའི་དབང་བདུན། གོང་མ་གོང་ཆེན་དང་བཅས་པ་ལེགས་པར་སྩལ་ཏེ་མཇུག་ཏུ་ཚོགས་འཁོར་རྒྱས་པར་མཛད། ཐོས་བསམ་གླིང་གི་ཚོགས་མང་ལ་འཇམ་དབྱངས་དང༌། གཙུག་ཏོར་རྣམ་རྒྱལ། སྒྲོལ་དཀར་གསུམ་གྱི་རྗེས་གནང༌། དོན་གཉེར་ཅན་ཉུང་འདུས་ཤིག་ལ་རིག་བྱེད་མ་ཆོས་རྒྱལ་དུག་རི་ནག་པོ་དབྱངས་ཅན་མ་དཀར་དམར་གཉིས་བཅས་ཀྱི་རྗེས་གནང་སོགས་ཟབ་ཆོས་ཅི་རིགས་གནང༌།

                       དཀའ་ཆེན་བློ་བཟང་བཟོད་པས་ཞུས་ངོར་སྟ་གོན་གཅིག་གིས་འཐུས་པར་བྱས་ཏེ་དྲིལ་བུ་ལྷ་ལྔ་དང་ལུས་དཀྱིལ་གྱི་དབང་ཆེན་སྩལ། གསང་སྔགས་རྒྱལ་བ་གྲྭ་ཚང་གི་བླ་མ་ཡོན་ཏན་རྒྱལ་མཚན་དང༌། ཤར་རྩེ་བླ་མ་བཅས་ཉི་ཤུ་སྐོར་ལ་བདེ་མཆོག་ནག་པོ་ལྷ་བཅུ་གསུམ་མའི་དབང༌། བདེ་མཆོག་སྔགས་བཏུ། སྒྲོལ་མ་ཉེར་གཅིག །ལྷ་མོ་ཀུ་རུ་ཀུལླེ། རྡོ་རྗེ་རབ་བརྟན་མ་རྣམས་ཀྱི་རྗེས་གནང༌། དུག་དབང་རྨ་བྱ་རྒྱས་པ་སོགས་དང༌། དོན་གཉེར་ཅན་འགའ་ཞིག་ལ་ཆོས་རྒྱལ་ནང་སྒྲུབ་གསང་སྒྲུབ་སྒྲོལ་དཀར་གསུམ་གྱི་རྗེས་གནང༌། རི་སྦུག་བླ་མ་ལ་དབྱངས་ཅན་དཀར་མོའི་རྗེས་གནང་དང་ལྗགས་ལུང་འགའ་ཞིག །སྐུ་ཞང་ཆོས་རྗེ་ལ་ལམ་སྒྲོན་གྱི་ལུང༌། དཔེ་ཐུབ་པ་སྐུ་སྐྱེ་བློ་བཟང་རབ་རྒྱས་ལ་བེཀྩེའི་བེའུ་བུམ་གྱི་ལུང༌། རྗེ་དྲུང་ཡེ་ཤེས་བརྩོན་འགྲུས་ལ་སྒྲོལ་དཀར་གྱི་རྗེས་གནང་སོགས་སོ་སོའི་འདོད་མོས་བཞིན་ཆོས་ཀྱི་ཆར་ཕབ། གཉིས་པའི་བཅུ་བདུན་ལ་རྩེ་ཤོད་དུ་ཐོན་ཕྱག་ཞུས་པར་སྐྱབས་མགོན་པཎ་ཆེན་མཆོག་ནས་གཟེངས་བསྟོད་ཀྱི་ཆོ་ལོ་དང་བཀའ་ཤོག །སྐྱབས་མཆོག་གོང་མའི་ན་བཟའ་ཆ་ཚང་སོགས་བྱིན་རྟེན་ཚན་ཆེ་བ། སྐུ་འདྲ་ལི་མ་ལྔ་བཅུ། ཙན་དན་གྱི་སྐུ་དང་མཆོད་རྟེན་ཁ་ཤས། སྐུ་ཐང་ཞེ་མཚུངས་སུམ་ཅུ་སྐོར་དང༌། པཎ་ཆེན་གོང་མའི་གསུང་འབུམ། བཀའ་འགྱུར་ཆ་ཚང༌། ན་བཟའི་སྐོར། དབུ་གདུགས། རྟ་དར་ལྔ། རས་གུར་ཁྱད་འཕགས། སྒ་འཁོར་ཆ་ཚང་སོགས་དང༌། མགོ་སྣམ། ཕྲུག་ཐེར། སྤོས་དོ་པོ་ཤེལ་ལྟང་སོགས་གནང་ཆ་ཤིན་ཏུ་ཆེ་བ་དང༌། ཞབས་ཕྱི་དྲག་ཞན་ཐམས་ཅད་ལ་ཡང་འོས་བསྟུན་གྱི་གནང་ཆ་སྤམ་མཐོ་བ་སྩལ། དེ་མཚུངས་ཕྱག་མཛོད་ཆེན་མོ་ནས་ཀྱང་ན་བཟའ་ཉེར་སྤྱད། དགོས་ཆས་སོགས་ཕེབས་རྫོངས་ཤིན་ཏུ་གྱ་ནོམ་པ་བསྟར། དེའི་ཕྱི་དྲོ་གཟིམས་ཆུང་ངོ་མཚར་བཀོད་པར་ཕེབས་ཏེ་ཕྱག་མཛོད་ནོ་མོན་ཧན་རིན་པོ་ཆེ་དང༌། གསོལ་དཔོན་མཁན་པོ། བཀྲ་ཤིས་རྩེའི་རྗེ་དྲུང༌། གསོལ་དཔོན་ཚོགས་གསོག་པ། རྟ་དཔོན་པ། ལྡེ་འཆང་བ་སོགས་དྲུང་འཁོར་ཉི་ཤུ་སྐོར་ལ་ལཱུ་ཨི་པའི་ལུགས་ཀྱི་དཔལ་འཁོར་ལོ་སྡོམ་པ་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དབང་གི་སྟ་གོན་གནང་ཞིང༌། བཅོ་བརྒྱད་ལ་དངོས་གཞི་རྫོགས་པར་སྩལ། གསུམ་པའི་ཡར་ཚེས་ལ་སྐྱབས་མཆོག་གོང་མའི་རྣམ་ཐར་ཤིན་ཏུ་རྒྱས་ཤིང་ཚིག་སྦྱོར་ཕུན་སུམ་ཚོགས་པའི་ཟླ་ཟེར་གྱིས་སྐལ་བཟང་དད་པའི་ཡིད་ཀྱི་ཀུན་ད་རྒོད་པར་བྱེད་པའི་ལེགས་བཤད་རྨད་དུ་བྱུང་བ་པོ་ཏི་གཉིས་པོ་འདི་ཉིད་བཀའ་རྩོམ་ལེགས་པར་གྲུབ་སྟེ་ལོ་ཆེན་སྤྲུལ་བའི་སྐུ་ལ་ལྗགས་ལུང་གནང༌། རྒྱལ་མཚན་མཐོན་པོ་ནས་གཏང་རག་གི་ཡོན་དུ་མཎྜལ་དང་གསེར་དངུལ་སོགས་ཀྱི་འབུལ་བ་སྤམ་མཐོ་བ་བཏེགས། མཆོག་སྤྲུལ་རིན་པོ་ཆེའི་ཡབ་དཔལ་ལྡན་དོན་གྲུབ་དང་ཡུམ་འཆི་མེད་ལྷ་མོ་གཉིས་ནས་ཞུས་ངོར་ཉན་མཁན་དྲུག་བརྒྱ་སྐོར་ལ་མཛད་བརྒྱ་ལྷ་ཁང་དུ་ཚེ་དཔག་གྲུབ་རྒྱལ་ལུགས་ཀྱི་རྗེས་གནང་སྩལ། གསོལ་དཔོན་མཁན་པོ་ནས་བཀྲ་ཤིས་ལྷུན་པོར་ཚོགས་འདོན་དུ་འཛུགས་རྒྱུའི་པཎ་ཆེན་གོང་མའི་རྣམ་ཐར་གསོལ་འདེབས་ཤིག་དགོས་ཚུལ་ཞུས་པ་བཀའ་རྩོམ་གནང་སྟེ་ལུང་ཡང་སྩལ། བཅུ་བཞིའི་ཉིན་དགེ་འདུན་མང་ནས་གསོལ་བ་བཏབ་པ་བཞིན་ལམ་རིམ་ཆེན་མོ་དང་སྔགས་རིམ་ཆེན་མོ་གཉིས་ཀྱི་དབུ་ནས་ཆོས་ཐུན་རེ་དང༌། རྣམ་ཐར་ཚིགས་བཅད་མ་སོགས་གསར་རྩོམ་འགའ་ཞིག་གི་ལྗགས་ལུང་གནང༌། མཎྜལ་གྱི་མཇུག་ཏུ་ཚོགས་མང་ནས་ཉིད་ཀྱི་བཀའ་རྩོམ་ཚེ་རབས་རྗེས་འཛིན་གྱི་སྨོན་ཚིག་གསུང་སྐབས་དད་གུས་དང་སྐྱོ་ཤས་ཚད་མེད་པས་ཕལ་ཆེར་གྱི་མིག་ནས་མཆི་མ་འཁྲུག་པ་བྱུང༌། འཆད་ཉན་གྱི་དགེ་རྩ་རྣམས་རྒྱལ་བསྟན་སྤྱི་དང་ཁྱད་པར་འཇམ་མགོན་རྒྱལ་བ་གཉིས་པའི་རིང་ལུགས་དྲི་མ་མེད་པ་འདི་ཉིད་ཕྱོགས་དུས་ཀུན་ཏུ་འཕེལ་རྒྱས་ཀྱི་རྒྱུར་བསྔོ་བའི་ཐུགས་སྨོན་གྱིས་མཚམས་སྦྱོར་ནན་ཏན་མཛད། དེ་ལྟར་གཙང་ཕྱོགས་སུ་ཕེབས་ཏེ་དབང་ལུང་རྗེས་གསུམ་སོགས་ཆོས་རྒྱུན་ཟབ་ཅིང་འགངས་ཆེ་བ་དཀོན་ཞིང་ཉག་ཕྲ་བར་ཡོད་པ་མཐའ་དག་ཁྱབ་གདལ་དུ་སྤེལ་ཞིང༌། ལེགས་བཤད་བླ་ན་མེད་པ་དུ་མ་གསར་རྩོམ་མཛད་པ་སོགས་ཀྱི་སྒོ་ནས། ཇི་སྐད་དུ། འཇམ་དབྱངས་ས་སྐྱ་པཎྚི་ཏས། ལུང་བཟང་འདབ་མའི་ཁུར་གྱིས་ལྕི་གྱུར་ཅིང༌། །དྲི་མེད་རིགས་པའི་ཟེའུ་འབྲུ་མཛེས་པ་ཅན། །དོན་བཟང་སྦྲང་རྩིའི་བཅུད་ཀྱི་ཟ་མ་ཏོག །བློ་གསལ་བུང་བ་འདུ་བའི་དགའ་སྟོན་ཡིན། །ཞེས་གསུངས་པ་ལྟ་བུའི་ལེགས་བཤད་ཟད་མི་ཤེས་པའི་དགའ་སྟོན་གྱིས་སྐལ་བཟང་གདུལ་བྱའི་རྐང་དྲུག་ཚོགས་རྣམས་ཡོངས་སུ་ཚིམས་པར་མཛད་དེ་རྒྱལ་བའི་བསྟན་པ་ལ་རྒྱལ་བའི་མཛད་པ་ཉེ་བར་བསྒྲུབས། དེ་ནས་ཧོར་ཟླ་གསུམ་པའི་ཚེས་བཅོ་ལྔའི་ཉིན་བཀྲ་ཤིས་ལྷུན་པོ་ནས་ཕྱག་བཏེགས་པར་རྩེ་ཤོད་ཀྱི་དྲུང་འཁོར་དྲག་རིམ་སོགས་རྟ་པ་བརྒྱ་ཕྲག་དུ་མས་ཆིབས་སྐྱེལ་དང༌། ཟམ་པ་ཤར་དུ་རྒྱལ་མཚན་མཐོན་པོ་དང་ཧར་གདོང་གིས་ཇ་ཐབ་ཞུས། དགེ་ལྡན་སྙན་བརྒྱུད་ཀྱི་བསྟན་པའི་འབྱུང་ཁུངས་དབེན་ས་ཆོས་ཀྱི་ཕོ་བྲང་དུ་ཕེབས་ཏེ་རྟེན་མཇལ་ཞིབ་རྒྱས་དང་སྤྱན་དམིགས་རྒྱ་ཆེར་གནང༌། དགེ་འདུན་རྣམས་ལ་བླ་མ་མཆོད་པའི་ཁྲིད་དང་རྣམ་ཐར་གསོལ་འདེབས་གསར་རྩོམ་གྱི་ལྗགས་ལུང་སྩལ། རོང་བྱམས་ཆེན་དུ་མཆོད་མཇལ་གནང་སྟེ་ཕེབས་པའི་ཚེ་ནུབ་ངོས་ནས་འོད་དར་དཀར་བརྐྱངས་པ་ལྟ་བུ་ཞིག་ཤད་ཀྱིས་བྱུང་བ་ལ་འདི་བཀྲ་ཤིས་ལྷུན་པོའི་ཕྱོགས་ནས་འོང་བ་ཡིན་འདྲ་གསུངས་ཏེ་དགོངས་གཞི་ཁྱད་པར་ཅན་ཞིག་ཡོད་པར་སྣང༌། འབྲས་ཡུལ་སྐྱེད་ཚལ་དུ་བ་སོ་བྲག་སྔོན་སོགས་དགོན་ཕྲན་དང་རི་ཁྲོད་སོ་སོར་ཡང་མང་འགྱེད་ཀྱི་སྐལ་བ་འཚེམ་མེད་དུ་གནང༌། ལྕགས་ཟམ་སྤྲུལ་སྐུས་མཚམས་ནང་དུ་གདན་དྲངས་པ་ལྟར་ཕེབས་ཏེ་ཐུགས་བཞེད་བསྐངས། དེ་ནས་ཨམ་བན་དང་ཧར་གདོང་ཁམས་ཚན་གཞུང་གི་ཐབ་བསུ་རྣམས་ལ་རིམ་པར་ཕེབས་ཤིང་རྩེ་དྲུང་བཅུ་སྐོར་གྱིས་བསུ་བ་དང་བཅས་ནོར་འཛིན་དགའ་ཚལ་དུ་ཕེབས། ཧོར་ཟླ་བཞི་པའི་བཅུ་གསུམ་ལ་ལྷོ་ཁ་ཕྱོགས་སུ་ཆིབས་བསྒྱུར་གནང༌།

                       རྗེ་བདག་ཉིད་ཆེན་པོར་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་བསྐུལ་ཏེ་ཞིག་གསོས་དང་རབ་གནས་མཛད་པའི་རྫིང་ཕྱིའི་བྱམས་པ་ལ་གསེར་ཆབ་སྙན་ཤལ་མཆོད་པ་སྣ་ལྔ་བཅས་ཕུལ། སྤྱན་ཆབ་རྒྱུན་རིང་དུ་བསིལ་ཞིང་ཚངས་པའི་ཅོད་པན་མ་དང་བྱམས་སྨོན་གསུངས་ནས་གསོལ་འདེབས་དང་ཐུགས་སྨོན་ཤུགས་དྲག་ཏུ་མཛད། དེར་རྗེའི་སྐུ་རང་བྱོན་དང་རྗེས་རབ་གནས་མཛད་པའི་རྣམ་སྲས། རྗེའི་བཞུགས་ཁྲི་སོགས་ལ་ཞིབ་ཏུ་མཇལ་ཞིང་དགེ་འདུན་རྣམས་ལ་མང་འགྱེད་སྩལ། རྗེ་བླ་མའི་སྒྲུབ་གནས་ཆོས་ལུང་དུ་མཇལ་བར་ཕེབས་པའི་ཚེ་རྗེ་བདག་ཉིད་ཆེན་པོའི་འཕྲིན་ལས་ཚུལ་བཞིན་དུ་སྒྲུབ་པའི་ལྷ་ཆེན་འོ་དེ་གུང་རྒྱལ་བསུ་བར་བྱོན་ཏེ་བསྐོར་བ་མཛད། དགོན་པའི་ཉེ་འཁོར་དུ་མེ་ཏོག་གི་ཆར་འབེབས་པ་སོགས་ལྟས་ཡ་མཚན་པ་མང་དུ་བྱུང༌། རྗེའི་གཟིམས་ཆུང་དང་ཞབས་རྗེས་རྡོའི་མཎྜལ་རྣམས་ལ་ཞིབ་ཏུ་མཇལ་ཞིང་ཚོགས་པར་དགའ་ལྡན་ལྷ་བརྒྱ་མའི་ལྗགས་ལུང་སྩལ། རིན་ཆེན་སྒང་དུ་ཕེབས་ཏེ་མཁས་གྲུབ་ནོར་བཟང་རྒྱ་མཚོའི་སྐུ་འདྲ་གསུང་འབྱོན་མ་སོགས་ལ་ཞིབ་ཏུ་མཇལ། དེ་ནས་གནས་གསུམ་མཁའ་འགྲོའི་གཙོ་མོ་མ་ཅིག་ལབ་སྒྲོན་གྱི་བཞུགས་གནས་ཟངས་རི་ཁང་དམར་དུ་མཆོད་པ་གཟབ་རྒྱས་ཕུལ་ཞིང་ཚོགས་པར་མང་འགྱེད་གནང། དཔལ་ཕག་མོ་གྲུ་པའི་བཞུགས་གནས་གདན་ས་མཐིལ་དུ་རྟེན་མཇལ་ཞིབ་ཏུ་གནང་སྟེ་འོན་ཆོས་སྡིངས་སུ་ཕེབས། རྒྱལ་སྲས་མཆོག་གི་སྤྲུལ་བའི་སྐུ་རིན་པོ་ཆེ་དང་མཇལ་འཛོམ་མཛད། ཁོང་གིས་ཞུས་ངོར་དཔལ་ཀྱཻ་རྡོ་རྗེ། རྡོར་དབྱིངས། མི་འཁྲུགས་པ་ལྷ་དགུ་རྣམས་ཀྱི་དབང༌། སྒྲོལ་མ་ཉེར་གཅིག་དང་སྣ་ཚོགས་ཡུམ་གྱི་རྗེས་གནང༌། ལྕང་སྐྱ་གོང་མས་མཛད་པའི་འདུལ་བའི་ལས་ཆོག་གི་ལུང་རྣམས་སྩལ། རྒྱལ་སྲས་རིན་པོ་ཆེར་ཞབས་བརྟན་གྱི་དངོས་འབུལ་དངུལ་སྲང་བརྒྱ་དང་བཟང་གོས་ཡུག་དུ་མ་སོགས་ཚན་གྲངས་གྱ་ནོམ་པ་བསྟར། ཀེ་རུ་ལྷ་ཁང༌། བཀྲ་ཤིས་དོ་ཁ། མངའ་རིས་གྲྭ་ཚང༌། རྩེ་ཐང་སོ་སོར་ཡང་རྟེན་མཇལ་མཛད་ཅིང་མང་འགྱེད་བཏང༌། ཁྲ་འབྲུག་ཏུ་ཕེབས་ཏེ་རྣམ་པར་སྣང་མཛད་ཀྱི་སྐུ་ལ་གསེར་ཆབ་གསོལ་ཞིང་མཆོད་པ་གཟབ་རྒྱས་ཕུལ། ལྷ་ཐོ་ཐོ་རིའི་ཡུམ་བུ་བླ་སྒང༌། མེས་ཨག་ཚོམ་གྱི་ལྟག་རུ་ལྷ་ཁང༌། སྐུའི་རྟེན་ཚེ་ཆུ་འབུམ་པ། གསུང་རྟེན་གུང་ཐང་འབུམ་པ། ཐུགས་རྟེན་རྟག་སྤྱན་འབུམ་པ་སྟེ་ཡར་ལུང་རྟེན་གསུམ་དུ་གྲགས་པ་དང༌། རས་ཆུང་ཕུག་རྣམས་ལ་མཆོད་འབུལ་མཛད། རི་བོ་ཆོས་གླིང༌། བཀྲ་ཤིས་ཆོས་སྡེ། ཇོ་གདན་དགོན་པ་སོ་སོར་ཡང་མང་འགྱེད་གནང༌། ལྔ་པའི་ཚེས་ལྔ་ལ་བསམ་ཡས་སུ་ཕེབས་ནས་རྟེན་རྣམས་ལ་ཞིབ་ཏུ་མཇལ། དེའི་ཆོས་སྐྱོང་ཙི་དམར་བ་སྤྱན་འདྲེན་ཞུས་པའི་སྐབས་སུ་ཆོས་སྐྱོང་ཐུགས་ཤིན་ཏུ་འཇམ་ཞིང་གུས་པའི་རྣམ་འགྱུར་མཛད་པ་ལ་དེར་འཁོད་ཀྱི་རྒྱུས་ཡོད་རྣམས་ཤིན་ཏུ་ངོ་མཚར་ཞིང་མོས་གུས་ལྷག་པར་འཕེལ་བ་བྱུང༌། དེ་སྐབས་ཞབས་ཕྱི་ཞིག་མཚན་མོར་རྒྱ་མཐོངས་ནས་ཞལ་བའི་སྟེང་དུ་ལྷུང་སྟེ་ལུས་ཤིན་ཏུ་སྣད་པས་བབས་ལྕི་མོར་སོང་བ་ཆོས་སྐྱོང་ནས་དེ་ཀར་བསྡད་ན་བཟང་གསུངས་ཀྱང་རྗེ་ཉིད་ནས་ཅིས་ཀྱང་འགྲོ་དགོས་གསུངས་ཏེ་ཉིན་ཁ་ཤས་ཕེབས་བྱམས་ཀྱི་སྔོན་དུ་འཁྱེར་བཅུག །ཉིན་གཅིག་ཤུལ་དུ་ཐོ་ཞིག་བསླངས་ཏེ་རྟ་མགྲིན་གྱི་སྐྱེད་ཆོག་མཛད་ནས་ཕེབས་པས་ཁོ་ཡང་དེ་ནུབ་ནས་རིམ་དྭངས་སུ་སོང༌། སྔར་ཡང་ཆོས་སྐྱོང་གི་གནོད་པས་དེར་མི་གསུམ་ཙམ་གཡང་དུ་ལྷུང་ནས་ཤི་བའི་ལོ་རྒྱུས་དང༌། འདི་སྐབས་ཀྱང་མོ་ལུང་མཁན་འགའ་ཞིག་གིས་འདི་ཤི་ཟིན་པ་ལ་གཞན་ཞིག་གིས་སྲོག་བཙན་ཐབས་སུ་བཟུང་ཡོད་པ་ལྟ་བུ་ཞིག་སྣང་ཟེར་བར་དཔག་ན་ཁོ་ལ་ཡང་ཆོས་སྐྱོང་གིས་འཚུབ་ལྷོངས་བཏང་བ་ཡིན་འདུག་ཀྱང་ཉིད་ཀྱི་ཐུགས་རྗེ་ལ་བརྟེན་ནས་གླགས་མ་རྙེད་པར་སྣང་བ་གྲུབ་པའི་མཚན་མར་ཤེས་པར་གྱིས། དེ་ནས་ཡེར་པར་ཞིབ་མཇལ་གནང་སྟེ་ལྷ་སར་ཕེབས། དེའི་ཚེ་ལྕང་སྐྱ་རྡོ་རྗེ་འཆང་ཆེན་པོ་གཟུགས་སྐུ་ཆོས་དབྱིངས་སུ་བསྡུས་པའི་གནས་ཚུལ་གསན་ཏེ་ཐུགས་བཟོད་གླགས་མེད་པའི་མྱ་ངན་དང་སྐྱོ་ཤས་ཀྱི་རྣམ་པ་མཛད། དེ་ནས་རེ་ཞིག་གི་བར་དུ་ཉིན་རེ་བཞིན་མཆོད་པ་རྒྱ་ཆེན་པོ་བཤམས་ཏེ་ཞབས་འབྲིང་བ་ཁ་ཤས་དང་ལྷན་དུ་བླ་མ་མཆོད་པའི་ཆོ་ག་གསུངས་ཤིང་ཐུགས་དམིགས་ནན་ཏན་རྒྱུན་ཆགས་སུ་གནང༌། དེའི་ཚེ་ལོའུ་ཨམ་བན་མདུན་དུ་འོངས་ཏེ་ཁྱེད་ཀྱིས་དེ་འདྲའི་ཐུགས་ངལ་མ་མཛད། ལྕང་སྐྱ་རྡོ་རྗེ་འཆང་དགུང་ལོ་ཡང་བདུན་ཅུ་ལྷག་ཕེབས་ཤིང་གཏན་མི་གཤེགས་པར་བཞུགས་པ་ཞིག་མི་ཡོང་བས་ད་ལྟ་རྒྱལ་བ་ཡབ་སྲས་གཉིས་ཞལ་འཛོམས་ཤིང་གོང་མ་ཆེན་པོ་ཡང་ཞབས་པད་བརྟན་པའི་རིང་འདིར་ཁོང་གི་སྐུ་ལུས་བརྗེས་ནས་སྤྲུལ་སྐུ་ཞིག་གདན་སར་འབབ་ཐུབ་ན་ཕུགས་སུ་དེ་བཟང་མོད་སྙམ་ནས་ངས་མྱ་ངན་མ་བྱས་ཞེས་ཐབས་མཁས་ཀྱི་ཞུ་བ་ཕུལ་བས་དགོངས་པར་འབབ་པ་བྱུང༌། ཁམས་ནས་ཀརྨ་སི་ཏུ་རིན་པོ་ཆེའི་འཚམས་ཞུས་འབྱོར་བའི་ལན་དུ་གོས་ཡུག་ཆེན་ལྔ་དང་གསེར་དངུལ་སོགས་བདོག་སྐྱེས་སྤམ་མཐོ་བ་བཅས་ཆབ་ཤོག་སྙན་དངགས་ཀྱི་ལམ་ནས་དྲངས་པ་གནང༌། སྨད་ཀྱི་འགྲུལ་སྡེབ་སོ་སོར་ཡང་ཞུ་ཤོག་དུ་མའི་བཀའ་ལན་འཚེམ་མེད་དུ་གནང་ཞིང་ལྷག་པར་ཡང་ཐུའུ་བཀྭན་རིན་པོ་ཆེར་གསུང་ཤོག་ཅིག་བསྐུར་བ་ཟླ་བ་བཅུ་གཅིག་པའི་ནང་དུ་ཨོར་དུ་སུའི་ས་ཆར་འཁྲུངས་སྐར་གྱི་སྟོན་མོ་གནང་བའི་ཉིན་འབྱོར་ཏེ་ཞལ་ཕྱེ་བར་ཉིན་དེའི་དུས་སྟོན་དང་འབྲེལ་བའི་ཚིག་སྦྱོར་རྟེན་འབྲེལ་ཅན་འབའ་ཞིག་གཙོ་བོར་མཛད་འདུག་ཅིང་རྟེན་ལ་ཐེལ་ཚེ་བཀྲ་ཤིས་ཀྱི་རི་མོ་ཅན་ཞིག་གནང་འདུག་པས་ཉིན་དེར་འབྱོར་རྒྱུ་སོགས་ཐམས་ཅད་དང་པོ་ནས་མངོན་སུམ་དུ་གཟིགས་པ་གོར་མ་ཆག་གོ་ཞེས་ཐམས་ཅད་ཡ་མཚན་པར་གྱུར།

                    བྲག་ཡབ་ཆེ་ཚང་སྤྲུལ་བའི་སྐུ་བློ་བཟང་དཔལ་ལྡན་བསྟན་པའི་རྒྱལ་མཚན་གྱིས་སྔར་ནས་གསོལ་བ་ནན་ཆེར་བཏབ་པ་བཞིན་ཁོང་དང་རྗེ་དྲུང་སྤྲུལ་བའི་སྐུ་ཡེ་ཤེས་བསྟན་པའི་མགོན་པོ། དུང་དཀར་སྤྲུལ་སྐུ་ངག་དབང་སྙན་གྲགས་རྒྱལ་མཚན། དུས་འཁོར་པཎྚི་ཏའི་སྤྲུལ་སྐུ་ཡེ་ཤེས་བསྟན་པ་དར་རྒྱས། དཔོན་སློབ་སངས་རྒྱས་རྡོ་རྗེའི་སྤྲུལ་བའི་སྐུ་གྲགས་པ་རྒྱལ་མཚན། ཐུའུ་བཀྭན་ཞབས་དྲུང་ཐུབ་བསྟན་ཉི་མ། བློ་གསལ་གླིང་བླ་ཟུར་བློ་བཟང་སྦྱིན་པ། ཀོན་ཏུང་ཧུ་ཐོག་ཐུ་ཡེ་ཤེས་ཆོས་འབྱོར། ཧར་ཆེན་ཞབས་དྲུང་ཡེ་ཤེས་ཕུན་ཚོགས། ཁོ་བོ་ཅག་དང་བཅས་སེ་འབྲས་དགེ་གསུམ། རྒྱུད་སྟོད་སྨད། བཀྲ་ཤིས་ལྷུན་པོ། རྣམ་རྒྱལ་གྲྭ་ཚང༌། དགེ་འཕེལ། ཕུར་བུ་ལྕོག །བ་རི་གསར་རྙིང༌། རྨེ་རུ། དཔལ་འཁོར་ཆོས་སྡེ། རྩེས་ཐང་སོགས་ཀྱི་དགོན་སྡེ་དུ་མ་ནས་འདུས་པའི་བླ་མ་སྤྲུལ་སྐུ་དགེ་བའི་བཤེས་གཉེན་ཧྲག་བསྡུས་བཞི་བརྒྱ་ལྷག་ལ་ལྔ་པའི་ཚེས་བཅུ་གཅིག་ནས་མགོ་བརྩམས་ཏེ་རྡོ་རྗེ་འཕྲེང་བ་དང་མི་ཏྲ་བརྒྱ་རྩའི་དབང་ཆེན། སྒྲུབ་ཐབས་རྒྱ་མཚོ། བཱ་རི་བརྒྱ་རྩ། མགོན་པོ་བཀའ་བཅུ་གསུམ། འཕགས་ལུགས་ཀྱི་ཛམྦྷ་ལ་ཞལ་གསུམ་ཕྱག་དྲུག །ཁྱུང་ནག་མེའི་སྤུ་གྲི་ཅན་རྣམས་ཀྱི་རྗེས་གནང༌། འཕྲེང་བ་སྐོར་གསུམ། ཀྲྀ་ཡ་ས་མུཙྪ། དཔག་བསམ་འཁྲི་ཤིང༌། རྩ་ཤེ། ཀུན་མཁྱེན་གོང་མས་མཛད་པའི་གསང་འདུས་འཇིག་རྟེན་དབང་ཕྱུག་ལ་བརྟེན་པའི་མ་ཎི་རིལ་སྒྲུབ། བུ་སྟོན་གྱི་འདུལ་བའི་ལས་ཆོག །དམ་པ་རྒྱ་གར་གྱིས་མཛད་པའི་འཇམ་དབྱངས་ཀྱི་སྒྲུབ་ཐབས། སྒྲ་ཚད་པ་རིན་ཆེན་རྣམ་རྒྱལ་གྱིས་མཛད་པའི་དབྱངས་ཅན་མ་དཀར་མོའི་སྒྲུབ་ཐབས། བོ་དོང་པས་མཛད་པའི་དབྱངས་ཅན་མའི་བསྟོད་པ། ལྕང་སྐྱ་རོལ་པའི་རྡོ་རྗེས་མཛད་པའི་གྲུབ་རྒྱལ་ལུགས་ཀྱི་ཚེ་ཁྲིད། རྗེ་ཉིད་ཀྱིས་མཛད་པའི་པཎ་ཆེན་གོང་མའི་རྣམ་ཐར་གསོལ་འདེབས་སོགས་ཀྱི་ལྗགས་ལུང་དང་བཅས་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། དབང་ཞིག་གི་ཚེ་རྒྱུད་སྨད་དགེ་བཤེས་ངག་དབང་སྙན་གྲགས་གྲལ་མཐའ་ཞིག་ཏུ་ཡོད་པར་ཆས་འཇུག་རྡོར་དྲིལ་སོགས་ཆེད་གཉེར་གྱིས་གཏད་པ་ཡང༌། ཁོང་ལ་མ་འགྱངས་པར་རྒྱུད་པའི་བླ་མ་དབུ་མཛད་དང་སྨད་རྒྱུད་མཁན་པོ་སོགས་རིམ་པར་འབྱུང་བའི་མ་འོངས་ལུང་བསྟན་དུ་འདུག་ཅེས་ཕྱིས་སུ་གཟུར་གནས་རྣམས་མཐུན་པར་གླེང༌། དེ་ཡང་དང་པོ་བཀའ་ཆོས་འགའ་ཞིག་གི་ཚེ་གུ་དོག་པོ་གནང་བ་ཡོངས་འཛིན་རིན་པོ་ཆེས་གསན་ཏེ། ཉིན་གཅིག་ངེད་མདུན་དུ་མཇལ་བར་ཕྱིན་སྐབས། སྔོན་ཡིན་ན་དབུས་གཙང་འདི་ཆོས་ཀྱི་འབྱུང་ཁུངས་ལྟ་བུ་ཡིན་པས་ཆོས་རྒྱུན་གྱི་རིགས་གང་འདོད་དུ་བླང་ཆོག་པ་ཡོད་ཀྱང༌། ད་ལྟ་ཆོས་རྒྱུན་ཕལ་ཆེར་ཉག་ཕྲ་བར་སོང་འདུག །སླར་བསྟན་པ་ཡོངས་རྫོགས་ཀྱི་བདག་པོ་ཁོང་འདྲ་བ་ཡང་ཡང་འབྱོན་དཀའ་བས་ད་རེས་ཀྱི་བཀའ་ཆོས་རྣམས་ཁྱབ་གདལ་དུ་སྤེལ་རྒྱུ་ཞིག་བྱུང་ན་ལེགས། ངེད་ཀྱིས་འདི་འདྲ་ཞུ་གི་འདུག་ཅེས་ཁྱོད་ཀྱིས་འཇམ་དབྱངས་བཞད་པ་རིན་པོ་ཆེར་ཡག་པོ་ཞུས་གསུངས་ནས་ནན་ཏན་མཛད་པ་ལྟ་བུ་བསྟན་པ་ཁོ་ན་ཐུགས་ལ་བཅངས་པ་རྣམས་ཀྱིས་དགོངས་ཚུལ་དེ་ལྟར་ཡིན་ཀྱང༌། ཕྱོགས་ལྷུང་གིས་རྒྱུད་བསླད་པ་ཁ་ཅིག་རྡོར་ཕྲེང་དང་མི་ཏྲའི་ཐུན་མོང་དང་ཐུན་མོང་མ་ཡིན་པ་ཁ་འགེངས་ཚུལ་སོགས་ལ་སྐྱོན་འདོན་པ་ནི། རྗེ་དྲུང་སྔགས་རམས་པ་དགེ་འདུན་བཀྲ་ཤིས། པཎ་ཆེན་བློ་བཟང་ཆོས་རྒྱན། དཔོན་སློབ་བློ་བཟང་ཤེས་རབ། རྒྱལ་དབང་བསྐལ་བཟང་རྒྱ་མཚོ་སོགས་བརྒྱུད་པའི་བླ་མ་གོང་མ་རྣམས་ཀྱི་གསུང་དང་རྣམ་ཐར་གསན་ཡིག་གང་ཡང་མ་མཐོང་བས་རང་གི་དེ་ཉིད་སྟོན་པ་ཁོ་ནར་ཟད་དེ། དགག་བཞག་གི་དཔྱད་པ་གཞན་དུ་བྱའོ། །ལོ་དེར་བོད་ཡུལ་དུ་འབྲུམ་ནད་སྤང་ལས་ཤྭ་མོ་རྡོལ་བ་བཞིན་དུ་མཆེད་ཚབས་ཤིན་ཏུ་ཆེ་ཡང་རྗེ་ཉིད་ལ་ལྟོས་བཅས་ཀྱི་རིགས་དང་ཆོས་ཉན་པ་གཅིག་ལ་ཡང་ཉེས་སྐྱོན་མ་བྱུང་བ་ནི་གྲུབ་པའི་འབྲས་རྟགས་བླ་ན་མེད་པ་ཡིན་ལ། འོན་ཀྱང་ཚ་རྡོར་ནོ་མོན་ཧན་རིན་པོ་ཆེ་ནས་ཆོས་ཉན་པ་ལ་འབྲུམ་པ་བྱུང་ན་ཤིན་ཏུ་ཉེན་ཆེ་ཚུལ་གྱིས་གྲྭ་ཚང་སོ་སོའི་ལས་སྣེ་རྣམས་ལ་དམ་བསྒྲགས་མཛད་དེ་གྲྭ་པ་ཁ་ཤས་ལ་འབོད་མི་ལན་མང་དུ་བཏང་ཡང་དབང་རྣམས་དང་སྒྲུབ་ཐབས་རྒྱ་མཚོ་སོགས་ལ་ཆད་ལུས་མ་བྱུང༌། བཱ་རི་བརྒྱ་རྩའི་ཕྱེད་ཙམ་ནས་གྲྭ་པ་ཁ་ཤས་མི་འདོད་བཞིན་དུ་དགོན་པར་ལྡོག་དགོས་བྱུང་བ་རྣམས་ལ་རྗེས་སུ་ཁོ་བོ་འབྲས་སྤུངས་སུ་ཕྱིན་པའི་ཚེ་ཁ་བསྐངས་ནས་ཆོས་ཀྱི་གེགས་སུ་མ་གྱུར་ཙམ་བྱུང་སྟེ་དཀར་ཕྱོགས་ལ་དགའ་བའི་ལྷ་རྣམས་དགྱེས་པར་གྱུར་ཏོ། །
                       རྒྱ་ཆེན་མངོན་པར་རྟོགས་པ་མ་ལ་ཡར། །ལྷན་ཅིག་སྐྱེས་པ་ལུང་ཆོས་ཧ་རིའི་བསུང༌། །སྐལ་བཟང་བུང་བ་འགུགས་པའི་ཕོ་ཉ་སྟེ། །མི་བསྲུན་སྦྲང་བུ་སྐྲོད་པའི་ཟེར་མའང་ཡིན། །མི་མཉམ་རྣམ་དཔྱོད་ཟླ་བའི་འཛུམ་དཀར་གྱིས། །ལེགས་བཤད་ཀུནྡའི་སོ་ཕྲེང་རྒོད་པ་ནི། །སྲིད་འབྱོར་སྦྲང་རྩིའི་སྙིང་པོར་རྩེ་གཅིག་ཏུ། །ཟུམ་པའི་ཆུ་སྐྱེས་ཚོགས་ལ་འཕྱ་བ་བཞིན། །དྭངས་བསིལ་ཨ་བྷི་ཥིཉྩའི་ཆབ་སྦྲེང་བས། །སྐལ་བཟང་ཡིད་ཀྱི་དྲི་མ་རབ་བཀྲུས་ཀྱང༌། །སྐལ་དམན་རྡོ་ཡི་སོལ་བར་འཕྲད་པའི་མེས། །དགེ་བའི་བུད་ཤིང་བསྲེགས་དེ་ལས་ཀྱིས་ནོངས། །ཆུ་བོའི་གཏེར་དུ་གྲགས་པ་ཟླ་བའི་མ། །ཀླུང་བཞི་འབབ་པའི་རྒྱུན་གྱིས་མ་བསྐྱངས་ན། །ལྷན་སྐྱེས་རྟ་གདོང་མེས་ནི་སྲིད་པའི་དཔལ། །ཆིལ་ཆིལ་ཁོལ་བའི་མཐའ་ལ་སྐེམ་པར་ཟད། །ཐིགས་ཀྱི་བཅུད་ལྡན་གསེར་མདོག་ཀ་ལ་ཤ །ལྷབ་ལྷུབ་དཔལ་གྱི་འབྱོར་བའི་མགུལ་ཆིངས་ཅན། །ཆེ་མཐོའི་རྟགས་ཀྱི་སྒྲོ་མདོངས་ངོམ་པ་ཡིས། །གདུང་སེལ་བདུད་རྩིའི་མཆོད་སྦྱིན་འགྱེད་དོ་ལོ། །བློ་གསལ་ཐར་པ་དོན་གཉེར་མུཀྟི་ཀའི། །དོ་ཤལ་ཚར་དུ་དངར་བའི་མདོ་འཛིན་པ། །བོངས་ཚོད་རགས་པའི་ཉ་ཕྱིའི་གོང་བུ་ཞིག །དཔྱོད་ལྡན་གཞོན་ནུའི་སྙིང་ལ་ཆགས་བྲལ་སྟེར། །ཞེས་བྱ་བའང་ཉམས་དགའི་ཚིགས་སུ་བཅད་པའོ། །དེ་ལྟར་བཀའ་ཆོས་དངོས་གཞི་ཆག་མེད་དུ་གནང་བའི་སེང་བར་ལ་ཇོ་བོ་རིན་པོ་ཆེར་དངུལ་སྲང་བརྒྱ་དང་ལྔ་བཅུ་སྐོར་གྱིས་སྟོང་མཆོད་ཕུལ་ཏེ་ལྕང་སྐྱ་རྡོ་རྗེ་འཆང་ཆེན་པོའི་ཐུགས་ཀྱི་དགོངས་པ་རྫོགས་ཤིང་ཡང་སྲིད་འཁྲུལ་མེད་མྱུར་དུ་འབྱོན་པའི་གསོལ་འདེབས་ཤུགས་དྲག་མཛད། གཟིམས་ཁང་ཆོས་རྗེར་གཤེད་དམར་གྱི་དབང་དང༌། ཧལ་ཁ་ཨེར་ཏི་ནི་ཆོས་རྗེ་ངག་དབང་དཔལ་བཟང་ལ་དབྱངས་ཅན་མ་དཀར་མོའི་རྗེས་གནང་སོགས་ཆོས་བཀའ་ཐོར་བུ་ཅི་རིགས་གནང༌། ཞར་ལ་ལུགས་གཉིས་ཀྱི་བྲེལ་བ་ཆེ་ཕྲ་ཐམས་ཅད་རིམ་པར་བསལ་ཏེ་དྲུག་པའི་ཚེས་ཉི་ཤུ་ལ་བྲག་ཡབ་སྤྲུལ་བའི་སྐུ་ནས་ཞུས་པའི་བཀའ་ཆོས་ཀྱི་རིམ་པ་རྣམས་རྫོགས་པར་གྲུབ། དེའི་ཕྱི་ཉིན་ཀློང་རྡོལ་བླ་མ་རིན་པོ་ཆེ་དང༌། རྒྱལ་སྲས་རིན་པོ་ཆེ། བྲག་ཡབ་སྤྲུལ་བའི་སྐུ་སོགས་ཉུང་བསྡུས་ལ་འཇམ་དཔལ་གསང་ལྡན་དང་བདེ་མཆོག་ནག་པོ་གཉིས་ཀྱི་དབང་སྟ་གོན་དང་བཅས་པ་སྩལ། ཉི་ཤུའི་ངོར་ཀློང་རྡོལ་བླ་མ་རིན་པོ་ཆེའི་དྲུང་ནས་ལྗགས་ལུང་འགའ་ཞིག་གསན། ཧོར་ཟླ་བདུན་པའི་ཚེས་ལ་གྲུབ་པའི་གནས་མཆོག་རི་བོ་དགེ་འཕེལ་དུ་ཕེབས་ཏེ་ཞག་བདུན་གྱི་རིང་བཅད་རྒྱ་མཛད་ཅིང༌།

                     ཐུན་མཚམས་རྣམས་སུ་དེར་བཞུགས་ཀྱི་རི་ཁྲོད་པ་བརྒྱ་སྐོར་དང་ཕྱོགས་གཞན་ནས་འོང་བ་བཅས་ཁྱོན་ཉིས་བརྒྱ་ལྷག་ཙམ་ལ་ཐུགས་རྗེ་ཆེན་པོའི་དབང་སྟ་གོན་དང་བཅས་པ། ཐུགས་རྗེ་ཆེན་པོའི་རྗེས་གནང༌། ཀུན་མཁྱེན་གོང་མའི་གསུང་གི་དེའི་སྒྲུབ་ཐབས་དང་པཎ་ཆེན་གསུང་གི་སྨྱུང་གནས་ཆོ་ག །རྒྱལ་དབང་བསྐལ་བཟང་རྒྱ་མཚོའི་གསུང་གི་སྒྲོལ་དཀར་གྱི་མངོན་རྟོགས་རྣམས་ཀྱི་ལུང་དང༌། འོད་དཔག་མེད་ཀྱི་འཕོ་ཁྲིད། ཉིད་ཀྱི་བཀའ་རྩོམ་ལྟ་མགུར་འགྲེལ་པའི་བཤད་ལུང༌། སྒྲོལ་དཀར་དང་འཇམ་དབྱངས་དམར་སེར་གཉིས་ཀྱི་རྗེས་གནང༌། ནམ་མཁའ་སྒོ་འབྱེད་ཀྱི་དབང་སོགས་ཟབ་ཆོས་མང་དུ་སྩལ། རི་ཁྲོད་པ་རྣམས་ལ་དངུལ་ཞོ་གསུམ་རེ་དང་བསོད་བཏགས་རེ་བཅས་ཀྱིས་སྐུ་འགྱེད། ས་ག་ཟླ་བའི་སྨྱུང་གནས་ཀྱི་ཐེབས་སུ་དངུལ་སྲང་བརྒྱ་སོགས་སྦྱོར་འཇགས་གནང༌། འདིར་ཀུན་མཁྱེན་འཇམ་དབྱངས་བཞད་པའི་གཟིམས་སྤྱིལ་ཞིག་ཡོད་པ་བར་སྐབས་འཐོར་ཞིག་ཏུ་སོང་བའི་གནས་ཚུལ་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོས་གསན་ཏེ། འདི་ཡིག་ཆ་ཕལ་ཆེར་རྩོམ་པའི་གནས་ཡིན་པས་སྒོ་མང་གྲྭ་ཚང་གིས་ཞིག་གསོས་དོ་དམ་ཞིག་བྱས་ན་རྟེན་འབྲེལ་ལ་བཟང་གསུངས་ཀྱང༌། སྤྱི་རྟ་རྒྱབ་རལ་གྱི་དཔེ་བཞིན་ལུས་པ་སླར་ཞིག་གསོས་ཀྱི་ཐེབས་དང་བཅས་ཕོ་བྲང་སྡེ་པར་བཅོལ་དམ་གནང་བ་ཁུར་དུ་བླང་སྟེ་བཀའ་བཞིན་བསྒྲུབས། དེར་ཀློང་རྡོལ་བླ་མ་རིན་པོ་ཆེ་ནས་ཐུབ་དབང༌། རྗེ་རིན་པོ་ཆེ། རྒྱལ་དབང་གོང་མ། རྗེ་འཇམ་དབྱངས་བཞད་པ་གསུམ་གྱི་སྐུ་བརྙན་ཁྱད་འཕགས་མི་ཚད་ཙམ་དང༌། རྗེ་དྲུང་རིན་པོ་ཆེས་ལྕང་སྐྱ་རོལ་པའི་རྡོ་རྗེ་དང༌། སྐྱབས་མགོན་ཉིད་ཀྱི་སྣང་བརྙན་སྔ་མའི་གྲས་མཚུངས་བཞེངས་ཏེ། སོ་སོ་ནས་མཆོད་རྫས་གང་དགོས་གསར་དུ་སྦྱོར་འཇགས་སོགས་ཀྱིས་དྲི་གཙང་ཁང་རྟེན་དང་བརྟེན་པར་བཅས་པ་ཕུལ་དུ་ཕྱིན་པ་ཞིག་བྱུང་ངོ༌། །བཅད་རྒྱ་གྲོལ་རྗེས་འབྲུམ་ནད་ཀྱི་དོགས་གཞི་ལ་བརྟེན་ཞབས་ཕྱི་རྣམས་ཕྱིར་སློག་སྟེ་རྗེ་ཉིད་གཅིག་པུ་པོ་ཏ་ལའི་རྩེར་ཕེབས་ནས་གཟིམས་ཆུང་དུ་ཞག་བདུན་བཞུགས། རྒྱལ་དབང་ཐམས་ཅད་མཁྱེན་གཟིགས་ཆེན་པོའི་ཞབས་པད་ནས་ལམ་གྱི་གཙོ་བོ་རྣམ་གསུམ་གྱི་ཁྲིད་གསན་ཅིང་ཐུགས་ནང་ཉེ་བའི་གསུང་གླེང་ཞིབ་རྒྱས་དང༌། སྐུ་དོན་འགའ་ཞིག་ཞུས་པ་རྣམས་ཀྱང་བརྩེ་གཟིགས་ཀྱི་བཀའ་དྲིན་ཚད་མེད་པ་བསྐྱངས། རྩེ་ནས་བྱིན་རྟེན་དང་སྐུ་གསུང་ཐུགས་རྟེན་གཏོས་ཆེ་བ། མཁན་ཆས་ཆ་ཚང༌། ན་བཟའ་བུབས། ཧ་སག །སྣམ་ཕྲུག །གཞུང་སྤོས་སོགས་དོ་པོ་ཆེས་མང་བ་དང༌། རྟ་སུམ་ཅུ་སྐོར་བཅས་ཐོན་ཕྱག་གཟབ་རྒྱས་བསྟར། རྩེར་བཞུགས་རིང་བཤད་པ་དང་སྒྲུབ་པའི་རྒྱལ་མཚན་འཛིན་པ་ལ་ཐུགས་བསྐྱེད་རླབས་པོ་ཆེའི་མཐུ་གྲུབ་པ་དགེ་ལྡན་བསྟན་པའི་རྩ་ལག་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོའི་དྲུང་ནས་དགེ་ལྡན་ཕྱག་རྒྱ་ཆེན་པོའི་མན་ངག་གི་གནད་རྫོགས་པར་གསན་པས་ཐུགས་ཀྱི་བུམ་བཟང་ཡོངས་སུ་གང༌། ཡབ་སྲས་གཉིས་ཀས་འཇམ་མགོན་བླ་མའི་བསྟན་པ་འབའ་ཞིག་ཐུགས་ལ་བཅངས་པའི་དབང་གིས་བསྟན་དོན་ལ་རྒྱའི་གསུང་གླེང་ཞིབ་རྒྱས་མང་དུ་གནང་ཞིང༌། ཁྱད་པར་རྗེ་ཉིད་ནས་ཞྭ་སེར་གྱི་བསྟན་པའི་འབྱུང་ཁུངས་སེ་འབྲས་དགེ་གསུམ་ཡིན་ཞིང༌། དེའི་འཆད་ཉན་གྱི་འཕེལ་རྒྱས་རྒྱལ་དབང་མཆོག་གི་མཛད་པར་རག་ལས་ཚུལ་དང༌། སྔར་ཀུན་གཟིགས་ལྔ་པ་ཆེན་པོ་དང་རྒྱལ་དབང་གོང་མ་སོགས་ཀྱི་སྐབས་སུ་དགེ་བཤེས་རྣམས་ལ་སྤྱན་བསྐྱངས་ཤིན་ཏུ་ཆེ་བས། མིག་ལྟོས་ལ་ཕན་པ་བྱུང་འདུག །ད་ལྟ་གཞུང་ལ་གྲྭ་སའི་དགེ་བཤེས་གཅིག་ལས་འབྱོར་ལྡན་གྱི་རྒན་པོ་ཞིག་ངོ་སོ་མཐོ་བ་ལྟ་བུར་འདུག་ནའང་གཞུང་གི་བསྟན་སྲིད་དང་གྲྭ་སའི་འཆད་ཉན་གཉིས་ཀླུ་དང་མཚོའི་དཔེ་ལྟར་ཕར་བརྟེན་ཚུལ་བརྟེན་ཡིན་མོད། འོན་ཀྱང་རྩེ་དྲུང་རྣམས་ལ་བཤད་ཀྱང་རྣ་བར་མི་འགྲོ །སླར་རྒྱལ་དབང་མཆོག་ནས་གཞུང་གི་བསྟན་སྲིད་ཀྱི་ལས་དོན་རྣམས་དངོས་གནས་ལ་མཛད་རྒྱུ་ཞིག་ཏུ་སོང་ན་ཁྱེད་ཀྱི་གསུང་ལས་མི་འདའ་བས། ཐུགས་ལ་འཇོག་དགོས་ཞུས་པར་ཡོངས་འཛིན་རིན་པོ་ཆེ་ནས་དེ་ཤིན་ཏུ་རང་ཐུགས་མད། ངེད་ཀྱི་སེམས་ལའང་དེ་འདྲ་ཞིག་སྔར་ནས་ཡོད་དེ་དོན་ཐོག་ཏུ་ཁེལ་བ་མ་བྱུང་གསུངས་པ་སོགས་ཕན་ཚུན་དགོངས་པའི་འཛིན་སྟངས་མཚུངས་པའི་དབང་གིས་ཐུགས་ཡིད་གཅིག་ཏུ་འདྲེས། ཡོངས་འཛིན་རིན་པོ་ཆེ་ནས་དིང་སང་གི་དུས་འདིར་ཁྱེད་ངེས་པ་དོན་གྱི་བསྟན་པའི་བདག་པོ་ཡིན་པས་བསྟན་པ་སྤྱི་དང་བྱེ་བྲག་འཇམ་མགོན་བླ་མའི་ལུགས་བཟང་ཕྱོགས་བརྒྱར་སྤེལ་བའི་ཐུགས་ཁུར་བཞེས་ཏེ་ཞབས་པད་ཡུན་རིང་དུ་བརྟན་དགོས་ཞེས་བཀའ་ནན་ཡང་ཡང་ཕེབས།

                དེ་ནས་ནོར་འཛིན་དགའ་ཚལ་དུ་ཕེབས་ཏེ་རྗེ་དྲུང་སྤྲུལ་བའི་སྐུ་རིན་པོ་ཆེ་ནས་ཞུས་ངོར་ཁོང་དང༌། ཀློང་རྡོལ་བླ་མ། བྲག་ཡབ་སྤྲུལ་བའི་སྐུ། དུས་འཁོར་པཎྚི་ཏ། བཱ་རི་གསར་པའི་མངའ་རིས་སྤྲུལ་སྐུ། སེ་ར་ཨུརྒེའི་གྲྭ་ཚང་གི་བླ་མ། ཀོན་དུང་ཞབས་དྲུང༌། ཆོག་ཐུ་ཞབས་དྲུང་སོགས་དོན་གཉེར་ཅན་དུ་མ་ལ་རྡོར་དབྱིངས་དང་མི་འཁྲུགས་པ་ལྷ་དགུའི་དབང་ཆེན། ཚེ་དཔག་མེད་དཀར་པོ། སྤྱན་རས་གཟིགས་ཕྱག་བཞི་པ། འཇམ་དབྱངས་དམར་སེར། འཇམ་དབྱངས་དཀར་པོ། སྒྲོལ་དཀར། རྟ་མགྲིན་གསང་སྒྲུབ། རྟ་མགྲིན་ལྕགས་རལ། གྲུབ་རྒྱལ་ལུགས་ཀྱི་རྟ་མགྲིན། ཨུ་ཙརྱ། ཁྱུང་ཁྲ། དྲག་པོ་སུམ་སྒྲིལ། ལོ་གྱོན་མ། སྨེ་བརྩེགས། ཤྲ་མ་ཎ། ཆོས་རྒྱལ་ཕྱི་ནང་གསང་གསུམ། དཔལ་ལྷ་རྣམས་ཀྱི་རྗེས་གནང༌། ཀུན་མཁྱེན་གོང་མའི་རྣམ་ཐར་བཀའ་རྩོམ་ཚིགས་བཅད་མ། ལྕང་སྐྱ་གོང་མའི་གསུང་གི་བདེ་མཆོག་ཚོགས་འཁོར། རྒྱལ་དབང་བསྐལ་བཟང་རྒྱ་མཚོའི་རྣམ་ཐར་གསོལ་འདེབས། ཞལ་བཞི་པའི་མངོན་རྟོགས་བཅས་ཀྱི་ལྗགས་ལུང་རྣམས་སྩལ། ཀློང་རྡོལ་བླ་མ་རིན་པོ་ཆེ་ནས་ཞུས་ངོར་གསན་མཁན་སྔ་མའི་སྟེང་དུ་བློ་གསལ་གླིང་བླ་མ་འཕྲིན་ལས་སྙན་གྲགས། རྒྱུད་སྟོད་བླ་མ་དབུ་མཛད་ངག་དབང་བཀྲ་ཤིས་སོགས་སེ་འབྲས་ཀྱི་དགེ་བཤེས་ལྔ་བཅུ་ལྷག་དང་བཅས་པར་ཉིན་བདུན་གྱི་རིང་ཆོས་ཐུན་ཤིན་ཏུ་རིང་པོ་གཉིས་གཉིས་མཛད་དེ་རྒྱལ་བའི་གསུང་རབ་ཐམས་ཅད་ཀྱི་དྲང་བ་དང་ངེས་པའི་དོན་རྣམ་པར་འབྱེད་པའི་བསྟན་བཅོས་ལེགས་པར་བཤད་པའི་སྙིང་པོའི་བཤད་ལུང་གཟབ་རྒྱས་ལུང་དང་རིགས་པ་དྲི་མ་མེད་པའི་སྒོ་ནས་བདར་ཤ་བཅད་དེ་དོན་གང་ལ་ཡང་ལོག་པར་རྟོག་པའི་དྲི་མ་ཕྲ་མོ་ཚུན་ཆད་ནས་བསལ་ཞིང་ཉམས་མྱོང་ལ་བསྐོར་ཏེ་ཐལ་རང་སེམས་ཙམ་སོགས་ཀྱི་ལྟ་བའི་གནད་ཕྲ་ཞིང་ཕྲ་བའི་གསང་ཚིག་རྣམས་ཅུང་ཟད་ཙམ་ཡང་མ་འདྲེས་པར་སོ་སོར་ཕྱེ་སྟེ་ཤིང་རྟ་ཆེན་པོ་རྣམ་གཉིས་སླར་ཡང་མངོན་སུམ་དུ་བྱོན་པ་བཞིན་དུ་འདོམས་པར་མཛད་པས་མཁས་ཀུན་ཡིད་ཀྱི་བརྟན་པ་ཅིག་ཅར་འཕྲོག་ཅིང་རྣམ་གྲོལ་ཐར་པའི་གྲོང་དུ་འཇུག་པའི་ཞི་བའི་སྒོ་ལམ་ཡངས་པོར་བྱས། དེའི་ཚེ་རྒྱུད་སྟོད་བླ་མ་དབུ་མཛད་ངག་དབང་བཀྲ་ཤིས་ཟེར་བ་གདན་ས་གསུམ་གྱི་མཁས་པའི་ཁྲོད་ན་ཡོན་ཏན་གྱི་ཡང་རྩེ་ལྟ་བུར་བརྩི་ཞིང་ལྷག་པར་ལྟ་བའི་སྐོར་ལ་ནན་ཏན་དུ་བྱེད་པས་ཁོང་ཡང་ཧ་ལས་ཏེ་སྔར་ལྟ་ཁྲིད་དང་བཤད་ལུང་སོགས་མང་དུ་ཉན། རང་གིས་ཀྱང་ལྟ་རྟོག་ཕྲན་བུ་བྱས་མོད་ཀྱང་བམ་མེ་བ་ཞིག་ལས་མ་བྱུང༌། ལྟ་བ་ཞིག་འདི་ལྟར་སྟོན་ལུགས་ཡོད་པ་ཡ་མཚན་ཞེས་ཆོས་ཀྱི་རྗེས་སུ་འབྲངས་པའི་མོས་གུས་ཚད་མེད་པ་སྐྱེས། དེར་མ་ཟད་ཀློང་རྡོལ་བླ་མ་རིན་པོ་ཆེ་ནས་ཀྱང༌། ད་སྐབས་བྱང་ཆུབ་ཀྱི་སེམས་ལ་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་དང༌། དབུ་མའི་ལྟ་བ་ལ་འཇམ་དབྱངས་བཞད་པ་ཚང་ལས་ལྷག་པ་མེད་ཅེས་བཀའ་ཆོས་མང་པོའི་སྐབས་སུ་གསུངས་པ་སོགས་མཁས་པ་སོ་སོས་བསྟོད་བསྔགས་ཀྱི་རོལ་མོ་འཁྲོལ་བའི་ལོ་རྒྱུས་ཤིན་ཏུ་མང་ངོ༌། །


                    མཐར་འཛིན་གདུང་བ་འཕྲོག་པའི་བདུད་རྩི་ཡི། །འོད་ཀྱི་འདབ་ལྡན་ལེགས་བཤད་འཁོར་ལོའི་ལག །ཟླ་བའི་འཇིག་རྟེན་འབུམ་ཕྲག་ཅིག་ཅར་དུ། །ཞལ་གྱི་ཆུ་གཏེར་སྔོ་བསངས་སྡེ་ལས་སྤྲོས། །ཐུབ་བསྟན་མཁའ་ལ་བསྙེགས་པའི་ས་འཛིན་རྩེར། །བློ་གྲོས་ཁུ་བྱུག་མྱོས་པའི་གླུ་དབྱངས་དེ། །ཕྱོགས་ལྷུང་འབྱོར་པས་མཐོ་བའི་བ་གམ་དུ། །རྨོངས་པའི་ཕུག་རོན་འཁུན་པའི་དོ་ཟླ་མིན། །ཧལ་ཧ་ཨེརྟི་ནི་ནོ་མོན་ཧན་གྱི་སྤྲུལ་སྐུ་བློ་བཟང་དགེ་ལེགས་ཀྱིས་ཞུས་ངོར་ཁོང་དང་རྗེ་དྲུང་སྤྲུལ་བའི་སྐུ་རིན་པོ་ཆེ་རྣམ་གཉིས་ལ་ལྷ་མོ་དང་དབྱངས་ཅན་མ་དམར་མོ་དམ་ཅན་གསུམ་གྱི་རྗེས་གནང་སྩལ། ཉི་ཤུ་དྲུག་ལ་འབྲས་སྤུངས་སུ་ཕེབས་ཏེ་སྒོ་མང་གྲྭ་ཁང་ནས་གྲྭ་ཚང་ཕན་ཚུན་གྱི་བླ་མ་སྤྲུལ་སྐུ་ཕལ་ཆེར་དང་གྲྭ་ཚང་ཚོགས་ཡོངས་ལ་སྒྲོལ་མ་ཉེར་གཅིག་སྤྱི་བསྡུས་དང༌། སེང་གདོང་མ་གཙོ་འཁོར་གསུམ་གྱི་རྗེས་གནང༌། རྒྱན་འཇུག་གཉིས་ཀྱི་ལྗགས་ལུང་སོགས་ཆོས་ཀྱི་བདུད་རྩིའི་དགའ་སྟོན་སྤེལ། གྲྭ་ཚང་ལ་སྐུ་འགྱེད་དང་ལོ་རེ་བཞིན་དངུལ་ཞོ་གསུམ་རེའི་ཕོགས་རྒྱག་རྒྱུའི་ཐེབས་སུ་གཞུང་ས་རིན་པོ་ཆེར་དངུལ་སྲང་སྟོང་ཕྲག་གཅིག་གི་དོད་འབུལ་གྱིས་ས་ཀའི་གཞིས་ཀ་ཞུས་ཏེ་སྦྱོར་འཇགས་གནང༌། ཕྱིས་སུ་བལ་པོའི་ཟིང་ཆར་བརྟེན་སྔ་མ་བརྟན་ཆགས་ཤིག་མ་བྱུང་ཡང་གཞུང་ས་རིན་པོ་ཆེར་བསྐྱར་ཞུས་ཀྱིས་ཀོང་པོ་བཀྲ་ཤིས་རབ་བརྟན་གནང་སྟེ་སྔར་རྒྱུན་མ་ཉམས་པར་གནས་སོ། །རྒྱུད་སྨད་པར་ཡང་གྲྭ་ཇའི་ཐོག་བལ་ཊམ་རེ་དང་ཁ་བཏགས་རེའི་སྐུ་འགྱེད་བཏང༌། རྗེ་དྲུང་རིན་པོ་ཆེ་ནས་གདན་དྲངས་ཏེ་ཕེབས་རྫོངས་གྱ་ནོམ་པ་བསྟར། ཐུའུ་བཀྭན་ཞབས་དྲུང་ཐུབ་བསྟན་ཉི་མ། དགོན་ལུང་མི་ཚན། བྱ་བྲལ། བྲ་ཉེ། གུང་རུ་སོ་སོ་ནས་གདན་དྲངས་པར་དགའ་ལྡན་ལྷ་བརྒྱ་མའི་ཁྲིད། དམིགས་བརྩེ་མའི་ལས་ཚོགས། གྲུབ་མཐའ་རྩ་བའི་ལུང་སོགས་ཆོས་བཀའ་ཐོར་བུ་ཅི་རིགས་གནང་ཞིང་སོ་སོ་ནས་ཕེབས་རྫོངས་ཞུས། སྒོ་མང་བླ་བྲང་དུ་མཁན་རིན་པོ་ཆེ་སོགས་བརྒྱ་ལྷག་ལ་སྒྲོལ་དཀར་གྱི་རྗེས་གནང་སྩལ། སྒྲ་དབྱངས་གླིང་དུ་ཕེབས་ཏེ་ཆོས་སྐྱོང་ལ་འཕྲིན་བཅོལ་མཛད་པས་གཡར་དམ་ཞལ་གྱིས་བཞེས། སླར་ཡང་ནོར་འཛིན་དགའ་ཚལ་དུ་ཕེབས་ཏེ་རྗེ་དྲུང་སྤྲུལ་བའི་སྐུ་རིན་པོ་ཆེ་ནས་སྔར་ཡང་ཡང་ནན་གྱིས་ཞུས་པ་བཞིན་ཁོང་དང་བྲག་ཡབ་སྤྲུལ་བའི་སྐུ། སྟག་ལུང་སྤྲུལ་སྐུ་ཐུབ་བསྟན་ཡེ་ཤེས་རྒྱ་མཚོ། གྲྭ་ས་ཕན་ཚུན་གྱི་དགེ་བཤེས་སོགས་ཧྲག་བསྡུས་བརྒྱ་སྐོར་ལ་ས་སྐྱའི་གསེར་ཆོས་བཅུ་གསུམ་དུ་གྲགས་པར། དཀར་ཆག་པདྨ་རཱ་གའི་ཟ་མ་ཏོག་ལས། བསྟན་པའི་བདག་པོ་ས་སྐྱ་བའི། །གསང་ལས་ཡང་གསང་གསེར་གྱི་ཆོས། །ཞེས་སོགས་གསུངས་པ་ལྟར་མཆོག་བསྒྲུབས་པས་ཐུན་མོང་ཞར་ལ་འབྱུང་བ་མཁའ་སྤྱོད་སྐོར་གསུམ། ཐུན་མོང་བསྒྲུབས་པས་མཆོག་ཞར་ལ་འབྱུང་བ་དམར་ཆེན་སྐོར་གསུམ་སོགས་བཅུ་གསུམ་མམ། ཀླུ་པའི་གསེར་ཆོས་སེང་གེ་སྒྲའི་བྱིན་རླབས་ཏེ་བཅུ་བཞིའི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྗེས་གནང་ཆ་ཚང༌། འཆི་མེད་རྡོ་རྗེ་ལྷ་མོའི་རྗེས་གནང༌། ཀློང་རྡོལ་བླ་མའི་རྣམ་ཐར་རྗེ་ཉིད་ནས་གསར་རྩོམ་མཛད་པ་སོགས་ཀྱི་ལྗགས་ལུང་མང་དུ་སྩལ། ཧོར་ཟླ་བདུན་པ་གཉིས་བརྩེགས་ཀྱི་ཕྱི་མའི་ཚེས་གཅིག་ལ་སྔ་འགྲོས་ཀྱི་དོ་ཁལ་རྣམས་གཏོང་བར་མཛད་ཅིང༌། དུས་འཁོར་པཎྚི་ཏར་རྗེས་གནང་འགའ་ཞིག་གནང༌། དགུང་མོ་རྗེ་དྲུང་སྤྲུལ་བའི་སྐུ་དང་ཁོང་རྣམ་གཉིས་ལ་མགོན་པོ་སྙིང་ཞུགས་ཀྱི་རྗེས་གནང་སྩལ། ཚེས་གཉིས་ལ་ཇོ་ཤཱཀ་རྣམ་གཉིས་སོགས་རྟེན་འགངས་ཆེ་བ་རྣམས་ལ་མཆོད་པ་ཤིན་ཏུ་རྒྱས་པ་ཕུལ་ཏེ་བསྟན་པའི་སྙིང་པོ་ཕྱོགས་མཐར་སྤེལ་བའི་ཐུགས་སྨོན་རྒྱ་ཆེར་གནང༌།

                   ཚེས་གསུམ་ལ་བཱ་རིའི་རི་ཁྲོད་པ་ཁྱབ་བདག་ལ་ལྗགས་ལུང་འགའ་ཞིག་སྩལ། དེ་ལྟར་དབུས་འགྱུར་ཆོས་ཀྱི་མདུན་ས་ཆེན་པོར་ཕེབས་པའི་དགོས་པའི་གཙོ་བོ་ནི། སྤྱིར་དབུས་གཙང་བསྟན་པའི་འབྱུང་ཁུངས་ཡིན་མོད་ཀྱང་དུས་དབང་གིས་ཆོས་རྒྱུན་འགངས་ཆེ་བ་དུ་མ་ཉམས་ཆག་ཏུ་གྱུར་པ་ཐུགས་ཀྱིས་མ་བཟོད་པར་སྔོན་ཀུན་མཁྱེན་གོང་མའི་དུས་ཀྱང་དཔལ་ལྡན་སྲད་རྒྱུད་ཀྱི་གདམས་པ་ཐུན་མོང་མ་ཡིན་པ་རྣམས་ཆད་ལ་ཐུག་པའི་ཚེ་དཀའ་བ་བརྒྱ་ཕྲག་གི་སྒོ་ནས་གསལ་བར་མཛད་པ་བཞིན་དུ་འཇམ་མགོན་བསྟན་པའི་སྙིང་པོའི་སྲོག་རྩ་ཡང་ཡང་འཛིན་པའི་ཐུགས་བསྐྱེད་རླབས་པོ་ཆེའི་མཐུ་གྲུབ་པའི་དབང་གིས་ད་ལན་ཡང་དབུས་གཙང་གཉིས་སུ་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཉིན་མོ་བཞིན་དུ་གསལ་བར་མཛད་པ་ཡིན་ལ། དེ་ཡང་སྤྱིར་དབང་བསྐུར་རྗེས་གནང་སོགས་བྱེད་པར་རློམ་པ་འགའ་ཞིག་ནི་མཁས་གྲུབ་ཐམས་ཅད་མཁྱེན་པའི་ཞལ་ནས། བླ་མ་ཆོ་ག་རྒྱུད་བཞིན་མི་ཤེས་ཤིང༌། །དམ་ཚིག་སྡོམ་པ་མི་གནས་རྣལ་འབྱོར་བྲལ། །བསྙེན་སོགས་མ་དག་གང་བྱུང་ལག་ལེན་གྱིས། །སློབ་མ་རྗེས་འཛིན་དབང་གི་གཟུགས་བརྙན་ཡིན། །ཞེས་གསུངས་པ་ལྟར་གྱི་བླ་མ་དང༌། རྣམ་དག་བསླབ་པས་བསྡམས་པའི་དགེ་སློང་ནི། །གཅིག་ཀྱང་མེད་པར་རྟགས་ཙམ་བསྒྱུར་བ་ཡིས། །བཟའ་བཏུང་དོན་གཉེར་ཁྱིམ་པའི་བརྟུལ་ཞུགས་ཅན། །བརྒྱ་སྟོང་ཚོགས་ཀྱང་དགེ་འདུན་གཟུགས་བརྙན་ཡིན། །ཞེས་དང༌། མཁན་སློབ་མཆེད་གྲོགས་ཆོས་དང་དམ་ཚིག་ནི། །མདའ་ལྟར་འཕངས་ནས་འདུ་བའི་སྒོ་འཕྲོག་ཅིང༌། །དད་རྫས་ཕྱིར་རྩོད་ཡུལ་འཁོར་འཇོམས་པའི་དཔུང༌། །ཅི་ཙམ་ཚོགས་ཀྱང་དམྱལ་བའི་འདུན་ཁང་ཡིན། །ཞེས་གསུངས་པ་ལྟ་བུའི་སློབ་མ། ཚད་ལྡན་མཁས་པའི་གཞུང་དང་མི་མཐུན་ཞིང༌། །དྲི་མེད་རིགས་པའི་དཔྱད་པ་འདོར་དགོས་ཀྱང༌། །རྒྱུ་མཚན་མེད་པའི་ཚིག་ལ་འཇུག་འགྱུར་བ། །བླུན་པོའི་ཡིད་ཆེས་དད་པའི་གཟུགས་བརྙན་ཡིན། །གསུངས་པ་བཞིན་གྱི་བསྟེན་ཚུལ་སོགས་ཕྱོགས་གང་ནའང་དུས་དབང་གིས་ཆེས་མང་བར་ཡོད་མོད་ཀྱང༌། རྗེ་བླ་མ་འདིས་ནི་ཆོས་བཀའ་གང་དང་གང་གནང་བའི་ཚེ་ཐོག་མར་ཀུན་སློང་བཅོས་ཚུལ་རྒྱས་བསྡུས་གང་ཡིན་ཡང་སློབ་མའི་ཡིད་འཁུལ་ངེས་པ་ཞིག་དང་ལྷ་ཆོས་དེ་དང་དེའི་ཆེ་བའི་ཡོན་ཏན་གསལ་ཞིང་འདྲིལ་བ་ཞིག་གསུངས་ནས་ཉན་འདོད་སྤྲོ་སེང་ངེ་བ་ཞིག་བྱས་ཏེ། དངོས་གཞི་དབང་དང་རྗེས་གནང་གང་ལ་ཡང་ཆོ་ག་དག་ཅིང་ཡན་ལག་ཚང་བ་བརྡ་སྤྲོད་གསལ་ཞིང་རྫས་ཚོགས་པ་མཐོང་བ་བརྒྱུད་པའི་ཕྱག་ལེན་ངོས་གཙང་བ་སོགས་རྒྱུད་དང་གྲུབ་ཆེན་རྣམས་ཀྱི་དགོངས་པ་ཇི་ལྟ་བ་བཞིན་མཛད། གཞུང་ཆེན་མོའི་བཤད་ལུང་སོགས་ཀྱི་སྐབས་སུ་གང་དཀའ་བའི་གནས་ལ་ཞིབ་བཤད་དང༌། མཚམས་མཚམས་སུ་གཞུང་གི་སྐབས་དོན་ཚང་བའི་བཤད་པ་མདོར་བསྡུས་ཤིང་གོ་སླ་བ་རེ་མཛད་པས་གཞུང་ཅི་ཙམ་རྒྱ་ཆེ་ཡང་ལུས་ཆ་ཚང་བ་སློབ་མའི་བློ་ཡུལ་དུ་འཆར་བདེ་བ་དང། གཞུང་མདོར་བསྡུས་དང་ཁྲིད་ཀྱི་འགག་སྡོམ་ལྟ་བུའི་ཚེ་དེ་དང་ཕྱོགས་མཐུན་གྱི་གཞུང་ཆེན་མོ་མཐའ་དག་གི་དགོངས་པ་དེར་འདུ་ཚུལ་གསུངས་ཏེ་ཚིག་ཉུང་ངུས་གོ་བ་རྒྱ་ཆེན་པོ་སྐྱེད་པ་སོགས་བློ་མཆོག་དམན་མཐའ་དག་ལ་ཕན་པས་འཆད་ཚུལ་གྱི་ཐབས་ལ་མཁས་ཤིང་ཐ་ན་ཀླག་ལུང་མཛད་པའི་ཚེ་ཡང་ལྗགས་ཀློག་ཤིན་ཏུ་དག་ཅིང་མྱུར་བས་བཀའ་པོཏ་ཆེན་པོ་རྣམས་ཀྱང་ཡི་གེ་འབྲུ་གཅིག་མ་དག་པ་དང་ཆད་པ་མི་སྲིད་པར་རྫོགས་སྐྱེན་པ་དང༌།

                   དབང་ལུང་རྗེས་ཁྲིད་རེ་རེའི་མཐར་ཡང་བརྒྱུད་པ་བར་མ་ཆད་པ་འདི་དང་འདི་ལྟ་བུ་ལས་དུས་འདིའི་ཚེ་གནས་འདི་ནས་གྲོགས་འདི་ལྟ་བུ་དང་ལྷན་ཅིག་ཏུ་གསན་ཚུལ་སོགས་ཞིབ་ཏུ་གསུངས་པས་ཆོས་ཀྱི་རྒྱུས་ཤེས་པའི་དཔྱོད་ལྡན་མཐའ་དག་གི་ཡིད་རང་དབང་མེད་པར་འཕྲོག་པ་ཞིག་ཡོད་ཅིང༌། རྗེ་ཉིད་གངས་ཅན་གྱི་ལྗོངས་འདིར་དབང་ལུང་མན་ངག་མཐའ་དག་གི་བདག་པོ་ལྟ་བུ་ཡིན་ཡང་ཆོས་ཚོལ་བ་ལ་ངོམས་པ་མི་མངའ་བའི་དབང་གིས་གཞན་ལས་ཆོས་བཀའ་དུ་མ་གསན་ཚུལ་རགས་རིམ་གོང་དུ་སྨོས་པ་ལྟར་དང༌། དེའི་ཞར་ལ་བྱ་བ་ལས་ཀྱི་འཁོར་ལོ་ཡང་གཞུང་དང་རྒྱལ་མཚན་མཐོན་པོ་སོ་སོར་དངུལ་སྲང་སྟོང་ཕྲག་དུ་མའི་དོད་འབུལ་གྱི་ལྷ་རྟེན་མཆོད་རྫས་མང་པོ་གསར་སྒྲིག་དང༌། གཞན་ཐོར་བུ་པ་ཡང་མང་དུ་བསྒྲུབས་ཤིང་ལྷག་པར་ཕྱག་དཔེ་གསར་སྒྲིག་ལ་ཐུགས་ནན་ཆེ་བར་མཛད་དེ་རྒྱལ་དབང་ཐམས་ཅད་མཁྱེན་པ་དང་པཎ་ཆེན་ན་རིམ་གྱི་ཕྱག་དཔེའི་ཐོ་བླངས་ཏེ་གཟིགས་ནས་འབྲི་དགོས་རྣམས་ཀྱི་མ་དཔེ་གཡར་པོ་ཞུས་ཤིང༌། གཙང་དབུས་ཀྱི་དགོན་རྙིང་དང་བླ་མ་ཐམས་ཅད་ཀྱི་ཕྱག་དཔེ་ལ་གཟིགས་རྟོག་དང་རྩར་གཅོད་གནང་སྟེ་གང་དགོས་མཐའ་དག་གཙང་དབུས་གཉིས་ཀ་ནས་བྲིས་པ་སྐོར་དུ་མས་རྒྱུན་དུ་བྲིས་ཤིང་ཚར་རིམ་བཞིན་གྲྭ་སའི་དགེ་བཤེས་དུ་མ་ལ་ཞུས་དག་བྱེད་དུ་བཅུག་སྟེ་ཐམས་ཅད་ཀྱང་ཡོན་གྱིས་མགུ་བར་མཛད། བྲི་ཤོག་ཡང་དང་པོ་རྒྱལ་བའི་ཕྱག་དཔེའི་ཤོག་བུའི་གྲས་ནས་བསྐྱིས་ཤིང་དེ་རྗེས་ཟླ་བ་གཅིག་གི་ལམ་དུ་ཤོག་བུ་ཉོ་མཁན་ཆེད་མངགས་ཀྱི་རྫོངས་སྟ་མཛད་དེ་གང་ལེགས་ཉོས་པར་སྦྱོར་ཚུལ་ཚུན་ཆད་ལ་སླ་ཆོས་སུ་མ་སོང་བར་གང་ཞིབ་དང༌། གསུང་རབ་རིན་པོ་ཆེ་བཞེངས་པའི་ཕན་ཡོན་གྱིས་ཐུགས་འཕྲོག་སྟེ་ཡོ་བྱད་ལ་མ་གཙགས་པར་སྤུས་གཙང་བ་གཙོར་འདོན་བྱས་པས་པོ་ཏི་རེ་རེ་ལ་དངུལ་སྲང་བཅོ་བརྒྱད་རེ་སོང་ཞིང༌། དེ་ལྟར་གསར་དུ་བྲིས་པ་དང་སྔོན་གྱི་དཔེ་རྙིང་ཤིན་ཏུ་དག་ཅིང་བྲིས་ཤོག་ལེགས་པ་རྣམས་ལ་ཡོན་གཟབ་རྒྱས་ཕུལ་ཏེ་བླངས་པ་དང༌། གཞན་གྱིས་དད་འབུལ་བྱས་པ་སོགས་ཕེབས་པ་འདིར་གསར་བསྒྲིགས་ཀྱི་ཕྱག་དཔེ་པོ་ཏི་སུམ་སྟོང་ཙམ་བྱུང་ཞིང༌། རྗེས་སུ་ཡང་དཔེ་མང་པོ་བྲིས་ནས་བསྐུར་དགོས་ཀྱི་ཐེབས་གཞུང་སོགས་ལ་སྤྲད་དེ་ལྗགས་བཀོད་ནན་ཏན་མཛད། དེའི་རྒྱུ་མཚན་ཞལ་ནས་ཀྱང༌། སྐུ་དང་ཐུགས་ཀྱི་རྟེན་ནི་བྱིན་རླབས་ཀྱི་རྟེན་ཡིན་ལ། གསུང་གི་རྟེན་ནི་ཐོས་བསམ་གྱི་རྟེན་བསྟན་པ་གནས་པ་ལ་མེད་མི་རུང་ཡིན་པས་འབད་པ་ཡིན་གསུངས། དེ་ལྟར་བྱོན་པའི་དགོས་པ་བསྟན་འགྲོའི་དོན་རླབས་པོ་ཆེ་ཐུགས་ཀྱི་བཞེད་པ་བཞིན་དུ་ལེགས་པར་གྲུབ་སྟེ་བདུན་པ་རྗེས་མའི་ཚེས་ལྔའི་ཉིན་རང་གི་གདན་སར་ཆིབས་ཀྱི་ཁ་ལོ་བསྒྱུར། དེ་ཡང་ཆིབས་བསྐྱོད་དུ་ཉེ་བའི་ཚེ་ནམ་མཁའ་ཤིན་ཏུ་དྭངས་པ་ལ་འཇའ་ཚོན་སྣ་ལྔ་ཆེས་གསལ་བ་གཉིས་གཤིབས་ཤིག་གི་སྣེ་གཅིག་པོ་ཏ་ལའི་རྩེའི་གཟིམས་ཆུང་དངོས་གཞི་དང༌། གཅིག་ཤོས་རྗེ་ཉིད་བཞུགས་གནས་ནོར་འཛིན་དགའ་ཚལ་ལ་ཟུག་སྟེ་སྦྲེལ་ནས་བསྡད་པས་ཐམས་ཅད་ངོ་མཚར་དུ་གྱུར་ཅིང༌ཚུལ་འདི་ནི་པཎ་ཆེན་དགེ་འདུན་གྲུབ་ཀྱིས། མགོན་ཁྱོད་ཀྱི་བསྟན་པ་འཛིན་པ་ལ། །དུས་ནམ་ཡང་བརྩོན་པ་བགྱིད་པར་སྨོན། །གསུངས་པ་བཞིན་འཇམ་མགོན་བསྟན་པའི་སྙིང་པོ་མཐའ་དབུས་ཀུན་ཏུ་སྤེལ་བ་ལ་ཐུགས་བསྐྱེད་ཆབས་ཅིག་པའི་དགེ་མཚན་གྱི་ལྟས་སུ་ཐེ་ཚོམ་མེད་ཅིང་དེ་ལས་ཀྱང་ལྷག་པའི་གསང་བ་བསམ་མི་ཁྱབ་ཀྱི་མཛད་པ་ཞིག་དཔོག་རྒྱུ་ཡོད་དམ་སྙམ་སྟེ་གཟུ་བོར་གནས་པའི་མཁས་པ་རྣམས་ཀྱིས་དགོངས་པར་མཛོད་ཅིག །
                   སྨྲས་པ། ལྷག་བསམ་ཆུ་ལྡན་ཆར་སྤྲིན་ཟབ་མོའི་ཀློང༌། །ལྟ་བའི་བདེ་འཐུང་རྒྱས་པའི་ཟེར་འཕྲོ་ཞིང༌། །ཟབ་གསང་ཆོས་ཀྱི་སྤྲིན་རྔའི་དབྱངས་ལྡན་མ། །དེ་ཡི་བསིལ་བ་དབུས་འགྱུར་ལྗོངས་སུ་བབས། །འདྲེན་པ་འཁོར་ལོ་གསུམ་གྱི་འབྲས་ལྡན་དུས། །ལེགས་བཤད་ཆུ་འཛིན་རོལ་བའི་ཆར་རྒྱུན་གྱིས། །མཆོག་ཏུ་དྭངས་བྱས་བློ་ལྡན་ཡིད་ཀྱི་མཁའ། །ཞི་བའི་ཟླ་ཤེལ་གསར་ཚེས་རི་མོས་མཛེས། །བརྒྱུད་པ་གསེར་གྱི་ཉག་ཐག་མ་ཉམས་དབང་ལུང་མན་ངག་མུག་ཏི་ཀའི། །དོ་ཤལ་མཛེས་པ་གཡོ་བའི་སྒེག་འཆང་ཐུབ་བསྟན་ལུས་རྫོགས་གླང་པོ་ཆེ། །སྐྱེ་དགུའི་ལེགས་བྱས་རྭ་བ་དཀར་པོར་མཁྱེན་བརྩེའི་གོམ་སྟབས་ལྷོད་ལྷོད་པོར། །བསྐྱོད་པའི་འགྲམ་པ་དྲེགས་པའི་དྲིས་བརྟེན་སྐལ་བཟང་བུང་བ་འཁོར་ཞིང་ལྡིང༌། །རང་དོན་བསོད་ནམས་སྦྲང་རྩིའི་ཟིལ་མངར་ལ། །མངོན་དགའ་དད་པའི་ཟོལ་བརྟེན་བྷྲ་མ་རཿ། །ཁྱོད་ཀྱི་ཡོན་ཏན་པདྨའི་དགའ་ཚལ་དུ། །བསྟོད་བསྔགས་འགྱུར་བ་སྟོང་ལྡན་དབྱངས་ཀྱིས་བྲེལ། །ཆུ་ལྷའི་ཕྱོགས་ཀྱི་སྐྱེད་ཚལ་ཡངས་པོ་རུ། །བཤེས་གཉེན་ཁུ་བྱུག་གཞོན་ནུ་རོལ་པ་ཡིས། །ལེགས་བཤད་སྦྲང་རྩིའི་སྒྲ་དབྱངས་བསྒྲགས་གྱུར་པ། །དེ་ཚེ་ཐུབ་བསྟན་དཔྱིད་ཀྱི་ལང་ཚོ་དར། །དགའ་ཚལ་ཡིད་འོང་སྨན་གྱི་ལྗོངས། །རྐང་འཐུང་འཕྲེང་བས་སྔོ་ན་ཡང༌། །ཀུ་ཧུས་དབྱངས་སྙན་མི་སྒྲོགས་ན། །སོ་ཀའི་དུས་སྟོན་དར་བ་མིན། །བསླུ་མེད་དཀོན་མཆོག་ཐུགས་རྗེ་མཁའ་དབྱིངས་ངོས། །འཇིགས་མེད་རྣམ་དཔྱོད་རྩིབས་སྟོང་འཁོར་ལོ་ཡིས། །དབང་བསྒྱུར་རྣམ་པར་རྒྱལ་བའི་དཔལ་མངའ་བ། །ངེས་དོན་ཆོས་ཀྱི་རྒྱལ་པོ་ཁྱོད་མིན་སུ། །ཞེས་དུས་གསུམ་རྒྱལ་བའི་སྤྱི་གཟུགས་རྗེ་བཙུན་དཀོན་མཆོག་འཇིགས་མེད་དབང་པོའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་པ་རྒྱལ་སྲས་རྒྱ་མཚོའི་འཇུག་ངོགས་ལས་དབུས་གཙང་གཉིས་སུ་ཆོས་སྲིད་ཟུང་ལྡན་གྱི་སྒོ་ནས་བསྟན་འགྲོའི་དོན་རླབས་པོ་ཆེ་མཛད་པའི་ཚུལ་གྱི་སརྒ་སྟེ་བཅུ་པའོ།། །།

                                                                                                       རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།
       གསལ་འདེབས།
                    རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།