རྗེ་བཙུན་ལྷ་མོ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོའི་རྣམ་པར་ཐར་པ་དད་པའི་པདྨོ་རྒྱས་པའི་ཉིན་བྱེད་ཅེས་བྱ་བ་བཞུགས་སོ། །

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2024-01-06 11:21:08     རྩོམ་པ་པོ།   དགེ་འདུན་ཆོས་གྲགས    ཀློག་ཐེངས།  


བློ་གྲོས་རབ་ཡངས་སྣང་བའི་མུ་ཁྱུད་ཀྱིས། །

ཆོས་ཚུལ་ཁྲིམས་ཀྱི་པདྨོ་ཁ་འབྱེད་ཅིང་། །

 རབ་འབྱམས་གཞུང་ལུགས་རྒྱ་མཚོའི་མཐར་སོན་པ། །

ངེས་དོན་མཁས་པའི་མཁས་པ་དེ་ཡིས་སྐྱོངས། །

ཞེས་ཤིས་པ་རྗོད་པའི་བདེན་ཚིག་མེ་ཏོག་གི་སིལ་མ་བཀྲམ་པ་སྔོན་དུ་བཀོད་དེ་གང་ཞུ་བར་བྱ་བའི་སྙིང་བོ་ལ། དེ་ཡང་མདོ་སྨད་བསྟན་པའི་འབྱུང་གནས་ཆོས་སྡེ་ཆེན་པོ་དཔལ་ལྡན་བཀྲ་ཤིས་གཡས་སུ་འཁྱིལ་བའི་ཡོངས་ཀྱི་དགེ་བའི་བཤེས་གཉེན་དམ་པ།  མདོ་སྔགས་རིག་གནས་དང་བཅས་པར་མཁྱེན་དཔྱོད་འགྲན་ཟླ་དང་བྲལ་བའི་མ་ཧཱ་པཎྜི་ཏ་ཆེན་པོ༧རྗེ་བཙུན་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་དཔལ་བཟང་བོ་མཆོག་ནི།  ཡུལ་མདོ་ཁམས་སྨད་ཀྱི་སའི་ཆར་གཏོགས་ཀླུ་ཆུའི་སྟོད་རྒྱུད་ཀྱི་ས་ལ་དགེ་བཅུ་ཚང་བའི་སྒྱིས་ཚང་ལུ་ཏོ་སྡེ་བའི་ལྷ་དགེ་ཚང་ཟེར་བའི་ཁྱིམ་རྒྱུད་དུ་ཡབ་མགོན་ནེ་དང་ཡུམ་ཚེ་ཐར་སྐྱིད་གཉིས་ཀྱི་སྲས་སུ་བོད་རབ་བྱུང་བཅོ་ལྔ་བའི་ས་གླང་སྟེ་སྤྱི་ལོ༡༨༨༩ལོའི་དུས་ཚེས་དགེ་བར་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་སྐུ་འཁྲུངས།   ཡབ་ཡུམ་གཉིས་ལ་སྲས་མིང་སྲིང་བདུན་ཡོད་པ་ལས་ཁོང་ཉིད་ལྔ་བ་ཡིན།  དགུང་ལོ་ཆུང་ངུའི་དུས་ནས་མ་ཡུམ་གྱིས་སངས་རྒྱས་ཆོས་ཚོགས་མ་བསླབས་པས་དཀའ་ཚེགས་མེད་པར་དེའི་ཚིག་དོན་མཐའ་དག་ཁོང་དུ་ཆུད་པའི་རྟོགས་པ་བརྙེས། སྐྱེས་བུ་དམ་པ་དུ་མས་ལུང་བསྟན་དབུགས་དབྱུང་བསྩལ་བའི་རམ་པར་ཐར་པའང་མང་། དགུང་ལོ་བདུན་བཞེས་པ་བོད་རབ་བྱུང་བཅོ་ལྔ་བའི་ཤིང་ལུག་སྟེ་སྤྱི་ལོ༡༨༩༥ལོར་སྒྱིས་ཚང་དགོན་དུ་ཁུ་བོ་རྒྱལ་མཚན་པ་ལས་ཡི་གེ་འབྲི་ཀློག་དང་རྡོ་རྗེ་གཅོད་པ་སོགས་བསླབས། འདི་ལོའི་སྨད་ཙམ་ལ་ཡབ་ཀྱིས་མཛོད་དགེ་སྒར་རྙིང་དུ་བསྐྱལ་ནས་སྒོ་མང་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་མཆོག་ལས་རབ་ཏུ་བྱུང་སྟེ་མཚན་ལ་ཚུལ་ཁྲིམས་དར་རྒྱས་ཞེས་སུ་གསོལ་པ་ཡིན་ནམ་སྙམ།

 དགུང་ལོ་བཅུ་བཞེས་པ་བོད་རབ་བྱུང་བཅོ་ལྔ་བའི་ས་ཁྱི་སྟེ་སྤྱི་ལོ༡༨༩༨ལོར་སྟག་ཚང་ལྷ་མོ་དགའ་ལྡན་བཤད་སྒྲུབ་པད་དཀར་གྲོལ་བའི་གླིང་དུ་ཕེབས་ནས་དགེ་བའི་བཤེས་གཉེན་དུ་མ་བསྟེན་ཏེ་མདོ་སྔགས་རིག་གནས་ཀྱི་གཞུང་ལ་ཐོས་བསམ་གསན་སྦྱོང་གི་དབུ་ཚུགས།   སྐབས་དེའི་ཤིང་སློང་གི་དུས་སུ་ཕྱི་རུ་འབུད་ཤིང་འཐུ་བར་ཕེབས་པའི་གསེང་བར་དུ་ཀུན་མཁྱེན་འཇམ་འབྱངས་བཞད་པའི་སྐུ་བསྟོད་གཞོན་ནུའི་དུས་ནས་མ་ཞལ་ནས་གསུང་ཞོར་དུ་ཚིག་དོན་ལ་དཔྱད་པས་དོན་གྱི་འགང་རྟོགས་པ་བྱུང་། ཕྱིར་གྲྭ་ཤག་ཏུ་ཕེབས་ནས་དགེ་རྒན་ལ་སྐུ་བསྟོད་དེའི་དོན་གྱི་གནད་རྣམས་ཞུས་པར་དགེ་རྒན་ཁོང་ཐུགས་རབ་ཏུ་དགྱེས་ཏེ་ཁྱོད་ཀྱིས་མ་བསླབས་པའི་བསྟོད་ཚིག་འདིའི་ཚིག་དོན་འགྲེལ་ཐུབ་པ་བྱུང་བ་ནི་བག་ཆགས་ཧ་ཅང་བཟང་བའི་ལྟས་ཡིན་ཚུལ་སོགས་ཀྱི་བསྔགས་བརྗོད་གནངས་པར་གྲགས།

  དགུང་ལོ་བཅུ་བཞི་བཞེས་པ་བོད་རབ་བྱུང་བཅོ་ལྔ་བའི་ཆུ་སྟག་སྟེ་སྤྱི་ལོ༡༩༠༢ལོར་གདན་ས་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ནས་ཆོས་གྲྭར་ཞུགས།  ཁོང་བླ་བྲང་དུ་ཕེབས་ཉིན་དེར་སྐྱབས་མགོན་ཀུན་མཁྱེན་སྐུ་ཕྲེང་བཞི་བ༧རྗེ་བཙུན་བསྐལ་བཟང་ཐུབ་བསྟན་དབང་ཕྱུག་དཔལ་བཟང་བོ་མཆོག་གིས་ཉེ་གནས་ལ་དེ་རིང་ནི་ཁོང་ལ་མགྲོན་པོ་གལ་ཆེན་ཞིག་ཕེབས་རྒྱུ་ཡོད་པས་སྒུགས་ཤིག་གསུངས་པ་ལྟར།  ཉེ་གནས་ཀྱིས་ཉིན་གང་བོར་སྒུག་བསྡད་ཀྱང་འགྲུལ་བ་གཞན་སླེབས་རྒྱུ་མ་བྱུང་བར་གྲྭ་ཕྲུག་ཅིག་འོངས་པས་དེ་ཡིན་ནམ་ཞུས་པར་དེ་ཡིན་ཞེས་གསུངས་སྐད་འདུག  ཁོང་ལ་སྐྱེས་བུ་དམ་པའི་རང་གཤིས་སྔ་ས་ནས་བདོག་པས་གདན་ས་འདིར་སླེབས་ཉིན་ནས་བཟུང་སྟེ་ཐུགས་ཀྱིས་དམ་བཅའ་ཆེན་པོ་གསུམ་གནངས་པ་ནི་འདི་ལྟ་སྟེ།   ལྟོ་སྐྱ་གོས་ཧྲུལ་གནང་སྟེ་འདོད་ཡོན་ལ་ཆོག་ཤེས་གནང་རྒྱུ་དང་། སློབ་གཉེར་ལ་བརྩོན་པ་ལྷོད་མེད་གནང་རྒྱུ།  རང་ཉིད་མཁས་པར་གྱུར་རྗེས་སློབ་བུ་མང་བོ་བསྐྱངས་ཏེ་མདོ་སྔགས་རིག་གནས་དང་བཅས་པའི་གཞུང་ལུགས་ཁྱབ་སྤེལ་རྒྱ་ཆེར་གནང་རྒྱུ་བཅས་དམ་བཅའ་གསུམ་གནངས་པ་ལྟར་ཕྱིས་སུ་ཕྱག་ལེན་མཐའ་འཁྱོངས་པར་མཛད་པའོ། །སྐབས་དེའི་ཁྲི་བ་ཚང་གིས་མཁས་གྲུབ་ཡོངས་ཀྱི་གཙུག་རྒྱན་དམ་པ༧རྗེ་གུང་ཐང་བློ་གྲོས་རྒྱ་མཚོ་ཞེས་སྙན་པའི་གྲགས་པ་ས་སྟེང་དུ་ཁྱབ་པ་གང་ཉིད་དགེ་རྒན་དུ་གནངས་པ་ནས་བཟུང་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་བསྟེན་ནས་སྐབས་སུ་གང་བབས་ཀྱི་འཛིན་གྲྭ་སོ་སོའི་རྩོད་ཡིག་ལྟར་ཐལ་ཕྲེང་དང་ཟུར་བཀོལ་ལ་སོགས་པའི་དཔེ་ཁྲིད་ལ་བརྩོན་པ་ཆུ་བོའི་རྒྱུན་བཞིན་དུ་བསྟེན། སྔ་གཞུག་ཏུ་ཁོང་ཨ་ཁུ་དམུ་དགེ་བསོད་ནམས་བཀྲ་ཤིས་དང་། རྗེ་དམུ་དགེ་ཐུབ་བསྟན་ཚང་། འགྱང་ཕྲུག་རིན་ཆེན་རྒྱ་མཚོ། ཆས་བུ་གཤིས་པ་དགེ་བཤེས་བློ་བཟང་རྒྱ་མཚོ། དྲུང་ཕྲུག་རབ་འབྱམས་པ་སོགས་བསྟེན་ནས་གཞུང་ལུགས་སྤྱི་དང་སུམ་རྟགས་དག་གསུམ་དང་སྙན་ངག་སོགས་རྒྱ་ཆེར་གསན། དེར་མ་ཟད་བྲག་སྒོམ་པ་སྐུ་ཕྲེང་བཞི་བ༧རྗེ་འཇམ་དབྱངས་བསྟན་པ་རྒྱ་མཚོ་ལས་དབང་ལུང་མན་ངག་མང་དུ་གསན་ཅིང་སྐུ་རྗེས་མ་བཅོལ་ཏན་མཛད་པའང་ཞལ་བཞེས་གནངས། སྨྱུག་འཛིན་དབང་བོ་དཔའ་རིས་པ་བློ་བཟང་བསྟན་འཛིན་ལས་ལན་ཝར་གྱི་ཡིག་གཟུགས་སྦྱངས་ཤིང་ཕྱིས་སུ་ཁོང་ཨ་ཁུ་དམུ་དགེ་བསམ་གཏན་ཚང་སོགས་ལ་གནངས་པས་རང་རེའི་ཡིག་གཟུགས་རིག་གནས་རྒྱུན་འཛིན་གྱི་ཐད་ལ་ཕན་ཐོགས་རྒྱ་ཆེན་པོ་བྱུང་ཡོད་པ་ནི་ད་ལྟའི་དུས་སུའང་རང་རེ་རྣམས་ལ་མྱོང་གྲུབ་ཏུ་བཞུགས་ཡོད་པ་འདི་ལགས་སོ། །

འདི་སྐབས་ཤིག་ཁོང་ཉིད་དང་རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ་རྣམ་གཉིས་དགེ་རྒན་གཅིག་གི་དགེ་ཕྲུག་ཡིན་པ་སོགས་ཀྱིས་ཐུགས་སྣང་ཧ་ཅང་མཐུན་པོ་བྱུང་བས་གྲོགས་བཟང་བོ་སྨན་གྱི་ལྗོན་ཤིང་གི་དཔེར་སོང་བས་ཆོས་ལྡན་གྱི་བགྱི་བ་སྤྱི་དང་ཁྱད་པར་དུ་རྩོད་རིགས་རྣམ་དཔྱོད་སོགས་ཀྱི་ཡོན་ཏན་ཡར་ངོའི་ཟླ་བའི་འཕེལ་ཁ་བཞིན་དུ་གོང་ནས་གོང་དུ་འཕེལ་བ་བྱུང་བའི་སྐབས་ཙམ་ན།   དགེ་བཤེས་ཤེས་རབ་རྒྱ་མཚོ་བ་ནི་བླ་བྲང་དྲུང་ཡིག་ལ་བསྐོ་བཞག་གནངས། དེ་བས་དགེ་བཤེས་ཁོང་གིས་དྲུང་ཡིག་གི་འགན་བཞེས་ན་སློབ་གཉེར་ལ་གནོད་པར་དོགས་ནས་ལྷ་སར་ཕེབས་རྩིས་མཛད། སྐབས་དེར་ཁོང་རྣམ་གཉིས་ཀྱིས་གསང་གྲོས་བྱས་ཏེ་ཀུན་མཁྱེན་གསུང་འབྱོན་མའི་མདུན་དུ་བསྟན་པ་རིན་པོ་ཆེ་འཕེལ་རྒྱས་ཀྱི་སླད་དུ་རྣམ་གཉིས་ཀྱིས་བརྩོན་པ་ལྷོད་མེད་གནང་རྒྱུར་ཐུགས་སྨོན་ནན་ཏན་ལྷན་ཏུ་གནངས་ནས་ཞལ་གྱེས།

 དགུང་ལོ་བཅུ་དགུ་བཞེས་པ་རབ་བྱུང་བཅོ་ལྔ་བའི་མེ་ལུག་སྟེ་སྤྱི་ལོ༡༩༠༧ལོ་ནས་བཟུང་སྟེ་གཞུང་གོང་ཞོལ་དང་སྐབས་དང་པོ།  སྐབས་བཞི་བའི་འཛིན་གྲྭ་སོགས་ཀྱི་སྐབས་ལོ་ལྟར་འཛིན་གྲྭ་ཡར་མར་ལ་གཏུགས་པ་དང་། མཚན་ཕུད་དམ་བཅའ་སོགས་ཀྱི་སྐབས་ནམ་ཡིན་ལ་རྒྱན་དྲུག་མཆོག་གཉིས་ལྷན་འཛོམས་ཀྱིས་རྩོད་པའི་གྲས་སུ་ཞུགས་པ་ལྟ་བུའི་རྩོད་པ་གནང་བས་གཟུར་གནས་མཁས་པ་ཡོངས་ཀྱིས་བསྔགས་བརྗོད་ཀྱི་མེ་ཏོག་ཕུལ།

དགུང་ལོ་ཉི་ཤུ་བཞེས་པ་བོད་རབ་བྱུང་བཅོ་ལྔ་བའི་ས་སྤྲེལ་ཏེ་སྤྱི་ལོ༡༩༠༨ལོར་སྒོ་མང་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་མཆོག་ལས་ཚིགས་ཕྱི་མ་བསྙེན་རྫོགས་ཀྱི་སྡོམ་པ་ཡང་དག་པར་བཞེས། མཚན་ལ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་ཞེས་གསོལ།

དགུང་ལོ་ཉེར་གསུམ་བཞེས་པ་བོད་རབ་བྱུང་བཅོ་ལྔ་བའི་ལྕགས་ཕག་སྟེ་སྤྱི་ལོ༡༩༡༡ལོའི་ཧོར་ཟླ་བཅུ་གཅིག་པའི་ཕར་ཕྱིན་སྟོན་མོའི་དམ་བཅའི་སྐབས་སུ་འཛིན་གྲྭ་བཅུ་གསུམ་པོ་སོ་སོ་ལ་ཕེབས་ནས་དམ་བཅའ་གནངས་པས་རྒྱ་བོད་ཀྱི་གཞུང་ཆེན་མོ་གང་ནས་དྲི་བ་འདོན་པ་དང་། ཕར་ཚད་ཀྱི་རྟགས་གསལ་གང་འཕངས་ཀྱང་ལན་ཐོགས་མེད་དུ་ཕུལ་ཏེ་བློ་རབ་འབྲིང་ཡོངས་ལ་བློ་བསྐྱེད་བླ་ལྷག་ཏུ་བྱིན་པས་མཁས་མང་འདུས་པ་རྒྱ་མཚོས་རྗེ་ཉིད་ཀྱི་མཁྱེན་རབ་དང་རྣམ་དཔྱོད་ལ་རྗེས་སུ་ཡི་རངས་པའི་མེ་ཏོག་བར་མེད་དུ་སྟོར།  འདི་ལོ་ནས་བཟུང་ལོ་ངོ་གཉིས་ཀྱི་རིང་དབུ་མའི་གཞུང་ལ་ཐོས་བསམ་གྱི་འཇུག་པ་ཆིག་དྲིལ་གྱིས་གསན་སྦྱོང་བླ་ན་མེད་པ་མཛད།

དགུང་ལོ་ཉེར་ལྔ་བཞེས་པ་བོད་རབ་བྱུང་བཅོ་ལྔ་བའི་ཆུ་མོ་གླང་སྟེ་སྤྱི་ལོ༡༩༡༣ལོའི་ལོ་སྨད་ཙམ་ནས་མཛོད་རྩ་སྡོམ་གཉིས་ཐུགས་འཛིན་ཡོད་པ་གཞིར་བྱས། ཁོང་ཨ་ཁུ་བློ་གྲོས་ཚང་ལ་མཛོད་མཐའ་དཔྱོད་དང་། འབྲེལ་ཡོད་ཀྱི་ཡིག་ཆ་སྣ་ཚོགས་གུང་བསྒྲིགས་ཤིང་། ཨ་ཁུ་བློ་གྲོས་ཚང་གི་མཛོད་སོགས་ཀྱི་དཔེ་ཁྲིད་ནན་གྱིས་ཞུས་ཏེ་ཁྲིད་པའི་སྟེང་དུ་ཁྱབ་མཐའ་སྣ་ཚོགས་ལ་བྱང་ཆུབ་པར་མཛད་ནས་མངོན་པ་མཛོད་ཀྱི་རིགས་པའི་རྣམ་བཞག་ལ་གཞན་དྲིང་མི་འཇོག་པའི་ནང་བྱན་ཆུད་པར་བྱས།  དེ་མིན་ཁོང་ཨ་ཁུ་བློ་གྲོས་ཚང་ལ་སྔགས་ཕྱོགས་ཀྱི་དཔེ་ཁྲིད་མང་བོའང་ཞུས།  

 དགུང་ལོ་ཉེར་དྲུག་བཞེས་པ་བོད་རབ་བྱུང་བཅོ་ལྔ་བའི་ཤིང་སྟག་སྟེ་སྤྱི་ལོ༡༩༡༤ལོར་ཁོང་གིས་ཞལ་ཤུལ་ངག་དབང་བསྟན་པའི་རྒྱ་མཚོའི་དངོས་སློབ་ངག་དབང་དབྱིག་གཉེན་ཞུ་བ་ཁོང་བླ་བྲང་དུ་ཆེད་ཞུས་ཀྱིས་ཐ་སྙད་གཙུག་ལག་སྤྱི་དང་ཁྱད་པར་དུ་རྩིས་དཀར་ནག ཞག་གསུམ་ལྔ་བསྡུས།  སྒྲ་གཅན་སྐོར།   ཞག་གསུམ་གྱི་གཟའ་ལྔ།  ཞག་གསུམ།   སྟོང་འཇུག  རེའུ་མིག་སྦྱོར་གྲོལ་གྱི་ཚུལ།   དབྱངས་འཆར་གྱི་ཚེས་རྩིས་ཕྲ་རགས་གཉིས་ཞལ་ཤེས་ཅན་གྱི་རི་མོ་སྒྲུབ་ཚུལ།  དུས་སྦྱོར་རགས་པ་ཕྲ་བ་ཤིན་ཏུ་ཕྲ་བའི་རི་མོ་སྤེལ་ཚུལ་དང་དེའི་སྐོར་གྱི་ལོ་འཁོར་དྲུག་ཅུ་རྩ་བཞིའི་ཞལ་ཤེས་དང་བཅས་པ།  སྒྲ་གཅན་ཐུན་ཡིད།   ཟླ་སྙིགས།  རྐང་བརྒྱ་སོགས་དབྱངས་འཆར་ཀྱི་སྐོར་དང་།  རྒྱ་ནག་གསེར་རྩིས་ཀྱི་ཉི་འཛིན།  ཟླ་འཛིན། རྒྱ་བོད་ཀྱི་ལི་ཐོ་རྒྱས་འབྲིང་བསྡུས་གསུམ་སྤེལ་ཚུལ།  ནག་རྩིས་གོང་གསལ་རྣམས་ཀྱི་མན་ངག་ཞལ་ཤེས་མཐའ་དག་ལ་ཞིབ་སྦྱངས་མཛད་མཐར་ཧོར་ཟླ་དང་པོའི་ཚེས་གསུམ་ཉིན་འགོ་བརྩམས་ཏེ་མ་ཧཱ་ཙི་ནའི་རྩིས་རིག་དགེ་ལྡན་མཁས་དབང་ཡོངས་ཀྱིས་ཕྱག་རྒྱུན་དུ་བསྟར་བའི་རྡེལ་འགྲེམ་འཐོར་བསྡུས་རྒྱས་འདྲིལ་དུ་བཀོད་པ་དཔྱོད་ལྡན་སྤྱི་ནོར་འདོད་དགུ་འཇོ་བའི་དཔག་བསམ་ལྗོན་ཤིང་ཞེས་བྱ་བ་སྦྱར་བའི་མཛད་ཁུར་རྒྱ་ཆེན་པོ་བསྐྱངས་པས་བཀྲ་ཤིས་འཁྱིལ་གྱི་དགེ་བཤེས་མང་བོས་ཀྱང་བསྔགས་བརྗོད་རྒྱ་ཆེན་པོ་དང་བཅས། རྩིས་གཞུང་འདི་ནི་འཁྲུགས་པ་བསྡེབས་པ་དང་། འཐོར་བ་བསྡུས་པ།   མི་གསལ་བ་གསལ་བར་སྟོན་པ་སོགས་ཀྱི་ཁྱད་པར་ཆེན་པོ་དང་ལྡན་པར་གསུངས་པས་བླ་བྲང་བཀྲ་ཤིས་འཁྱིལ་དགོན་གཞུང་ནས་ཤིང་དཔར་ལ་བཏབ་སྟེ་འཕྲིན་ལས་རྒྱ་ཆེར་རྒྱས་ཤིང་། དེང་གི་ཆར་ཡང་བླ་བྲང་བཀྲ་ཤིས་འཁྱིལ་དགོན་མ་ལག་དང་བཅས་པ་ཙམ་དུ་མ་ཟད། རྒྱལ་ཁབ་ཕྱི་ནང་ཀུན་ཏུ་རིས་སུ་མ་ཆད་པའི་གྲུབ་མཐའ་སྤྱིའི་ཁྲོད་ན་འཕྲིན་ལས་ཀྱི་འཇུག་པ་རྒྱ་ཆེར་འཕེལ་བཞིན་ཡོད་པ་འདི་ལྟར་ལགས་སོ། །

   གཞན་ཡང་གོ་ཐོས་ལྟར་ན། ངེས་དོན་གྱི་དགེ་བའི་བཤེས་གཉེན་ཆེན་པོ༧རྗེ་ལཱ་མོ་བློ་བཟང་བསྟན་པ་ཚང་ནི་ཁོང་དང་དུས་ཐོག་མཉམ་པས་སྐུ་འདྲིས་ཡོད་པས་ཁོང་ཉིད་ཡུལ་བྱང་རྒྱུད་ནས་ཕྱིར་བླ་བྲང་དུ་ཕེབས་ཏེ་གདན་སའི་ཆོས་གྲྭར་ཕེབས་སྐབས་ཤིག་རྗེ་འདི་བས་མཛོད་ཀྱི་དཀའ་གནད་ལས་བརྩམས་པའི་དོགས་པ་མང་དུ་ཞུས་པར་ཁོང་ཨ་ཁུ་བློ་བཟང་བསྟན་པ་ཚང་གིས་དཀའ་གནད་ཀྱི་མདུད་པ་རྗེན་པར་བཀྲོལ་བའི་བཀའ་ལན་མང་དུ་བསྩལ་བས་བཤེས་གཉེན་དམ་པ་འདི་བའི་ཐུགས་རང་དབང་མེད་པར་ཕྲོགསཔས། ཁོང་གི་ཞལ་ནས། དངོས་གནས་ཡ་མཚར་རེད། ཁོང་ཨ་ཁུ་བློ་བཟང་བསྟན་པ་ཚང་འདི་བ་མཛོད་གཉིས་པའི་སྐབས་ཙམ་ལ་བྱང་རྒྱུད་དུ་ཕེབས་སོང་བས་མཛོད་ལ་གཟིགས་རྟོག་དེ་འདྲ་གནངས་ཡོད་རྒྱུ་མ་རེད་བསམ་སོང་། ཁོང་རང་ཉིད་ཡིན་ན་དབུ་མ་རྙིང་བའི་སྐབས་ནས་མཛོད་ཀྱི་ཁྱབ་མཐའ་སོགས་ལ་ཞིབ་སྦྱངས་བྱས་པ་ཡིན་མོད། འོན་ཀྱང་དགེ་བཤེས་ཁོང་གི་རྣམ་དཔྱོད་ཁྱད་དུ་འཕགས་པས་འགྲན་གྱི་དོ་མེད་རེད་འདུག་ཅེས་སོགས་གསུངས་པར་དགེ་བཤེས་རྒན་པ་དག་གི་གསུང་ལས་དངོས་སུ་ཐོས་ལ། ཚུལ་འདི་བཞིན་ཕྲན་གྱིས་བྲིས་པའི་༧རྗེ་ལཱ་མོ་བློ་བཟང་བསྟན་པ་ཚང་གི་རྣམ་པར་ཐར་པ་ཡིད་ཆེས་དད་པའི་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ་ཞེས་པའི་ནང་དུ་ཞིབ་པར་བྲིས་ཡོད། གནད་འདི་དག་ལ་དཔག་ན། ཇི་སྐད་དུ། མཁས་པ་མཁས་པའི་དྲུང་ན་མཛེས་ཞེས་པའི་དོན་དེ་ཀ་རང་དུ་འདུག་པར་སྙམ་མོ། །

དགུང་གྲངས་ཉེར་དགུ་བཞེས་པ་བོད་རབ་བྱུང་བཅོ་ལྔ་བའི་མེ་སྦྲུལ་ཏེ་སྤྱི་ལོ༡༩༡༧ལོར་ཚོགས་ཆེན་ཁྲི་བས་རྡོ་རམས་པར་ཚེགས་འཛུགས་གནངས་བྱུང་བ་ལྟར་བཞུགས་ཏེ་རྡོ་རམས་པའི་དམ་བཅའ་གནང་རག་བར་དུ་ཆོས་གྲྭར་ཆག་མེད་དུ་ཕེབས་པས་གྲྭ་ཚང་རིན་པོ་ཆེའི་འཆད་ཉན་བཤད་སྒྲུབ་ཀྱི་ཐད་ལ་སྔ་ན་མེད་པའི་ཕན་རླབས་རྒྱ་ཆེན་པོ་བསྐྲུན། དེ་ནས་བཟུང་སྟེ་རྗེ་གུང་ཐང་བློ་གྲོས་ཚང་ལ་ཆེད་གཉེར་གྱིས་ཀུན་མཁྱེན་བླ་མའི་འདུལ་བའི་མཐའ་དཔྱོད་དང་། འཇམ་པའི་དབྱངས་དཀོན་མཆོག་བསྟན་པའི་སྒྲོན་མེའི་འདུལ་སྡོམ་གྱི་དཔེ་ཁྲིད་སོགས་ཞུས་ཏེ་བསྟན་པའི་ནང་མཛོད་འདུལ་བའི་གཞུང་སོགས་ལ་སྦྱངས་ཤིང་བསླབ་གསུམ་ཡ་མ་བྲལ་བའི་སྒོ་ནས་བརྩོན་པ་ལྷོད་མེད་གནངས་པས་གཟུར་གནས་མཁས་པ་ཡོངས་ཀྱིས་བསྔགས་འོས་བསྔགས་པའི་ཡུལ་དུ་གྱུར་ཏོ། །

དགུང་ལོ་སོ་ལྔ་བཞེས་པ་བོད་རབ་བྱུང་བཅོ་ལྔ་བའི་ཆུ་ཕག་སྟེ་སྤྱི་ལོ༡༩༢༣ལོར་མཁས་དབང་དགེ་འདུན་ཆོས་འཕེལ་གཙོས་རིགས་པ་སྨྲ་བ་དུ་མས་ཞབས་རྡུལ་སྤྱི་བོས་བསྟེན།

དགུང་ལོ་སོ་དྲུག་བཞེས་པ་བོད་རབ་བྱུང་བཅོ་ལྔ་བའི་ཤིང་བྱི་སྟེ་སྤྱི་ལོ༡༩༢༤ལོར་འཇམ་པའི་དབྱངས་དཀོན་མཆོག་བསྟན་པའི་སྒྲོན་མེའི་འདུལ་སྡོམ་གྱི་སྤང་ལྟུང་ཡན་གྱི་འགྲེལ་བ་བརྩམས་གྲུབ་པར་མཛད་པའང་སྐལ་བཟང་བྱེ་བའི་མིག་འབྱེད་གཅིག་པུར་ངེས་སོ།།

དགུང་ལོ་སོ་བདུན་བཞེས་པ་བོད་རབ་བྱུང་བཅོ་ལྔ་བའི་ཤིང་གླང་སྟེ་སྤྱི་ལོ༡༩༢༥ལོར་ཕྱག་ཡུལ་སྒྱིས་ཚང་དགོན་པས་གདན་ཞུས་ལྟར་ཕེབས་ཏེ་གཞི་གསུམ་ཆོ་ག་དང་། ལམ་རིམ་འཇམ་དཔལ་ཞལ་ལུང་།  རྩིས་སྐར་ནག་སོགས་ཀྱི་དཔེ་ཁྲིད་རྒྱ་ཆེར་གནངས། སྐབས་དེར་སྒྱིས་ཚང་གྲྭ་མང་འདུས་སྤྱི་ཐུན་མོང་གིས་ནན་ཞུས་ལྟར་སྒྱིས་ཚང་དགོན་པའི་བཅའ་ཡིག་ལྷག་བསམ་ཟླ་བའི་རང་མདངས་ཞེས་བྱ་བའང་བརྩམས།

དགུང་ལོ་སོ་དགུ་བཞེས་པ་བོད་རབ་བྱུང་བཅུ་དྲུག་པའི་མེ་ཡོས་ཏེ་སྤྱི་ལོ༡༩༢༧ལོར་བླ་བྲང་ཚོགས་ཆེན་ཞལ་ངོར་བཞུགས་སྐབས་སུ་ཕྱི་ནང་གི་བར་ཆད་ཉེར་འཚེ་རུ་འཛིངས་པ་ལྟ་བུས་ཉེ་བར་གཙེས་ཀྱང་རྗེ་ཉིད་ལ་བག་ཚ་བ་ཅི་ཡང་མ་བྱུང་བ་སོགས་ཀྱི་རྣམ་ཐར་ཤིན་ཏུ་མང་།

དགུང་ལོ་བཞི་བཅུ་བཞེས་པ་བོད་རབ་བྱུང་བཅུ་དྲུག་པའི་ས་འབྲུག་སྟེ་སྤྱི་ལོ༡༩༢༨་ལོའི་ཧོར་ཟླ་བཅུ་གཉིས་པའི་ཚེས་ཉེར་དགུའི་ཉིན་ཡོངས་ཀྱི་དགེ་བའིབཤེས་གཉེན་ཆེན་པོ༧རྗེ་གུང་ཐང་བློ་གྲོས་རྒྱ་མཚོ་མཆོག་བླ་བྲང་མཆོད་རྟེན་ས་སྒང་དུ་མཱ་ཡུན་ཀྲུང་གི་དམག་གིས་བགྲོངས་པའི་སྐབས་གདུང་རྫོགས་སོགས་རྒྱ་ཆེན་བསྒྲུབས་པར་མ་ཟད། སྐུ་གདུང་ལས་བབས་པའི་བདུད་རྩིའི་ཐིགས་པའང་ཧུབ་ཀྱིས་བཞེས་པས་ཉམས་རྟོགས་ལྷག་པར་རྒྱས་པ་སོགས་ཀྱི་རྣམ་ཐར་རྨད་དུ་བྱུང་།

དགུང་ལོ་ཞེ་གཉིས་བཞེས་པ་བོད་རབ་བྱུང་བཅུ་དྲུག་པའི་ལྕགས་རྟ་སྟེ་སྤྱི་ལོ༡༩༣༠ལོར་མཁས་མང་འདུས་པ་འབུམ་སྡེའི་བསྟི་གནས་རྨད་བྱུང་ཐོས་བསམ་གླིང་དུ་གཞུང་ཆེན་བཀའ་པོཏ་ལྔར་རྡོ་གཅལ་རབ་འབྱམས་པའི་དམ་བཅའ་བཞེས་པས་མཁས་པའི་གྲགས་པས་ཕྱོགས་ཀྱི་ཁོར་ཡུག་ཀུན་ཏུ་ཁྱབ་པ་བྱུང་།

དགུང་ལོ་ཞེ་བཞི་བཞེས་པ་བོད་རབ་བྱུང་བཅུ་དྲུག་པའི་ཆུ་སྤྲེལ་ཏེ་སྤྱི་ལོ༡༩༣༢ལོར་གསང་ཆེན་རིག་པ་འཛིན་པ་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་རིག་པ་འཛིན་པ་བརྒྱ་ཕྲག་མང་བོའི་དབུས་སུ་གསང་ཆེན་སྔགས་རམས་པའི་དམ་བཅའ་བཞག་པས་མདོ་སྔགས་རིག་གནས་དང་བཅས་པ་ཀུན་ལ་གཞན་དྲིང་མི་འཇོག་པའི་མཁས་པའི་རྒྱལ་ཐབས་རྙེད་པའི་དན་རྟགས་མངོན་དུ་གྱུར། འདི་སྐབས་ཤིག་ཅོ་ནེ་སྟག་ཚང་དགོན་ལ་ཆེད་དུ་ཕེབས་ནས་སྨོན་ལམ་གསར་དུ་བཙུགས་པ་དང་དུས་མཚུངས་སུ་བསེ་བསྡུས་གྲྭ་སོགས་ཁྲིད་པས་བློ་གསལ་གཞོན་ནུ་མང་བོ་འཕེལ་རྒྱས་བྱུང་།

དགུང་ལོ་ཞེ་བདུན་བཞེས་པ་བོད་རབ་བྱུང་བཅུ་དྲུག་པའི་ཤིང་ཕག་སྟེ་སྤྱི་ལོ༡༩༣༥ལོར་དགེ་ལྡན་སྙན་བརྒྱུད་ཀྱི་གདམས་པའི་གཏེར་མཛོད་ཆེན་པོ་ཐུབ་བསྟན་ཡོངས་ཀྱི་མངའ་བདག་ཁོང་ཨ་ལགས་བླ་ཁོ་རིན་པོ་ཆེ༧རྗེ་བཙུན་འཇིགས་མེད་འཕྲིན་ལས་རྒྱ་མཚོ་དཔལ་བཟང་བོ་མཆོག་ལ་ཐུའུ་བཀྭན་གསུང་གི་མཁའ་སྤྱོད་མའི་ཆོས་སྐོར་དང་། མཁའ་སྤྱོད་མའི་བེའུ་བུམ་གྱི་ལུང་། མདོ་སྡེ་བསྐལ་བ་བཟང་བོ། རྒྱ་ཆེར་རོལ་བའི་མདོ་བཅས་ཀྱི་ལྗགས་ལུང་དངོས་སུ་ཞུས་ཤིང་གསུང་གི་བདུད་རྩི་མྱོང་བའི་སྐལ་བཟང་མངོན་དུ་གྱུར་པ་ནི་བསྟན་པ་རིན་པོ་ཆེའི་མཛེས་རྒྱན་བླ་ན་མེད་པ་ཡིན་པར་རྗེས་དཔྱོད་ཀྱི་རིག་པས་ངེས་སོ། །

དགུང་ལོ་ཞེ་བརྒྱད་བཞེས་པ་བོད་རབ་བྱུང་བཅོ་དྲུག་པའི་མེ་བྱི་སྟེ་སྤྱི་ལོ༡༩༣༦ལོར་ཀུན་གཟིགས་པཎ་ཆེན་དགུ་བ་ཆེན་པོ༧རྗེ་བཙུན་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ་དཔལ་བཟང་བོ་མཆོག་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཆིབས་བསྒྱུར་མཛད་སྐབས་གཞུང་གིས་བཀོད་སྒྲིག་ལྟར་ཆིབས་བསུར་ཕེབས།  དེ་ནས་རང་ཤག་ཏུ་སླེབས་ཏེ་ཅུང་ཙམ་བཞུགས་སྐབས་ཕྱག་མཛོད་མཁན་པོ་གློ་བུར་དུ་ཐོན་ནས་ཁྱེད་རང་མྱུར་ཏུ་ཆོས་གྲྭའི་ནང་དུ་ཕེབས་ནས་ཀུན་གཟིགས་པཎ་རིན་པོ་ཆེ་མཆོག་གི་མདུན་དུ་རྒན་གྱའི་མི་ཕྲུག་དང་ལྷན་ཏུ་ཚོགས་གླེང་དམ་བཅའ་ཚུགས་དགོས་ཚུལ་སྐོར་གྱི་བཀའ་གསུང་ཕེབས།  དེ་བས་ཀུན་གཟིགས་པཎ་ཆེན་སྣང་བ་མཐའ་ཡས་མཆོག་གིས་སེར་སྐྱ་ཁྲི་ཕྲག་མང་བོར་ཕྱག་དབང་གནང་སའི་ཉེ་འཁོར་དུ་གསུང་རབ་རྒྱ་མཚོའི་དཀའ་གནད་ལས་འཕྲོས་པའི་དམ་བཅའ་བརྗིད་ཉམས་ཆེ་བ་ཚུགས་པས་ཀུན་གཟིགས་མཆོག་གི་ཐུགས་ཧ་ཅང་དགྱེས་པ་ཆེན་པོས་ཁོང་གི་སྐུ་པར་དང་། ཕྱག་མདུད་སེར་པོ། མཛོད་བཏགས་སྲིད་དུ་རིང་བ་བཅས་གནངས་ཏེ་ཕྱག་དབང་བསྩལ་པར་མ་ཟད། །  ཁོང་དང་ལྷན་ཏུ་བཀྲ་ཤིས་ལྷུན་པོར་ཡིག་ཆ་རྙིང་བ་བརྗེ་རྒྱུའི་སླད་དུ་ཕེབས་དགོས་ཚུལ་གྱི་བཀའ་གནངས་ཀྱང་སྐྱབས་མགོན་ཀུན་མཁྱེན་ལྔ་བ་ཆེན་པོ༧རྗེ་བཙུན་བློ་བཟང་ཡེ་ཤེས་བསྟན་པའི་རྒྱལ་མཚན་དཔལ་བཟང་བོ་མཆོག་དང་སྲིད་སྐྱོང་བློ་བཟང་ཚེ་དབང་རྣམ་གཉིས་ཀྱིས་ཐབས་མཁས་ལ་བརྟེན་ནས་ཕྱིས་སུ་དབུས་གཙང་དུ་སྐྱེལ་ཆོག་པས་གནས་སྐབས་ཕེབས་མི་དགོས་ཚུལ་ཞུ་གནང་མཛད། འདི་ལོར་ཡང་ཁོང་ཨ་ལགས་རིན་པོ་ཆེར་དུས་འཁོར་བསྐྱེད་རྫོགས་དང་། སྨད་རྒྱུད་ཁྲིད་ཆེན་བརྒྱད། འཇམ་དཔལ་ཞི་དྲག་གི་ཁྲིད། ཡི་གེ་བཞི་བའི་བསད་བཟློག འཇིགས་བྱེད་སེར་པོའི་ཚེ་ཁྲིད་སོགས་ཞུས།

དགུང་ལོ་ལྔ་བཅུ་བཞེས་པ་བོད་རབ་བྱུང་བཅུ་དྲུག་པའི་ས་སྟག་སྟེ་སྤྱི་ལོ༡༩༣༨ལོར་ཡང་ཁོང་ཨ་ལགས་བླ་ཁོ་རིན་པོ་ཆེ༧རྗེ་བཙུན་འཇིགས་མེད་འཕྲིན་ལས་རྒྱ་མཚོ་མཆོག་ལ་རིམ་ལྔ་གསལ་སྒྲོན་དང་། སྦྱིན་སྲེག་དངོས་གྲུབ་རྒྱ་མཚོ། ལམ་རིམ་ཆུང་ངུ་བཅས་ཀྱི་ཞལ་ལུང་ཞུས་པ་སོགས་དགེ་མཛད་ལེགས་བྱས་ཀྱིས་ཁོང་གི་མཚན་སྙན་སྲིད་པའི་རྩེ་མོར་བསྒྲེངས།

དགུང་ལོ་ང་གཅིག་བཞེས་པ་བོད་རབ་བྱུང་བཅུ་དྲུག་པའི་ས་ཡོས་ཏེ་སྤྱི་ལོ༡༩༣༩ལོར་ཁོང་གིས་ཐུ་མེད་བཀའ་འགྱུར་བ་འཇམ་དབྱངས་བཟོད་པ་ལས་བཀའ་འགྱུར་གྱི་ལུང་གསན་ཅིང་། རྒྱུད་སྟོད་འདུ་ཁང་གསར་བཞེངས་སྐབས་ཀྱི་གཟའ་སྐར་འཕྲོད་སྦྱོར་སྐོར་ལ་བརྟགས་པ་མཛད་པ་སོགས་ཀྱི་དགེ་མཚན་རྨད།  དུས་སྐབས་འདི་ཙམ་ལ་སྐུ་ཡུལ་སྒྱིས་ཚང་གི་བླ་གྲྭ་མང་བོར་ཕྱེ་མ་བརྡལ་སྤུངས་ཀྱི་སྟེང་ནས་ས་དཔྱད་ཀྱི་གཟབ་ཁྲིད་རྒྱས་པར་བསྩལ།

དགུང་ལོ་ང་གསུམ་བཞེས་པ་བོད་རབ་བྱུང་བཅུ་དྲུག་པའི་ལྕགས་སྦྲུལ་ཏེ་སྤྱི་ལོ༡༩༤༡ལོར་སྒྱིས་ཚང་དགོན་པར་ཕེབས་ནས་བདེ་གསང་འཇིགས་གསུམ་དང་། ཀུན་རིག   ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ། ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་སོགས་ཀྱི་དབང་དང་། མགོན་ཆོས་ལྔའི་རྗེས་གནང་། ཐ་འོག་ཆོས་རྒྱལ་གྱི་རྗེས་གནང་། ལམ་རིམ་བྱང་ཆུབ་བདེ་ལམ་གྱི་ཁྲིད། སྨྱུང་གནས་ཆོ་གའི་ལུང་།   སྨན་བླའི་མདོ་ཆོག་གི་ལུང་།  གནས་བཅུའི་ལུང་།  བྱམས་པའི་སྐུ་གཟུགས་མ་དང་། བྱམས་སྨོན་གྱི་ལུང་།  ཛམ་དཀར་ཆུ་སྦྱིན་གྱི་ལུང་སོགས་གནངས་པར་མ་ཟད། ཁོང་ཉིད་ཀྱིས་རྗེ་དགེ་ལེགས་མ་གསུང་འབྱོན་བྱིན་ཅན་ཞིག་ཡོད་པ་དགོན་པར་རྟེན་སྐལ་དུ་གནངས་པའི་བཀའ་དྲིན་ཟབ། དེར་མ་ཟད་ལོ་དེར༧རྗེ་དམུ་དགེ་བསམ་གཏན་མཆོག་གིས་ཁོང་ལ་ཆོས་འབྲེལ་དངོས་སུ་ཞུས་ཤིང་། བླ་བྲང་སྔགས་པ་གྲྭ་ཚང་གིས་ཆེད་ཞུས་ལྟར་རྟ་མགྲིན་ཆོས་སྐོར་གྱི་ལུང་དང་། སྒྲ། སྙན་ངག  རྩིས། ས་རིས།  སྲུང་འཁོར་གྱི་འདྲེན་རྒྱག་ཚུལ་སོགས་གང་ཞུས་རྣམས་གནངས། དེ་མིན་ཤིས་ཚང་སྒར་རྙིང་དགོན་དང་ལྷ་མོ་དགོན།  ཨ་ལ་དེའུ་མགོའི་དགོན།   སོག་པོའི་མདའ་ཚན་དགོན།    རྡོ་དཀར་དགོན།  ཙ་ཡུས་དགོན།   ཤོ་བ་ཁང་ཐོག་སྟོད་སྨད།  སྒྱིས་ཚང་སྤང་རི་དགོན།   ཅོ་ནེ་སྟག་ཚང་དགོན་སོགས་ལ་ཕེབས་ཏེ་དབང་ལུང་མན་ངག་གི་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། ཁྱད་པར་དུ་འདི་ལོར་སྐྱབས་མགོན་ཀུན་མཁྱེན་སྐུ་ཕྲེང་ལྔ་བ་ཆེན་པོ༧རྗེ་བཙུན་བློ་བཟང་ཡེ་ཤེས་བསྟན་པའི་རྒྱལ་མཚན་མཆོག་གིས་དབུས་འགྱུར་ལྷ་ལྡན་ཞིང་ནས་ཕར་ཕྱིན་སྟོན་མོའི་མཛད་སྒོ་གྲུབ་སྟེ་ཨ་མདོར་ཕེབས་སྐབས་བོད་ཟླ་དྲུག་པའི་ཚེས་བཅུ་གཅིག་ཉིན་བསང་གི་སྒྲོག་ཆེན་མདོར་བླ་བྲང་གཞུང་གིས་ཐབ་བསུ་རྒྱ་ཆེན་པོ་བསྟར་བའི་ཚོགས་གུར་ཆེན་མོའི་ནང་དུ་རྗེ་འདི་ཉིད་གློ་བུར་དུ་གདན་དྲངས་སྐབས།  བླ་བྲང་གཞུང་གིས་བཀའ་བབས་པ་ལྟར་སེར་སྐྱ་མི་དྲག་ཡོངས་ཀྱི་དབུས་སུ་གཞུང་བརྒྱ་སྨྲ་བའི་བཤེས་གཉེན་ཆེན་པོ་ཨ་མཆོག་གསུང་རབ་ཚང་དང་ཁོང་རྣམ་གཉིས་ཀྱིས་ལེགས་གསུང་བཅུ་ལྡན་གྱི་ཐེག་པ་ཆེ་ཆུང་གི་བཀའ་ཐམས་ཅད་འཁོར་ལོ་གསུམ་གྱི་ནང་དུ་འདུ་མི་འདུ་དང་།  སྐབས་བརྒྱད་པར་འཕྲིན་ལས་ཡེ་ཤེས་ཆོས་སྐུ་དང་སྦྱར་བ་འཕྲིན་ལས་ཉེར་བདུན་པོ་ཡེ་ཤེས་ཆོས་སྐུའི་བདག་རྐྱེན་ལས་བྱུང་བར་ཤེས་པའི་ཆེད་ཡིན་མིན་གྱི་བགྲོ་གླེང་བྱས་པའི་ཚུལ་ཀུན་མཁྱེན་རྣམ་ཐར་ལས་གསུངས་པ་ལྟར་ལ། དོན་དུའང་ངེས་པ་དོན་གྱི་དགེ་བའི་བཤེས་གཉེན་ཆེན་པོའི་རང་རྟགས་ཁྱད་དུ་འཕགས་པ་མངའ་བར་ཡི་རངས་ཐོབ་ཅེས་དེང་དུས་སྐུ་འཚོ་ཞིང་གཞེས་པའི་སྐྱེས་བུ་དམ་པའི་ཞལ་ལས་དངོས་སུ་ཐོས་ལ། འདིའི་སྐབས་ནི་ཨ་མདོ་བཀྲ་ཤིས་སྒོ་མང་དུ་མཁས་གྲུབ་སྟོང་ཕྲག་དུ་མ་གདན་འཛོམས་པའི་དུས་སུ་འཁེལ་ནའང་ཁོང་གི་མཁས་གྲགས་ཀྱིས་ས་སྟེང་ཁྱབ་བཞིན་ཡོད་པས་སྐྱབས་མགོན་ཀུན་མཁྱེན་བསྟན་པའི་རྒྱལ་མཚན་མཆོག་གིས་བྲག་སྒོམ་པའི་དགེ་རྒན་དུ་བསྐོ་བཞག་གནངས་པ་ལྟར་དམ་པ་དེ་ཉིད་སྨན་གྱི་མྱུ་གུ་བཞིན་དུ་བསྐྱངས།

དགུང་ལོ་ང་བཞི་བཞེས་པ་བོད་རབ་བྱུང་བཅུ་དྲུག་པའི་ཆུ་རྟ་སྟེ་སྤྱི་ལོ༡༩༤༢ལོར་དོན་གཉེར་ཅན་གྱི་སློབ་བུ་མང་བོས་ཆེད་ཞུས་ལྟར་འཇམ་དབྱངས་བླ་མ་དཀོན་མཆོག་བསྟན་པའི་སྒྲོན་མེའི་འདུལ་སྡོམ་གྱི་དགོངས་འགྲེལ་ཀུན་བཟང་ཞིང་གི་ཉི་མ་གཞན་ཕན་སྣང་བའི་མཛོད་ཅེས་པ་དེ་ཉིད་ཡོངས་སུ་རྫོགས་པར་བརྩམས།

དགུང་ལོ་ང་ལྔ་བཞེས་པ་བོད་རབ་བྱུང་བཅུ་དྲུག་པའི་ཆུ་ལུག་སྟེ་སྤྱི་ལོ༡༩༤༣ལོ་ཡས་མས་ཙམ་ལ་ཤིང་བཟའ་སྐལ་བཟང་སོགས་ལ་ལཉྩདང་ཝརྟུ། གསོ་རིག་དང་རྒྱུད་ཆུང་གསུམ། སྒྲ། སྙན་ངག མངོན་བརྗོད་སོགས་ཁྲིད་པས་བསྟན་པ་རིན་པོ་ཆེར་མཛད་རྗེས་བསྐྲུན།

དགུང་ལོ་ང་དྲུག་བཞེས་པ་བོད་རབ་བྱུང་བཅུ་དྲུག་པའི་ཤིང་སྤྲེལ་ཏེ་སྤྱི་ལོ༡༩༤༤ལོར་རྡོ་སྦིས་བསེ་ཆང་དགོན་པའི་ཁྲི་བར་བཞུགས་ཏེ་ཆོས་སྲིད་ལུགས་གཉིས་ཀྱི་ཆ་ནས་སྐྱོང་བཀུར་བླ་མེད་མཛད། དེར་མ་ཟད་འདི་ལོར་ལྷ་མོའི་གསེར་ཁྲི་སྐུ་ཕྲེང་ལྔ་བ་མཆོག་ལ་དགེ་བསྙེན་དང་བར་མ་རབ་བྱུང་དགེ་ཚུལ་རྣམས་དཀྱུས་གཅིག་ཏུ་བསྒྲུབས་ཏེ་མཚན་ལ་བློ་བཟང་རྣམ་རྒྱལ་ལུང་རིགས་སེང་གེ་ཞེས་གསོལ་ཅིང་།བསྡུས་གྲྭའི་རིགས་འཕྲུལ་དཔྱིད་ཀྱི་ཕོ་ཉ་ཞེས་པའི་ལེགས་བཤད་ཁྱད་དུ་འཕགས་པ་དེ་ཉིད་སྤྲུལ་སྐུའི་སློབ་སྦྱོང་གི་རྟེན་དུ་བརྩམས་གནང་མཛད་པ་ཡང་བློ་གསལ་གཞོན་ནུ་རྣམས་རིགས་པའི་གར་དུ་རྩེན་པའི་རྒྱུ་རྐྱེན་འབའ་ཞིག་ཏུ་གྱུར་ཡོད་པ་འདི་ལགས་སོ།།

དགུང་ལོ་ང་བདུན་བཞེས་པ་བོད་རབ་བྱུང་བཅུ་དྲུག་པའི་ཤིང་བྱ་སྟེ་སྤྱི་ལོ༡༩༤༥ལོར་ཡོངས་འཛིན་དཀོན་མཆོག་བསམ་གྲུབ་ཚང་དང་ཐུགས་སྣང་ཤིན་ཏུ་མཐུན་པས་ཁོང་རྣམ་གཉིས་ཀྱིས་གྲོས་བྱས་ཏེ་ཁོང་ཨ་ལགས་བླ་ཁོ་རིན་པོ་ཆེའི་སྐུ་མདུན་དུ་ཕེབས་ཏེ་གསུང་འབུམ་མང་བོའི་ལུང་ཞུས་ཚེ།   ཞལ་སྔ་ནས་ཀྱིས་ད་ནི་ཁོ་བོ་རྒས་པས་ནོན་ནས་འདོན་མི་ཐུབ་ཀྱང་རྣམ་གཉིས་ལ་གལ་ཆེ་བས་ཁོ་བོའི་སློབ་མ་བདེ་ཐང་མཁན་སྤྲུལ་ཚང་ལ་བཅོལ་ཆོག་གསུངས་ཏེ་ཕྱག་ཡིག་དང་ཁ་བཏགས་བཅས་གནང་སྟེ་དེར་བཏང་།  དེ་ནས་ཁོང་རྣམ་གཉིས་བདེ་ཐང་མཁན་སྤྲུལ་ཚང༧རྗེ་བཙུན་བློ་བཟང་ཆོས་ཀྱི་ཉི་མ་གཞན་ཕན་འཕྲིན་ལས་དགེ་ལེགས་རྒྱ་མཚོའི་མདུན་དུ་ཕེབས་ཏེ་སྙན་གསན་ཕུལ་ནས་གསུང་འབུམ་ཉི་ཤུ་ལྷག་གི་ལུང་ཞུས་པས་ཨ་ལགས་རིན་པོ་ཆེའི་བཀའ་ནན་ལྟར་བདེ་ཐང་མཁན་པོ་ཚང་གིས་དགེ་བའི་བཤེས་གཉེན་རྣམ་གཉིས་གཙོས་བུ་སློབ་མང་བོ་ལ་དབང་ལུང་མན་ངག་བུམ་བ་གང་བྱོའི་ཚུལ་དུ་སྩོལ་བར་ཞལ་བཞེས་གནངས་པས་བསྟན་པ་རིན་པོ་ཆེའི་རྨང་གཞི་བརྟན་པོར་ཚུགས་པའི་བཀའ་དྲིན་གསབ་ཐབས་བྲལ།

དགུང་ལོ་ང་བརྒྱད་བཞེས་པ་བོད་རབ་བྱུང་བཅུ་དྲུག་པའི་མེ་ཁྱི་སྟེ་སྤྱི་ལོ༡༩༤༦ལོར་རྗེ་ཉིད་མཛོད་དགེ་བྱམས་མེ་དགོན་དུ་གདན་དྲངས་ཏེ་དབྱར་བཞུགས་གནངས་ཤིང་།   བྱམས་མེ་དཔོན་བླ་སྐུ་ཕྲེང་བཞི་བར་དགེ་བསྙེན་དང་། རབ་བྱུང་བར་མའི་ཚུལ་ཁྲིམས། ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་བཅས་བསྩལ་ཏེ་མཚན་ལ་བློ་བཟང་འཇིགས་མེད་བསྟན་པའི་ཉི་མར་གསོལ།  དེ་མིན་ཨ་ཁུ་སྨད་སོག་བསོད་ནམས་ཚང་སོགས་ལ་བསྙེན་རྫོགས་སྒྲུབ་གནང་མཛད་ཅིང་། ཞོར་དུ་བདེ་གསང་འཇིགས་གསུམ་གྱི་དབང་སོགས་རྗེས་ལུང་མན་ངག་མང་པོ་རྒྱ་ཆེར་གནངས། འདི་སྐབས་ཤིག་རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོས་པེ་ཅིན་ནས་སྤྱན་ཤེལ་ཞིག་ལེགས་སྐྱེས་སུ་བསྐུར་པ་འབྱོར།

དགུང་ལོ་ང་དགུ་བཞེས་པ་བོད་རབ་བྱུང་བཅུ་དྲུག་པའི་མེ་ཕག་སྟེ་སྤྱི་ལོ༡༩༤༧ལོར་བྲག་སྒོམ་པ་སྐུ་གོང་མའི་ཐུགས་རེ་དང་སྐྱབས་མགོན་མཆོག་གི་བཀའ་གསུང་ལྟར་བྲག་སྒོམ་པ་སྐུ་ཕྲེང་ལྔ་བའི་དགེ་རྒན་དུ་ཕེབས་ནས་དེ་གའི་ནང་ཆེན་དུ་རྒྱུན་བཞུགས་གནངས་ཏེ་སྤྲུལ་བའི་སྐུ་མཆོག་ཏུ་བསྐྱངས། དེ་ལས་གཞན་དུ་རྗེ་འདི་ཉིད་གཙོས་བླ་གྲྭ་རྩེ་གྲས་བཅུ་ལྷག་གིས་མཛོད་དགེ་བླ་མ་ཕུན་ཚོགས་ཚང་ལས་ཡི་དམ་རྡོ་རྗེ་འཇིགས་བྱེད་ཀྱི་འཁྲུལ་འཁོར་གྱི་སོགས་ཀྱི་གདམས་པ་མང་བོ་གསན་པར་མ་ཟད། བླ་མ་འདི་བ་ཚང་ལ་འོད་ཟེར་ཅན་མའི་སྔགས་ཅི་ནུས་འདོན་ངེས་ཀྱི་དམ་བཅའ་དང་བཅས་འོད་ཟེར་ཅན་མའི་རྗེས་གནང་གསན། དེ་ནས་བཟུང་སྟེ་ཁོང་གིས་འོད་ཟེར་ཅན་མའི་བསྙེན་པ་འབུམ་བདུན་ཅུ་ལྷག་ཞལ་འདོན་དུ་གནངས་པར་བཤད།

དགུང་ལོ་དྲུག་ཅུ་བཞེས་པ་བོད་རབ་བྱུང་བཅུ་དྲུག་པའི་ས་བྱི་སྟེ་སྤྱི་ལོ༡༩༤༨ལོར་སྒྱིས་ཚང་དགོན་ལ་ཕེབས་ནས་ཐེག་ཆེན་གསོ་སྦྱོང་དང་། བཀྲ་ཤིས་གསོ་སྦྱོང་།   རྡོ་རྗེ་གཅོད་པའི་ལུང་སོགས་གནངས། དེ་མིན་རྒྱུ་ཆ་ཙན་དན་དཀར་བོས་བཟོས་པའི་གཎྜི་གན་གཡོག་དང་བཅས་པ་དགོན་པར་རྟེན་སྐལ་ལ་བྱིན།  སྒྲོལ་མའི་མཎྜལ་བཞི་བ་བསྡུས་པ་ཞིག་ཐོལ་བྱུང་དུ་བརྩམས་པར་མ་ཟད། ཞར་ལ་འདུས་སྤྱི་ཐུན་མོང་གིས་གསོལ་བ་བཏབ་པ་ལྟར་དུར་ས་སྤོར་དགོས་ཚུལ་ཞུས་པར་དུར་ས་སྤོ་ཚུལ་གྱི་ཆོ་ག་ཞིག་ཀྱང་བརྩམས་ནས་དུར་ས་སྤར། གཞན་ཡང་འདི་ལོ་ཙམ་ལ་གྲོ་ཚང་སྐུ་ཕྲེང་ལྔ་བ༧རྗེ་བཙུན་ངག་དབང་དགེ་ལེགས་ཆོས་ཀྱི་རྒྱལ་མཚན་སོགས་ཀྱིས་གདན་ཞུས་ལྟར་མཛོད་དགེ་གྲོ་ཚང་དགོན་པ་དང། ཨ་སྐྱིད་སེ་ར་དགོན། སྟག་ཚང་ལྷ་མོ་དགོན། ཅོ་ནེ་དགོན་ཆེན། ཨ་ལ་དེའུ་མགོའི་དགོན། སྒྱིས་ཚང་སོགས་སུ་ཕེབས་ནས་འཇམ་དབྱངས་ཆོས་སྐོར་དང་། མི་ཏྲ་བརྒྱ་རྩ། སྒྲུབ་ཐབས་རིན་འབྱུང་། བ་རི་བརྒྱ་རྩ། སྣར་ཐང་བརྒྱ་རྩ། བདེ་མཆོག་རབ་འབྱམས་སོགས་གནངས་པར་མ་ཟད། སྐྱེས་རབས་སོ་བཞི་བ་སོགས་ལུང་བཀའ་མང་པོ་སྨིན་རྒྱས་སུ་བསྩལ།

དགུང་ལོ་རེ་གཅིག་བཞེས་པ་བོད་རབ་བྱུང་བཅུ་དྲུག་པའི་ས་གླང་སྟེ་སྤྱི་ལོ༡༩༤༩ལོར་བདེ་ཐང་མཁན་སྤྲུལ༧རྗེ་བཙུན་བློ་བཟང་ཆོས་ཀྱི་ཉི་མ་གཞན་ཕན་འཕྲིན་ལས་དགེ་ལེགས་རྒྱ་མཚོའི་མདུན་ནས་ཡོངས་འཛིན་དཀོན་མཆོག་བསམ་འགྲུབ་སོགས་དང་ལྷན་ཏུ་སྔར་ཞུས་བཞིན་དུ་གསང་འདུས་འབྲེལ་བ་བཞི་སྦྲགས་དང་། རྗེ་ཡབ་སྲས་གསུམ་གྱི་བཀའ་འབུམ་དང་ཀུན་མཁྱེན་ཡབ་སྲས་ཀྱི་བཀའ་འབུམ་སོགས་ཀྱི་བཀླགས་ལུང་གསན།  མཁས་དབང་དམུ་དགེ་བསམ་གཏན་པེ་ཅིན་དུ་ཕེབས་སྐབས་རྗེ་འདིའི་དྲུང་ནས་ཚེ་དབང་འཆི་མེད་རྡོ་རྗེའི་སྲོག་ཤིང་གི་དབང་ཞུས་པ་ལྟར་གནངས་ཤིང་རྗེ་ཉིད་ཀྱིས་རྡོ་སྦིས་དགེ་བཤེས་ཚང་ལ་ངོ་སྦྱོར་ཡི་གེ་བསྐུར་རྒྱུ་ཞལ་བཞེས་གནངས།

དགུང་ལོ་རེ་གཉིས་བཞེས་པ་བོད་རབ་བྱུང་བཅུ་དྲུག་པའི་ལྕགས་སྟག་སྟེ་སྤྱི་ལོ༡༩༥༠ལོར་མཛོད་སྡོམ་གྱི་འགྲེལ་བ་སྔོན་མེད་ལེགས་བཤད་ཁྱད་འཕགས་ཤོག་གྲངས་སུམ་བརྒྱ་ལྷག་ཅན་ཞིག་ལྗགས་རྩོམ་མཛད་ལ། ཁྱད་པར་དུ་བླ་བྲང་བཀྲ་ཤིས་འཁྱིལ་དུ་བདེ་མཆོག་རབ་འབྱམས་དང་། སྦྱོང་རྒྱུད་དཀྱིལ་འཁོར་བཅུ་གཉིས་ཀྱི་དབང་སོགས་མང་བོ་བསྩལ་པའི་བཀའ་དྲིན་བསམ་ཡུལ་ལས་འདས།

 དགུང་ལོ་རེ་གསུམ་བཞེས་པ་བོད་རབ་བྱུང་བཅུ་དྲུག་པའི་ལྕགས་ཡོས་ཏེ་སྤྱི་ལོ༡༩༥༡ལོར་ནག་རྩིས་རྡེལ་འགྲེམ་འབྲས་བཤད་ནག་འགྲོས་སུ་བཀོད་པ་འདོད་དགུའི་གཏེར་གྱི་བང་མཛོད་བརྩམས་གནང་མཛད་ཅིང་། སེར་ཤུལ་ཁྲི་ཟུར་བློ་བཟང་དགེ་ལེགས་བསྟན་དར་བས་ཡི་གེ་བའི་ཞབས་ཞུ་ཞུས།

ལོ་དེར་རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ་ཚང་སོག་པོར་ཕེབས་སྐབས་ཤིག་ལ་ཤིང་བཟའ་སྐལ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་རྗེ་འདིའི་བསྒྲིགས་པའི་རྟགས་གསལ་ཞིག་ཕུལ་བས་དགེ་བཤེས་ཚང་གིས་ཞལ་ལན་མ་ཟིན་པར་བརྟེན།  དགེ་བཤེས་ཚང་གིས་ཤིང་བཟའ་སྤྲུལ་བའི་སྐུ་ལ་ཁྱེད་ཀྱི་དགེ་རྒན་ལྷ་མོ་ཚུལ་ཁྲིམས་ཚང་དང་ངེད་གཉིས་ངོ་ཤེས་ཡག་པོ་ཡིན།   ཁོ་ནི་ངེས་དོན་གྱི་མཁས་པ་ཆེན་པོ་ཞིག་ཡིན།  ཁྱེད་ཁོང་གི་སློབ་མ་ཡིན་པས་བསོད་ནམས་ཆེ་གསུངས་ཚུལ་ཤིང་བཟའི་རྣམ་ཐར་ཏུ་གསལ་བ་ལྟར་ལ །འདི་ལོ་ཙམ་ལ་ལཱ་མོའི་ཡོངས་འཛིན༧རྗེ་བཙུན་བློ་བཟང་མཁས་གྲུབ་རྒྱ་མཚོ་མཆོག་གིས་ཀྱང་རྗེ་ཉིད་ལ་འདུས་པ་འཕགས་ལུགས་ཀྱི་ས་ལམ་རྣམ་གཞག་གི་ཞལ་ལུང་ཞུས་ཤིང་ཆོས་འབྲེལ་གསར་དུ་ཞུས། གཞན་མཛོད་དགེ་སྟག་ཚ་ཚང་སྐུ་ཕྲེང་དྲུག་པ༧རྗེ་འཇིགས་མེད་བསྟན་པའི་རྒྱལ་མཚན་གྱིས་རྗེ་འདི་བའི་དྲུང་ནས་སྙན་ངག་དང་། ས་དཔྱད་སོགས་རིག་གནས་ཀྱི་སྐོར་མང་དུ་གསན།

དགུང་ལོ་རེ་བཞི་བཞེས་པ་བོད་རབ་བྱུང་བཅུ་དྲུག་པའི་ཆུ་འབྲུག་སྟེ་སྤྱི་ལོ༡༩༥༢ལོར་རྒྱལ་བའི་བཀའ་རིན་པོ་ཆེའི་བཀླགས་ལུང་དང་། པོ་ཏི་ལྔའི་རྩ་བ། ལམ་སྔགས་གཉིས། པཎ་ཆེན་བདེ་ལམ་དང་འཇམ་དཔལ་ཞལ་ལུང་གི་ཁྲིད་སོགས་བསྩལ་བའི་བཀའ་དྲིན་ཟབ།

 དགུང་ལོ་རེ་ལྔ་བཞེས་པ་བོད་རབ་བྱུང་བཅུ་དྲུག་པའི་ཆུ་སྦྲུལ་ཏེ་སྤྱི་ལོ༡༩༥༣ལོར་ལབ་མཁན་ཆེན་ཀྱི་སྤྲུལ་བའི་སྐུ་དང་། མཁན་པོ་ནག་ལྡང་མཐའ་ཡས་རྒྱ་མཚོ་སོགས་ཀྱིས་ཁོང་ལ་དུས་འཁོར་དབང་མོ་ཆེ་ཞུས་པར་བརྟེན་ཁོང་ཉིད་རང་ཤག་ཏུ་དུས་འཁོར་གྱི་སྐུ་མཚམས་ལ་བཞུགས།  བླ་བྲང་བཀྲ་ཤིས་འཁྱིལ་གྱི་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་འདུ་ཁང་ནང་ནས་དུས་འཁོར་དབང་ཆེན་གནང་རྒྱུར་གཏན་འཁེལ།  དེའི་རྒྱུ་མཚན་ཡང་གཙོ་བོར་སྔོན་ཆད་ནས་སོག་པོའི་ཐོར་གོད་སྡེ་སྤྱིས་སྐྱབས་མགོན་ཀུན་མཁྱེན་སྐུ་ཕྲེང་ལྔ་བ་ཆེན་པོ༧རྗེ་བཙུན་བློ་བཟང་ཡེ་ཤེས་བསྟན་པའི་རྒྱལ་མཚན་དཔལ་བཟང་བོ་མཆོག་ལ་དུས་འཁོར་དབང་ཆེན་ཞུས་སྐབས།  ཞལ་སྔ་ནས་ཀྱིས་ཁོ་བོའི་ཚབ་ཏུ་དཔལ་ལྡན་བཀྲ་ཤིས་འཁྱིལ་གྱི་གདན་ས་རང་ནས་ཨ་ཁུ་ལྷ་མོ་ཚུལ་ཁྲིམས་ཚང་ལ་དབང་བསྐུར་རྒྱུའི་བཀའ་གསུང་གནངས་པ་དང་དུ་བླངས་པས་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་གི་འདུ་ཁང་ཆེན་མོ་ནས་བླ་གྲྭ་སེར་སྐྱ་དད་ལྡན་ཁྲི་ཕྲག་མང་བོ་ལ་དཔལ་གཉིས་མེད་དུས་ཀྱི་འཁོར་ལོའི་དབང་ཆེན་གནངས་པ་ཡིན་ལ། འདིས་ནི་དཔལ་དུས་ཀྱི་འཁོར་ལོའི་དབང་རྒྱུན་དྲི་མ་མེད་པའི་གདམས་པའི་ཆུ་བོ་གཉིས་འདྲེས་སུ་རྒྱུན་ཆགས་པར་གནས་པ་ལ་ཕན་རླབས་རྒྱ་ཆེན་པོ་བསྐྲུན་པའི་བཀའ་དྲིན་བསམ་གྱིས་མི་ཁྱབ་པར་ཤེས་པར་གྱིས་ཤིག  ལྷག་པར་དུ་ལོ་འདིར་ཡོངས་འཛིན་དཀོན་མཆོག་བསམ་གྲུབ་ཚང་གིས་ཁོང་ལ་བཀའ་འགྱུར་དག་ཚར་ཞིག་ཕུལ་བ་རྟེན་འབྲེལ་དུ་དགོངས་ནས་སྤྲུལ་བའི་སྐུ་རིན་པོ་ཆེ་བྲག་སྒོམ་པ་དང་ཤིང་བཟའ་སྤྲུལ་སྐུ། ཙ་ཡུས་ཐོག་གུ་ཚང།  རྡོ་རམས་པ་བཅུ་ཕྲག་གསུམ་ལ་ཉེ་བས་ཞུས་ངོར་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་བཀླག་ལུང་ཡོངས་སུ་རྫོགས་པ་བསྩལ་བའི་མཇུག་ཏུ་སེམས་བསྐྱེད་མཆོད་པ་ཡང་གནངས།

དགུང་ལོ་རེ་དྲུག་བཞེས་པ་བོད་རབ་བྱུང་བཅུ་དྲུག་པའི་ཤིང་རྟ་སྟེ་སྤྱི་ལོ༡༩༥༤ལོར་སེར་ཤུལ་ཁྲི་ཟུར་བློ་བཟང་དགེ་ལེགས་བསྟན་དར་གྱིས་ཞུས་ངོར་མི་ཏྲ་དང་། རྡོར་ཕྲེང་། སྣར་ཐང་བརྒྱ་རྩ། འཇམ་དབྱངས་ཆོས་སྐོར་སོགས་གནངས། དེ་མིན་སྒྱིས་ཚང་དགོན་པར་ཕེབས་ཏེ་གཞི་གསུམ་ཆོ་གའི་ཁྲིད་དང་། སྡོམ་གསུམ་བསླབ་བྱ།   དགེ་ཚུལ་གྱི་བསླབ་བྱ་གནམ་རྩེད་ལྡང་མ་སོགས་ཀྱི་ཁྲིད་གནངས་ཤིང་། དགོན་པའི་ཉེ་འཁོར་དུ་འདུལ་བའི་ཚད་ལ་གཞལ་ནས་དབྱར་ཐོ་གསར་འཛུགས་མཛད།   དམ་པ་གང་གིས་མཐུན་རྐྱེན་སྦྱར་ནས་རྗེ་བཙུན་བྱམས་པ་མགོན་པོའི་སྐུ་བརྙན་དང་། ལམ་རིམ་བླ་མ་བརྒྱུད་པའི་སྨན་སྐུ་བཞེངས་པར་མ་ཟད་བདུད་འདུལ་མཆོད་རྟེན་ཞིག་ཀྱང་བཞེངས།   འཇིགས་བྱེད་བདག་འཇུག་དང་འབྲེལ་ནས་རབ་གནས་ཆེན་མོ་ཚུགས་པ་དང་། ལོ་དེར་ཁོང་གིས་བླ་བྲང་དཔོན་ཚང་ཇོ་དགོན་ལ་མཁའ་སྤྱོད་མའི་བདག་འཇུག་གི་ཕྱག་ལེན་ཞིབ་ཁྲིད་དང་བཅས་པ་གསར་དུ་བཙུགས་པས་ཕན་བདེའི་འབྲས་བུ་བསམ་གྱིས་མི་ཁྱབ་པ་བྱུང་།

དགུང་ལོ་རེ་བདུན་བཞེས་པ་བོད་རབ་བྱུང་བཅུ་བདུན་པའི་ཤིང་ལུག་སྟེ་སྤྱི་ལོ༡༩༥༥ལོར་བསྔགས་འོས་ཡོན་ཏན་གྱི་ཕྲེང་བ་འཛིན་པ༧རྗེ་བཙུན་འཇམ་དབྱངས་རྒྱ་མཚོས་བསྐུལ་བ་ལྟར།  ས་དཔྱད་ཚིག་དོན་ཀུན་གསལ་འདོད་དགུ་འཇོ་བའི་རིན་ཆེན་བུམ་བཟང་ཞེས་པ་ལེགས་པར་བརྩམས།

གོང་ས་རྒྱལ་དབང་བཅུ་བཞི་བ་ཆེན་པོ་མཆོག་བླ་བྲང་བཀྲ་ཤིས་གཡས་སུ་འཁྱིལ་བའི་གླིང་དུ་ཕེབས་ཏེ་བཙུགས་ཤིང་ནང་དུ་འཕགས་པ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་དབང་གནངས་པ་ཆེད་དུ་གསན་བཞེས་མཛད་ཅིང་། རྒྱལ་མཆོག་རིན་པོ་ཆེའི་དྲུང་ཡིག་སྐུ་དྲག་ཅིག་གིས་རྗེ་ཉིད་ལ་ལོ་ཐོ་ཞིག་དག་བཅོས་བྱེད་རྒྱུར་ཕུལ་བ་ལྟར་གཟིགས་རྟོག་ཞིབ་མོར་མཛད། ཀུན་གཟིགས་པཎ་ཆེན་བཅུ་བ་ཆེན་པོ་མཆོག་གིས་བླ་བྲང་དུ་དུས་འཁོར་ལྷན་སྐྱེས་ཀྱི་དབང་གནངས་པའང་གསན། འདི་ལོར་སྐུ་གཟུགས་ཅུང་ཟད་བསྙུང་བའི་ཚུལ་བསྟན་པས་ཚོགས་ཆེན་ལ་མང་ཇ་བསྐོལ་བ་སོགས་ཀྱི་ཞབས་བརྟན་ཕོན་ཆེ་བ་བསྒྲུབས།

དགུང་ལོ་རེ་བརྒྱད་བཞེས་པ་བོད་རབ་བྱུང་བཅུ་དྲུག་པའི་མེ་སྤྲེལ་ཏེ་སྤྱི་ལོ༡༩༥༦ལོར་བྱམས་མེ་འབྲས་སྤུངས་དགོན་སོགས་ལ་ཕེབས་ནས་ཨ་ལགས་བློ་འཕྲིན་སྤྲུལ་བའི་སྐུ་ལ་བར་མ་རབ་བྱུང་དང་ཚིགས་སྔ་མ་དགེ་ཚུལ་དཀྱུས་གཅིག་ཏུ་བསྒྲུབས་ནས་མཚན་ལ་བློ་བཟང་འཕྲིན་ལས་རྒྱ་མཚོ་ཞེས་སུ་གསོལ་ཅིང་། དེའི་མཚུངས་སུ་བསྒྲུབ་བྱ་གཞན་མང་བོའང་བསླབ་པ་ལ་བཀོད། དེ་མིན་སེང་ཚང་སྤྲུལ་བའི་སྐུ་འཇམ་དབྱངས་བསྟན་པའི་ཉི་མ་དང་། རྣམ་གྲོལ་སྤྲུལ་བའི་སྐུ་འཕྲིན་ལས་རྒྱ་མཚོ། དབལ་ཤུལ་བསྟན་པའི་རྒྱལ་མཚན་སོགས་ལ་སྟག་ཕུའི་དག་སྣང་ཆོས་སྐོར་དང་། གསེར་ཆོས་བཅུ་གསུམ། བ་རི་ལུགས་ཀྱི་རྗེས་གནང་དོན་དགུ་སོགས་བསྩལ་གྲུབ་ནས། ད་ནི་དབང་བཀའ་འདི་དག་ཁྱེད་ཚོར་འཕྲོད་པས་ངའི་སེམས་བདེ་སོང་ཞེས་སོགས་ཀྱི་གསུང་བཤད་གནད་སྨིན་བསྩལ། དེ་མིན་སྙན་ངག་གི་དྲིས་ལན་དྲན་པའི་ཆུ་རྒྱུན་མཛད་ཅིང་། ཨ་མཆོག་སྨྲ་སེང་གླིང་གི་གཞུ་ཤུབས་སྤྲུལ་བའི་སྐུ་འཇམ་དབྱངས་བསྟན་པའི་རྒྱ་མཚོ་སོགས་ཀྱིས་ཞུས་ངོར་བདེ་མཆོག་རབ་འབྱམས་དང་། གཤིན་རྗེ་རབ་འབྱམས་སོགས་ཀྱང་གནངས་སོ། །

དགུང་ལོ་རེ་དགུ་བཞེས་པ་བོད་རབ་བྱུང་བཅུ་དྲུག་པའི་མེ་བྱ་སྟེ་སྤྱི་ལོ༡༩༥༧ལོའི་རྒྱ་ལོ་སྨོན་ལམ་གྱི་སྐབས་སུ་སྒྱིས་ཚང་དགོན་གྲོང་གཉིས་ཀྱིས་སྔ་མོ་ནས་དུས་འཁོར་དབང་མོ་ཆེ་ཞིག་གནང་དགོས་པའི་གསོལ་བ་ཡང་ཡང་བཏབ་ཡོད་པའི་ཞལ་ལན་ཟབ་མོ་གནངས་པ་སྟེ། ཧོར་ཟླ་དྲུག་པའི་ཚེས་འགོར་གནང་རྒྱུའི་བཀའ་བསྩལ་པ་ལྟར་དེ་ལོའི་ཆོས་འཁོར་བསྐོར་བའི་དུས་ཚེས་དགེ་བའི་ཉིན་ངོ་མཚར་བའི་ལྟས་དུ་མ་དང་བཅས་དཔལ་གཉིས་མེད་དུས་ཀྱི་འཁོར་ལོའི་དབང་ཆེན་བརྒྱུད་ལྡན་བླ་མ་དམ་པའི་ཕྱག་བཞེས་བཞིན་དུ་ལེགས་པར་བསྩལ་པས་སྒྱིས་ཚང་དགོན་གྲོང་གཉིས་གཙོས་ཐག་ཉེ་རིང་གི་སེར་སྐྱ་ཁྲི་ཕྲག་མང་བོར་རྫོགས་ལྡན་ཕྱི་མའི་བསྐལ་བཟང་མངོན་དུ་འགྱུར་བའི་ས་བོན་ཁྱད་པར་ཅན་བསྐྲུན་པའི་མཇུག་ཏུ་ཁོང་གི་སྐུ་ཚ༧རྗེ་བཙུན་འཇམ་དབྱངས་ཉི་མ་ཚང་གིས་མཎྜལ་གྱི་བཤད་པ་གནངས། སྒྱིས་ཚང་དགོན་གྲོང་གཉིས་ཀྱི་གཞུང་ནས་སྐུ་གསུང་ཐུགས་རྟེན་གྱི་ཐོག་དྲངས་ཏེ། གོས་ཕྲུག་རས་གསུམ་དང་། འབྲུ་རིགས། དངུལ་སོགས་དངོས་འབུལ་རྒྱ་ཆེན་པོ་བཏེགས་པའི་བསོད་ནམས་ཀྱི་ཕུང་བོ་མངོན་པར་མཐོའོ། །

དགུང་ལོ་བདུན་ཅུ་བཞེས་པ་བོད་རབ་བྱུང་བཅུ་དྲུག་པའི་ས་ཁྱི་སྟེ་སྤྱི་ལོ་༡༩༥༨ལོར་མདོ་སྔགས་ཀྱི་དཔེ་ཁྲིད་རེ་གཉིས་བསྩལ།  འདིའི་སྐབས་སུ་ཞལ་སློབ་དྲག་ཞན་བར་མ་སུ་ཞིག་སྐུ་མདུན་དུ་སླེབས་ཀྱང་འབྱུང་འགྱུར་མ་འོངས་པའི་ལས་དོན་ཕྲ་རགས་ཀྱི་ཕྱོགས་ལ་ཐུགས་བརྩེ་བའི་སྒོ་ནས་བཀའ་གསུང་རུས་པ་ཅན་མང་དུ་བསྩལ་པ་དང་དུས་མཚུངས་སུ་སྐུའི་ཚ་བོ་ཨ་ལགས་སྒྱིས་དགེ་ཚང་དང་། རྗེ་འཇམ་དབྱངས་ཉི་མ་ཚང་རྣམ་གཉིས་ལ་ད་རེས་ཁོ་བོས་ལྷ་མོ་འོད་ཟེར་ཅན་མའི་རྗེས་གནང་ཞིག་འདོན། དེའི་འཕྲོ་ནས་ཁྱེད་ཅག་མཚམས་ལ་སྡོད། འོད་ཟེར་ཅན་མ་འདོན་ཚུལ་འདི་ལྟར་ཡིན་ཞེས་སོགས་ཀྱི་མན་ངག་ཞལ་ཤེས་དང་བཅས་གནངས་ནས་འདི་ལྟར་ཐོན་དང་། རྗེས་སོར་རང་མགོ་རང་གིས་ཐོན་ངེས་ཞིག་མ་བྱས་ན་དཀའ་ལས་ཡོད་ཚུལ་གསུངས་ཏེ་ཐུགས་བརྩེ་བ་ཆེན་པོས་རྗེས་འཛིན་མི་དམན་པ་གནངས། རྗེས་སུ་ཁོང་རྣམ་གཉིས་ཀྱིས་བླ་མ་རིན་པོ་ཆེའི་ཞལ་ཤེས་ལྟར་བཏོན་པས་རིག་གསར་གྱི་ངན་སྒང་ལའང་ཕྱི་ནང་གི་གནོད་པས་མ་ཚུགས་པའི་ཚུལ་ཁོ་བོ་ཅག་གི་བླ་མ་ཡོངས་འཛིན་རིན་པོ་ཆེ༧རྗེ་བཙུན་མཉྫུའི་མཚན་ཅན་གྱི་ཞལ་ནས་འོད་ཟེར་ཅན་མའི་རྗེས་གནང་ཞིག་སྩོལ་སྐབས་སུ་གསུངས་པ་དངོས་སུ་ཐོས་སོ། །

འདི་ལོའི་ཧོར་ཟླ་བརྒྱད་པའི་ཚེས་འགོ་ཙམ་ལ་སྐུ་ཆམས་ཤིག་བཞེས་པའི་ཚུལ་བསྟན།  དངོས་སློབ་རྒན་གཞོན་མང་བོས་སྐབས་བསྟུན་གྱིས་སྐུ་མདུན་དུ་མཇལ་ཏེ་བརྟན་བཞུགས་དང་སྐྱབས་འཇུག་ཕུར་ཚུགས་སུ་བཏབ་པ་ལ།  ཞལ་ནས་དེང་ཕྱིན་ཆད་ཁྱེད་ཚོས་ལྷག་པའི་བསམ་པ་བཟང་བོ་བྱོས་ལ། ལས་ཀ་ཆེ་ཆུང་གང་ཡོད་བསྒྲུབ་ན་དེ་ཡང་དཀོར་སྒྲིབ་བྱང་བའི་ཐབས་ཤིག་ཏུ་འགྱུར་རྒྱུ་ཡོད་པས་གཙོ་བོར་བླ་མ་དཀོན་མཆོག་ལ་བློ་སེམས་རྩེ་གཅིག་ཏུ་གཏོད་ལ་སྐྱབས་འཇུག་ཞུས་ཞེས་ལས་རྒྱུ་འབྲས་སྐོར་གྱི་རྣམ་གཞག་འབའ་ཞིག་གསུངས། དེ་ནས་ཉིན་འགའི་རྗེས་སུ་སྐུ་གཟུགས་མི་བདེ་བའི་ཚུལ་མ་བསྟན་མོད་དེ། འོན་ཀྱང་ཞལ་གསུང་གི་བབས་ལ་དཔག་ན་སྔར་དང་མི་འདྲ་བའི་གསུང་བཀོད་ཁ་ཤས་བསྩལ། ཚེས་བཅོ་བརྒྱད་ཀྱི་མཚན་གུང་ལ་སྐུ་ཚ་ཨ་ལགས་སྒྱིས་དགེ་ཚང་དང་། རྗེ་འཇམ་དབྱངས་ཉི་མ་ཚང་གཉིས་ཀྱིས་གདུང་སེམས་དྲག་པོས་བརྟན་བཞུགས་ཡང་ཡང་ཕུལ་ཀྱང་ཁྱེད་གཉིས་ཀྱི་ཡིད་སེམས་སྐྱོ་མི་དགོས། ང་ཤི་ཡང་ཁང་བ་འདིའི་ནང་ནས་ཕ་གིའི་ཁང་བའི་ནང་དུ་འགྲོ་བའི་སྣང་བ་ཙམ་ལས་དཀའ་ངལ་ཅི་ཡང་མེད་པས་སེམས་མ་ཕམ་ཞེས་གསུང་གི་དབུགས་དབྱུང་ཐ་མ་བསྩལ་ཏེ། ཁོང་གི་ཕྱག་ཕྲེང་གནངས་ནས་ཕྲེང་བ་འདིའི་ངས་བསྟན་འགྲོའི་ཞབས་བརྟན་དུ་འོད་ཟེར་ཅན་མའི་བསྙེན་པ་འབུམ་བདུན་ཅུ་ལྷག་བཏོན་ཡོད།  ཁྱོད་ཚོས་ཕྲེང་བ་འདི་དང་ཁ་མ་འབྲལ་བར་གྱིས་དང་དཀའ་ངལ་ལ་ཕྲད་མི་འོང་གསུང་ནས་ཕྱག་ཕྲེང་དད་རྟེན་དུ་བསྩལ། ཆོས་སྣམ་གཉིས་ཁྱེར་ཤོག་གསུངས་པས་ཆོས་སྣམ་གཉིས་བསྣམས་ཏེ། སྐུ་དྲང་བོར་བཞུགས་ནས་ཤེར་སྙིང་ཚར་གཅིག་གསུང་སྐད་མཐོན་པོས་གསུང་བའི་སྐབས་དང་བསྟུན་ཧོར་ཟླ་བརྒྱད་པའི་ཚེས་བཅུ་དགུའི་ནངས་མོའི་སྐྱ་རེངས་ཤར་པ་དང་ལྷན་ཏུ་སྟོང་བ་གསུམ་རིམ་གྱིས་བསྡུས་ཏེ་ཐམས་ཅད་སྟོང་བ་འོད་གསལ་ཆོས་ཀྱི་སྐུ་མངོན་དུ་མཛད་དོ། །དེ་ནས་སྐུ་ཚ་རྣམ་གཉིས་ཀྱིས་གཙོས་དངོས་སློབ་འགས་སྐུ་གསུམ་མངོན་དུ་བྱས་པའི་ཟུང་འཇུག་གི་ཟ་མ་ཏོག་གང་ལ་བདག་དམ་ལེགས་པར་བྱས་ཏེ། སྔར་ཁོང་གིས་ཞལ་བཀོད་གནངས་ཡོད་པ་ལྟར་བླ་བྲང་རྒྱབ་རིའི་ལུང་བའི་ཕུར་གོར་མ་རྡོ་ཡི་གསེབ་ཏུ་བཅུག་ནས་བཞུགས་སུ་གསོལ། དེ་ནས་ལོ་ངོ་གསུམ་ཙམ་གྱི་རྗེས་སུ་ཆོས་ལུགས་ཀྱི་བྱེད་སྒོ་ཇེ་ལེགས་སུ་སོང་བའི་བབས་དང་བསྟུན་ནས་སྐུའི་ཚ་བོ༧རྗེ་འཇམ་དབྱངས་ཉི་མ་སོགས་ཀྱིས་གདུང་ཁང་དེ་ལས་ཕྱིར་ཞུ་གསོལ་བྱེད་སྐབས་སྐུའི་ཞལ་རས་དང་ཕྱག་ངར་སོགས་ལ་སྔར་བཞིན་དཀར་ཤ་དམར་མདངས་ཆགས་ནས་གཟི་མདངས་དང་བཅས་བཞུགས་ཡོད་པའི་ཚུལ་དེ་དུས་ཀྱི་བླ་བྲང་ཨ་ཁུ་ཞིག་གིས་ཕྲན་ལ་གསུངས་ཀྱང་དང་དོད་མ་བྱས་པས་ཨ་ཁུ་དེའི་མཚན་ཡང་བརྗེད་ངས་ཀྱི་དབང་དུ་སོང་བར་བློ་འགྱོད་ཆེ། དེ་ལྟར་ལོ་ངོ་གསུམ་བཞི་ཙམ་ལ་སྐུའི་གཟི་མདངས་དང་རྣམ་པ་མ་ཡལ་བར་བཞུགས་པའི་སྐུ་གདུང་རིན་པོ་ཆེ་དེ་ཉིད་རེ་ཞིག་ཁོང་ཨ་ཁུ་འཇམ་དབྱངས་ཉི་མའི་གྲྭ་ཤག་ཏུ་བཞུགས་ནའང་ཕྱི་ནང་གི་བར་ཆད་ཉེར་འཚེ་གང་མང་ལ་འཛེམས་པའི་དབང་གིས་སྐུ་ཡུལ་གྱི་སྐུ་རྩ་གདུང་བདག་རྣམས་ཀྱིས་སྒྱིས་ཚང་ནགས་རི་དགོན་དུ་གདན་འདྲེན་ཞུས་ཀྱང་སྐབས་དེའི་སྐྱེས་འགྲོར་ལས་བསོད་དམན་པས་ཀླུ་ཆུ་སྔོན་མོའི་རླབས་རྒྱུན་གྱི་མཛའ་བོར་སྤྲིངས་པར་ཐོས་སོ། །དེ་ལྟར་ན་འགྲན་ཟླ་དང་བྲལ་བའི་མཁས་གྲུབ་གཉིས་འཛོམས་ཀྱི་སྐྱེས་བུ་དམ་པ་ཁོང་གིས་སྐུ་ཚེ་གང་བོར་ལྟོ་གོས་གཏམ་གསུམ་ལ་གྱོང་བསྐུར། ལྟོ་སྐྱ་གོས་ཧྲུལ་གྱིས་གྲྭ་རྐྱང་དཀྱུས་མའི་ལུགས་སུ་ཐོས་བསམ་སྒོམ་པ་ཡ་མ་བྲལ་བར་རབ་འབྱམས་གཞུང་ལུགས་རྒྱ་མཚོའི་ཕ་རོལ་ཏུ་སོན་པར་བྱས་ནས་ཕྱི་རུ་ཉན་ཐོས་ཀྱི་སྤྱོད་པས་ཞི་ཞིང་དུལ་ལ། ནང་དུ་བསླམ་གསུམ་རིམ་གཉིས་ཟབ་མོའི་རྣལ་འབྱོར་གྱི་གདེང་དང་ལྡན་པའི་སྒོ་ནས་སྤྱིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སྤྱི་དང་། སྒོས་སུ་འཇམ་མགོན་རྒྱལ་བ་གཉིས་པའི་གསེར་སྦྱངས་བཙོ་མ་ལྟ་བུའི་རིང་ལུགས་དྲི་མ་མེད་པ་འདི་ཉིད་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་ཕན་རླབས་རྒྱ་ཆེན་པོ་བསྐྲུན་པ་ལས་ཁོང་གི་གསུང་ལས་སྐྱེས་པའི་སློབ་མའི་སྐོར་ལ།

རྟེན་འབྲེལ་གྱི་དབང་གིས་ཐོག་མར༧རྗེ་ལཱ་མོའི་ཡོངས་འཛིན་བློ་བཟང་མཁས་གྲུབ་རྒྱ་མཚོ་དང་། མཁས་ཤིང་གྲུབ་པའི་དབང་ཕྱུག་ཁོ་ཚེ་བ་༧རྗེ་འཇིགས་མེད་རྒྱ་མཚོ། ཁོང་དམེ་ཤུལ་འཇིགས་མེད་ཚང་། མཁས་དབང་དམུ་དགེ་བསམ་གཏན། ཡོངས་འཛིན་རིན་པོ་ཆེ༧རྗེ་འཇམ་དབྱངས་རྒྱ་མཚོ། ༧ རྗེ་རྔ་བ་གྲགས་པ་རྒྱ་མཚོ། ༧ རྗེ་འཇིགས་མེད་དཔལ་ལྡན་རྒྱ་མཚོ། མགོ་ལོག་དགེ་བཤེས་གྲགས་པ་ཚང་། བཀའ་འགྱུར་བ་བསྟན་པའི་རྒྱལ་མཚན། ཅོ་ནེ་གུར་ཡག་པྲ་རིགས་ངག་དབང་བརྩོན་འགྲུས་ཚང་། སུམ་པ་སྐུ་གོང་མ་ངག་དབང་བློ་བཟང་ཚུལ་ཁྲིམས་ཚང་།ཙ་ཡུས་ཐོག་གུ་སྐུ་གོང་མ། རྡོ་དཀར་མཚམས་པ་ཚང་། རྒྱ་ཞབས་དྲུང་ཆུང་བ་ཚང་། མཚོ་ཁ་བ་ཚང་།  འགྱང་རྒན་ཚང་།  ཤིང་བཟའ་ཚང་།  ལྕང་སྐྱ་ཤེས་རབ་དར་རྒྱས་ཚང་།  ཨ་ལགས་ཙ་ཡུས་ཚང་།  ཨ་ལགས་དོར་ཞིས་གདོང་དྲུག་སྙེམས་བློ།  བྲག་སྒོམ་པ་སྐལ་བཟང་ཐུབ་བསྟན་རྒྱ་མཚོ།  ཨ་ལགས་རྣམ་གྲོལ་ཚང་།  བྱམས་མེ་དཔོན་བླ།   སེར་ཤུལ་ཁྲི་ཟུར་བློ་བཟང་དགེ་ལེགས་བསྟན་པ་དར་རྒྱས།   ཅོ་ནེ་ཞབས་དྲུང་་།  སྟག་ལུང་ཚང་།   རྡོ་གཟུགས་ཉང་ཚང་ཚང་།    ལྷ་མོའི་གསེར་ཁྲི་ཚང་།   ཨ་ལགས་ཆོས་རྗེ་ཚང་།  སྟག་ཚ་སྐལ་བཟང་འཇིགས་མེད་བསྟན་པའི་རྒྱལ་མཚན།  སྐུ་ཚ་སྒྱིས་དགེ་འཇམ་དབྱངས་བསྟན་འཛིན་ཆོས་ཀྱི་དབང་ཕྱུག་ཚང་། དགེ་བཤེས་བློ་བཟང་མཐའ་ཡས། མཁས་དབང་དགེ་འདུན་ཆོས་འཕེལ། བསྟན་པ་རྒྱ་མཚོ།  བརྩོན་འགྲུས་རྒྱ་མཚོ། ཐེ་བོ་ཤེས་རབ། དྲུང་ཡིག་སྨོན་ལམ། དཔའ་རིས་ནག་རིས། མགོ་ལོག་རབ་དགའ། ཟངས་དཀར་བ་ཨ་ཁུ་ཆོས་འབྱོར། སྨད་སོག་བཛྲ་ཚང་། རྩིས་རམས་པ་བློ་གྲོས་རྒྱ་མཚོ།  གྲོ་ཚང་ངག་དབང་དགེ་ལེགས་ཆོས་ཀྱི་རྒྱལ་ཚན། གྲོ་ཚང་བཟོད་པ་རྒྱ་མཚོ། གྲོ་ཚང་དགེ་བཤེས་སྙན་གྲགས་རྒྱ་མཚོ། གྲོ་ཚང་དགེ་ལེགས།  བྱམས་མེ་ངག་དབང་། སྐུ་ཚ་འཇམ་དབྱངས་ཉི་མ། ཡོངས་འཛིན་རབ་རྒྱས། འཇམ་དབྱངས་སྨད་ཕྲུག རྩིས་རམས་པ་བསམ་འགྲུབ། གཞུང་བ་དགེ་བཤེས་འཇམ་དབྱངས་ཡེ་ཤེས་སོགས་བགྲང་གིས་མི་ལང་ངོ་། །

ཁོང་གི་གསུང་རྩོམ་གྱི་སྐོར་ལ།འདུལ་སྡོམ་གྱི་འགྲེལ་བ་ཀུན་བཟང་ཞིང་གི་ཉི་མ་གཞན་ཕན་སྣང་བའི་མཛོད། འདུལ་བའི་སྤྱིར་བསྟན་གྱི་མུ་བཞི།  དགེ་སློང་མའི་བསླབ་བྱའི་སྡོམ་ཚིག   མཛོད་སྡོམ་གྱི་འགྲེལ་བ་ཤོག་གྲངས་སུམ་བརྒྱ་ལྷག་ཅན།  བསྡུས་གྲྭའི་རིགས་འཕྲུལ་དཔྱིད་ཀྱི་ཕོ་ཉ།  ཏིང་ངེ་འཛིན་གྱི་དབང་བཞི་ལེན་ཚུལ། ལྷ་མོ་རིག་བྱེད་མའི་མངོན་རྟོགས། རིག་བྱེད་མའི་ཀླུང་རྟ། མཎྜལ་བཞི་བ་བསྡུས་པ། པཎ་ཆེན་རིན་པོ་ཆེའི་མཎྜལ་བཤད་པ། སྔགས་ཀྱི་དོགས་གཅོད་རྩོམ་འཕྲོ། གྲོ་ཚང་དགེ་བཤེས་བཟོད་པ་རྒྱ་མཚོའི་ཞབས་བརྟན་གསོལ་འདེབས། འདུས་པ་འཕགས་ལུགས་ཀྱི་ས་ལམ། གསོལ་འདེབས་ཟླ་བ་མ། ཁྲོ་བོ་མི་གཡོ་བའི་མངོན་རྟོགས་དང་། དེའི་བསྙེན་ཡིག་སྦྱིན་སྲེག་དང་བཅས་པ། དུས་འཁོར་གྲྭ་ཚང་གི་ཁྲི་བཤད། སྒྱིས་ཚང་དགོན་པའི་བཅའ་ཡིག་ལྷག་བསམ་ཟླ་བའི་རང་མདངས། རྟ་མགྲིན་གསང་སྒྲུབ་ཀྱི་ཆོ་ག    བཀའ་གདམས་ཐིག་ལེ་བཅུ་དྲུག་གི་མངོན་རྟོགས། རྭ་ལོ་ཙཱ་བའི་རྣམ་ཐར་བསྡུས་པ། བཀའ་བསྒོ་བྱེད་ཚུལ་དང་ཕུར་མདུད་བྱ་ཚུལ། ཐུན་དྲུག་རྣལ་འབྱོར་དང་འབྲེལ་བའི་ཏིང་ངེ་འཛིན་གྱི་དབང་བཞི་ལེན་ཚུལ།ལྷ་མོ་གསེར་ཁྲི་ཚང་གི་ཚེ་རབས་རྗེས་འཛིན། བྱམས་མེ་དཔོན་བླའི་ཞབས་བརྟན་གསོལ་འདེབས།  མན་ངག་གནད་ཀྱི་སྙིང་བོ། བོད་མཁས་པའི་སྙན་ངག་གི་དཔེར་བརྗོད་ཀྱི་ཚིག་དོན་ལས་བརྩམས་པའི་དྲིས་ལན། ནག་རྩིས་རྡེའུ་འགྲེལ་བཤད་དང་བཅས་པ།  ས་དཔྱད་ཚིག་དོན་ཀུན་གསལ།  དུར་ས་སྤོ་ཚུལ་ཆ་ལག་དང་བཅས་པ།   སྒྱིས་ཚང་གི་ཡུལ་ལྷའི་བསང་ཡིག་སྐོར།  རི་བོང་དགོན་པའི་བཅའ་ཡིག་དངུལ་དཀར་མེ་ལོང་སོགས་ཆེས་མང་ངོ་། །

སྨྲས་པ།

འདི་ལྟར་རང་སེམས་ཟླ་གཞོན་གསར་བའི་མདངས། །

དམ་པའི་རྣམ་ཐར་ཚལ་ལ་ལེགས་ཞུགས་ཀྱང་། །

སྐྱི་བསེར་རླུང་བུ་དལ་གྱིས་ལྡང་བ་ཡིས། །

ཡོངས་རྫོགས་འདབ་མ་གྲོལ་བ་མིན་ནོ་ལོ། །

འོན་ཀྱང་སྔོན་བྱོན་དམ་པའི་མཛད་རྗེས་ནི། །

གངས་ལ་ཉི་འོད་བཞིན་དུ་གསལ་ན་ཡང་། །

རང་བློ་ཁབ་ཀྱི་རྒྱ་ཁྱོན་ཆུང་དྲགས་པས། །

ཀུན་གསལ་ཚད་ཐིག་གཞལ་བར་ནུས་མ་གྱུར། །

དེ་ལྟ་ནའང་གནའ་དེང་མཁས་པའི་གསུང་། །

དུ་མ་རང་སེམས་གསལ་བའི་མེ་ལོང་དུ། །

བསྡུས་ནས་དཔྱད་བསྡུར་བྱས་པའི་རྨང་གཞི་ལ། །

དམ་པའི་གསུང་གི་གསང་བ་རྒྱན་དུ་བཀོད། །

ཚུལ་འདིར་འབད་ལས་བྱུང་བའི་ལེགས་བྱས་ཀྱིས། །

རྒྱལ་བའི་བསྟན་པ་ཡུན་རིང་གནས་པ་དང་། །

དེ་འཛིན་བྱེད་པའི་སྐྱེས་བུ་དམ་པ་རྣམས། །

སྐུ་ཚེ་གཡུང་དྲུང་གཤིས་སུ་བརྟན་པར་ཤོག

དཔལ་ལྡན་བླ་མའི་རྣམ་པར་ཐར་པ་ལ། །

སྐད་ཅིག་ཙམ་ཡང་ལོག་ལྟ་མི་སྐྱེ་ཞིང་། །

ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱིས། །

བླ་མའི་བྱིན་རླབས་སེམས་ལ་འཇུག་པར་ཤོག །

ཅེས་མཁས་ཤིང་གྲུབ་པའི་དབང་ཕྱུག་དམ་པ་མ་ཧཱ་པཎ་ཊི་ཏ་ཆེན་པོ༧རྗེ་བཙུན་ལྷ་མོ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་མཆོག་གི་རྣམ་པར་ཐར་པ་མདོར་བསྡུས་ཤིག་དགོས་ཞེས་རང་གི་སློབ་བུ་དགེ་སློང་འཇམ་དབྱངས་ཚུལ་ཁྲིམས་སོགས་ཀྱིས་བསྐུལ་ངོར་༧རྗེ་བཙུན་བློ་བཟང་ཚུལ་ཁྲིམས་རྒྱ་མཚོའི་རྣམ་པར་ཐར་པ་དད་པའི་པདྨོ་རྒྱས་པའི་ཉིན་བྱེད་ཅེས་བྱ་བ་འདི་འབྲི་དགོས་བྱུང་། ཡིན་ནའང་ཕྲན་ཆུང་རང་ལ་སྐྱེས་སྟོབས་ཀྱི་ཤེས་རབ་དང་། སྦྱངས་སྟོབས་ཀྱི་ཡོན་ཏན་ཏིལ་འབྲུ་ཙམ་ཡང་མེད་པའི་ཁར་དམ་པ་གང་གི་རྣམ་པར་ཐར་པ་ཚད་དང་ལྡན་པ་ཞིག་ལག་སོན་མ་བྱུང་བས་ཉེ་ཆར་ཐོན་པའི་རྣམ་ཐར་དཔེ་དེབ་འགའ་ལས་ལེགས་ཆ་རྣམས་བསྡུ་ཅི་ཐུབ་ཀྱིས་གཙོ་བོར་རྣམ་པར་ཐར་བའི་འགང་གཤོག་པ་གཞིར་བྱས། ལོ་ཚིགས་ཀྱི་ཐད་ལ་ཕལ་ཆེར་རོབ་ཙམ་ཐོད་གཏུག་ཅིང་། སྐྱེས་བུ་དམ་པ་དུ་མའི་གསུང་གི་ཟུར་རྒྱན་ཅུང་ཙམ་དང་བཅས་ལུས་ཀྱི་ཕྲེང་བ་ལ་བརྡ་སྤྲོད་ཀྱི་རྨང་ཡོད་ནའང་སྙན་ཚིག་གིས་མ་བཅིངས་པར་གོ་བདེ་བའི་ལམ་ནས་རང་གི་ལྷག་བསམ་དག་པའི་ཚུལ་གྱིས་བྲིས་པའི་ཁུལ་བྱས་པ་ལ་ཞིབ་བསྡུར་གྱི་དུས་ཡུན་ཧ་ཅང་ཐུང་བ་སོགས་ཀྱི་རྐྱེན་ལས་འགལ་འཛོལ་གྱི་སྐྱོན་མི་ཉུང་བ་ཞིག་ཡོད་ངེས་པ་རྣམས་བླ་མ་ལྷ་དང་བཅས་པར་སྙིང་ཐག་པ་ནས་བཤགས་པ་དང་ཆབས་ཅིག་ཀློག་མཁས་མཁྱེན་ཡངས་རྣམས་ལ་དགོངས་གསོལ་ཞུ་ཞེས་སྔགས་རམས་པ་དགེ་འདུན་ཆོས་གྲགས་ཀྱིས་བླ་བྲང་བཀྲ་ཤིས་འཁྱིལ་གྱིརང་ཤག་ཏུ་༢༠༢༣ ལོའི་ཧོར་ཟླ་༥ཚེས༡༥ཉིན་བྲིས་ཏེ། བཤེས་གཉེན་དམ་པ་གང་གི་གསུངའབུམ་གྱི་དབུ་སོགས་སུ་བཀོད་པ་ལགས་ལ། ཡིན་ནའང་དམིགས་བསལ་གྱི་དབང་གིས་འདི་ལོའི་ཧོར་ཟླ་བཅུ་གཅིག་པའི་དུས་ཚེས་ལ་རྩོམ་པ་པོ་རང་གིས་སྣོན་འཕྲི་ཅུང་ཙམ་དང་བཅས་དགེ་ལུགས་འཕྲིན་སྟེགས་སུ་སྤེལ་བར་གཟུར་གནས་མཁས་དབང་རྣམ་པས་དགོངས་འཆར་ལྷུགས་སྩོལ་གནངས་པར་ཞུ་ཞུ། བཀྲ་ཤིས་བདེ་ལེགས་ཞུ།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།