སྐུ་འབུམ་རྒྱ་རྩང་སྒོམ་ཆེན་བློ་བཟང་རྒྱལ་མཚན་གྱི་རྣམ་ཐར་མདོར་བསྡུས།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2025-01-04 23:31:10     རྩོམ་པ་པོ།   ཁྲི་སྐལ་བཟང་བརྩོན་འགྲུས།     ཀློག་ཐེངས།  

སྐུ་འབུམ་རྒྱ་རྩང་སྒོམ་ཆེན་བློ་བཟང་རྒྱལ་མཚན་ནམ་རྒྱ་རྩང་སྒོམ་ཆེན་རིན་པོ་ཆེ་ནི་དུས་རབས་བཅོ་བརྒྱད་པའི་ནང་དུ་སྐུ་འབུམ་ཉེ་འཁོར་ཞིང་སྐྱོང་རྒྱ་རྩང་སྡེ་བར་སྐུ་འཁྲུངས།སྐུ་ན་གཞོན་དུས་ནས་རབ་བྱུང་དགེ་ཚུལ་གྱི་དངོས་པོ་ཡང་དག་པར་བཞེས་ཏེ་རྒྱལ་བའི་བསྟན་ལ་ཞུགས།སྐུ་འབུམ་བྱམས་པ་གླིང་དུ་ཆོས་ཞུགས་གནང་སྟེ་དཔལ་ཆོས་ཀྱི་གྲགས་པའི་ཚད་མ་རྣམ་འགྲེལ་སོགས་བསྡུས་ཚད་ཀྱི་གཞུང་ལ་ཞིབ་ཏུ་སྦྱངས།

དབུས་ལྷ་ལྡན་ཆོས་ཀྱི་ལྗོངས་སུ་ཕེབས་ཏེ་དཔལ་ལྡན་འབྲས་སྤུངས་སྒོ་མང་འགག་ཤིང་བ་བྲག་རྒྱབ་སྔགས་རམས་པ་བློ་བཟང་ཆོས་འཕེལ་སོགས་ཀྱི་དྲུང་ནས་དབུ་ཕར་དང་འདུལ་མཛོད།སྔགས་རྒྱུད་སྡེ་བཞི་སོགས་མདོ་རྒྱུད་གཞུང་ལུགས་ཀུན་ལ་ཐོས་བསམ་རྣལ་མ་མཛད་པས་མཁས་པའི་གྲགས་པ་ཕྱོགས་སུ་རྒྱས།ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་དྲུང་ནས་ཀྱང་གསུང་ཆོས་མང་དུ་གསན།དབུས་སམ་སྐུ་འབུམ་གང་ཡིན་མ་ངེས་ཀྱང་བཀའ་བཅུའི་གྲྭ་སྐོར་མཛད།

ཀུན་མཁྱེན་འཇིགས་མེད་དབང་བོ་སྐུ་འབུམ་གྱི་ཁྲིར་ཤིང་བྱ་ཕྱི་ལོ1765ལོར་བཞུགས་དུས་བླ་བྲང་རྩེའི་ལྟག་སྒོ་བརྒྱུད་ནས་སྐུ་མདུན་དུ་ནམ་འདོད་ལ་ཕེབས་ཏེ་མདོ་སྔགས་གཉིས་ཀའི་དཔེ་ཁྲིད་ཞུས་ཚུལ་༼མདོ་སྨད་ཆོས་འབྱུང་༽དུ་གསལ།

ལྕགས་བྱི་ཕྱི་ལོ1780ལོར་ཐུའུ་བཀྭན་ཆོས་ཀྱི་ཉི་མའི་དྲུང་དུ་གཙང་ཨ་རིག་སྤྲུལ་སྐུ་བློ་བཟང་བསྟན་པ་རྒྱ་མཚོ་དང་སེམས་ཉིད་སྒོམ་པ་ཡོན་ཏན།ཁུར་ལུག་དཀའ་བཅུ་བཀྲ་ཤིས་དར་རྒྱས་སོགས་དང་ལྷན་དུ་ནཱ་རོ་མཁའ་སྤྱོད་མ་དང་དེའི་བསྐྱེད་རྫོགས་སོགས་དང་།ས་ཕག་ཕྱི་ལོ1791ལོར་ཀུན་མཁྱེན་འཇིགས་མེད་དབང་བོ་མཆོག་སྒོ་མེ་ཆུ་ཚན་ཁ་རུ་ཕེབས་དུས་བཤེས་གཉེན་ངག་དབང་ཉི་མ་སོགས་དང་ལྷན་དུ་འཇིགས་བྱེད་བསྐྱེད་རྫོགས་སོགས་ཟབ་ཆོས་མང་དུ་གསན།མི་ཉག་ཚུལ་ཁྲིམས་བསྟན་པའི་ཉི་མ་ཚང་ལ་ལམ་ཁྲིད་ཞུས་ཚུལ་དེ་ཡི་རྣམ་ཐར་དུ་གསལ།སྐུ་འབུམ་དུ་བུ་སློབ་མང་པོར་གཞུང་ཆེན་པོའི་ཁྲིད་རྒྱུན་རྒྱ་ཆེར་སྤེལ་པས་མཁས་བཙུན་གྱི་སྙན་པ་རྒྱས།

ཐུའུ་བཀྭན་ཆོས་ཀྱི་ཉི་མས་ཆུ་གླང་ཕྱི་ལོ1793ལོར་སྐུ་འབུམ་ཉེ་འཁོར་ཧྭང་སི་སྒང་ངམ་ས་བཟང་ལ་ཁར་སྒོམ་ཁང་གསར་བཞེངས་མཛད་དུས་ཐོག་མར་སྒོམ་ཆེན་པ་འདི་ཉིད་བཞུགས་སུ་བཅུག་ནས་འཚོག་ཆས་ཐུའུ་བཀྭན་སྒར་བས་སྦྱོར་བར་མཛད་ཅིང་།སྐལ་ལྡན་བུ་སློབ་མང་པོར་མདོ་སྔགས་ཀྱི་ཟབ་ཆོས་མང་དུ་གནང་ཚུལ་༼ཐུའུ་བཀྭན་རྟོགས་བརྗོད་པད་མ་དཀར་པོ་༽དང་༽མདོ་སྨད་ཆོས་འབྱུང་༽སོགས་ལས་གསུངས།

ཤིང་ཡོས་ཕྱི་ལོ1795ལོར་ཆེ་ཤོས་སྤྲུལ་སྐུ་ངག་དབང་བཤད་སྒྲུབ་བསྟན་པའི་ཉི་མ་སོགས་ལ་འཇམ་དཔལ་མཚན་བརྗོད་ཀྱི་ལུང་དང་སྒོམ་ཆེན་པ་ཁོང་གིས་བསྒྲིགས་པའི་འཇམ་དབྱངས་གང་བློ་མའི་འདོན་ཐབས་ཀྱི་ཁྲིད་སོགས་གནང་།

ཤིང་བྱི་ཕྱི་ལོ1705ལོར་ལྕང་ལུང་པཎྡི་ཏ་སོགས་ལ་རྒྱལ་དབང་བསྐལ་བཟང་རྒྱ་མཚོའི་གསུང་འབུམ་ལས་ཆོས་ཚན་མང་པོ་བསྩལ་ཚུལ་དེ་ཡི་རྣམ་ཐར་དུ་གསལ།གཞན་ཨ་ཀྱཱ་འཇམ་དབྱངས་རྒྱ་མཚོའི་ཡོངས་འཛིན་དུ་བཞུགས་ཏེ་མདོ་སྔགས་ཀྱི་ཟབ་ཁྲིད་མང་དུ་ཕུལ་ཞིང་།དེ་ཉིད་ཀྱི་༼ལྟུང་བཤགས་ཀྱི་ཆོ་ག་སྡིག་ལྟུང་དྲི་འཁྲུད་གང་གའི་རྒྱུན་བཟང་༽གི་སྦྱར་བྱང་ལས་བདག་གི་དཔལ་ལྡན་བླ་མ་དམ་པ་མདོ་སྔགས་ཆོས་ཚུལ་རྒྱ་མཚོའི་བང་མཛོད་རིན་ཆེན་བྱང་ཆུབ་སེམས་ཀྱི་མངའ་བདགངེས་པ་དོན་གྱི་ཀུན་སྤངས་ཆེན་པོ་༧རྗེ་བླ་མ་རྒྱ་རྩང་སྒོམ་ཆེན་རིན་པོ་ཆེ་དེ་ཉིད་ནས་ཞེས་གསུངས།

ཀུན་མཁྱེན་འཇིགས་མེད་དབང་པོའི་རྣམ་ཐར་ལས་སྐུ་འབུམ་དུ་བཞུགས་པའི་བུ་སློབ་འདྲེན་དུས་བཤེས་གཉེན་ཆེན་པོ་བློ་བཟང་རྒྱལ་མཚན།ཞེས་གསུངས།ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མའི་གསུང་འབུམ་དུ་༼ཆོས་སྡེ་ཆེན་པོ་སྐུ་འབུམ་གྱི་དབེན་དགོན་དགའ་ལྡན་ཆོས་སྡིང་དུ་སྒྲུབ་པ་ལ་གཞོལ་བ་རྒྱ་རྩང་དཀའ་བཅུ་བློ་བཟང་རྒྱལ་མཚན་ལ་སྤྲིངས་པའི་ཆབ་ཤོག་རིན་ཆེན་སིལ་མ་༽ཞེས་པ་བཞུགས།ཆབ་ཤོག་ལས་འདི་བའི་མཁས་བཙུན་བཟང་གསུམ་ལ་བསྟོད་པ་དང་དགེ་སྦྱོང་ལ་གཅིག་ཏུ་གཞོལ་བར་བསྔགས་པ་རྒྱ་ཆེར་བརྗོད།ཨ་ཀྱཱ་ཡོངས་འཛིན་དབྱངས་ཅན་དགའ་བའི་བློ་གྲོས་ཀྱང་འདི་བའི་སློབ་མར་ངེས་ཏེ།དེ་ཉིད་ཀྱིས་མཛད་པའི་ཆོས་འབྲེལ་དངོས་ཐོབ་ཀྱི་བླ་མའི་གསོལ་འདེབས་ལས་ཚེ་བློས་བཏང་སྒྲུབ་བརྒྱུད་བསྟན་པ་སྤེལ།།རྗེ་བློ་བཟང་རྒྱལ་མཚན་ལ་གསོལ་བ་འདེབས།ཞེས་གསུངས།

ཀུན་མཁྱེན་འཇིགས་མེད་དབང་བོའི་གསུང་འབུམ་ཉ་དུམ་པའི་ནང་ཁ་བྱང་མི་གསལ་བའི་ཁྲོ་བོའི་བསྟོད་པ་དང་བླ་མར་གསོལ་འདེབས་གཉིས་བཞུགས་པའི་སྦྱར་བྱང་དུ་དད་བརྩོན་རྣམ་དཔྱོད་ཕུལ་དུ་བྱུང་བ་བློ་བཟང་རྒྱལ་མཚན་གྱིས་བསྐུལ་ངོར་སྐུ་འབུམ་བྱམས་པ་གླིང་དུ་སྦྱར་བ་འདི་ཡང་དམ་པ་འདི་ཡིན་པར་སྙམ།དམ་པ་འདི་ཉིད་དུས་སྐབས་དེར་མཁས་བཙུན་བཟང་གསུམ་གྱི་སྙན་པ་དང་གདུལ་བྱ་ཧ་ཅང་རྒྱས།

གསུང་རྩོམ་ཅི་ཡོད་ཆ་མ་འཚལ་ཡང་སྐུ་འབུམ་པར་ཁང་དུ་༼  དཔལ་ཡེ་ཤེས་ཡོན་ཏན་བཟང་པོའི་བསྟོད་པ་ཡན་ལག་དང་བཅས་པ ་༽བཞུགས་ལ།ཁོང་གིས་བསྒྲིགས་པའི་འཇམ་དབྱངས་གང་བློ་མའི་འདོན་ཐབས་ཤིག་ཀྱང་བཞུགས་པར་བཤད།བློ་སྦྱོང་དོན་བདུན་མའི་ས་བཅད་མདོར་བསྡུས་ཀྱི་ཤོལ་དྲིལ་དང་བློ་སྦྱོང་རྩ་ཚིག་ལ་མཆན་བཏབ་པའི་ཤོག་དྲིལ་གཉིས་ཨ་ཀྱཱ་འཇམ་དབྱངས་རྒྱ་མཚོའི་གསུང་འབུམ་སྟོད་ཆའི་འའི་ཆོས་ཚན་དུ་བཞུགས།སྐུ་འབུམ་གྱི་བླ་མཆོད་དུས་བཟང་གི་ཆོ་ག་ཡང་རྒྱ་རྩང་སྒོམ་ཆེན་པ་འདི་ཉིད་ནས་བསྒྲིགས་པར་བཤད།

དུས་རབས་བཅུ་དགུ་བའི་སྟོད་དུ་སྐུ་མྱ་ངན་ལས་འདས།

བུ་སློབ་གཙོ་བོ་ལ་ལུང་རྟོགས་ཡོན་ཏན་མཛོད་འཛིན་ཨ་ཀྱཱ་འཇམ་དབྱངས་རྒྱ་མཚོ་དང་བསྟན་པའི་རྩ་ལག་དམ་པ་མི་ཉག་ཚུལ་ཁྲིམས་བསྟན་པའི་ཉི་མ།གཞུང་ལུགས་རབ་འབྱམས་སྨྲ་བ་ཆེ་ཤོས་ཡོངས་འཛིན་འཇམ་དབྱངས་དབང་རྒྱལ།བསྟན་པའི་གསལ་བྱེད་ཆེན་པོ་ཆེ་ཤོས་པཎྡི་ཏ་ངག་དབང་བཤད་སྒྲུབ་བསྟན་པའི་ཉི་མ།ལྕང་ལུང་པཎྡི་ཏ་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན།བཤེས་གཉེན་ངག་དབང་སྨོན་ལམ་སོགས་མཁས་བཙུན་བཟང་གསུམ་གྱི་སྐྱེས་ཆེན་མང་དུ་བྱུང་།

ཁྲི་སྐལ་བཟང་བརྩོན་འགྲུས་ཀྱིས་བོད་ཤིང་སྦྲུལ་ཕྱི་ལོ༢༠༢༥ལོའི་ཧོར་ཟླ༢པའི་ཚེས༡༣ཉིན་སྐུ་འབུམ་བྱམས་པ་གླིང་གི་རང་ཤག་ནས་མཚམས་སྦྱོར་བའོ།

༄༅།།ཆོས་སྡེ་ཆེན་པོ་སྐུ་འབུམ་གྱི་དབེན་དགོན་དགའ་ལྡན་ཆོས་སྡིང*དུ་སྒྲུབ་པ་ལ་གཞོལ་བ་རྒྱ་རྩང་དཀའ་བཅུ་བློ་བཟང་རྒྱལ་མཚན་ལ་སྤྲིངས་པའི་ཆབ་ཤོག་རིན་ཆེན་སིལ་མ།

ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མས་མཛད།

བསླབ་གསུམ་དག་པའི་ཤིང་ཤུན་གོས་འཆང་ཞིང་།

ལེགས་བཤད་གཏམ་གྱི་རིལ་བ་སྦྲེང་མཁས་ལ།

ཡང་དག་འཇོག་གི་བདེ་བས་ཡིད་སིམ་པའི།

དྲང་སྲོང་བསེ་རུར་གནས་པ་གང་དེ་ལ།

གཞན་སྣང་འདྲེད་པའི་ཟློས་གར་ལྷུར་ལེན་ཅིང་།

ཆོས་བརྒྱད་གཉེར་མས་འཁུམ་པའི་སྤྲེལ་རྒན་ཞིག

འདུ་འཛིའི་ཚང་ཚིང་ཁྲོད་ནས་དོན་ལྡན་གྱི།

སྙན་ཚིག་འབྲས་བུ་སྨིན་པ་འདི་འཐོར་རོ།

ཚུལ་ཁྲིམས་ཨ་མྲའི་ས་བོན་མ་རུལ་བ།

སྨོན་ལམ་དྲོད་གཤེར་སྟོབས་ཀྱིས་སྨིན་པ་ལས།

ཉེར་འཁྲུངས་དལ་འབྱོར་ལྗོན་པ་དུས་མིན་གྱི།

འཚེ་བའི་རླུང་གིས་བསྐྱོད་པ་མེད་པ་ནས།

ཐུབ་པའི་དབང་པོས་རང་གི་རྗེས་ཞུགས་པའི།

མང་ཐོས་དགེ་སྦྱོང་རྣམས་ལ་བསྟི་གནས་སུ།

ཆེར་བསྔགས་དབེན་པའི་གནས་སུ་ཆོས་དོན་ལ།

གཅིག་ཏུ་གཞོལ་བ་ཁྱོད་ལ་གློ་བ་དགའ།

ཚེ་ཡི་ཉི་མ་འདི་སྣང་སྟོང་བའི་མཁར།

རྒས་ཏེ་དུས་ཀྱི་ནུབ་རིར་ཉེ་བ་བདག

འདི་སྣང་པདྨའི་དཔལ་(ལ་)རྗེས་ཆགས་པས།

ཐུན་མཚམས་ཕྱི་མིག་བལྟ་བ་མ་ཁེགས་ཀྱང་།

རྣམ་དཔྱོད་དུང་དཀར་ཁོག་པ་མ་རྙོངས་པས།

དོན་གཉེར་སྐྱེ་བོའི་དབུགས་ཀྱིས་བསྐུལ་བ་ན།

མ་རིག་གཉིད་ལས་སློང་བྱེད་ཆོས་ཀྱི་དབྱངས།

སྒྲོགས་པས་འཚོ་བ་དོན་མེད་མ་གྱུར་ཙམ།

འོན་ཀྱང་ལས་ཉོན་སྒོ་ལྕགས་དམ་པོ་ཅན།

སྲིད་པའི་བཙོན་དུ་སྡུག་བསྔལ་རྣམ་གསུམ་གྱིས།

ཡུན་རིང་མནར་ཡང་ཐར་འདོད་ད་ལྟའི་བར།

རྨི་ལམ་ཙམ་དུའང་མེད་འདི་ཀྱེ་མ་བླུན།

རགས་པའི་སྡུག་བསྔལ་ཙམ་ལས་ཡིད་བྱུང་ཡང་།

འདུ་བྱེད་སྡུག་བསྔལ་སྤོང་བའི་ཐབས་བྲལ་བས།

སྲིད་པའི་རྩེ་མོར་སོན་ཡང་སླར་ལོག་ནས།

དམྱལ་བའི་བུད་ཤིང་བྱེད་འདི་སྐྱོ་བའི་གནས།

གྲོལ་བར་རེ་ནས་འཆིང་བའི་ཐབས་སྒྲུབ་པ།

ལོག་པའི་ལམ་གྱིས་བསླུས་ལ་ཅི་ཞིག་གཤུང་།

ཁོ་བོ་བསྟན་ལ་ཞུགས་ནས་འཁོར་བའི་མཐའ།

རིང་དུ་བརྟན་པར་བྱེད་འདི་ངོ་རེ་གནོངས།

ཀྱེ་ཁྱོད་རྣ་བ་ཐོས་པའི་ལམ་བྱང་ཞིང་།

འཁོར་འདས་སྐྱོན་ཡོན་བློ་གྲོས་མིག་གིས་མཐོང་།

འཇུག་ལྡོག་གནས་ལ་རྨོངས་པའི་རབ་རིབ་བྲལ།

དམ་ཆོས་སྒྲུབ་པའི་མཐུན་རྐྱེན་རྣམས་ཀྱང་ཚང་།

དེ་ཕྱིར་ཆོས་པར་ཁས་འཆེ་ཀུན་གྱི་སྙིང་།

མ་ཚོར་དཀྲུགས་པ་མི་ཆོས་བརྒྱད་ཀྱི་གདོན།

ཕྱོགས་སུ་ཉེ་བ་ཙམ་ཡང་མི་ནུས་པའི།

ཞེན་ལོག་རྡོ་རྗེའི་ར་བ་བརྟན་པོའི་ནང་།

ཟབ་དང་རྒྱ་ཆེའི་ལམ་གྱི་སྙིང་པོའི་གདུང་།

རྣམ་དག་དམ་སྡོམ་ཀ་བས་བཏེག་པ་ལ།

ཆོས་སྤྱོད་རྣམ་བཅུའི་ལྕམ་གྲ་ལེགས་བཀལ་བ།

ཡང་དག་སྒྲུབ་པའི་ཁང་བཟང་ལ་ཞུགས་ནས།

སྣང་ཤས་སྦུན་པས་མ་བསླད་ཉམས་ལེན་འབྲུ།

ཐུན་དང་ཐུན་མཚམས་བྲེ་ཕུལ་གྱིས་གཞལ་བས།

རང་རྒྱུད་བང་མཛོད་བཀང་སྟེ་བཤུལ་རིང་གི

ཕྱི་མའི་ལམ་རྒྱགས་ཚགས་སུ་ཚུད་པ་མཛོད།

གནས་ཆ་ཅུང་ཟད་བརྟན་པའི་རྫིང་བུ་ལ།

སྣ་ཚོགས་ཉམས་ཀྱི་གཟུགས་བརྙན་གཤིས་ཀྱིས་འཆར།

དེ་ཡིས་སྨིག་རྒྱུ་ཆུ་རུ་འཁྲུལ་བ་ཡི།

རི་དྭགས་བཞིན་དུ་བསླུས་པའི་སྒོམ་ཆེན་མང་།

ལྟར་སྣང་ཕྱོགས་རེའི་ལམ་གྱི་ཁྲོན་པ་ལས།

སྐུ་གསུམ་ནོར་བུ་འབྱུང་བ་མི་སྲིད་པས།

བླ་མའི་མན་ངག་གྲུ་གཟིངས་ལ་བརྟེན་ནས།

ཆ་ཚང་ལམ་གྱི་རྒྱ་མཚོར་འཇུག་པ་འཚལ།

བློ་བཟང་དགོངས་བཅུད་གདམས་ངག་བདུད་རྩིའི་མཚོ།

དེང་དུས་ཐིགས་པ་ཙམ་དུ་གྱུར་པ་འདི།

ལྷག་མེད་འགྱུར་ལ་རིང་པོ་མི་ཐོགས་པས།

ཅི་ནུས་རྩལ་གྱིས་བགོ་སྐལ་མྱུར་བར་ལོང་།

བདག་བློ་ལུས་ཕྲའི་རྩལ་གྱིས་ཉེར་བསྐྲུན་པའི།

འཕྲིན་ཡིག་ལྷ་གོས་སྡེབ་སྦྱོར་ཐག་བཟང་བ།

དགེ་བའི་སྙན་བསྐུལ་རི་མོ་བཀྲ་བ་འདི།

མང་ཐོས་ཁྱོད་ལ་ངོ་མཚར་གཟིགས་མོར་སྤྲིངས།

ཞེས་ལྷ་དར་དྲི་བྲལ་སྤྱོད་འཇུག་དར་ཊིག་བཅས་ཐར་བ་གླིང་ནས།།།།

*དབེན་དགོན་དགའ་ལྡན་ཆོས་སྡིང་ནི་སྐུ་འབུམ་བྱམས་པ་གླིང་གི་གཡོན་རིའི་རི་རྐེད་ན་སྔོན་ཧྭང་སི་སྒང་ངམ་ས་བཟང་ལ་ཁ་རི་ཁྲོད་ཅེས་པ་དེ་ཡིན། 

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།