རྗེ་ཤེས་རབ་སེང་གེ

ཡོང་ཁུངས།   དགེ་ལུགས་དྲ་བ     སྤེལ་དུས།  2023-03-07 21:39:42     རྩོམ་པ་པོ།   དུང་དཀར་བློ་བཟང་འཕྲིན་ལས།    ཀློག་ཐེངས།  

རྗེ་འདི་ཉིད་གཙང་སྟོད་ཀྱི་སའི་ཆར་སྲད་ཀྱི་གུར་མེ་ཞེས་པར་ཡབ་དམ་པ་དམར་པོ་དང་ཡུམ་ཆོས་སྐུ་བཀྲ་ཤིས་རྣམ་གཉིས་ཀྱི་སྲས་སུ་རབ་བྱུང་དྲུག་པའི་ཆུ་ཕག(༡༣༨༣)ལོར་སྐུ་འཁྲུངས།

དགུང་ལོ་ཆུང་ངུ་ནས་སྔོན་གྱི་བག་ཆགས་སད་པས་ཁྱིམ་གྱི་འདུ་འཛི་ལ་མི་དགྱེས་པར་ཆོས་འཚོལ་བ་ལ་སྤྲོ་བ་བརྟས་པ་ཞིག་བྱུང་།

དགུང་ལོ་བཅུ་པ་ལ་སྣར་ཐང་དུ་ཆོས་ཞུགས་མཛད། མཁས་ཆེན་གྲུབ་པ་ཤེས་རབ་ཀྱི་དྲུང་དུ་དགེ་ཚུལ་གྱི་སྡོམ་པ་བཞེས། མཚན་ཤེས་རབ་སེང་གེར་གསོལ། ས་སྐྱའི་མཁས་པ་ཆེན་པོ་གཡག་ཕྲུག་སངས་རྒྱས་དཔལ་དང་། ཤངས་པ་ཀུན་མཁྱེན་ཤེས་རབ་དཔལ་བཟང་། རོང་སྟོན་ཆོས་རྗེ་སོགས་བསྟེན་ནས་གཞུང་ལུགས་སྦྱངས་པ་མཛད། དགུང་ལོ་ཉི་ཤུ་པ་ལ་མཁན་ཆེན་གྲུབ་པ་ཤེས་རབ་ཀྱི་མདུན་ནས་དགེ་སློང་གི་སྡོམ་པ་བཞེས། སྣར་ཐང་དུ་བཞུགས་རིང་མཁན་སློབ་རྣམས་ལས་དབང་དང་རྗེས་གནང་གསན་ཞིང་གཙོ་བོ་མཚན་ཉིད་ལ་སྦྱངས་པ་མཛད།

རབ་བྱུང་མདུན་པའི་ལྕགས་སྟག(༡༤༡༠)ལོར་དབུས་སུ་ཕེབས་ཏེ་རྗེ་ཙོང་ཁ་པ་ཆེན་པོ་དང་མཇལ། འདུལ་བ་དང་མངོན་པ་གཉིས་གསན་བསམ་མཛད།

རྗེ་རིན་པོ་ཆེ་དང་ལྷན་དུ་འོན་བཀྲ་ཤིས་དོ་ཁར་ལ་ཕེབས། དེར་ཚད་མ། དབུ་མ་རྩ་ཤེའི་རྣམ་བཤད། དྲང་ངེས་རྣམ་འབྱེད། རྩ་ལྟུང་རྣམ་གཞག་སོགས་གསན་ནས་གྲུབ་མཐའ་སྔ་མ་དོར་ཞིང་ཕྱི་མ་བཟུང་།

གསང་ཕུར་རྗེ་དགེ་འདུན་གྲུབ་པ་སོགས་དང་མཇལ་ནས་དཔལ་འཁོར་ལོ་སྡོམ་པ་འདུས་དཀྱིལ་གྱི་ཆོ་ག་དང་། བདག་འཇུག་གི་ཆོ་ག་སོགས་ལེགས་བཤད་ཀྱི་དགའ་སྟོན་ཐོག་མར་བསྩལ།

དེ་ནས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ཕེབས་ནས་རྒྱལ་བ་ཙོང་ཁ་པ་ལས་དཔལ་གསང་བ་འདུས་པའི་རྩ་རྒྱུད་དང་འབྲེལ་བ་སྒྲོན་གསལ་ཆ་ལག་དང་བཅས་པ་དང་། བཤད་རྒྱུད་ལྔ་སྒྲུབ་ཐབས་མདོར་བྱས་མདོ་བསྲེ་གཉིས་རྣམ་གཞག་རིམ་པ་དང་རིམ་ལྔ་སོགས་འཕགས་ལུགས་ཀྱི་འདུས་པའི་གདམས་པ་རྣམས་དང་། རྗེ་མར་པ་དང་འགོས་ལོ་ལ་སོགས་པ་བོད་ཀྱི་བླ་མ་རྣམས་ཀྱིས་མཛད་པའི་མན་ངག་དང་གཞུང་བཤད་འདུས་པ་ཡེ་ཤེས་ཞབས་ལུགས་དང་གཤིན་རྗེ་གཤེད་སྐོར་དང་། འཁོར་ལོ་སྡོམ་པ་དང་། ཀྱཻ་རྡོ་རྗེ། དུས་ཀྱི་འཁོར་ལོ་རྣམས་ཀྱི་འགྲེལ་བཤད་དང་བཅས་པ་དང་། དེ་དག་གི་མན་ངག་རྣམས་གསན་ནས་བརྩོན་པ་ཆེན་པོས་སྦྱངས་པས་སྤྱིར་རྒྱུད་སྡེ་བཞི་ག་དང་། ཁྱད་པར་བླ་མེད་ཀྱི་རྒྱུད་སྡེའི་དོན་ལ་མཁས་པའི་ཕུལ་དུ་ཕྱིན།

རབ་བྱུང་བདུན་པའི་ས་ཕག(༡༤༡༩)ལོར་སེ་ར་ཆོས་སྡིངས་སུ་རྒྱལ་བ་ཙོང་ཁ་པ་ཆེན་པོས་ཆོས་འཁོར་བསྐོར་གནང་སྐབས་སུ། བྱམས་ཆེན་ཆོས་རྗེས་རྒྱུད་ཀྱི་བཤད་གྲྭ་འཛུགས་པའི་གཞི་རྟེན་ཕུལ་བ་ན། ཆོས་གྲྭའི་མཁས་མང་གི་དབུས་སུ་རྗེ་རིན་པོ་ཆེས་འདུས་པའི་རྒྱུད་སོགས་ངེད་རང་གི་བཤད་སྲོལ་འདི་འཛིན་ཞིང་དར་རྒྱས་བྱེད་ནུས་སུ་ཡོད་ཅེས་བཀའ་ལན་གཅིག་གཉིས་ཕེབས་པ་ལ་མཁས་པ་སུས་ཀྱང་གསུང་ལན་འབུལ་མ་སྤོབས་པའི་ཚེ། རྗེ་ཤེས་རབ་སེང་གེས་ཚོགས་དབུས་ནས་བཞེངས་ཏེ་སྐུ་ཕྱག་དང་བཅས་རྗེ་ཉིད་ཀྱིས་དགོངས་པ་དང་མཐུན་པ་བདག་གིས་བགྱིའོ་ཞེས་ཞུས་པས་རྗེ་བདག་ཉིད་ཆེན་པོ་ཤིན་ཏུ་དགྱེས་ཤིང་བྱིན་རླབས་མཛད། ནང་མཆོད་ཀ་པཱ་ལ་གང་བ་དང་། གསང་བ་འདུས་པའི་གསེར་སྐུ་བྱིན་རླབས་ཅན། འགྲེལ་པ་བཞི་སྦྲགས། རྒྱུད་ཀྱི་རྣམ་བཤད་གཉིས། བསྐྱེད་རྫོགས་ཀྱི་ཡིག་ཆ་རྣམས་དང་། ཆོས་རྒྱལ་གྱི་ཞལ་འབག་གཏེར་མ། འཆམ་གོས། དབྱུག་ཏོ་ཞགས་པ་བཅས་གནང་ནས་གསང་སྔགས་བླ་ན་མེད་པའི་སྟོན་པར་མངའ་གསོལ།

དེ་ནས་སྣེ་གདོང་མི་དབང་གྲགས་པ་རྒྱལ་མཚན་སར་རྗེའི་བཀའ་འབུམ་བཞེངས་པའི་ཕྱག་ལས་མཛད། དེ་ནས་གསང་ཕུ་གླིང་སྟོད་མཐོང་སྨོན་གྲྭ་ཚང་གི་སློབ་དཔོན་གནང་སྟེ་མདོ་ཕྱོགས་ཀྱི་འཆད་ཉན་སྤེལ། དེ་རྗེས་རྗེ་དགེ་འདུན་གྲུབ་པ་དང་ལྷན་དུ་གཙང་ལ་ཕེབས། བྱང་ཆེན་སྣར་ཐང་རྟ་ནག་སོགས་སུ་མདོ་ཕྱོགས་ཀྱི་འཆད་ཉན་མཛད་པས་སློབ་མ་མང་དུ་འདུས།

དེ་ནས་རྗེ་རིན་པོ་ཆེའི་བཀའ་ལུང་ལྟར་ལྷུན་པོ་རྩེར་ཕེབས། སི་ཏུ་བསོད་ནམས་དཔལ་དང་བདག་མོ་ཤཱཀྱ་དཔལ་གཉིས་ཀྱི་སྦྱིན་བདག་བགྱིས་ནས་སྲད་རྒྱུད་གྲྭ་ཚང་བཙུགས། རྗེ་རིན་པོ་ཆེའི་ཕྱག་ལེན་ལྟར་སྒྲུབ་དཀྱིལ་དང་རྒྱུད་ཀྱི་འཆད་ཉན་ཚུགས། དེ་སྐབས་སྒྲོན་གསལ་རྣམ་ངེས་མཛད་ནས་པར་ཡང་བསྒྲུབས། དེ་ནས་སེང་གེ་རྩེར་སྟོད་རྒྱུད་པར་གྲགས་པའམ་སྲད་རྒྱུད་པར་གྲགས་པའི་སྔགས་གྲྭ་ཕུན་སུམ་ཚོགས་པ་ཕྱག་བཏབ།

རབ་བྱུང་བདུན་པའི་ཆུ་གླང(༡༤༣༣)ལོར་དབུས་ཀྱི་རྒྱུད་སྨད་པ་དང་དེ་རྗེས་བཞད་སྟེང་ཁ་དགོན་སོགས་ཕྱག་བཏབ། ལྕགས་སྤྲེལ(༡༤༤༠)ལོར་རྗེ་དགེ་འདུན་གྲུབ་པ་དཔལ་བཟང་པོ་དང་ལྷན་དུ་སླར་ཡང་གཙང་དུ་བྱོན་ནས་སྣར་ཐང་དང་། བྱང་ཆེན། ལྷུན་པོ་རྩེ་སོགས་སུ་སྔགས་ཀྱི་ཆོས་འཁོར་རྒྱ་ཆེར་བསྐོར།

ཤིང་བྱི(༡༤༤༤)ལོར་རྗེ་ཤེས་རབ་སེང་གེ་དབུས་སུ་ཕེབས་ནས་རྒྱུད་འགྲེལ་བཤད་དང་། བྱང་ཆུབ་ལམ་རིམ། འདུས་པ་བདེ་མཆོག་སོགས་ཀྱི་ཁྲིད་དང་བཤད་པ་རིམ་པར་གནང་། རྒྱུད་སྨད་གྲྭ་ཚང་ལོ་བཅུ་གསུམ་བསྐྱངས་ཏེ་དབྱར་སོས་འདུས་པའི་རྒྱུད་འགྲེལ། སྟོན་དུས་རིམ་ལྔ་གདན་རྫོགས། སྦྱོར་དྲུག ནཱ་རོ་ཆོས་དྲུག ལཱུ་དྲིལ། རྫོགས་རིམ། འཇིགས་བྱེད་ཀྱི་རྫོགས་རིམ། ལམ་རིམ་ཁྲིད་དང་ལྟ་ཁྲིད་སོགས་ཀྱི་འཆད་ཉན་མཛད། འདུལ་ཁྲིམས་གཅེས་སུ་འཛིན་པའི་དགེ་འདུན་གྱི་བཅའ་ཁྲིམས་ཀྱང་གནང་།

གྲྭ་ཚང་གི་ནང་རྟེན་དུ་རྗེ་རིན་པོ་ཆེས་གནང་བའི་གསང་བ་འདུས་པའི་གསེར་སྐུ་དང་། ནང་ཆོས་ཀཱ་པ་ལ། མགོན་ཆོས་ཀྱི་ཞལ་ཐང་བསྩལ།

དེ་ལྟར་རྗེ་རིན་པོ་ཆེའི་དྲུང་དུ་དམ་བཅའ་པ་མཐར་ཕྱིན་པར་མཛད་དེ་རྒྱུདཀྱི་འཆད་ཉན་སྦྱིན་པ་དཔལ་བ་ལ་གཏད་དེ་དགུང་ལོ་རེ་གསུམ་ཤིང་གླང(༡༤༤༥)ལོའི་བོད་ཟླ་ལྔ་པའི་ཚེས་ཉེར་ལྔ་ལ་དགའ་ལྡན་རྒྱུད་ཁང་དུ་བདེ་བར་གཤེགས།

རྗེས་འཇུག་རྣམས་ཀྱིས་སྐུ་གདུང་རིན་པོ་ཆེ་ཞུགས་སུ་ཕུལ་བས་དབུ་ཐོད་མ་ཉམས་པ་དང་། རིང་བསྲེལ་ངོ་མཚར་བ་རང་བྱོན་དུ་ཕེབས་པ་རྗེ་དགེ་འདུན་གྲུབ་པས་བཞེས་ཏེ་ད་ལྟའི་ཐུབ་དབང་བདུད་འདུལ་མའི་གཟུངས་སུ་བཞུགས།

གསུང་རྩོམ{{རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྩ་བའི་རྒྱུད་ཀྱི་སྒྲོན་མེ་རབ་ཏུ་གསལ་བ་བྱེད་པའི་རྒྱ་ཆེར་འཆད་པ}}ཞེས་པ་ལེའུ་བཅུ་བདུན་དང་ལྡན་པ་ཞིག་མཛད།

རྗེ་འདི་ཉིད་ཀྱི་བཤད་སྲོལ་འཛིན་པའི་སློབ་མ་འདུལ་ནག་པ་དཔལ་ལྡན་བཟང་པོ་དང་། པན་ཆེན་བཟང་པོ་བཀྲ་ཤིས། རྒྱུད་ཆེན་སྦྱིན་པ་དཔལ་བ་སོགས་མཐའ་ཡས་པ་བྱུང་བའི་ཁྲོད་ན་རྒྱལ་མཚན་གྱི་ཏོག་ལྟར་མངོན་པར་མཐོ་བ་འགྲན་ཟླ་དང་བྲལ་བ་ནི་ཐམས་ཅད་མཁྱེན་པ་རྗེ་དགེ་འདུན་གྲུབ་པ་ཡིན། རྗེ་ཤེས་རབ་སེང་གེས་དབུས་ཀྱི་རྒྱུད་པ་གྲྭ་ཚང་ཕྱག་བཏབ་རྗེས་རིམ་བཞིན་དབུས་གཙང་མདོ་ཁམས་སོགས་མཐའ་དབུས་ཀྱི་ཡུལ་གྲུ་རྣམས་སུ་རྒྱུད་གྲྭ་སྟོད་སྨད་ཀྱི་རྗེས་སུ་འབྲང་བའི་དགོན་སྡེ་མང་དུ་འཕེལ། རྒྱལ་བ་ཙོང་ཁ་པ་ཆེན་པོའི་བཞེས་སྲོལ་དཔལ་གསང་འདུས་སོགས་གསང་སྔགས་རྒྱུད་ཀྱི་བསྟན་པ་ཕྱོགས་ཐམས་ཅད་དུ་དར་རོ། །

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།