ཨ་རིའི་བསྟན་པའི་སྲོལ་འབྱེད་ཆེན་མོ་སོག་པོའི་དགེ་བཤེས་ངག་དབང་དབང་རྒྱལ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-02-08 22:06:13     རྩོམ་པ་པོ།   ཤེས་རབ་བསྟན་དར།    ཀློག་ཐེངས།  

微信图片_20170510070808.jpg

དུས་རབས་ཉི་ཤུ་བའི་ལོ་རབས་ལྔ་བཅུ་བར་བོད་ཀྱི་ནང་བསྟན་དང་དཔལ་མཉམ་མེད་རི་བོ་དགེ་ལུགས་པའི་བསྟན་པ་ཨ་རིར་ཐོག་མར་དར།སྐབས་དེར་མཚོན་ན་བོད་ནས་ཨ་རིར་སོང་བའི་མི་རེ་འགའ་མ་གཏོགས་མེད།དེ་ནི་ཨ་རིའི་ལོ་རྒྱུས་སྟེང་ཆོས་ལུགས་གསར་བ་ཞིག་གི་སྒོ་མོ་གསར་དུ་འབྱེད་པ་ཞིག་ཡིན་ལ་ཡེ་ཤུའི་འཇིག་རྟེན་འདིར་སངས་རྒྱས་ཀྱི་འོད་སྣང་གསར་དུ་འཕྲོས་པ་ཞིག་ཀྱང་ཡིན།

བོད་མི་ཨ་རི་བར་གསལ་ཆ་མེད་པ་བཞིན་ཨ་རི་བའང་བོད་ལ་གསལ་ཆ་མེད་པའི་དུས་ཏེ་1958ལོར་བོད་ཀྱི་དགེ་བཤེས་ཤིག་གིས་ཨ་རིར་དགེ་ལུགས་པའི་དགོན་པ་ཞིག་ཕྱག་འདེབས་གནང་ནས་དཔལ་རི་བོ་དགེ་ལུགས་པའི་བསྟན་པ་ཨ་རིར་ཐོག་མར་སྤེལ།དེ་ནི་རྗེ་བླ་མས།བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ།།ཁྱབ་ཀྱང་ཉམས་པར་གྱུར་བའི་ཕྱོགས་དེར་ནི།།སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས།།ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག།ཞེས་པའི་ཚུལ་དུ་ཐུགས་སྨོན་གྲུབ་པ་ཞིག་ཅི་ལ་མིན།

བོད་བརྒྱུད་ནང་བསྟན་ཨ་རིའི་སྤེལ་བའི་སྐྱེས་ཆེན་ཁོང་ནི་སོག་པོར་འཁྲུངས་བོད་དུ་མཁས་པར་གྱུར་ནས་ཨ་རིར་འགྲོ་དོན་མཛད་པའི་སོག་པོའི་དགེ་བཤེས་ཤིག་སྟེ།ཁོང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཨ་རིར་གཞི་འདིང་མཁན་ཡིན།ཁོང་ནི་དེ་སྔོན་དགེ་བཤེས་གཏོང་སྒོའི་ཆེད་དུ་རྒྱ་ནག་ལ་རྒྱུ་འབྱོར་བ་འཚོལ་དུ་སོང་བའི་འབྲས་སྤུངས་ཀྱི་གྲྭ་རྐྱང་ཞིག་ཡིན།

ཁོང་གི་མིང་ཁ་ཚང་ལ་དགེ་བཤེས་ངག་དབང་དབང་རྒྱལ་མཆོག་ཟེར་ཞིང་སྤྱི་ལོ་1901ལོར་རུ་སུའི་ས་ཁུལ་ཨ་སི་ཏཱ་ར་ཁན་དུ་ཁལ་མུག་སོག་པོའི་ཁྱིམ་ཚང་ཞིག་ཏུ་སྐུ་འཁྲུངས།ཁོང་གི་གཅེན་པོ་ས་དེའི་དགོན་པ་ཞིག་གི་དགོན་བདག་ཡིན་པས་ཆུང་དུས་ནས་དམ་པའི་ཆོས་དང་འདྲིས་པར་གྱུར་ཅིང་།དགུང་ལོ་བཞི་ནས་དགོན་པར་ཞུགས་ཏེ་དམ་པའི་ཆོས་ལ་སྦྱོང་བའི་རེ་བ་ཞུས་མོད་ཀྱང་དགུང་ལོ་དྲུག་གི་སྐབས་སུ་ད་གཟོད་དགོན་པར་འཇུག་པའི་སྐལ་བ་ཐོབ།

ཁོང་དགོན་པ་ཞུགས་ནས་སྔོན་འགྲོའི་ཆོས་སྤྱོད་སྐོར་ཐུགས་འཛིན་གནང་།དགུང་ལོ་བཅུའི་སྐབས་སུ་ཡུལ་དེའི་དགེ་བཤེས་ཆེན་མོ་སྟེ་རྒྱལ་དབང་བཅུ་གསུམ་པ་ཆེན་མོའི་མཚན་ཉིད་ཞབས་ཞུ་བློ་བཟང་རྡོ་རྗེ་སྟེ་ཡོངས་གྲགས་སུ་རྡོ་རྗེ་ཡིབ་ཟེར་བ་དེར་མཇལ་ཞིང་ཁོང་གི་སློབ་མར་གྱུར།

དགེ་བཤེས་ངག་དབང་བློ་བཟང་རྡོ་རྗེ་ནི་དབྱིན་ཇི་དང་རྒྱ་ནག་གིས་ཨུ་རུ་སུའི་གསང་ཉུལ་དུ་འབོད་པའི་མི་དེ་ཡིན་ཞིང་།དབྱིན་ཇི་བས་ཁོང་གི་དབུ་ལག་ཏུ་ཡོང་ན་སྒོར་ཁྲི་སུམ་ཅུ་སྟེར་ཞེས་བསྒྲགས་པའི་སྐྱེས་བུ་དེ་ཡིན།ཁོང་གི་ཐུགས་རིག་བརྩོན་པས་ཡིད་འཕྲོག་སྟེ།དབུས་གཙང་ལ་སློབ་གཉེར་དུ་འགྲོ་བའི་སྐུལ་མ་གནང་།རྐྱེན་དེར་བསྟུན་ནས་ཁོང་གིས་སྙིང་སྟོབས་བསྐྱེད་དེ་ལོ་གཅིག་དང་ཕྱེད་ལ་ཞབས་ཐང་དུ་ལྷ་སར་ཕེབས་ནས་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་སྒོར་ཞུགས་ཤིང་རྟག་གུས་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་ནས་གཞུང་བཀའ་པོད་ལྔ་ལ་སློབ་གཉེར་གནང་།

 1920ལོར་ཡོངས་སུ་རྫོགས་པའི་ཚངས་སྤྱོད་ཀྱི་སྡོམ་པ་བཞེས་ཤིང་།སྐབས་དེར་ཁོང་རང་གི་བླ་མ་རྡོ་རྗེ་ཡིབ་དང་འགྲོགས་ཏེ་ཨུ་རུ་སི་དང་སོག་པོའི་ས་ཆ་སོ་སོར་ཕེབས་ནས་གནས་མཇལ་བྱས།

ཕྱིར་ཕེབས་ནས་བརྩོན་པ་དྲག་པོས་གཞུང་ཆེན་བཀའ་པོད་ལྔ་གསན་བསམ་ཚུལ་བཞིན་གནང་བའི་འབྲས་བུར།ཕྱི་ལོ་1938ལོར་དགེ་བཤེས་ཀྱི་མཚན་བཏགས་བཞེས།1921ནས་1935ལོའི་བར་འབྲས་སྤུངས་དགོན་པར་བཞུགས་ཏེ་གཞུང་ཆེན་མོ་བློ་འཛིན་པ་སོགས་སློབ་གཉེར་ལ་ཆིག་དྲིལ་གནང་།དགེ་བཤེས་དམ་བཅའ་འཇོག་ལ་ཉེ་དུས་ཁོང་ལ་གཏོང་སྒོའི་རྒྱུ་ནོར་མེད་པས་གཞན་ལ་རྒྱུ་ནོར་འཚོལ་དུ་འགྲོ་བའི་དགོངས་པ་ཤར།

 1935ལོར་ཁོང་འབྲས་སྤུངས་ནས་པེ་ཅིན་དུ་ཕེབས།ལམ་བར་དུ་རྒྱ་ནག་གི་གནས་ཆེན་བཞིའི་ཡ་གྱལ་ཡུལ་རྒྱ་ནག་རི་བོ་རྩེ་ལྔར་གནས་མཇལ་དུ་ཕེབས་པས་ཁོང་གི་སྐུ་ཚེ་ལ་འགྱུར་བ་ཆེན་པོ་འགྲོ་བའི་དབུ་ཚུགས།རི་བོ་རྩེ་ལྔའི་ཁྲི་བས་ཁོང་གི་སྐུ་ཡོན་གྱིས་ཡིད་འཕྲོག་ནས་ཁོང་ལ་བསྙེན་བཀུར་བྱས་ཤིང་པེ་ཅིན་དུ་སྡོད་པའི་ཧྥ་རན་སིའི་གཞུང་ཚབ་ཁང་གི་ལས་བྱེད་ཅིག་ལ་མཚམས་སྦྱོར་བྱས།

ཁོང་གཞུང་ཚབ་པ་དེ་གའི་ཁྱིམ་ཚང་གི་དགེ་རྒན་བྱས་ཏེ་ཁོ་ལ་བོད་ཡིག་དང་སོག་ཡིག་ཁྲིད་ཅིང་དེར་བསྟུན་ནས་ཁོང་ནུབ་གླིང་བ་དང་དབྱིན་ཇིའི་སྐད་དང་ཡི་གེ་ལ་འདྲིས་པར་གྱུར་ཏེ་རྗེས་སུ་ཨ་རིར་ཕེབས་པའི་སྔོན་འགྲོའི་སྦྱོར་བ་བསྐྲུན།

འབྲས་སྤུངས་གདན་རབས་ལས།ཕྱི་ལོ་1935ནས་1936བར་ལོ་གཅིག་རིང་སྐུ་ཉིད་རྒྱ་ནག་པེ་ཅིང་དུ་བཞུགས་ཏེ་བཀའ་འགྱུར་དང་བསྟན་འགྱུར་གྱི་པར་སྐྲུན་གླེགས་བམ་དག་ལ་ཞིབ་བསྡུར་ཞུ་དག་གནང་།ཞེས་གསུངས་པར་དཔག་ན་ཁོང་གིས་དེ་ལྟ་བུའི་ཕྱག་ལས་ཀྱང་མཛད་པར་ངེས།འོན་ཀྱང་ལོ་ཚིགས་ཅུང་མི་མཐུན།

པེ་ཅིན་དུ་ཁོང་གི་ཕྱག་ཏུ་དགེ་བཤེས་དམ་བཅའི་གཏོང་སྒོའི་འབྱོར་བ་ངེས་ཅན་ཞིག་སོན་པས་ལོ་གཉིས་པར་ཕྱིར་ལྷ་སར་ཕེབས་ཏེ་དགེ་བཤེས་དམ་བཅའ་བཞག  (རྒྱ་བོད་ཀྱི་ཡི་གེ་འགར་དགེ་བཤེས་དམ་བཅས་ཞེས་པ་དམ་བཅའ་གང་ཡིན་མི་གསལ)སྟེ་ཕྱིར་པེ་ཅིན་ལ་ཕེབས་ནས་པེ་ཅིན་དུ་སྡོད་པའི་དབྱིན་ཇིའི་ལྷ་སྡོད་ལས་ཚན་པ་ཁྲ་ཨེར་སི་པེད་ཨེར(་查尔斯·贝尔)གྱི་ལོ་ཙཱ་བ་བྱས།

པེད་ཨེར་གྱིས་ཁོང་དབྱིན་ཇིའི་བོད་རིག་པའི་ཆེད་ལས་མཁས་པ་པད་ལེ་སི་ལ་མཚམས་སྦྱོར་བྱས་ཤིང་དེ་བས་1937ལོའི་དབྱར་ཁར་དབྱིན་ཇིའི་རྒྱལ་ཁབ་ཏུ་ཕེབས་ནས་ཟླ་འགར་བཞུགས།དབྱིན་ཇིར་བཞུགས་པའི་སྐབས་སུ་ཁོང་གིས་ཡེ་ཤུ་ཆོས་ལུགས་དང་རྒྱ་གྲམ་སོགས་ཆོས་ལུགས་གསར་བའི་ཚུལ་མང་བོ་མཐོང་སྟེ།མཐོང་རྒྱ་བསྐྱེད།དེ་ནས་ཕྱིར་བོད་དུ་ཕེབས་པ་ནས1949ལོའི་བར་བོད་དུ་བཞུགས།

 1951ལོར་བོད་ནས་རྒྱ་གར་དུ་ཕེབས།ཨ་རིའི་འཛམ་གླིང་ནང་བསྟན་སྒྲིག་འཛུགས་ཤིག་དང་ཁལ་མུག་སོག་པོ་དག་གིས་གདན་ཞུ་བཞིན་1955ལོར་ཟླ་བ་གཉིས་པར་འབྱོར།ཨ་རིར་ཕེབས་ནས་ཨ་རིའི་རྒྱལ་ཁབ་ཏུ་སངས་རྒྱས་ཀྱི་བསྟན་པ་སྤེལ་བའི་ལས་ཀྱི་དབུ་བརྩམས།ཁོང་གིས་ཕྱོགས་གཅིག་ནས་གྲོང་ཁྱེར་ནིའུ་ཡོག་གི་གུ་ལུན་པོ(Colambia) མཐོ་སློབ་གཙུག་ལག་ཁང་ཆེན་པོའི་དགེ་རྒན་གནང་སྟེ།བོད་ཡིག་དང་སོག་ཡིག་ཁྲིད་ཅིང་།  ཕྱོགས་གཅིག་ནས་དམ་པའི་ཆོས་སྤེལ་བའི་ལས་ལ་ཞུགས།

 1958ལོར་ཨ་རིར་ནང་བའི་དགོན་པ་བསླབ་གསུམ་བཤད་སྒྲུབ་གླིང་གི་ཆོས་སྒོ་ཕྱེས་ཤིང་།དེ་ནས་བཟུང་སྐུ་གཤེགས་པའི་བར་དུ་དགོན་དེ་གའི་དགེ་རྒན་གནང་།ཁོང་གིས་བཙུགས་པའི་དགོན་པ་དེ་ནི་བོད་བརྒྱུད་ནང་བསྟན་ཨ་རིར་གཞི་ཚུགས་པའི་རྟགས་ཤིག་ཡིན་པ་མ་ཟད།རི་བོ་དགེ་ལྡན་པའི་བསྟན་པ་ནུབ་གླིང་དུ་གཞི་ཚུགས་པའི་རྟགས་ཆེན་པོ་ཞིག་ཀྱང་ཡིན།དགོན་པ་འདི་ནི་བོད་བརྒྱུད་ནང་བསྟན་ཨ་རིར་དར་བའི་གཞི་མར་གྱུར་བས་ཨ་རིར་མཚོན་ན་བཙན་པོའི་སྐབས་ཀྱི་བསམ་ཡས་དགོན་པ་དང་ཆ་འདྲ་བ་ཡིན།

 1973ལོར་ཁོང་དང་ཁོང་གི་སློབ་མ་རྣམས་ཀྱིས་ཨ་རི་ནང་དོན་མཐོ་སློབ་ཁང་ཞེས་པ་གྲོང་ཁྱེར་Massachusetts་བསྐྲུན་ཏེ་ནང་བསྟན་གྱི་ཞིབ་འཇུག་གི་ལས་རིགས་གཉེར།སློབ་གླིང་འདིར་ཨ་རིའི་ནང་བསྟན་ཞིབ་འཇུག་པ་མང་བོ་འདུས་པ་མ་ཟད།བོད་བརྒྱུད་ནང་བསྟན་གྱི་དགེ་བཤེས་ཀྱང་མང་བོ་འདུས།དགེ་བཤེས་འཇམ་དཔལ་དོན་འགྲུབ།བློ་བཟང་བྱམས་པ་སོགས་འདུས།ད་དུང་ཧྥོ་ཅི་ཉི་ཡ་སློབ་གྲྭ་ཆེན་མོའི་འབུམ་རམས་པ་ཅེ་ཧྥོ་ལེ་ཧོར་ཕུ་ཅིན་སོགས་རྒྱུན་དུ་ཡོང་ནས་སློབ་ཁྲིད་བྱས།སློབ་གླིང་འདིས་ད་དུང་གུང་གསེང་གི་སློབ་གྲྭ་ཞིག་བཙུགས་ཏེ་གུང་གསེང་སྐབས་འདིར་ཡོང་ནས་དུས་ཐུང་ངུའི་ནང་དུ་སློབ་སྦྱོང་དང་གཟའ་མཇུག་གི་གླེང་མོལ།ཨ་རིའི་ནང་བསྟན་ཞིབ་འཇུག་དང་ཡིག་བསྒྱུར་གྱི་བྱ་བར་སྐུལ་མ་གནང་།སློབ་གླིང་གི་ནང་དུ་ད་དུ་མཆོད་ཁང་དང་དཔེ་མཛོད་ཁང་།ཞིབ་འཇུག་ཚན་ཁགཟ་ཁང་ཉལ་ཁང་བཅས་ཡོད།

 1973ལོར་དགེ་བཤེས་དབང་རྒྱལ་དང་ཁོང་གི་སློབ་མ་མཉམ་འབྲེལ་གྱིས་ཐར་པའི་སྒོ་མོ(《解脱之门》)ཞེས་པ་བསྒྱུར་ཏེ་བཀའ་གདམས་པ་དང་དགེ་ལུགས་པའི་བསྟན་པ་ངོ་སྤྲོད་གནང་།ཁོང་གིས་བསྟན་པ་ཨ་རིར་སྤེལ་བའི་ཆེད་དུ་གསུང་བཤད་གནང་བ་དང་སློབ་ཁྲིད་བྱེད་པ།རྩོམ་ཡིག་འབྲི་བ།དཔེ་ཆ་བསྒྱུར་བ་སོགས་ཀྱིས་ཁོམ་པ་མེད་ཅིང་ཡོད་ཚད་བསྟན་པ་སྤེལ་བའི་ཆེད་དུ་བཏང་།ཁོང་གིས་ཨ་རི་དགོན་པ་བཞེངས་པ་ཙམ་མིན་པར་ནང་བའི་ཞིབ་འཇུག་པ་སྐོར་ཞིག་སྐྱོང་བར་མཛད་པས་ཁོང་ནི་ཨ་རིའི་དགེ་ལུགས་པའི་ཤིང་རྟའི་སྲོལ་འབྱེད་ཅེས་པའི་མཚན་སྙན་འབྱོར།

དགེ་བཤེས་དབང་རྒྱལ་གྱིས་དབུ་ཁྲིད་པའི་འོག་བོད་བརྒྱུད་ནང་བསྟན་ཨ་རིར་གཞི་འདིང་ཐུབ་པ་མ་ཟད།རིམ་བཞིན་མངའ་སྡེ་སོ་སོ་ནས་སྒོམ་གྲྭ་མང་དུ་བྱུང་།དེ་ལས་ཆེས་གླེང་འོས་པ་ནི་1975ལོར་ཅ་ལི་ཧྥུ་ཉི་ཡར་བཙུགས་པའི་རྡོ་རྗེ་འཆང་ཞིབ་འཇུག་ཁང་(执金刚智研究所 )ནི་སྟེ།འདི་ནི་དར་རྒྱས་ཤིན་ཏུ་ཆེ་བའི་དགེ་ལུགས་པའི་བསྟན་པ་དང་སློབ་གསོའི་སྡེ་ཁག་ཅིག་སྟེ།བླ་མ་ཐུབ་བསྟན་ཡེ་ཤེས་ཐུབ་བསྟན་གྲགས་པ་གཉིས་ཀྱིས་སྐྱོང་ཞིང་།དམ་པའི་ཆོས་ལ་གསན་ཞིང་ཉམས་བཞེས་མཛད།རྡོ་རྗེ་འཆང་ཞིབ་འཇུག་ཁང་འདིར་ཡན་ལག་སྡེ་ཁག་ཀྱང་འགའ་ཡོད།

གཞན་སྐུ་ཉིད་ནས་ནང་ཆོས་ཀྱི་དེབ་སྣ་ཚོགས་བསྒྱུར་བ་དང་བརྩམས་པ་དཔེར་ན།ཁུ་བྱུག་ཅིག་ཏུ་གྱུར་བའི་རྒྱལ་སྲས་ལྟ་བུ་ཡིན།ཡང་སྐུ་ཉིད་ཞིང་དུ་གཤེགས་པའི་རྗེས་སུ་པར་བསྐྲུན་ཞུས་པའི་དེབ།རིན་ཆེན་ཐེམ་སྐས།ཞེས་པ་ཞིག་ཀྱང་ཡོད།

                                 རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

    རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།