ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྣམ་ཐར་ཟུར་འདེབས་ཞེས་བྱ་བ།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2022-07-14 06:52:55     རྩོམ་པ་པོ།   རྒན་ཀྱའི་དཀོན་མཆོག་རྒྱ་མཚོ།    ཀློག་ཐེངས།  

མདོ་སྨད་རྒན་གྱར་ལང་ཚོའི་མྱུ་གུ་སྨིན།།

དབུས་གཙང་ཞིང་དུ་ལུང་རྟོགས་ཡལ་འདབ་རྒྱས།།

དོན་གཉིས་འབྲས་བུས་སྐྱེ་རྒུ་ཚིམ་མཛད་པ།།

ངེས་དོན་ཀུན་མཁྱེན་འཇམ་དབྱངས་བཞད་པ་དྲན།།

བླང་དོར་སྨག་ལ་འཁྱམ་པའི་འཇུག་ངོགས་མཆོག།

བརྟག་བཟོད་དམ་པའི་བཤུལ་ལམ་ཁོ་ནར་ངེས།།

དེ་ཕྱིར་ཀུན་མཁྱེན་བླ་མའི་རྣམ་པར་ཐར།།

དཔར་ལོག་སྤངས་ཏེ་འཐོར་སྡུད་ཚུལ་དུ་དགོད།།

དེ་ཡང་ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེའམ། དབལ་ཤུལ་ངག་དབང་བརྩོན་འགྲུས་ནི། བོད་ལ་མཚོན་ན་དུས་རབས་གཅིག་གི་ཚབ་མཚོན་གྱི་མཁས་པར་བགྲང་རུང་བ་ཞིག་སྟེ། དེ་ལྟར་ཡིན་པ་ཡང་ཁོང་གི་རྗེས་འཇུག་འགའ་ཞིག་གི་ཞེན་ཁོག་གིས་ཀུན་ནས་བསླངས་ཏེ། དེ་ལྟར་བརྗོད་པ་ཙམ་མ་ཡིན་པར་རྒྱལ་སྤྱིའི་བོད་རིག་པའི་སྡིངས་ཆའི་སྟེང་ན་དོན་དང་ལྡན་པའི་ཕྱག་ལས་ཀྱི་དབང་གིས་སྙན་པའི་གྲགས་པ་འབར་ཞིང་། ཕྱོགས་ཞེན་དྲག་པོས་མ་འཚོས་པ་དག་གིས་ཀྱང་གདེངས་འཇོག་དེ་ལྟར་གནང་ཚུལ་ནི། དཔེར་ན།  དེང་རབས་ཕྱི་ཕྱོགས་ཀྱི་མཁས་པའི་ནང་ནས་ཚད་མའི་གཞུང་ལུགས་ལ་ཉམས་ཞིབ་ཐོག་མར་གནང་མཁན་ཨུ་རུ་སུའི་མཁས་པ་སུའུ་ལེན་ཚན་རིག་ཁང་གི་ཡོན་ཧྲེ། ལེ་ཉིན་ཀའོ་ལའི་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ་ཧྲེའར་པཱ་༡༨༦༦‑༡༩༤༢ཚེ་ཀིས་བརྩམས་པའི་སངས་རྒྱས་ཆོས་ལུགས་ཀྱི་གཏན་ཚིགས་རིག་པ་ཞེས་པའི་དེབ་ལས། སོག་པོ་བས་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཡིག་ཆ་གཙོ་བོར་བྱེད་པ་དང་། གྲྭ་ཚང་དེའི་ཡིག་ཆའང་སྙན་གྲགས་ཅན་གྱི་ཀུན་མཁྱེན་འཇམ་དབྱངས་བཞད་པས་གཏོད་པ་ཡིན་ཞིང་། ཁོང་ནི་སྤྱིར་བཏང་མིན་པའི་མཁས་པ་ཞིག་ཡིན་ལ་སངས་རྒྱས་ཆོས་ལུགས་ཀྱི་སྡེ་སྣོད་གང་གི་བསྟན་བཅོས་ལའང་གླེང་བརྗོད་ཀྱི་བསྟན་བཅོས་ཡོད། བོད་དབུས་ཀྱི་འབྲས་སྤུངས་དགོན་ཆེན་དུ་སློབ་གཉེར་མཛད། ཕ་ཡུལ་བོད་ཀྱི་ཤར་ངོས་ཀྱི་ཨ་མདོ་ནས་ཡིན། ཨ་མདོར་ཕྱིར་ལོག་ཕེབས་ཏེ་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པ་ཕྱག་འདེབས་མཛད། དགོན་པ་དེ་ཕྱིས་སུ་སློབ་གཉེར་བྱེད་ལུགས་ཐད་བོད་ཡོངས་སུ་སྐད་གྲགས་ཆོད་པ་མ་ཟད་སོག་པོའི་རིག་གཞུང་གི་ལྟེ་གནས་སུ་གྱུར། ཁོང་དང་ལའེ་པུའུ་༡༦༤༦ ­‑ ༡༧༡༧ཉི་ཚི་དུས་རབས་གཅིག་གི་མི་ཡིན་པར་དོ་སྣང་བྱུང་བས། དེར་མི་རྣམས་ཁྱད་མཚར་བ་ལྟ་བུ་བྱུང་སྟེ། ཕུལ་དུ་བྱུང་བའི་མི་སྣ་དེ་གཉིས་ཀར་ཧང་སངས་དགོས་པའི་བློ་གྲོས་ལྡན་པས་མི་རྣམས་ཀྱིས་ཁོང་རྣམ་གཉིས་ནས་ཤེས་བྱ་ཀུན་ལ་མི་ཤེས་པ་མེད་པ་ལྟ་བུར་ངོས་འཛིན་པ་ནི་འཇམ་དབྱངས་བཞད་པར་ཀུན་མཁྱེན་བླ་མ་ཞེས་སུ་འབོད་ལ། ལའི་པུའུ་ཉི་ཙེར་ཡོངས་སུ་རྫོགས་པར་རྟོགས་པ་བོ་ཞེས་གྲགས་སོ།། ཞེས་འབྱུང་ངོ་།། དེ་བཞིན་དུ་ཀུན་མཁྱེན་འཇམ་དབྱངས་བཞད་པའི་མཛད་འཕྲིན་ཡང་ཁོང་འཚོ་བཞུགས་ཀྱི་སྐབས་ལས་ཀྱང་ཕྱིས་སུ་བལྡབ་འགྱུར་གྱིས་མཐའ་དབུས་མེད་པར་རྒྱལ་ཕྱི་ནང་ཀུན་ཏུ་ཡོངས་ཁྱབ་ལྟ་བུར་ཆགས་པ་འདི་འདྲ་གཞན་ན་མཐོང་དཀོན་སྟབས། ཀུན་མཁྱེན་ཡབ་སྲས་ཀྱི་ངོ་སྲུང་མི་དགོས་པར་མ་ཟད་འབྲེལ་བ་དམིགས་བསལ་བ་ཅི་ཡང་མེད་པའི་ལྷ་མིའི་རྣམ་འདྲེན་ཕྱག་ན་པདྨོ་བཅུ་གསུམ་པ་ཐུབ་བསྟན་༡༨༧༦ ­‑ ༡༩༣༣རྒྱ་མཚོ་མཆོག་རྒྱ་ནག་ནས་སླར་དབུས་སུ་ཕེབས་ནས་སྐབས་དེའི་ཕྱོགས་འགྲུལ་དུ་བྱོན་སྐབས་ཐུགས་ཧ་ལས་དགོས་པའི་མཁྱེན་ཚོར་གསུམ་བྱུང་བར་གསུངས་པ་ལས། གཅིག་ནི། འཇམ་དབྱངས་བཞད་པའི་འཕྲིན་ལས་ཀྱི་ཁྱབ་ཚད་ཡིན་པར་དགའ་ལྡན་ཛེ་སྨད་སྤྲུལ་སྐུའི་གསུང་འབུམ་ཆ་པོད་དུ་བཞུགས་པའི་གཏམ་དང་ངག་སྒྲོས་སྣ་ཚོགས་བཞི་བ་ཞེས་པ་ལས། རྒྱལ་བ་ཐུབ་བསྟན་རྒྱ་ནག་ནས་ཕྱིར་ཕེབས་སྐབས་ཁོ་བོ་ཧ་ལས་དགོས་པ་གསུམ་བྱུང་། ས་མཐའི་མིའི་དད་པ། རྒྱ་ནག་གོང་མའི་སྟོབས་འབྱོར། འཇམ་བཞད་ཀྱི་འཕྲིན་ལས་གསུམ་ཁྱབ་བདལ་ཆེ་གསུངས། ཞེས་འབྱུང་བ་ལྟར་ལ། གཞན་ཀུན་མཁྱེན་བླ་མའི་རྗེས་འཇུག་ཁྲོད་ནས་ཀུན་མཁྱེན་བླ་མར་དད་གུས་དང་ཆེ་མཐོང་བསྟོད་བཀུར་བསྔགས་གསུམ་ཕུལ་བ་ནི་རྩིས་པས་མི་ལངས་ཀྱང་དེ་ནི་ཆེས་རྒྱུན་ལྡན་ཡིན་གཤིས་འདིར་མ་བཀོད་པས་དེ་དང་དེར་ཤེས་དགོས་སོ།།

དེ་ལྟ་བུའི་ཀུན་མཁྱེན་འཇམ་དབྱངས་བཞད་པའི་སྐུ་ཚེའི་ལོ་རྒྱུས་ཞིབ་པར་རྟོགས་པ་ལ། ཁོང་གི་རྣམ་ཐར་རྒྱས་པ་གཉིས་དང་། ཀུན་མཁྱེན་གསུང་འབུམ་པོད་བཅུ་དྲུག། ཀུན་མཁྱེན་བླ་མ་དང་དུས་ཐོག་མཉམ་ཞིང་འབྲེལ་བ་ཡོད་པའི་སྐྱེས་ཆེན་གཞན་གྱི་རྣམ་ཐར་དང་ལོ་རྒྱུས། ཁོང་གི་དངོས་སློབ་དག་གི་རྣམ་ཐར། བཀྲ་ཤིས་འཁྱིལ་གྱི་གདན་རབས་ལྷའི་རྔ་ཆེན་དང་། མདོ་སྨད་ཆོས་འབྱུང་། འཁྲུངས་ཡུལ་དང་བཞུགས་ཡུལ་དག་གི་ངག་རྒྱུན་ཚུན་ཆད་ལ་ཞིབ་ཏུ་མཉན་ཞིང་ཡིད་ཀྱིས་དཔྱད་ནས་བླང་དོར་བྱས་ན། ད་གཟོད་ཀུན་མཁྱེན་བླ་མ་འཇམ་དབྱངས་བཞད་པའི་ཐུན་མོང་བའི་སྐུ་ཚེའི་ལོ་རྒྱུས་ཅུང་ཟད་བློར་ཆུབ་པར་འགྱུར་བ་ཡིན་མོད། བདག་ལྟ་བུ་ལ་དེ་འདྲའི་ཆ་རྐྱེན་ལོངས་པ་དཀའ་ཡང་རང་བློས་ལྕོགས་ཚོད་ཀྱིས་འབད་དེ་མི་ཚེའི་བཞུར་རྒྱུན་དོན་ཡོད་པར་བྱ་བའི་ཕྱིར་བགྱི་བ་འདིར་ཞུགས་པ་ཡིན་ནོ།། དེས་ན། ཀུན་མཁྱེན་བླ་མའི་རྣམ་ཐར་རྒྱས་པ་གཉིས་བཞུགས་པ་ལས།   

རྗེ་འཇིགས་མེད་༡༧༢༨ ­‑ ༡༧༩༡དབང་བོས་མཛད་པའི་རྣམ་ཐར་ཚིག་སྦྱོར་ལེགས། བརྗོད་པ་གཙང་། ཟུར་ཟ་དང་ཕོག་ཐུག་ཆེར་མེད་པ་སོགས་ཀྱི་ཁྱད་ཆོས་ཀྱིས་ཕྱུག་འདུག་པ་དང་། ཀུན་མཁྱེན་བླ་མའི་ཐུགས་སྲས་ཆེན་པོ་བསེ་ངག་༡༦༧༨ ­‑ ༡༧༣༨དབང་བཀྲ་ཤིས་ཀྱིས་མཛད་པའི་རྣམ་ཐར་ཀེ་ཏ་ཀའམ་རྣམ་ཐར་བཙན་པོ་མར་གྲགས་པ་ཚིག་སྦྱོར་གཙོ་བོར་མ་བྱས་པར་མ་ཟད། གཞན་ལ་ཕོག་ཐུག་འགྲོ་མིན་སོགས་ལ་ཡང་དེ་ཙམ་གྱི་དགོངས་པ་མ་བཞེས་པར་བླ་མའི་མཛད་སྤྱོད་གང་མཇལ་དང་གང་གསན་ཐད་ཀར་ཇི་བཞིན་བརྗོད་ཅིང་། ཐུན་མིན་གསང་བའི་རྣམ་ཐར་དང་། ཐུན་མོང་ཕྱིའི་རྣམ་ཐར་གཉིས་ཕན་ཚུན་མ་འདྲེས་པར་བརྗོད་པའི་ཁྱད་ཆོས་ཀྱིས་ཕྱུག་སྟབས། རྣམ་ཐར་དེ་གཉིས་གཙོ་བོར་བསྡུར་ཞིང་དེ་གཉིས་ཀྱི་གལ་འགང་ཆེ་བའི་ཚིག་ཁ་ཤས་ལ་གསལ་བཤད་རེ་དང་། ཀུན་མཁྱེན་བླ་མའི་དངོས་སློབ་དག་གི་རྣམ་ཐར་སོགས་འབྲེལ་ཡོད་གཞན་གྱིས་ཟུར་བརྒྱན་ཏེ་ལོ་ཚིགས་གྱུ་རུ་ལུགས་སུ་བྲི་བར་བྱའོ།།

འཁྲུངས་པའི་གནས་ངོས་འཛིན་སྐབས། ཀུན་མཁྱེན་རང་ཉིད་ཀྱི་རང་རྣམ་ཚིགས་བཅད་མ་ལས།

སྐྱེས་ཡུལ་བསང་གི་རྡོ་གེར་ལྷས་ཁྲ་ཏིང་།། ཞེས་དང་།  དབལ་མང་ཚང་གིས། བསང་གཞུང་ལ་ལུང་ཆེན་དང་ལུང་ཕྲན་གྱི་ཡན་ལག་ཆེས་མང་བའི་ནང་ཚན་རྒན་གྱ་སྨད་ཀྱི་ཆ་རྡོ་གེར་དང་ཉེ་བ་ཞེས་དང་། རྣམ་ཐར་གཉིས་སུ་རྒན་གྱའི་བྲག་དཀར་དང་ཐག་ཉེ་བའི་རྒན་གྱའི་ལྟིང་རིང་ཞེས་བཤད་པ་སོགས། བསང་གི་རྡོ་གེར་ཞེས་པ་གང་ལ་ངོས་འཛིན་དགོས་པ་མཐུན་སྣང་དུ་གྲུབ་པ་ཞིག་དཀའ་ཡང་། ལ་ལས། རྒྱོའི་རྒྱའི་གེ་སར་རྟགས་ཞེས་པ་དེ་ཡིན་སྐད་དང་། ཁ་ཅིག་གིས་བསང་ཁོག་གི་རྡོ་རིང་ཉག་གའི་རྡོ་རིང་ཡིན་སྲིད་པར་བཤད་པ་དང་། འགའ་ཞིག་གིས་ཁོ་ཚེའི་ཉེ་འཁོར་གྱི་བསེ་ཡི་རྡོ་མཁར་ཞེས་པ་ཡིན་སྲིད་པར་བཤད་པ་སོགས་སྣང་ཡང་ངེས་པ་མ་ཐོབ་པས་སླར་བརྟག་དགོས།  མདོར་ན་སྔོན་དུས་སུ་རེ་ཞིག་ལ་དེང་གི་བསང་ཁོག་དང་རྒན་གྱ་དང་བཅས་པ་ལ་བསང་ལྗོངས་སམ། བསང་གཞུང་ཟེར་ཞིང་ཡུལ་དཔོན་གཅིག་གི་མངའ་འོག་གི་ཚོ་རྩེ་དང་ཚོ་རྟིང་ཙམ་ཡིན་པ་ནི། དབལ་མང་རྣམ་ཐར་ལས། དང་བོར་བསང་གཞུང་དུ་གཞི་ཆགས་པས་ཚར་ཚ། ཕུག་སྡེ། ཟ་ཡུ་གསུམ་ལ་བསང་མཐའ་ཚོ་གསུམ་དུ་གྲགས། ཕྱིས་སུ་རྒན་གྱའི་ཆིང་ཧུའི་མི་སེར་བྱས་སྐབས་ཤིག་ཅེས་འབྱུང་བ་ལྟར་རོ།།  གུང་ཐང་བསྟན་པའི་༡༧༦༢ ­‑ ༡༨༢༣སྒྲོན་མེས། སྤང་ལྗོངས་མེ་ཏོག་གིས་བརྒྱན་པའི་འབྲོག་གི་ས་མཚམས། ཕལ་སྐད་ལ་བསང་གཞུང་དུ་གྲགས་ཞེས་དང་། ཀེ་ཏ་ཀར། དགོན་པའི་མདུན་དུ་འབབ་པའི་སྤང་གཞུང་གི་ཆུ་བོ་ཞེས་གསུངས་པ་ལྟར་ན། བསང་གཞུང་ཞེས་པ་སྤང་ལྗོངས་ཟུར་ཆགས་པ་ཡིན་སྣང་བས། དེ་ལྟར་ན་རྒན་གྱ་ཡང་བསང་གཞུང་ཡིན་ལ། སུམ་པའི་ཡེ་ཤེས་དཔལ་༡༧༠༤ ­‑ ༡༧༨༨འབྱོར་གྱི་ཆོས་འབྱུང་དུ། ཝ་ཤུའི་སྤྱང་ཁོག་གི་དགོན་ཆེན་བཀྲ་ཤིས་འཁྱིལ་ཞེས་དང་། སྤྱང་ཆུ་ཀླུ་ཆུ་ཞེས་བསང་ཁོག་ལ་སྤྱང་ཁོག། བསང་ཆུ་ལ་སྤྱང་ཆུ་ཞེས་བྲིས་སྣང་། བསེ་ཚང་གིས་མཛད་པའི་ཀུན་མཁྱེན་བླ་མའི་རྣམ་ཐར་ཀེེ་ཏ་ཀའམ་ཡོངས་གྲགས་ལ་རྣམ་ཐར་བཙན་པོ་མ་ཞེས་བྱ་བར། ཡུལ་ཕྱོགས་འདི་ཉིད་དུ་སྔོན་དུས་གླིང་རྗེ་གེ་སེར་ཡང་འཁྲུངས་ཞེས་གྲགས་ཤིང་། ཞེས་འབྱུང་མོད། རྗེ་འཇིགས་མེད་དབང་བོས་མཛད་པའི་ཀུན་མཁྱེན་རྣམ་ཐར་ངོ་མཚར་སྐལ་བཟང་འཇུག་ངོགས་སུ་མི་གསལ། རྟིང་རིང་ལྷས་ཁྲ་ལྡིང་། ལྟིང་རིང་ལྷས་ཁྲ་ཏིང་། སྟེང་རིང་སླས་ཁྲ་སྟེང་སོགས་འབྲི་ཚུལ་སྣ་ཚོགས་སྣང་ཡང་། ལྷས་ཁྲ་ཏིང་ཞེས་ཀུན་མཁྱེན་རང་རྣམ་དུ་གསལ་བ་དང་། རྟིང་རིང་ནི་ལུང་བའི་ཕུ་རྟིང་རིང་བས་དེ་ལྟར་ཐོགས་པར་སྣང་། དབལ་ཤུལ་ཞེས་པའི་སྒྲ་བཤད་ལ། བསེ་ཚང་གིས། དབལ་ཆེན་སྐྱབས་ཟེར་བའི་བརྒྱུད་པ་ལ་དབལ་ལུ་ཤུལ་མ་ཞེས་བཏགས་པས་དཔལ་ཤུལ་བྱས་སོ།། ཞེས་དང་། མི་བུ་གདོང་དྲུག་གི་རུས་མཛོད་ལས། དབལ་ཤུལ་ཟེར་བའི་རྒྱུ་མཚན་ནི། ལྡོང་དབལ་ཆེན་སྐྱབས་ཟེར་བའི་ཤུལ་གྱི་མི་རིགས་ལ་དབལ་ཤུལ་ཟེར་བ་ཡིན་ཞེས་དང་། རྗེ་འཇིགས་མེད་དབང་བོས། ཡང་མེས་གོང་མ་ཞིག་ལ་བུ་མེད་པར་བོན་བསྟེན་ནས་བུ་ཞིག་བྱུང་བ། བོན་གྱི་ལྷ་དབལ་སེ་སྟག་ལ་མེ་འབར་ཟེར་བ་ལ་མགོན་སྐྱབས་བཅོལ་ཏེ་དབལ་སེ་སྐྱབས་ཞེས་བཏགས། དེའི་བརྒྱུད་པ་ལ་དབལ་ཤུལ་དུ་ཐོགས་པར་རྡོ་རྗེ་འཆང་སྟོབས་ལྡན་༡༦༩༦‑༡༧༥༩སྔགས་རམས་པ་གསུང་། ཞེས་བཀོད་ཡོད། དབལ་ཤུལ་དེ་རྒན་གྱར་ནམ་སླེབས་ནི། བཙན་པོ་མ་དང་། མགོ་ལོག་རུས་མཛོད་སོགས་ལྟར་ན། ཀུན་མཁྱེན་ནས་ཡར་བགྲང་བའི་མི་རབས་བདུན་པའི་སྐབས་ཡིན་འདུག་སྟེ། ཀུན་མཁྱེན་གྱི་ཡབ་དཔལ་འབུམ་རྒྱལ། དེའི་ཕ་བླ་མ་སྐྱབས། དེའི་ཕ་ཀླུ་སྐྱབས་ཡག། དེའི་ཕ་སྡུད་པ། དེའི་ཕ་ཀེ་གོ་ཐར། དེའི་ཕ་བན་དཔོན་ཡིན་ཞིང་འདིའི་བུ་ལ་ཨ་རིག་བན་དེའི་བུ་མོ་ཆུང་མར་བསུས་པའི་སྟོན་མོའི་ཉིན་ཡུལ་ལུགས་ལྟར་གོ་མཚོན་སོགས་མཚར་དུ་དངར་བ་བསྟར་བར། ཨ་རིག་བན་དེས་ཁོ་ལ་དཔའ་ངོམ་པར་སྙམ་ནས་ཞེ་སྡང་གཏིང་ནས་ལངས་ཏེ། ཁོ་བོས་ཁྱོད་རང་རྒྱའི་བོང་བུ་གྲག་པའི་སར་མ་དེད་ན་ང་མི་མིན་ཟེར་ནས་གཡུལ་བཤམས་ནས་དམག་བརྒྱབ་པས་དབལ་ཤུལ་བས། ཨ་རིག་བན་དེའི་བུ་གཉིས་བསད་ནས་བྲོས་ཞོལ་བྱས། ཨ་རིག་གི་ཁྲི་དམག་ཅིག་གིས་རྗེས་འདེད་བྱས་པར། དབལ་ཤུལ་བས་ལམ་ཁའི་རྡོ་དང་བོང་བ་མང་བོ་མདས་ཕུག་ནས་དཔའ་རྩལ་བསྟན་པས་ཐག་ཉེར་བཏུད་མ་ཐུབ་པའི་ངང་ལ་བསང་གི་མཐེན་པོའི་ཉག་གར་སླེབས། དེར་བོང་བུ་ཞིག་གྲག་པས་སྔར་གྱི་དམ་བཅའི་སྟེང་དུ་སླེབས་ཟེར་ནས་ཨ་རིག་གི་དམག་ཕྱིར་ལོག། དབལ་ཤུལ་བ་རྣམས་རྒན་གྱའི་གཞུང་དུ་གཞིས་ཆགས་ནས་མི་རབས་དྲུག་ཙམ་སོང་བ་ན་ཀུན་མཁྱེན་བླ་མ་འཁྲུངས་པ་ཡིན་ནོ།། དེས་ན། རྨ་ལྷོ་སོག་ཤོག་གི་ལོ་རྒྱུས་རྒྱུ་ཆ་ཕྱོགས་བསྒྲིགས་པོད་བཞི་བ་གཙང་ཨ་རིག་གི་སྐོར་ཞེས་པའི་དེབ་ལས། བན་དེ་གྲགས་པ་དབང་ཕྱུག་གི་བུ་མོ་དབལ་ཤུལ་བན་དཔོན་གྱི་བུ་བླ་མ་སྐྱབས་ལ་ཆུང་མར་བྱིན་ནས་གཉེན་བཙུགས། ཞེས་པའི་བླ་མ་སྐྱབས་ཞེས་པ་ཀུན་མཁྱེན་བླ་མའི་ཡབ་ཀྱི་ཕ་དེ་ཡིན་ན་མི་རུང་ཞིང་། བན་དཔོན་ལ་བུ་ཀེ་གོ་ཐར་ལས་གཞན་བླ་མ་སྐྱབས་ཟེར་བ་ཞིག་ཡོད་ཚུལ་མི་གསལ་བས་དཔྱད་དགོས། ཡབ་ཀྱི་མཚན་ལ་དབལ་ཤུལ་ཁ་འདལ་དཔལ་འབུམ་རྒྱལ་ཞེས་འབྱུང་བས། དཔལ་འབུམ་རྒྱལ་ཞེས་པ་མཚན་དངོས་དང་། ཁ་འདལ་ཞེས་པ་མཚང་མིང་ཨེ་ཡིན་སྙམ་ཡང་། ཀུན་མཁྱེན་རང་ཉིད་ཀྱིས་ཀྱང་། ཕ་ནི་ཁ་འདལ་མ་ནི་ཐར་མོ་བྱམས།། ཞེས་གསུངས་པས་དཔྱད་ལ། རྗེ་འཇིགས་མེད་དབང་བོས། རང་རྣམ་འདི་ལ་བསྟུན་ནས་ཡུམ་གྱི་མཚན་ཐར་མོ་བྱམས་ཞེས་གསུངས་པ་ཤིན་ཏུ་དག་ཅིང་། གདན་རབས་ལྷའི་རྔ་ཆེན་ལས། སྐུ་ཞང་ཟ་ཡུ་བ་རྣམས་ཀྱིས་ཞེས་གསུངས་པ་ལྟར་ན། མ་ཡུམ་གྱི་ཡུལ་ནི་ཟ་ཡུ་ནང་ཡིན་ནམ་སྙམ་མོད། བསེ་ཚང་གིས། ཁ་གྱའི་མཁར་མོ་སྐྱིད་ཅེས་གསུངས་འདུག་པས་དཔྱད།    རྣམ་ཐར་གཉིས་སུ་ཡབ་ཡུམ་དེ་གཉིས་ལ་སྲས་བཞི་མངའ་བ་ལས་ཞེས་སྲས་བཞི་ནི། ཀུན་མཁྱེན་བླ་མ། ནོ་ཡོན་སྡེ་བ་རབ་འབྱམས་པ་བློ་གྲོས། དགེ་རྒན་གུ་རུ། ཀླུ་བ་བཅས་བཞི་ཡིན། ནོ་ཡོན་སྡེ་བ་དེ་བསྐྱེད་རྫོགས་ལ་རྩལ་ཐོན་པས་སྐུ་གདུང་ཞུགས་འབུལ་ཉིན་གདུང་ཁྲུ་གང་ལས་མེད་པར་གྲགས། ཐུགས་དམ་གྱི་རིང་ལ་སྐུ་གདུང་གི་དྲོད་མ་ཡལ་ཟེར། བསེའི་རྣམ་ཐར་ལས། རྗེ་གོང་མའི་གཅུང་རབ་འབྱམས་པ་ཞི་ཞིང་དུལ་ལ་ཞེན་ཆགས་ཆུང་བ་རྡོ་རྗེ་འཇིགས་བྱེད་ལ་སོགས་པའི་ཡི་དམ་གྱི་ལྷ་དུ་མའི་བསྙེན་པ་ཚད་དུ་སོང་བ་ཞིག་ཡིན་འདུག་པས། དེ་ཉིད་ཀྱི་དྲུང་ནས་རྗེ་འདིས་རྗེ་གོང་མ་ནས་བརྒྱུད་པའི་མགོན་པོ་བཀའ་བཅུ་གསུམ་གྱི་རྗེས་གནང་། རྣམ་སྲས་བཀའ་བཅོ་ལྔའི་རྗེས་གནང་། ལྷ་མོའི་རྗེས་གནང་། སྣར་ཐང་བརྒྱ་རྩའི་ལུང་རྗེས་གནང་། རྭ་པོད། བེའུ་བུམ་སོགས་ཆིག་བརྒྱུད་མང་བོ་དང་། ཤེར་ཕྱིན་སྣ་ཚོགས། ཉི་ཁྲི། བརྒྱད་སྟོང་བ་རྣམས་གསན། ཞེས་འབྱུང་བ་ལྟར་བསེ་ངག་དབང་བཀྲ་ཤིས་ཀྱིས་ཀྱང་བླ་མར་བསྟེན། ཀུན་མཁྱེན་བླ་མའི་འཁྲུངས་གཞིས་ཀྱི་ཁྱིམ་འཛིན་ནི་དབལ་ཤུལ་ཀླུ་བ་ཡིན་ཞིང་། ཀླུ་བའི་བུ་དགེ་འདུན་སྐྱབས་དང་། རྒྱལ་བོ་ཇུ་ནང་གི་བཙུན་མོ་གནས་སྐྱིད། ཨོས་ཙང་དཔོན་པོ་དོན་གྲུབ་གསུམ། ཕྱི་མའི་མཚན་དངོས་འཇམ་དབྱངས་མཁས་མཆོག་ཞུ་ཞིང་། ཀུན་མཁྱེན་བླ་མས་དུག་སྦྱོང་གི་མན་ངག་སྐོར་མང་བོ་ཆིག་བརྒྱུད་དུ་གནང་ཞིང་བསྐྱེད་རིམ་ལ་བརྟན་པ་ཐོབ་པར་གྲགས། རྒྱ་ནག་ཏུ་ཀུན་མཁྱེན་བླ་མའི་སྐུ་ཚབ་ཏུ་མཚམས་ཞུས་ལ་ཕྱིན་མྱོང་། ཀུན་མཁྱེན་གྱི་གཟིམ་གུར་དུ་རུ་རྙིང་གི་མགོ་འཛིན་དུ་བཞུགས་སྐབས་ར་མདར་ཕེབས་སྐབས་ཤིག་ཆིབས་པའི་ཁ་ནས་མེ་འབར་བ་ཕ་རོལ་བས་མཐོང་བར་གྲགས་ཆེ། ཀུན་མཁྱེན་འཇིགས་མེད་དབང་བོས་འདི་ཉིད་ལས་དམར་བོ་མདའ་གཞུ་འགེངས་པའི་གདམས་པ་འཇིགས་མཛད་ཞལ་ལུང་དབང་གི་རྒྱལ་བོའི་ཕྲེང་མཛེས་ཀྱི་ལུང་ཁྲིད་གསན། མཁན་སྤྲུལ་ངག་དབང་ཐུབ་བསྟན་རྒྱ་༡༨༣༦ ­‑ ༡༨༨༩མཚོའི་གསན་ཡིག་ལས། འདི་ཡིན་རྒྱུ་དམར་བོ་ཞིག་ཡིན་ཡང་། ནག་པོ་མདའ་འགེངས་ཟེར་དགོས་ཞེས་འབྱུང་། ཀུན་མཁྱེན་འཇིགས་མེད་དབང་བོ་དང་། བསེ་ངག་དབང་བཀྲ་ཤིས། གསེར་ཁ་བསོད་ནམས་རྒྱ་མཚོ་གསུམ་གས་རིགས་དབོན་འཇམ་དབྱངས་མཁས་མཆོག་ལས་དུག་སྦྱོང་གི་མན་ངག་གསན་སྣང་།    དགེ་འདུན་སྐྱབས་ཀྱིས་ཀུན་མཁྱེན་ལ་རིགས་བརྒྱུད་ཀྱི་རིམ་གྲོ་ཞུས་སྐབས་མདའ་དར་ལ་མདའ་ཤིན་ཏུ་མཛེས་པ་དར་ཚོན་གྱིས་སྤྲས་པ་གཅིག་ཕུལ་ཡང་མདེའུ་མེད་པའི་རྟེན་འབྲེལ་གྱི་དབང་གིས་བུ་ཕོ་མ་བྱུང་། བུ་མོ་འགའ་སྐྱེས་ཤིང་རྟ་སྟོང་ཕྲག་བརྒལ་བ་སོགས་ཀྱི་འབྱོར་བ་རྒྱས་ཏེ་མཚེར་ས་སོ་སོར་རྟ་མཁར་དང་། མཛོ་ལུང་སོགས་སུ་མིང་ཆགས་པ་བྱུང་བར་དབལ་མང་དྲིས་ལན་དུ་གསལ་བ་བཅས་ཞར་བྱུང་ངོ་།། ཀུན་མཁྱེན་རྣམ་ཐར་གཉིས་སུ། སྲས་འབྱུང་བ་ལྔ་ལྡན་ཞེས་པ་ཀུན་མཁྱེན་བླ་མ་ས་བྱི་ལོ་བ་ཡིན་པས། དེ་ལྟར་ན་སྲོག་ཆུ། ལུས་མེ། དབང་ཐང་ས། རླུང་རྟ་ཤིང་། བླ་ལྕགས་ཡིན་པས་སོ།། རྩིས་གཞུང་ལས། འབྱུང་བ་ལྔ་ལྡན་ལོ་བ་ནི།། ཁྱོ་ཤུག་དག་ལ་ཕན་ཚུན་གཟན།། ཞེས་པ་ལྟར་ཁྱོ་ག་འབྱུང་བ་ལྔ་ལྡན་ཡིན་ན་ཆུང་མར་གཟན་པར་བཤད་པ་ལྟར་བུ་ཕྲུག་འབྱུང་བ་ལྔ་ལྡན་ཡིན་ན་ཕ་མར་གཟན་པར་བྱས་སྣང་། གོང་གི་དེ་ལྟ་བུའི་ཡུལ་ཁམས་མདོ་སྨད་རྒན་གྱ་རུ་ཡབ་ཡུམ་དེ་གཉིས་ལ་ས་བྱི་༡༦༤༨ལོའི་ཟླ་དང་བོའི་ཚེས་བརྒྱད་ཉིན་སྐུ་འཁྲུངས།  རྣམ་ཐར་དག་ཏུ་རབ་ཏུ་མ་བྱུང་གོང་གི་མཚན་མི་གསལ། དགུང་ལོ་ལྔ་བ་ཆུ་འབྲུག་སྤྱི་ལོ་༡༦༥༢ལོར་མཚོ་སྔོན་དུ་རྒྱལ་དབང་ལྔ་བ་ཆེན་མོར་མཇལ་བའི་སྐབས། བྱིས་པས། ཨ་རྒྱ་ཨ་རྒྱ། བླ་མ་ཡ་གའི་ཁ་སྤུ་ལ་ལྟོས། མཛེས་པ་ལ་མཛེས་པ་ལ་གསུངས་ནས་བཞད་གད་མཛད། ཅེས་ཀེེ་ཏ་ཀར་གསལ་ཡང་། སྐལ་བཟང་འཇུག་ངོགས་སུ་མི་གསལ། མེས་པོ་བླ་མ་སྐྱབས་ཀྱི་རྨི་ལམ་ལ་མི་དཀར་བོ་གཅིག་གིས་མར་ཁུ་སྦྲང་རྩི་འདྲ་བ་ཁྱོར་བ་གང་ལན་གསུམ་བླུག་ནས་འཐུང་བ་རྨིས་པའི་ཐད་དུ། ཀེེ་ཏ་ཀར། དེ་ནི་ཁོ་བོ་སྐྱེ་བ་འདི་ལ་འབྱོར་བས་མི་ཕོངས་པ་འདི་ཡིན་ནམ་ཟེར་ཡང་། རྗེ་འདི་ཉིད་ཕྱག་རྡོར་གྱི་སྤྲུལ་བར་ལུང་བསྟན་ལས་བྱུང་བ་དང་ཤིན་ཏུ་འགྲིག་གོ། ཞེས་པ་ལྟར་ན་ཁོ་བོ་ཞེས་པ་མེས་པོ་ཁོ་རང་ཞེས་པའི་དོན་ཡིན་པ་ནི། ཟེར་ཡང་ཞེས་ཞེ་ས་སྦྱར་མེད་པས་གསལ་སྙམ་མོད། སྐལ་བཟང་འཇུག་ངོགས་སུ། དེ་ནི་ཁོ་བོ་ཚེ་འདི་ལ་འབྱོར་བས་མི་ཕོངས་པའི་རྟགས་སུ་འདུག་གསུངས། ཞེས་པའི་ཚིག་ནུས་ལས་ཀུན་མཁྱེན་བླ་མས་དེ་ལྟར་གསུངས་པ་འདྲ་བར་བྱས་པས་དཔྱད། ཀུན་མཁྱེན་བླ་མའི་འཁྲུངས་ལྷ་ནི་ཨ་བསེ་ཡིན་པར་ཀུན་མཁྱེན་འཇིགས་མེད་དབང་བོའི་རྣམ་ཐར་ལས་གསུངས་པས། ཨ་བསེ་ནི་དགྲ་ལྷའི་རྒྱལ་བོ་ཨ་བསེ་གདུག་པ་སྙིང་འབྱིན་ནམ་བསྟན་སྲུང་ཇག་པ་མེ་ལེན་ཡིན་ཞིང་། འདི་ཉིད་བེག་རྩེའི་སྲས་ཡིན་ལ། ཙི་དམར་དང་། བཙན་ཡ་བ་སྐྱབས་བདུན་དང་ཐུགས་རྒྱུད་གཅིག་པར་ཨ་བསེའི་ལོ་རྒྱུས་སུ་བཤད་དོ།། དགུང་ལོ་བདུན་པ་ཤིང་རྟ་༡༦༥༤ལོར་རྗེ་ཉིད་ཀྱི་ཡབ་ཀྱི་སྐུ་མཆེད་དགེ་སློང་བསོད་ནམས་ལྷུན་གྲུབ་ལས་ཡིག་ཀློག་བསླབ། དགུང་ལོ་བཅུ་གསུམ་པ་ལྕགས་བྱི་༡༦༦༠ལོར་ཧོར་གཙང་ཡ་ཤུལ་ལམ་འབྲི་འབྲི་བ་ཁྱུ་མཆོག་ཡེ་ཤེས་༡༦༠༦‑༡༦༩༠རྒྱ་མཚོ་ལས་རབ་བྱུང་བསྒྲུབས། རང་རྣམ་ལས།

བཅུ་གསུམ་དུས་སུ་དྲིན་ཅན་ཡེ་ཤེས་ཀྱི།།

མཚན་ཅན་བླ་མས་རབ་བྱུང་རྗེས་གནང་སོགས།། ཞེས་པ་ལས་དགེ་ཚུལ་བསྒྲུབས་པ་མི་གསལ་བས། མདོ་སྨད་ཆོས་འབྱུང་དུ་ཡང་། རབ་བྱུང་དང་དཔའ་གཅིག་གི་རྗེས་གནང་ཞུས། ཞེས་འབྱུང་། འོན་ཀྱང་།  རྣམ་ཐར་གཉིས་ཀར་དགེ་ཚུལ་ཡང་བསྒྲུབས་པར་བཤད་པ་ཡིག་ནོར་ཡིན་ནམ་དཔྱད། དབུས་སུ་ཕེབས་ནས་རྒྱལ་དབང་ལྔ་བ་ཆེན་མོ་ལས་དགེ་ཚུལ་བསྒྲུབ་པར་རང་རྣམ་དུ་འབྱུང་བ་གཤམ་དུ་གསལ། ཀེ་ཏ་ཀར། མཚན་ལམ་དུ་མི་དམར་བོ་ཞིག་ལ་བརྡུང་ནས་བདས་པ་རྨིས་ན་ཕྱི་ཉིན་བཙན་ནད་བཅོས་ནས་ཕན་ཐོགས་པའི་རྟགས་དང་། ཡབ་ཀྱི་རྐང་བར་རྨ་ཆེན་པོ་བྱུང་བར་ཁོང་གི་བུ་ཆུང་འདིས་སྔགས་བཏབ་པས་དྲག་པ་དང་། ཁུ་བོ་དགེ་སློང་བསོད་ནམས་ལྷུན་གྲུབ་དང་། རབ་བྱུང་མཁན་པོ་ཁྱུ་མཆོག་ཡེ་ཤེས་རྒྱ་མཚོའི་མཛད་རྣམ་ཐུང་ངུ་དང་། ཁྲི་ཆེན་བློ་གྲོས་རྒྱ་མཚོའི་མཛད་རྣམ་ཐུང་ངུ་། ཡབ་བསྙུངས་ནས་ཤི་ལ་ཐུག་པའི་སྐབས་ཡབ་ཀྱིས་ང་ཤི་ན་ཁྱོད་ཀྱིས་ངའི་ཤུལ་རྣམས་འཐོར་དུ་མ་འཇུག་ཞུས་པར། ཁྱོད་དང་རྒྱལ་གོ་གཉིས་སྡིག་པ་ཆེ་བས་ད་ལྟ་ཤི་མི་འོང་། ཤི་ནའང་དགའ་མོད་དགེ་སློང་རྣམ་དག་བཞི་ཡང་འདུག་པས་དགེ་རྩ་བྱས་ཆོག། དུས་ངན་པ་ཞིག་ཏུ་ཤི་ན་བླ་མ་དང་མི་འཕྲད་དགེ་བ་ཡང་བྱེད་ཐབས་མེད། ཁྱོད་ཀྱིས་སེམས་ཁྲལ་མི་དགོས། ང་ལ་འདི་སྐྱེད་ཐུབ་པའི་ཡོན་ཏན་ཞིག་ཀྱང་ཡོད། གཞན་གྱིས་གནོད་པ་བྱེད་ན་སྙིང་ནད་རྩོད་ཐུབ་པའི་ཡོན་ཏན་ཞིག་ཀྱང་ཡོད་གསུངས་ནས་ཞལ་ཕོ་མཛད་པར་རྣམ་ཐར་བཙན་པོ་མར་འབྱུང་ཡང་། སྐལ་བཟང་འཇུག་ངོགས་སུ་མི་འབྱུང་ཞིང་དེའི་ཚབ་ཏུ་གསང་རྣམ་སྐོར་ཁ་ཤས་བཀོད་སྣང་། ཤིང་སྦྲུལ་༡༦༦༥ལོར་རྒྱལ་སྲས་སྐུ་ཕྲེང་གཉིས་པ་བློ་བཟང་བསྟན་འཛིན་ལས། རྟ་མགྲིན་གསང་སྒྲུབ་ཀྱི་རྗེས་གནང་། ཚེ་དཔག་མེད་གྲུབ་རྒྱལ་ལུགས་དང་ལྷ་དགུའི་རྗེས་གནང་། རྒྱལ་དབང་ལྔ་བའི་དམིགས་བརྩེ་མའི་འགྲེལ་བ་དང་འཇམ་དབྱངས་སྒྲུབ་ཐབས། སྤྱོད་འཇུག་སྨོན་ལམ། རྒྱལ་སྲས་རང་གི་གསུང་ལྷ་མོའི་གཏོར་འབུལ་དང་ཉིད་ཀྱི་གསོལ་འདེབས། རྗེ་བླ་མའི་རྣལ་འབྱོར་སྒྲུབ་ཐབས་འཇམ་དབྱངས་ཀྱིས་གནང་བ། རྒྱལ་དབང་དང་། པཎ་ཆེན་གྱི་བླ་མཆོད། རྒྱལ་དབང་གཉིས་པའི་ཞལ་གྱི་སྒྲུབ་ཐབས་བཅས་ཀྱི་ལུང་གསན།

སྐལ་བཟང་འཇུག་ངོགས་ལས། བཤེས་གཉེན་སུ་ཅུག་ཐུ་ཟེར་བ་ལས་སྔགས་ཀློག་ཀྱང་བསླབས། ཞེས་པ་ཀེ་ཏ་ཀར་མི་འབྱུང་ཡང་ཀུན་མཁྱེན་རང་གི་རྣམ་ཐར་ཚིགས་བཅད་མར་འབྱུང་།

སྐལ་བཟང་འཇུག་ངོགས་སུ། སྦྱིན་བདག་ཅིག་གིས་གསེར་གྱི་བརྒྱད་སྟོང་བ་ཞིག་བྲིས་ནས་ཆོས་འདོན་ལ་ཕེབས་པར། ཆོས་འབྲི་མཁན་འདི་འདྲ་ཡོང་སྟེ། འདོན་མཁན་ང་འདྲ་བ་མི་ཡོང་ཞེས་ཞབས་ཤོག་གི་སྟེང་དུ་འབྲི་བར་མཛད་པས། ཕལ་ཆེར་གྱིས་བཙུན་ཆུང་ང་རྒྱལ་ཅན་ཞིག་འདུག་ཅེས་གླེང་། ཞེས་འབྱུང་བ། ཀེ་ཏ་ཀར་མི་གསལ་ལ། མདོ་སྨད་ཆོས་འབྱུང་ལས། ཀུན་མཁྱེན་གོང་མ་རབ་བྱུང་སྒྲུབ་མཁན་ཁྱུ་མཆོག་ཡེ་ཤེས་རྒྱ་མཚོ་ཧོར་གཙང་འབྲི་འབྲི་ནས་ཡིན་ཡང་ཕྱིས་ཡུལ་བ་སོག་པོར་སོང་། དེའི་ཚ་བོ་ཁྱུ་མཆོག་བསམ་འཕེལ་དང་དར་ཧན་ཆོས་རྗེ། ཀུན་མཁྱེན་གྱིས་འབྲི་མཁན་འདི་འདྲ་ཡོང་སྟེ་འདོན་མཁན་ང་འདྲ་མི་ཡོང་ཞེས་ཕྱག་བྲིས་མཛད་པའི་བརྒྱད་སྟོང་འདི་ཚང་ལ་ཡོད་སྐད། ཅེས་འབྱུང་ལ། གང་ལྟར་རྒན་གྱར་ཡོད་པའི་བརྒྱད་སྟོང་གི་གླེགས་བམ་ཀུན་མཁྱེན་བླ་མས་ལྗགས་ཀློག་གནང་མྱོང་བར་གྲགས་པ་དེ་ཉིད་རབ་གནས་མེ་སྤྲེལ་༢༠༡༦ལོར་བླ་བྲང་བཀྲ་ཤིས་འཁྱིལ་དུ་གདན་དྲངས་པར་སྣང་།   སྐལ་བཟང་འཇུག་ངོགས་སུ་མི་གསལ་ཡང་། ཀེ་ཏ་ཀར། དགུང་ལོ་ཉེར་གཅིག་ཡིན་ཐོག་ས་སྤྲེལ་༡༦༦༨ལོའི་དབྱར་མཇུག་ལ་ཁལ་རྟ་དང་ཇ་གོ་ཏྲ་དུ་མ་སོགས་ཕྱག་རྫས་གྱ་ནོམ་པ་དང་བཅས་ཁུ་བོ་དགེ་སློང་བསོད་ནམས་ལྷུན་གྲུབ་ཀྱིས་སྐྱེལ་མ་བྱས།  གཞན་ཡང་གཉེན་ཉེ་དུ་མང་བོ་དང་ལྷན་དུ་དབུས་ཕྱོགས་སུ་ཕེབས། ཞེས་དང་། བྱང་རྭ་སྒྲེང་དང་སྟག་ལུང་སོགས་མཇལ། ཞེས་པ་ནས། ཁུ་བོ་དགེ་སློང་ལ་དགོན་པ་འདི་ག་ནས་བཞུགས་ན་ཞུས་པས། ཁོ་ན་རེ། འདི་ཚོ་ལས་བཟང་ཡོད། འདིར་བཞུགས་པ་མི་དགའ་ཟེར། ཞེས་འབྱུང་བ་སྐལ་བཟང་འཇུག་ངོགས་སུ་མི་གསལ། གོ་ཏྲ་ཞེས་པ་ནི། མཁན་ཆེན་དགེ་རྒྱམ་པའི་རྣམ་ཐར་ལས། རྒྱ་ནག་ནས་འོངས་པའི་ཀོ་བྲ་དེ་བཤིག་རོགས་གྱིས་དང་། ཞེས་འབྱུང་བ་ལ་བརྟགས་ན། ཐག་རིང་དུ་ཁྱེར་རྒྱུའི་དངོས་རྫས་ཀྱི་ཕྱི་ཐུམ་ལ་གོ་དགོས་པ་འདྲ།

འཇུག་ངོགས་སུ། ཕོ་མདོར་སེ་ལི་རྒོད་ཚང་གཟིགས་པས་དེ་མ་ཐག་རི་ཁྲོད་དེར་ཕེབས་ན་དགོངས་པ་ལ་སྐུ་ཟླ་རྣམས་ཀྱིས་བཀག་ཅེས་པ་ཀེ་ཏ་ཀར་མི་གསལ་ཡང་། རང་རྣམ་ཚིགས་བཅད་མར།

ཕོ་མདོར་སེ་ལི་རྒོད་ཚང་མཐོང་བའི་ཚེ།།

ངས་ཀྱང་ད་ལྟ་རི་ཁྲོད་བྱེད་སྙམ་པ།།

ངག་སྨྲས་ཟླ་བོས་བཀག་ཀྱང་ཁེགས་དཀའ་བྱུང་།།

ཞེས་པ་ལྟར་རོ།།རི་ཁྲོད་འདི་སྟག་ལུང་ཐང་བ་ལོ་བདུན་བཞུགས་མྱོང་བའི་སྒྲུབ་གནས་ཤིག་སྟེ། སྟག་ལུང་ཐང་བའི་གསུང་མགུར་དུ། སེང་གླིང་ཞེས་དང་། དེབ་སྔོན་དུ་སེ་གླེ་ཞེས་གསལ།

རང་རྣམ་ཚིགས་བཅད་མ་ལས། ཨེ་མ་ད་ལྟ་རང་ལ་ལྭ་བ་ཤག། ཕུད་ནས་ཆོས་གྲྭར་འགྲོའམ་ཡང་ཡང་ཤར།། ཞེས་པ་ལྟར་འཇུག་ངོགས་སུ་ཡང་ཇོ་མཇལ་བྱས་ནས་རྒྱལ་དབང་ལ་མཇལ། དེ་ནས་སེ་རྭར་མཆོད་མཇལ་གནང་སྐབས་ཚོགས་གླེང་གནང་བ་གཟིགས་ནས་ན་བཟའ་བརྗེས་ཏེ་རྩོད་གྲྭར་འགྲོ་དགོངས་ཚུལ་གསལ་ཡང་། ཀེ་ཏ་ཀར། རྒྱལ་དབང་ལ་མཇལ་ནས་འབྲས་སྤུངས་སུ་བྱོན་པར་བཤད་པ་ལས་བར་དེར་སེ་རྭར་ཕེབས་པར་མི་གསལ། ལྭ་བ་ཤག་ནི། སླེ་ལུང་བཞད་༡༦༩༧‑༡༧༤༠རྡོར་གྱི་རང་རྣམ་ལས། གོང་ས་རིན་པོ་ཆེ་གོས་ལིང་སྔོ་སྐྱའི་ལྭ་བ་ཤག་སྲབ་མོ་ཞིག་བཞེས། ཞེས་རྒྱལ་བ་ཚངས་དབྱངས་པ་མཇལ་སྐབས་ཀྱི་རྣམ་པ་གསུངས་པ་ལྟར། སོག་ཆས་གོང་བ་ཅན་ལ་ཟེར་རོ།། ཀེ་ཏ་ཀར། དེ་རིང་བལྟ་དགོས་དགོངས་གྲྭ་བ་འགའ་ཞིག་ལ་ལམ་རིམ་དཔེ་ཆ་ཡོད་ན་གཡོར་གསུངས་པས། ཁྱོད་ལ་ལམ་རིམ་གྱིས་ཅི་བྱེད་ཟེར། རྗེ་འདིས་ངས་བལྟ་རྒྱུ་ཡིན་གསུངས་པས། གྲྭ་བ་འགའ་ཞིག་གིས་འདིའི་ཧམ་པ་ལ་ཟེར། གྲྭ་བ་གཅིག་གིས་མིའི་ཚོད་མི་ཐུག་ཟེར། ཞེས་འབྱུང་བ་འཇུག་ངོགས་སུ་ཟུར་ཙམ་ལས་མི་འདུག། རང་རྣམ་ཚིགས་བཅད་མར།

མཆོད་མཇལ་བྱེད་པའི་སྔ་ནུབ་རྨི་ལྟས་ལ།།

འདུ་ཁང་སྟེང་དང་ལམ་རིམ་ལྷ་ཁང་གི།

ལྟས་བཟང་སྔགས་ཁང་འཇིགས་བྱེད་ལྷ་ཁང་གི།

ལྟས་རྣམས་ལེགས་རྨིས་ཕལ་ཆེར་དོན་མཐུན་བྱུང་།།

ཞེས་གསུངས་པ་ལྟར། རྗེ་རང་གི་གསུང་ལ་བརྟགས་ན་འདི་རྣམས་མཚན་ལམ་ཡིན་པ་ལྟར་སྣང་ཡང་རྣམ་ཐར་གཉིས་དང་། གསང་རྣམ་མཆན།  གདན་རབས་ལྷའི་རྔ་ཆེན་བཅས་སུ་མཆོད་མཇལ་སྐབས་ཀྱི་དངོས་བྱུང་ཡིན་པར་བཤད་པ་ནི།  གསང་རྣམ་འབིགས་བྱེད་མ་ལས།

དཔལ་ལྡན་འབྲས་སྤུངས་ཐོག་མར་མཇལ་སྐབས་སུ།།

བསོད་ནམས་རྒྱ་མཚོས་བཞེངས་པའི་རྗེ་ཡི་སྐུས།།

གསུང་བྱོན་རྗེར་གྱུར་དུས་ཚོད་ལུང་བསྟན་གནང་།། ཞེས་པ་ལ་བསྟུན་སྣང་།  སྔགས་ཁང་འཇིགས་བྱེད་ཀྱི་ལྟས་ཅི་ཡིན་མ་ཤེས་ཞེས་གདན་རབས་ལྷའི་རྔ་ཆེན་དུ་གསུང་ལ། ལམ་རིམ་ལྷ་ཁང་དང་རྒྱལ་བ་སྐུ་ཕྲེང་གསུམ་པས་བཞེངས་པའི་རྗེ་སྐུ་སོགས་འབྲས་སྤུངས་འདུ་ཁང་ཐོག་སོགས་སུ་ད་ལྟ་གདན་ས་གསུམ་གྱི་དཀར་ཆག་ལས་ཀྱང་ངོས་མ་ཟིན་པས་ཕྱི་རབས་པས་འཚོལ་རིགས་སོ།།

ཆོས་གྲྭར་ནམ་ཞུགས་ལ། རང་རྣམ་ལས།

དེ་ཡི་ཉེར་ལྔར་བསྡུས་གྲྭ་ཆུང་ངུར་ཞུགས།།

ཆོས་མཐུན་གཉིས་བཟུང་ཙམ་གྱིས་རྩོད་གྲྭ་རྙེད།།

བཅུ་བའི་ཡར་ངོར་སྟག་ལྤགས་ཤམ་ཐབས་སོགས།། ཞེས་གསུངས་པའི་འབྲེལ་ལ་བསྟུན་ནས། འཇུག་ངོགས་དང་། གདན་རབས་ལྷའི་རྔ་ཆེན་དུ། ཧོར་ཟླ་དགུ་བའི་ཚེས་ཉེར་ལྔའི་ཉིན་ཡིན་པར་བཤད་མོད། ཀེ་ཏ་ཀར། ཧོར་ཟླ་བཅུ་བའི་ཚེས་ལྔ་ཡིན་པར་བཤད་པས་དཔྱད། རྣམ་ཐར་གཉིས་ཀར་རྒྱལ་དབང་གི་མདུན་དུ་དགེ་ཚུལ་བསྒྲུབ་པ་ཟུར་ཙམ་ཡང་མི་གསལ་བར་ཀླུ་འབུམ་བློ་གྲོས་༡༦༣༥‑༡༦༨༨རྒྱ་མཚོའི་མདུན་དུ་དགེ་ཚུལ་བསྐྱར་བསྒྲུབ་གནང་བར་བཤད་ཀྱང་། རང་རྣམ་ལས།

ལོ་དེའི་དགུན་དུས་ཕོ་བྲང་པོ་ཏ་ལར།།

འཇིག་རྟེན་དབང་ཕྱུག་འབྲོམ་སྟོན་མི་ཡི་གར།།

མཐོང་ཐོས་དྲན་རེག་རྒྱལ་དབང་ཐམས་ཅད་མཁྱེན།།

ངག་དབང་བློ་བཟང་རྒྱ་མཚོའི་ཞབས་དྲུང་དུ།།

རབ་བྱུང་དགེ་ཚུལ་སོ་ཐར་བདུད་རྩི་ཐོབ།། ཅེས་གསལ་ཞིང་། ཀླུ་འབུམ་བློ་གྲོས་རྒྱ་མཚོའི་དྲུང་ནས་སྔ་ཕྱིར་གང་གསན་ནི་གསན་ཡིག་ཏུ་གསལ་མོད། དེ་ལས་དགེ་ཚུལ་སྒྲུབ་པ་ཅུང་ཟད་ཀྱང་མི་གསལ་བས་རྣམ་ཐར་གཉིས་སུ་འབྱུང་བ་དེ་ཡིག་ནོར་ཡིན་ནམ་དཔྱད།

འཇུག་ངོགས་སུ་མི་གསལ་ཡང་། ཀེ་ཏ་ཀར། ཆོས་གྲྭར་ཞུགས། གྲྭ་ཚང་ལ་གསར་ཇ་བཏང་། ཞེས་པ་ནས། དཔོན་སློབ་ཀྱང་གདན་དྲངས་འབུལ་བ་ཅུང་ཟད་ཕུལ། ཞེས་གསལ་ལུགས་ལ་བརྟགས་ན།  ཐོག་མར་ཕེབས་དུས་དབུལ་དྲག་པས་བྲ་ཉེ་ཁམས་ཚན་གྱིས་བདག་མ་བྱས་པས་དབལ་ཤུལ་མི་ཚན་དུ་ཞུགས་ཚུལ་ངག་རྒྱུན་རེ་འདུག་ཀྱང་ཕལ་ཆེར་མི་བདེན་པར་སྣང་ལ། སྐབས་དེར་གྲྭ་བ་དཀྱུས་མ་རྣམས་ཁམས་ཚན་གྱི་ཐོབ་ཁུངས་ལ་དེ་ཙམ་མི་ཞིབ་པའམ། རྗེ་ཉིད་དབལ་ཤུལ་གྱི་རུས་རྒྱུད་ཡིན་པས་དེར་ཞུགས་ཀྱང་རྒྱུ་མཚན་མེད་པ་མིན་ལ། འོན་ཀྱང་། བསེ་ངག་དབང་བཀྲ་ཤིས་ཀྱི་དགེ་རྒན་གཞུང་ལུགས་རབ་འབྱམས་སྨྲ་བའི་དགེ་བཤེས་ངག་དབང་རྡོ་རྗེ་ཞེས་པ་ཀུན་མཁྱེན་བླ་མའི་ཚ་བོ་དེ་ཁམས་ཚན་བྲ་ཉེར་ཞུགས་འདུག་པས། རྗེ་ཉིད་རུས་ཀྱི་དབང་གིས་དབལ་ཤུལ་མི་ཚན་དུ་ཞུགས་གནང་མཛད་པར་བྲ་ཉེས་གླེང་བརྗོད་བཏང་བའམ་གླེང་བརྗོད་མི་འབྱུང་ཆེད་དབོན་པོ་ངག་དབང་རྡོ་རྗེ་བྲ་ཉེར་ཞུགས་པ་ཡིན་ནམ་དཔྱད་པར་བྱའོ།། སྐབས་དེའི་བྲ་ཉེའི་དགེ་བཤེས་ངག་དབང་དང་། ངག་དབང་རྡོ་རྗེ་གཉིས་སོ་སོ་ཡིན་པ་བསེའི་རྣམ་ཐར་དུ་གསལ།  རྣམ་ཐར་གཉིས་སུ་སྤྱི་ལོ་༡༦༦༨ལོ་དེའི་དགུན་ཆོས་གྲོལ་ནས་ཕ་བོང་ཁ་བ་འཇམ་དབྱངས་གྲགས་པར་འཇིགས་བྱེད་ཀྱི་དབང་ཞུས་པར་བཤད་མོད། རང་རྣམ་དུ།

བཅུ་བའི་ཡར་ངོར་སྟག་ལྤགས་ཤམ་ཐབས་སོགས།།

ཚེ་སྔོན་སྦྱངས་པའི་རང་བཞིན་རྣལ་འབྱོར་བ།།

ལུང་རྟོགས་བདག་པོ་རྡོ་རྗེ་འཆང་ཆེན་པོ།།

ཕ་བོང་ཁ་བར་རྡོ་རྗེ་འཇིགས་བྱེད་ཀྱི།།

བཅུ་གསུམ་ལྷ་ཡི་དབང་བསྐུར་རང་གིས་ཞུས།། ཞེས་གསལ་བས་དཔྱད། དབང་འདི་ཞུ་གྲོགས་སུ་རབ་འབྱམས་པ་བློ་གྲོས་ཞེས་པ་དེ་རྗེ་རང་གི་གཅུང་རབ་འབྱམས་པ་བློ་གྲོས་ཡིན་ན། ཕྱིས་སུ་དེ་ལྟར་བཀོད་པ་ལས་འདི་དུས་རབ་འབྱམས་པ་ཡིན་མི་སྲིད་སྙམ། ཧོར་སྐམ་པོ་ཞེས་པ་འདུལ་བ་ཆོས་རྗེ་ཧོར་སྐལ་ལྡན་ཡིན་ནམ་དཔྱད། གང་ལྟར་དེ་དུས་སྐུ་ཚེ་འདིར་དབང་གསར་དུ་གསན་ནས་གསང་སྔགས་རྡོ་རྗེ་ཐེག་པའི་སྒོར་ཐོག་མར་ཞུགས།  འབྲས་སྤུངས་སྒོ་མང་གི་དབལ་ཤུལ་དཀའ་བཅུ་ཟེར་བའི་བླ་རྒན་དེ་ཉིད་ཤག་གི་དགེ་རྒན་དུ་བསྟེན། ལྕང་སྐྱ་ངག་དབང་༡༦༤༢‑༡༧༡༤ཆོས་ལྡན་དཔེ་ཁྲིད་དགེ་རྒན་དུ་བསྟེན་ནས་སློབ་གཉེར་གནང་། རྣམ་ཐར་གཉིས་ཀར། སུ་ཡིན་དྲིས་པས་བྱ་བྲལ་རབ་འབྱམས་པ་ཆོས་སྐྱོང་རྒྱ་མཚོ་ཡིན། ད་ལྟ་དགེ་བཤེས་ལ་འདི་ལས་ཆེ་མེད་ཟེར། ཞེས་པ་ཐར་ཤུལ་ཆོས་སྐྱོང་རྒྱ་མཚོ་ཡིན་ལ། སུམ་པའི་རང་རྣམ་རྒྱས་པ་ལས། བླ་མ་དེ་ཉིད་སྔར་སྒོ་མང་དུ་བྱོན་ནས་དགེ་བཤེས་ཐོན་པའི་ཚོད་དུ་ཝ་ཤུལ་ངག་དབང་རིན་པོ་ཆེ་བོད་དུ་བྱོན་ནས་སྒོ་མང་གི་གཞུང་གསར་ན་བཞུགས་སྐབས་སུ་དཀའ་རམས་ཀྱི་འཛིན་གྲྭར་དམ་བཅའ་ལ་བྱོན་དུས་ཤིག་ལ་དེ་ཉིད་ཀྱིས་བགྲོ་གླེང་མཛད་པའི་ལུང་རིགས་སྐུ་ལུས་ཀྱི་རྣམ་དཔྱོད་སོགས་ཀྱིས་ཐུགས་ཚིམ་པས་བགྲོ་གླེང་ཚར་ནས་ཕར་འབྱོན་དུས་སྐུ་གཟན་གྱི་སྣེ་མོ་ནས་བཟུང་སྟེ་དབུ་ལ་བཞག་ནས་དགེ་བཤེས་འདི་འདྲ་ཞིག་ཏུ་འགྱུར་བར་ཤོག་ཅིག་ཅེས་སྨོན་ལམ་མཛད་ཟེར། ཞེས་འབྱུང་ངོ་།།  ཀུན་མཁྱེན་འཇིགས་བྱེད་ཆོས་འབྱུང་དུ། ཡིག་འཇོག་ལེགས་པར་ཐུབ་པའི་མཁས་དབང་ཡང་དོན་ཤེར་གཉིས། ལྕང་སྐྱ་ཆོས་སྐྱོང་གཉིས། ཞེས་ཐར་ཤུལ་ཆོས་སྐྱོང་རྒྱ་མཚོར་ཧ་ཅང་ཚད་མཐོ་བའི་གདེངས་འཇོག་གནང་འདུག་ལ། ལྕགས་སྟག་༡༧༡༠ལོར་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ནས་ཀུན་མཁྱེན་བླ་མར་ཆོས་འབྲེལ་གསན་ཞིང་། སྐབས་དེར་དགོན་སར་གནས་པའི་ས་བདག་མི་མིན་གྱིས་སྦལ་སྦྲུལ་ཆེན་པོར་སྤྲུལ་པ་འདུལ་དཀའ་བ་ལྟ་བུ་བྱུང་བའི་ཚེ་ཐར་ཤུལ་ཚང་གིས་འདུལ་བའི་བཤད་སྲོལ་ཡོད་པར་མཁན་སྤྲུལ་ངག་དགེའི་གསུང་དུ་གསལ་བ་བཅས་ཞར་བྱུང་ངོ་།།སྐལ་བཟང་འཇུག་ངོགས་ལས། དགུན་དེར་རྡོ་གཅལ་ཆེན་མོའི་གླིང་བསྲེའི་སྐབས། ཞེས་འབྱུང་བ་འདི་ལས་འཕྲོས་ཏེ་གླིང་བསྲེའི་སྐོར་ཅུང་ཟད་ཞུས་ན། སྔོན་གསང་ཕུར་གླིང་སྟོད་སྨད་གཉིས་སུ་གྱེས་ནས་བསྟན་པ་དར་བ་ལ་བཟང་འགྲན་གྱི་ཚུལ་དུ་གླིང་སྟོད་སྨད་ཕན་ཚུན་བསྲེས་ནས་གཞུང་དོན་བརྩད་པས་གླིང་བསྲེའི་སྲོལ་ཚུགས། དཔལ་ལྡན་འབྲས་སྤུངས་དགོན་དུ་རྒྱལ་དབང་ལྔ་བའི་སྐབས་ཏེ་བློ་གསལ་གླིང་དཔོན་སློབ་འབྲུག་ལྟག་པ་ངག་དབང་དཔལ་བཟང་གི་དུས་སུ་ཚུགས་ཤིང་།   དབྱར་ཡིན་ན་ཟླ་བ་དྲུག་པའི་ཉེར་གསུམ་དང་། དགུན་ཡིན་ན་ཟླ་བ་བཅུ་གཉིས་པའི་ཉེར་གསུམ་ནས་ཉིན་བཞི་ལ་གྲྭ་བ་གླིང་བསྲེའི་སྐབས་ཉིན་རེ་བཞིན་མི་བརྒྱད་ཀྱིས་ཕར་ཕྱིན་དང་རྣམ་འགྲེལ་གྱི་གཞུང་ཚན་བརྒྱད་ལ་བཤད་པ་དང་རྩོད་པ་དཀའ་རམས་མང་མ་དང་གཞུང་ལས་པའི་སྤྱན་སྔར་གནང་དགོས་ཤིང་ཚར་བ་ན་དཀའ་བཅུའི་གདན་ཐོབ་རེག་པ་ཡིན།  བླ་མ་གླིང་བསྲེས་ནི། དབྱར་ཡིན་ན་ཟླ་དྲུག་པའི་ཉེར་བདུན་དང་ཉེར་བརྒྱད་གཉིས་དང་། དགུན་ཡིན་ན་བཅུ་གཉིས་པའི་ཉེར་བདུན་ཉེར་བརྒྱད་གཉིས་ཡིན་ཞིང་། གྲྭ་ཚང་སོ་སོའི་ཁྲི་གདན་ཟུར་དང་བཀའ་རབ་འབྱམས་ཚང་མའི་དབུས་སུ་མཁན་རིན་པོ་ཆེས་པོ་ཏི་ལྔའི་གཉིས་རེ་ལ་འབྱམས་བཤད་དང་། གསུམ་རེ་ལ་དོན་འབྲུའི་ས་བཅད་བཀྲམ་ནས་གསུང་བཤད་གནང་ཞིང་བཤད་པ་གྲུབ་མཚམས་སུ་བླ་མ་གཞུང་ལས་པས་གཞན་རྣམས་བགྲོ་གླེང་ལ་བཞེངས་པར་བསྐུལ་ནས་མཁན་རིན་པོ་ཆེ་ལ་ཉིད་ཀྱི་བཤད་པ་དེ་ལས་འཕྲོས་ནས་མཁན་པོ་གཞན་རྣམས་ནས་བགྲོ་གླེང་ཡུན་རིང་འབུལ་བར་བྱེད་པ་བཅས་ཞར་བྱུང་ངོ་།།   རྣམ་ཐར་གཉིས་ཀར། བློ་གླིང་མཁན་པོ་ཉག་རི་ཐོ་ལོག་ཅེས་པ་བློ་གླིང་མཁན་ཐོག་བཞི་བཅུ་བ་ཉག་རི་དགེ་འདུན་གྲགས་པ་ཡིན་ཞིང་། ཆུ་བྱི་༡༦༧༢ལོར་བློ་གླིང་མཁན་པོ་ལས་ཟུར་ཏེ་རྒྱུད་སྟོད་མཁན་པོར་བཞུགས་པ་དེ་ཡིན།   རྣམ་ཐར་གཉིས་ཀར། བདེ་ཡངས་དཔོན་སློབ་ཅེས་པ་མཁན་ཐོག་ཞེ་དྲུག་པ་ངག་དབང་བསྟན་འཛིན་ཡིན་ཞིང་ཤིང་སྦྲུལ་༡༦༦༥ལོ་ནས་ཤིང་སྟག་༡༦༧༤ལོར་བདེ་ཡངས་མཁན་པོར་བཞུགས་པ་ནི། རྒྱལ་དབང་ལྔ་བའི་རང་རྣམ་དཱུ་ཀུ་ལར། བདེ་ཡངས་ཀྱི་བླ་མར་འཕྱོས་པ་རབ་འབྱམས་པ་ངག་དབང་བསྟན་འཛིན་བསྐོས་པ་ར་བ་སྟོད་པའི་དཔའ་རྒན་པར་སོང་བས་ཤིང་སྟག་གི་བར་ཆོས་འཕེལ་བར་བྱུང་། ཞེས་གསལ་བས་སོ།། ཕ་བོང་ཁ་བ་ངག་དབང་བསྟན་འཛིན་འདི་ཉིད་ལ་བདེ་ཡངས་བླ་མ་ཙི་ཙི་ཟེར་བར་འཇིགས་བྱེད་ཆོས་འབྱུང་དང་། རྗེ་ཤེར་རྒྱམ་གྱི་གསན་ཡིག་ཏུ་གསུངས་ལ། ཁོང་གིས་ང་རང་ཞི་ལ་བརྒྱ་ཡིས་མི་ཐུབ་པའི་ཙི་ཙི་ཡིན་ཞེས་ཞལ་ཕོ་གསུང་སྐད། ཆོས་འཁོར་རྒྱལ་དང་ཕ་བོང་ཁའི་མཁན་པོ་ཡང་མཛད།  ཁྱ་དགེ་བློ་གྲོས་རྒྱ་མཚོའི་བསྙེན་རྫོགས་ཀྱི་མཁན་པོ་ཡིན་པར་མ་ཟད། རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་བླ་མ་ཡང་ཡིན།     

རྣམ་ཐར་གཉིས་ཀར། འཁོར་བ་རྩ་བ་ནས་སྤངས་ནས། འཁོར་བའི་རྩ་བ་མ་སྤངས་པ་སུ་ཡོད་གསུངས་ཞེས་སྐབས་དེར་དེ་ལྟར་གསུངས་པ་སྣང་ཚོད་ལ་སློབ་གཉེར་མ་གནང་བའི་སྐབས་ཡིན་པས་དེ་ལྟར་གསུང་ཐལ་བ་ལས། ཕྱིས་སུ་རྗེ་ཉིད་ཀྱི་དྲང་ངེས་ལས། འཁོར་བའི་རྩ་བ་སྤངས་པར་ཐལ། འཁོར་བ་སྤངས་པའི་གང་ཟག་ཡིན་པའི་ཕྱིར་ན་མ་ཁྱབ། ཅེས་གསུངས་པ་ལྟར་ཁས་ལེན་དགོས། རྗེ་འདིའི་མཚན་ལ་མདོ་སྨད་དུ་རབ་བྱུང་སྒྲུབ་དུས་བློ་བཟང་རྒྱལ་མཚན་ཞེས་གསོལ་བས། གྲྭ་སར་ཡང་གནས་ཀྱི་སློབ་དཔོན་དབལ་ཤུལ་དཀའ་བཅུ་སོགས་ཀྱིས་བློ་བཟང་ཞེས་འབོད་བཞིན་པར་ཀེ་ཏ་ཀར་གསལ་ཞིང་། བསྙེན་རྫོགས་མ་བསྒྲུབས་གོང་ནས་བཟུང་སྒོ་མང་མཁན་པོ་ཀླུ་འབུམ་བློ་གྲོས་རྒྱ་མཚོ་སོགས་ཀྱིས་ངག་དབང་ཞེས་འབོད་བཞིན་པར་རྣམ་ཐར་གཉིས་ཀར་གསལ་བས། ངག་དབང་བརྩོན་འགྲུས་ཞེས་པ་རྒྱལ་དབང་མདུན་ནས་དགེ་ཚུལ་སྒྲུབ་སྐབས་མཚན་གསོལ་བར་སྣང་། རང་རྣམ་ལས།

ཆོས་གྲྭར་རྩོད་པའི་ཐལ་འགྱུར་ཀུན་ལེགས་པས།།

ཕལ་ཆེར་ཀུན་གྱིས་སྔར་ནས་ཆོས་གྲྭ་རུ།།

སོང་བའི་ང་རྒྱལ་ཅན་ཞིག་རེད་ཅེས་གྲགས། ཞེས་པ་སྐལ་བཟང་འཇུག་ངོགས་སུ་ས་བྱ་༡༦༦༩ལོའི་མཛད་རྣམ་ལ་སྦྱར་ཡང་། རང་རྣམ་ལྟར་ན་ས་སྤྲེལ་༡༦༦༨ལོའི་མཛད་རྣམ་ཐད་དུ་འབྱུང་། སྔགས་པ་དཔོན་སློབ་ཚུལ་ཁྲིམས་མཚན་ཅན་ལས་འཇིགས་བྱེད་མངོན་རྟོགས་གཉིས་དང་སྦྱིན་སྲེག་གི་ལུང་གསན་པ་རང་རྣམ་དུ་གསལ་ཡང་རྣམ་ཐར་གཉིས་སུ་ཟུར་ཙམ་ཡང་མི་གསལ་ལ། གསན་ཡིག་ལྟར་ན་སྔགས་པའི་མཁན་ཐོག་བཅུ་དྲུག་པ་དཔོན་སློབ་རིན་ཆེན་ཆོས་བཟང་ཡིན་དགོས་པ་ལྟར་སྣང་བས་དེ་གཉིས་གང་ཟག་གཅིག་གམ་དཔྱད་ལ། ཕྱི་མ་ལ། རྭ་ཆེན་རྡོ་རྗེའི་མཚན་ཅན་དུས་ཀྱི་མཐར།། ཞེས་པའི་གསོལ་འདེབས་ཚིགས་བཅད་གཅིག་ཀྱང་རྗེ་རང་གིས་མཛད་སྣང་།   

ས་བྱ་༡༦༦༩ལོར་དགའ་ལྡན་ཁྲི་རིན་པོ་ཆེ་གུར་སྨོན་པ་རྣམ་དག་རྡོ་རྗེ་༡༦༠༢‑༡༦༧༨བློ་བཟང་དོན་ཡོད་ལས་སྐྱེས་རབས་སོ་བཞི་བ་གསན། འཇམ་དབྱངས་གྱང་ཐིམ་མས་སྙན་དར་བཞེས་ནས་འཛུམ་ཞིང་བཞད་པའི་ཉམས་སྣང་བྱུང་།  རང་རྣམ་ལས།

ཉེར་གཉིས་ས་བྱའི་ལོ་ལ་རྡོ་རྗེ་འཆང་།།

རྩ་བའི་བླ་མ་ཕ་བོང་ཁའི་ཞབས་སུ།།

གསང་འཇིགས་ཀུན་ཚེ་དབང་རྣམས་རྒྱས་བཤད་བཅས།།

བྱིན་རླབས་བདུད་རྩིའི་རྒྱུན་གྱིས་སྙིང་བུམ་གང་།།

ལོ་དེར་རྒྱན་འཇུག་དགེ་འདུན་རྒྱ་མཚོ་ཡི།།

གྲུབ་མཐའི་རྣམ་བཞག་གྲུ་རྫིངས་རྟེན་འབྲེལ་དང་།།

བློ་རྟགས་མན་ཆད་བསྡུས་ཚན་ཉེར་ལྔ་ཀུན།།

ཞིབ་བཟུང་བརྒལ་བརྟག་སྒོ་ནས་གཏན་ཕབ་ཅིང་།།

དཀའ་བཅུ་ནོ་ཡོན་དབོན་པོས་ཁས་ལེན་བསྐྱར།།

སྟོན་ཆོས་གསུམ་ལ་དོན་ནི་བདུན་ཅུ་ཚེ།།

དགུན་ཆོས་དུས་སུ་ཕར་ཕྱིན་གཞུང་སར་བྱས།། ཞེས་འབྱུང་བ་ལྟར་ལ། དཀའ་བཅུ་ནོ་ཡོན་དབོན་པོས་ཁས་ལེན་བསྐྱར།། ཞེས་པའི་དོན་ནི་ལྕང་སྐྱ་རིན་པོ་ཆེ་ལས་དཔེ་ཁྲིད་ཁས་ལེན་འཛིན་མཚམས་སོགས་ཞུས་ཤིང་། དཀའ་བཅུ་ནོ་ཡོན་དབོན་པོ་ལས་དཀའ་གནས་དག་འཕྲོས་བཤད་ཀྱི་ཚུལ་དུ་བསྐྱར་ནས་གསན་པའི་དོན་ཡིན་ནམ་དཔྱད་ལ། རྣམ་ཐར་གཉིས་དང་གདན་རབས་ལྷའི་རྔ་ཆེན་དེབ་ཐེར་རྒྱ་མཚོ་བཅས་སུ་ཟུར་ཙམ་ཡང་མི་སྣང་། རྗེ་འདིས་བསྡུས་གྲྭ་བློ་རྟགས་དང་བཅས་པར་ལོ་གཅིག་ལ་སྦྱངས་ཏེ་ཁོང་དུ་ཆུད་ནས་ལོ་འདིའི་དགུན་ཆོས་ལ་ཕར་ཕྱིན་གཞུང་གསར་དུ་ཞུགས་ཡོད་སྐབས་དཀའ་རམས་འཛིན་གྲྭ་ནས་གཞུང་གསར་དུ་དམ་བཅར་ཕེབས་པའི་དགེ་བཤེས་ཆེ་ཁག་གཉིས་ལ་བགྲོ་གླེང་གནང་བས་ཁོང་གཉིས་ཀྱི་དམ་བཅའ་འདམ་ལ་བཏབ་པའི་ཕུར་བ་བཞིན་དུ་གྱུར།  ལྕགས་ཁྱི་༡༦༧༠ལོར་འཛིན་གྲྭ་སྐབས་དང་བོར་འཕར་ཞིང་། རང་རྣམ་ལས།

ལྕགས་ཁྱིར་ལེགས་བཤད་སྙིང་བོ་ཆོས་འབྱུང་གི།

དྲང་ངེས་རྣམ་འབྱེད་ཆོས་གྲགས་རྣམ་རྒྱལ་བའི།།

དྲང་ངེས་རྣམ་འབྱེད་དགེ་འདུན་རྒྱ་མཚོ་ཡི།།

དཀའ་འགྲེལ་བདེ་ལེགས་ཉི་མ་དམ་ཆོས་དཔལ།།

མོ་མའི་རྟེན་འབྲེལ་དགེ་འདུན་ཉི་ཤུ་དང་།།

དགེ་འདུན་ཉི་ཤུ་ཆོས་འབྱུང་བྱམས་ལྷུན་གཉིས།།

བསམ་གཟུགས་མཐའ་དཔྱོད་སྤྱི་དོན་བརྒྱད་ཙམ་སོགས།།

མང་བོ་ཕལ་ཆེར་བཟུང་ཞིང་ལ་ལར་བལྟས།།

སྟོན་གྱི་སྲོད་ཆོས་རྟེན་འབྲེལ་སྐབས་གསུམ་པ།།

དེ་དག་དབྱར་དགུན་ཆོས་མཚམས་གཉིས་པོ་ལ།།

དྲང་ངེས་རྣམ་འབྱེད་དགེ་འདུན་ཉི་ཤུ་དང་།།

བསམ་གཟུགས་སོགས་ཀྱང་འཛིན་ཆོས་སྩལ་བ་གནང་།། ཞེས་སོ། འདི་དག་ལས་ཆོས་འབྱུང་གི་དྲང་ངེས་ཞེས་པའི་ཆོས་འབྱུང་ནི། སྒོ་མང་གདན་རབས་བཅུ་བདུན་པ་གུང་རུ་ཆོས་འབྱུང་ཡིན། ཆོས་གྲགས་རྣམ་རྒྱལ་ཞེས་པ་སྒོ་མང་གདན་རབས་ཉེར་གཅིག་པ་ཆུ་བཟང་ཆོས་གྲགས་རྣམ་རྒྱལ་ལམ་སྒོ་མང་བྱང་བ་ཆོས་གྲགས་རྣམ་རྒྱལ་དུ་གྲགས་པ་དེ་ཉིད་ཡིན། རྒྱལ་བ་དགེ་འདུན་རྒྱ་མཚོ་དང་པཎ་ཆེན་བདེ་ལེགས་ཉི་མ་ཡོངས་གྲགས་ཡིན། དམ་ཆོས་དཔལ་༡༥༢༣‑༡༥༩༩འབར་ནི་དགའ་ལྡན་ཁྲི་རབས་ཉེར་དྲུག་པ་ཡིན་ཞིང་འཁྲུངས་ཡུལ་གཙང་དང་པཎ་ཆེན་ཆོས་རྒྱན་གྱི་བླ་མ་ཡང་ཡིན། འདིའི་དྲང་ངེས་འགྲེལ་བ་བློ་གསལ་དགའ་སྐྱེད། དྲང་ངེས་གསུང་རྒྱུན་འདྲ་མིན་གཉིས།  མོ་མའི་རྟེན་འབྲེལ་ཞེས་པ་མཛད་མཁན་གྲྭ་ཚང་བློ་གླིང་བ་ཡིན་ཞིང་། འབྲས་སྤུངས་ཤག་སྐོར་མཁན་པོར་བཞུགས་པ་དང་། འདིའི་དགེ་འདུན་ཉི་ཤུ་དང་། བསམ་གཟུགས་ཀྱང་ཡོད་པར་བཤད། ཆོས་འབྱུང་བྱམས་ལྷུན་གཉིས་ཞེས་སྒོ་མང་གདན་རབས་བཅོ་བརྒྱད་པ་ཆུ་བཟང་བྱམས་པ་ལྷུན་གྲུབ་དང་། གདན་རབས་ཉི་ཤུ་བ་གཞུ་ཁང་བ་དགེ་ལེགས་ལྷུན་གྲུབ་གཉིས་ལ་གོ་དགོས།  འདི་ཡན་ཆད་དུ་རྣམ་བཤད་གསེར་ཕྲེང་གི་དཀའ་གནས་རྣམས་དང་། འགྲེལ་ཆུང་དོན་གསལ་དང་། ལེགས་བཤད་སྙིང་བོ་ཕལ་ཆེར་ཏེ་རང་རྒྱུད་པ་རྫོགས་པའི་བར་ཐུགས་འཛིན་གནང་གྲུབ་པ་ནི། རང་རྣམ་ལས། ལྕགས་ཕག་ལོ་བར་རྣམ་བཤད་གསེར་ཕྲེང་གི།། དཀའ་གནད་རྣམས་དང་འགྲེལ་ཆུང་ཕལ་ཆེར་བཟུང་།། ཞེས་དང་། ཀེ་ཏ་ཀར། ལྕགས་ཕག་གི་ལོ་དགུང་ལོ་ཉེར་བཞིའི་དུས་འཛིན་གྲྭ་ཕར་ཕྱིན་སྟོན་མོ་ལ་སླེབས། དེ་ལོ་ཡན་ཆད་དུ་ཕར་ཕྱིན་ཕལ་ཆེར་བཟུང་། ལེགས་བཤད་སྙིང་བོ་ཡང་རང་རྒྱུད་པའི་ལུགས་ཚར་གྱི་བར་བཟུང་། ཞེས་སོ།། སྐལ་བཟང་འཇུག་ངོགས་སུ་འདི་རྣམས་ལོ་ཕྱི་མའི་མཛད་རྣམ་ཁོངས་སུ་སྦྱར་ཡོད། རྣམ་ཐར་གཉིས་ཀར། བྱ་བྲལ་རབ་འབྱམས་པ་རག་མ་བཞེངས་ནས་བགྲོ་གླེང་གནང་། ཞེས་པའི་རག་མ་ནི། ལྕགས་བྱ་༡༦༨༡ལོར་ཡང་དགོན་བླ་མ་ནས་འབྲས་སྤུངས་སྔགས་པའི་བླ་མར་ཕེབས་པ་རག་མ་དཀའ་བཅུ་ལེགས་བཤད་ཅེས་པ་ཡིན་ནམ་དཔྱད། 

ལྕགས་ཕག་༡༦༧༡ལོ་ལ་ཅི་མཛད་ནི་། རང་རྣམ་ལས།

ལྕགས་ཕག་ལོ་ལ་དབུ་མའི་རྣམ་བཤད་ཀྱི།།

ཕལ་ཆེར་བཟུང་ལ་འདུལ་མཛོད་བདེ་ལེགས་དང་།།

རྗེ་བཙུན་པ་དང་བསོད་གྲགས་སྐྱོ་ཊཱིཀ་དང་།།

དངོས་གྲུབ་གཉིས་དང་རིན་ཆེན་ཤིང་རྟ་གསུམ།།

རང་འགྲེལ་འགྲེལ་བཤད་ཅི་རིགས་ལྟ་རྟོག་བཅུག།

དེ་དུས་རྣམ་པར་དཔྱོད་པའི་ཀློང་རྡོལ་ལྟར།།

གྲུབ་པའི་མཐའ་དང་ཡིག་འཇོག་སོ་སོ་ལ།།

བལྟས་པ་ཙམ་གྱིས་ཆུ་དྭངས་རྡེའུ་ལྟར།།

དངོས་ཤུགས་མ་འདྲེས་ཤེལ་ལ་མཚོན་བཞིན་འཆར།།

ལམ་རིམ་སྔགས་རིམ་བསྐྱེད་རྫོགས་དུ་མ་དང་།།

འཇིགས་མཛད་ཆོས་སྐོར་རྒྱུད་འགྲེལ་མང་བའང་བལྟས།།

ལ་ལའི་ལུང་ཉན་ཟུར་དགུའི་་དྲུག་ཅུ་བའི།།

ཐིག་བཏབ་ཟན་བརྩིགས་སོགས་ཀྱང་མངོན་ཆུང་བྱས།།

ཕ་བོང་ཁ་རུ་གསང་འཇིགས་ཀུན་ཚེ་དབང་།།

ནག་པོ་སྐོར་གསུམ་གསང་འཇིགས་མངོན་དཀྱིལ་གྱི།།

ལྗགས་ལུང་ལ་སོགས་ལོ་དེར་སླར་ཡང་ཐོབ།།

ཕར་ཕྱིན་ཐལ་འཕྲེང་ལྷག་མ་མི་ཡི་གར།།

རྩ་བའི་བླ་མ་རྒྱལ་བའི་སྲས་ཆེན་པོ།།

སྦྱོར་ལམ་པར་གྲགས་དོན་གྲུབ་རྒྱ་མཚོར་ཞུས།།

དགུན་ཆོས་ཕར་ཕྱིན་སྟོན་མོའི་དམ་བཅའ་སོགས།།

 རྗེ་ཡི་ཡིག་ཆ་དང་མཐུན་ཚད་མས་དྲངས།། ཞེས་སོ།། འདི་དུས་སྒོ་མང་གི་འདུལ་བའི་ཡིག་ཆ་རྗེ་བཙུན་པའི་འདུལ་བ་མཁས་པའི་མགུལ་རྒྱན་བློ་གསལ་ཐེམ་སྐས་ཡིན་པར་གཡའ་སེལ་དུ་གསལ། འདི་དག་ལས་སྐྱོ་ཊཱིཀ་ཅེས་པ། སྐྱོར་མོ་ལུང་བ་དཀའ་བཅུ་བསམ་གཏན་འཕེལ་གྱི་འདུལ་བ་ཡིན་ནམ་དཔྱད་ལ། དངོས་གྲུབ་གཉིས་ཞེས་པ་སེ་ར་རྗེ་བཙུན་པའི་ཐུགས་སྲས་རྩིས་ཐང་ལས་ཆེན་དངོས་གྲུབ་རྒྱ་མཚོས་ས་ཕག་༡༥༣༩ལོར་བརྩམས་པའི་མཛོད་ཀྱི་སྤྱི་དོན་བློ་གྲོས་པདྨོ་ཁ་འབྱེད། གཞུང་ལུགས་བརྒྱ་བ་དངོས་གྲུབ་དཔལ་འབར་གྱིས་མེ་བྱི་༡༥༡༦ལོར་བརྩམས་པའི་མཛོད་ཊཱིཀ་ཚིག་དོན་རབ་གསལ། སྔ་མ་དེ་གཡའ་སེལ་ལྟར་ན། དེའི་དུས་སྒོ་མང་། སེར་བྱེས། སེར་སྨད། བྱང་རྩེ་བཅས་ཀྱི་ཡིག་ཆ་ཡིན་པར་བཤད།  རིན་ཆེན་ཤིང་རྟ་ཞེས་པ་རྒྱལ་དབང་ལྔ་བའི་མཛོད་ཊཱིཀ་ཆོས་མངོན་རིན་ཆེན་འདྲེན་པའི་ཤིང་རྟ་ཡིན། འདི་དུས་སྒོ་མང་གི་དབུ་མའི་ཡིག་ཆ་ནི་མཁས་གྲུབ་སྟོང་ཐུན་དང་། སྟག་ལུང་དབུ་མ་ཡིན་ཞིང་ཕྱི་མ་ལ་ཤོག་ཚད་༧༨ཡོད་པར་གཡའ་སེལ་དུ་གསལ།   ཕར་ཕྱིན་དམ་བཅའི་སྐབས་དཀའ་རམས་འཛིན་གྲྭར་ཕེབས་ནས་གསུང་རབ་ཀྱི་དགོངས་པ་རང་སྟོབས་ཀྱིས་བླངས་ཏེ་སྔོན་མེད་དམ་བཅའ་ཁ་ཤས་བཞག་པ་ལ། སྐབས་དེའི་གྲགས་ཆེ་བའི་ཡིག་ཆ་འགའ་དང་ཅུང་ཟད་མཐུན་མིན་བྱུང་བས་འགའ་རེའི་བློ་ལ་མི་འབབ་པ་བྱུང་ཚུལ་ནི། རང་རྣམ་ལས།

འོན་ཀྱང་འཇིག་རྟེན་རྨོངས་ཡུས་གནའ་སྲོལ་གྱི།།

དྲང་མིན་ཡུར་བར་ཞེན་པའི་ཉལ་འགྲོ་རྒྱུག།

མཚན་ཉིད་སྟོང་འཁོར་བོན་པོའི་བསོོ་སྒྲ་དང་།།

མུ་ཏོའི་རྒྱངས་འབོད་འདི་གསུམ་ངེས་པ་ཅི།།

ཚེ་རབས་སྔོན་མའི་ལེགས་བྱས་ཆུ་ཀླུང་དུ།།

ལུང་རིགས་པད་དཀར་འདབ་བརྒྱ་བཞད་པ་ལ།།

དཔྱོད་ལྡན་ངང་མོས་བརྒལ་བརྟག་དབྱངས་སྙན་ཡང་།།

ལོག་སྨིན་བྱ་རོག་དེར་སྙིང་མི་དགའ་ལོ།།   ཞེས་སོ།། ཀེ་ཏ་ཀར། སྒྲ་དང་སྙན་ངག་དགའ་རབ་སྦྱངས། ཞེས་དང་། རྗེ་ཤེས་རབ་རྒྱ་མཚོས། ཞྭ་ལུ་ལོ་ཆེན་ཐུགས་རྗེ་དཔལ་བའི་འགྲེལ་བའི་སྟེང་ནས་ཙནྡྲ་བའི་ཁྲིད་ཀུན་མཁྱེན་གོང་མས་གསན། ཞེས་གསུངས་ཀྱང་གང་ལས་གསན་མི་གསལ་ལ། དེའི་རྒྱུ་མཚན་ཡང་། རྗེ་དམུ་དགེ་བསམ་གཏན་གྱི་དྲིས་ལན་ལས། སྔ་སོར་བདག་གི་སློབ་དཔོན་རིན་པོ་ཆེ་ཨོཾ་འཁྱིལ་བའི་ཕྱག་ཏུ་ཙནྡྲ་བའི་དཔེ་མཆན་ཅན་ཞིག་འབྱོར། དེ་ནི་དཔུས་དཔར་ཞིག་ལ་ཚོན་དམར་བོས་མཆན་བཏབ་ཡོད་པ་ཞིག་རེད། དེའི་མཛད་བྱང་ལ་འཇམ་དབྱངས་བཞད་པའི་རྡོ་རྗེས་སྒྲ་ཁྲིད་ཞོར་དཀྱུས་གཅིག་ལ་མཆན་བཏབ་པའོ།། ཞེས་ཡོད། ཅེས་གསུངས་པ་དེ་འདྲ་ལ་གཏུགས་ནས་རྗེ་པྲཛྙས་དེ་ལྟར་གསུངས་པར་སྙམ། སྒྲ་གང་ལས་གསན་མི་གསལ་བར་མ་ཟད་སྙན་ངག་ཀྱང་གང་ལས་གསན་མི་གསལ་བས་འཚོལ་བར་རིགས་ལ། སྙན་ངག་གི་བསྟན་བཅོས་དབྱངས་ཅན་ཞལ་ལུང་ནི། དབྱངས་ཅན་དགྱེས་གླུའི་སྡོམ་ཚིག་ཡིན་པས། དེར་ལྔ་བ་ཆེན་མོར་མཆོད་པར་བརྗོད་ཡོད་ལ། དེའི་སྟབས་ཀྱིས་ཡང་གསལ་སྣང་མཛོད་དུ་ཀུན་མཁྱེན་བླ་མས་ལྔ་བ་ཆེན་མོ་ལས་སྙན་ངག་གསན་པར་བཤད་སྣང་། འོན་ཀྱང་། དོན་དེ་གསན་ཡིག་དང་རྣམ་ཐར། ལྔ་བ་ཆེན་མོའི་རང་རྣམ་སོགས་གང་དུ་ཡང་མི་གསལ་བས་ད་དུང་དཔྱད་དགོས་སུ་སྣང་།   ལྕགས་ཕག་༡༦༧༡ལོར་གསང་ཕུར་ཉི་ཐང་ཤེས་རབ་སྦྱིན་པ་ལས་ཚད་མ་དང་འདུལ་མངོན་གྱི་དཀའ་གནས་དག་ཟླ་ཕྱེད་ལྷག་ལ་གསན་ནས་ཆུ་བྱི་༡༦༧༢ལོར་གསང་ཕུར་རྣམ་འགྲེལ་གྱི་དམ་བཅའ་བཞག་པ་ཡིན་ཏེ། རང་རྣམ་ལས།

ཉེར་ལྔ་ཆུ་བྱིའི་ལོ་ལ་དབུ་མ་དང་།། ཞེས་པ་ནས།

མཆོད་མཇལ་ཚུལ་དུ་གསང་ཕུར་རྣམ་འགྲེལ་ལ།།

རང་ཊཱིཀ་གསར་བའི་སྟེང་ནས་བཀའ་བཅུ་བྱས།

དེ་ཡི་སྔ་ལོ་འཆད་རྩོམ་རྩོམ་པ་ལ།།

འཇམ་དབྱངས་དངོས་གྱུར་པྲཛྙཱ་དཱ་ན་ལ།།

ཚད་མ་འདུལ་མངོན་དཀའ་གནས་ཟླ་ཕྱེད་ལྷག།

ཞིབ་ཞུས་སྐབས་འགར་དགུན་གྱི་མཚན་རིང་འདས།།

ཉི་རྩེ་ཤར་གྱི་བར་དུ་དཔྱད་པར་བྱས།།

བཤེས་གཉེན་དེ་དགྱེས་ཕན་ཚུན་སེམས་གཅིག་བྱུང་།། ཞེས་སོ།། རང་ཊཱིཀ་གསར་བ་ཞེས་པ་ད་ལྟ་མི་སྣང་བས་འཚོལ་རིགས་སོ།། རྒྱལ་དབང་ལྔ་བའི་རང་རྣམ་ལས་ཤིང་སྟག་༡༦༧༤ལོའི་ཐད་དུ། ཉི་ཐང་སློབ་དཔོན་སོག་པོ་ངག་དབང་ཤེས་རབ་དེ་པྲཛྙ་ཤིན་ཏུ་ཆེ་བ་ཞིག་ཡོད་ཚོད་ནས་ཁོང་རང་གིས་བརྩམས་པའི་ཚིགས་བཅད་མང་ཙམ་སྣང་བ་ཚིག་དོན་གཉིས་ཀ་མཚན་ཉིད་དང་ལྡན་པར་གོ། ཞེས་འབྱུང་བ་ཡང་ཉི་ཐང་མཁན་རབས་ཉེར་དྲུག་པ་སློབ་དཔོན་ཤེས་རབ་སྦྱིན་པ་ཡིན་སྣང་།  འདི་ལ་གསུང་འབུམ་པོཏ་གསུམ་ཡོད་སྣང་ལ། དབུ་མའི་ཟུར་བཀོལ་དང་། ཕར་ཕྱིན་གྱི་བཀའ་བསྟན་བཅོས་ཡན་གྱི་མཐའ་དཔྱོད་ད་ལྟའང་བཞུགས། 

ཆུ་གླང་༡༦༧༣ལོར་གསང་ཕུའི་ཆོས་ཁྲི་སེར་བོར་པོ་ཏི་ལྔ་གའི་དམ་བཅའ་བཞག་པ་ནི། རང་རྣམ་ལས།

ཆུ་གླང་ལོ་ལ་ཆོས་གྲྭར་འདུལ་མཛོད་གཉིས།། ཞེས་པ་ནས།

པོ་ཏི་ལྔ་ལ་ཉིན་ལྔར་དམ་བཅས་པའི།།

རབ་འབྱམས་སྨྲ་བའི་ཐོག་མ་དེ་ནས་ཚུགས།། ཞེས་སོ།། འདུལ་བའི་སྐབས་སུ་ཁས་ལེན་གཅིག་ཙམ་ཤོར་ཚུལ་གནང་བ་རྣམ་ཐར་དུ་གསལ་བ་ནི། གུང་ཐང་འདུལ་སྡོམ་ལས། གཏེར་མཛོད་སུམ་ཅུར་མ་བུའི་ཆ་ཕྱེ་འཁྲུལ།། ཞེས་པའི་ཐད་ཡིན་ནམ་ཞེས་དབལ་མང་ཚང་གིས་གསུངས།

 ཤིང་སྟག་༡༦༧༤ལོའི་ཟླ་བཅུ་གཉིས་པའི་ཉེར་གསུམ་ཉིན་རྒྱལ་དབང་ལྔ་བ་ཆེན་མོ་ལས་བསྙེན་པར་རྫོགས།  སུམ་པའི་ཆོས་འབྱུང་ལས། ཕྱིས་སུ་པཎ་ཆེན་རིན་པོ་ཆེ་ལས་ཀྱང་བསྙེན་པར་རྫོགས་ཟེར། ཞེས་འབྱུང་མོད་གསན་ཡིག་དང་རྣམ་ཐར་གང་དུ་ཡང་མི་གསལ་བས་དཔྱད་གཞིར་སྣང་། ཨ་མཆོག་སྤྲུལ་སྐུ་དཀོན་མཆོག་བསྟན་པའི་རྒྱལ་མཚན་གྱི་གསན་ཡིག་ལས། ཀུན་མཁྱེན་ལྔ་བ་ཚངས་སྲས་བཞད་པའི་རྡོ་རྗེ། འཇམ་དབྱངས་བཞད་པའི་རྡོ་རྗེ། ཞེས་ཀུན་མཁྱེན་བླ་མས་རྒྱལ་དབང་ལྔ་བ་ལས་སྡེབ་སྦྱོར་གྱི་ཁྲིད་གསན་པར་བཤད་དོ།།

དགུང་ལོ་ཉེར་བདུན་པར་བསྙེན་རྫོགས་མཛད་པ་ནས་མཚན་མོར་ཡང་སྐུ་ཆིངས་མི་བཤིག་པ་གློ་ཕབ་ནས་མི་ཉལ་བའི་སྦྱངས་ཡོན་ལ་གནས་པར་རྣམ་ཐར་གཉིས་ཀར་གསུངས་ལ། རང་རྣམ་དུ། བཅོ་ལྔ་བཅུ་དྲུག་དུས་སུ་འཕོ་བ་སོགས།། ཞེས་པ་ནས། སྐ་རགས་བཀྲོལ་ནས་མི་ཉལ་འདི་ནས་བྱས།། ཞེས་གསུངས་པས། སྐ་རགས་བཀྲོལ་ནས་མི་གཟིམས་པ་རང་རྣམ་གྱི་དོན་དང་། གློས་ཕབ་ནས་མི་གཟིམས་པ་བསྙེན་རྫོགས་མཛད་པ་ནས་གནང་བའི་དོན་དུ་གསལ། ཤིང་ཡོས་༡༦༧༥ལོར་སླར་ཡང་མཛོད་དང་རྣམ་འགྲེལ་སྦྱངས། དགའ་ལྡན་ཁྲི་རབས་ཞེ་གཉིས་པ་རྣམ་དག་རྡོ་རྗེ་བློ་བཟང་༡༦༠༢‑༡༦༧༨དོན་གྲུབ་བམ་དོན་ཡོད་ལས་འཇིགས་བྱེད་རྗེས་གནང་དང་མགོན་ཆོས་གཉིས་ཀྱི་རྗེས་གནང་། རིགས་གསུམ་མགོན་པོའི་རྗེས་གནང་སོགས་གསན།

རང་རྣམ་ལས།

གྲུབ་ཆེན་ཤ་བོར་པཎ་ཆེན་གསུང་འབུམ་ཐོར།། ཞེས་པ་དང་། སྐལ་བཟང་འཇུག་ངོགས་སུ། བླ་མ་དམ་པ་བསོད་ནམས་མཚན་ཅན་གྱི་དྲུང་དུ་པཎ་ཆེན་ཆོས་རྒྱན་གྱི་གསུང་ཁ་ཤས་གསན། ཞེས་པ་གཉིས་གཅིག་པར་སྣང་། མེ་འབྲུག་༡༦༧༦ལོའི་དབྱར་ཆོས་ལ་རྒྱུད་སྨད་གྲྭ་ཚང་ཚལ་གུང་ཐང་དུ་ཕེབས་ཡོད་སྐབས་དེར་ཞུགས་ཏེ། རང་རྣམ་ལས།

མེ་འབྲུག་མདོ་སྔགས་རྩེ་མོ་རྒྱུད་ཀུན་གྱི།། ཞེས་པ་ནས།

དཔལ་ལྡན་སྨད་རྒྱུད་འདུས་གྲྭའི་དབུས་སུ་ཕྱིན།། འཇུག་སྒོ་ཚལ་དང་ཞེས་སོ།། སྟོན་ཀར་གྲྭ་ཚང་དང་ལྷན་དུ་ཆུ་མིག་ལུང་དུ་བྱོན་ནས་རིམ་ལྔའི་ཁྲིད་བསྐྱངས།  འདི་དུས་ཀུན་མཁྱེན་བླ་མ་མཆོག་བཞུགས་སའི་སྤྱིལ་ཆུང་ནི་རབ་རྒྱལ་ལྕགས་ཡོས་༡༩༥༡ལོར་ད་དུང་མ་ཉམས་པར་ཡོད་ཚུལ་ཁྲི་བྱང་རང་རྣམ་དུ་གསལ། རྣམ་ཐར་གཉིས་ཀར།  ཞྭ་ལུ་མཁན་པོ་འདི་བྱེད་རྒྱུ་མང་ཞེས་པའི་ཞྭ་ལུ་མཁན་པོ་ནི་རིན་ཆེན་བསོད་ནམས་མཆོག་༡༦༠༢‑༡༦༨༡གྲུབ་ཡིན་འདུག། དེ་ནས་ལྷ་སའི་རྒྱུད་ཁང་གི་ཐོག་ཏུ་ཕེབས་ནས་འཇིགས་བྱེད་བདག་འཇུག་དང་རྡུལ་ཚོན་གྱི་ཕྱག་ལེན་སྦྱངས། དགུན་ཆོས་ལ་གྲྭ་ཚང་དགའ་ལྡན་དུ་བྱོན་སྐབས་རྒྱུད་སྨད་མཁན་པོ་ཀླུ་འབུམ་བློ་གྲོས་རྒྱ་མཚོ་ལས་བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ་དང་། རྫོགས་རིམ་རིམ་ལྔ་གསལ་སྒྲོན་གཉིས་ཀྱི་གཟབ་བཤད་མན་ངག་གིས་བརྒྱན་པ་གསན། འདི་མན་རང་རྣམ་མེད།  རྣམ་ཐར་གཉིས་ཀར། སེ་རྭ་ཞབས་དྲུང་ཞེས་པ་སྐྱིད་ཤོད་སྡེ་བ་བསྟན་འཛིན་བློ་བཟང་རྒྱ་མཚོའི་སྤྲུལ་སྐུ་ངག་༡༦༣༩‑༡༦༨༡དབང་བསྟན་འཛིན་འཕྲིན་ལས་ཡིན་ལ། འདིའི་དྲུང་ནས་བདེ་མཆོག་རེ་གཉིས་པའི་དབང་། མགོན་བཀའ་བཅུ་གསུམ་གྱི་རྗེས་གནང་། མི་གཡོ་བ་སྔོན་པོ། རྣམ་འཇོམས་ལྗང་སྔོན། ཕྱག་རྡོར་ཨུ་ཙའི་རྗེས་གནང་དང་། རྟ་མགྲིན་ལྕགས་རལ་གྱི་རྗེས་གནང་། མགོན་པོ་བར་ཆད་ཀུན་སེལ། འཇིགས་བྱེད་དཔའ་གཅིག་གི་རྗེས་གནང་། འཇམ་དབྱངས་ལུས་དཀྱིལ་གྱི་རྗེས་གནང་ཡིག་རྙིང་གི་སྟེང་ནས་རྡུལ་ཚོན་ལ་བརྟེན་པའི་དབེན་ས་ལུགས་སོགས་གསན་པར་མཛད།  མཁན་སྤྲུལ་ངག་དབང་ཐུབ་རྒྱམ་པའི་གསན་ཡིག་ལས། སྐྱིད་ཤོད་ཞབས་དྲུང་སྤྲུལ་སྐུ་ལ་སྐུ་བར་བའི་གསན་ཡིག་ཏུ་བཀྲ་ཤིས་འཇམ་དབྱངས་སྤྲུལ་སྐུ་ཞེས་ཡོད་པ་མ་དག་པ་ཡིན། དེ་གོང་གི་སྐྱིད་ཤོད་ངག་དབང་བསྟན་འཛིན་གྱི་སྤྲུལ་སྐུ་ཡིན་པས་སྐུ་ཕྲེང་ཕྱི་མ་ཐམས་ཅད་ལ་བཀྲ་ཤིས་ལྗོངས་སྤྲུལ་སྐུ་ཟེར་བ་ཡིན། ཞེས་གསུངས་པ་བཅས་ཞར་བྱུང་ངོ་།། ཞྭ་ལུ་མཁན་པོ་འཇམ་དབྱངས་བསྟན་འཛིན་ལས་རྣམ་སྲས་སྐོར་གསན་པ་གསན་ཡིག་ཏུ་གསལ་བས། ལྕང་སྐྱའི་རང་རྣམ་ལས། ཡིག་རིས་རྣམས་དང་གསང་སྔགས་གསར་རྙིང་གི།ཆོས་ལ་ནང་བྱན་ཚུད་པའི་མཁས་པ་མཆོག། ཞྭ་ལུ་མཁན་ཆེན་འཇམ་དབྱངས་བསྟན་འཛིན་ལས།། ཞེས་གསུངས་པ་ལྟར་ལ། འདི་བ་ཞྭ་ལུའི་མཁན་རབས་ཉེར་བཞི་བ་ཡིན་ཡང་ཞབས་པད་ཡུན་རིང་མ་བརྟན་པས་ཕྱག་རྗེས་མེད་ཅེས་ཞྭ་ལུའི་མཁན་བརྒྱུད་རྣམ་ཐར་དུ་གསལ་ཞིང་།ཆུ་ཁྱི༡༦༨༢ལོའི་སྟོན་ཁར་སྲད་རྒྱུད་དཀོན་མཆོག་ཡར་འཕེལ་ལས་གསང་འདུས་ཀྱི་དབང་གསན་སྣང་བ་བཅས་ཞར་བྱུང་ངོ་།།

མེ་སྦྲུལ་༡༦༧༨ལོར་རྒྱུད་སྨད་དཔོན་སློབ་བློ་གྲོས་རྒྱ་མཚོ་ལས་འགྲེལ་བ་བཞི་སྦྲག་གསན། བ་སོར་བསྒོམས་པས་ལྟ་བའི་དཔྱད་པ་རྫོགས་པར་བཤད། རྒྱུད་ཀྱི་དམ་བཅའ་ཆེན་མོ་བཞག།

ས་རྟ་༡༦༧༨ལོར་རྒྱུད་གྲྭ་སྔར་ལྟར་འགྲིམ་ཞིང་བཙན་པོ་ཧོར་ངག་དབང་འཕྲིན་ལས་དབུས་སུ་ཕེབས་པར་མཇལ་འཕྲད་བྱས་ནས་ཆོས་ཞུས།

ས་ལུག་༡༦༧༩ལོར་དཔོན་སློབ་བློ་གྲོས་རྒྱ་མཚོ་ལས་དབེན་ས་ལུགས་ཀྱི་འཇིགས་བྱེད་འཁྲུལ་འཁོར་དང་། རྗེ་ངག་དབང་དཔལ་བཟང་ངམ། ཕུན་ཚོགས་ལེགས་འབྱོར་བའི་དྲུང་ནས་རྡོར་ཕྲེང་གསན་ནས་མདོ་རྒྱུད་གཉིས་ཀར་གཞུང་བཤད་ཀྱི་རིགས་ལ་སློབ་གཉེར་དཔྱིས་ཕྱིན་པ་གནང་། འདིའི་མཚན་ལ་ཀུན་མཁྱེན་གསན་ཡིག་ལས། ཕུན་ཚོགས་ལེགས་མཆོག་དང་། བློ་བཟང་དཔལ་འབྱོར་ཅེས་ཀྱང་འབྱུང་ལ། གཟུང་གཞུག་གི་ཁྲིད་ཀྱང་འདི་ཉིད་ལས་གསན་པའི་ཟིན་བྲིས་གསུང་འབུམ་དུ་བཞུགས་ཤིང་།  འདི་བས་ལྕགས་ཁྱི་༡༦༧༠ལོར་རྒྱལ་དབང་གི་བཀའ་ལྟར་ཕྲེང་བའི་དཀྱིལ་ཐང་བཞེངས་པར་ཡིག་ཆ་རྣམས་ཞིབ་བསྡུར་གནང་ཚུལ་དཱུ་ཀུ་ལར་གསལ་ལ། པོ་ཏ་ལའི་གྲྭ་ཚང་གི་ཟུར་འཆད་པ་དང་སྨིན་གླིང་གཏེར་ཆེན་གྱི་སློབ་མ་ཡང་ཡིན་པར་དེའི་རྣམ་ཐར་དུ་གསལ། བླ་མ་འདིས་ཕྱིས་སུ་ཀུན་མཁྱེན་བླ་མར་འཇིགས་བྱེད་རྫོགས་རིམ་རྩོམ་སྐུལ་ཞུས་འདུག་ཅིང་། ཀུན་མཁྱེན་གྱིས་ཀྱང་མཐའ་བྲལ་དབུ་མའི་རྣལ་འབྱོར་བ་ཞེས་བསྔགས་འདུག་གོ།

ལྕགས་སྤྲེལ་༡༦༨༠ལོར། རི་བོ་དགེ་འཕེལ་རི་ཁྲོད་དུ་བྱོན། བླ་མ་མེརྒན་ངག་དབང་བློ་གྲོས་ཀྱིས་སྔར་རང་ཉིད་བཞུགས་ནས་སྒྲུབ་པ་གནང་སའི་ཁང་བ་དེ་ཀུན་མཁྱེན་བླ་མར་གནང་ཚུལ་སོགས་ནི།  དབྱངས་ཅན་སྒེག་པའི་བློ་གྲོས་འཇིགས་མེད་རིག་པའི་རྡོ་རྗེའམ་དཀའ་བཅུ་བློ་བཟང་༡༧༦༡‑༡༨༣༤ཚེ་དཔག་གིས་མཛད་པའི་ཧོར་ཆོས་འབྱུང་ལས། ཁོང་བཞུགས་པའི་རི་ཁྲོད་ཀྱི་ཁང་བ་དེ་ཡང་ཀུན་མཁྱེན་བཞད་པ་རིན་པོ་ཆེར་གནང་བས་ཀུན་མཁྱེན་བླ་མས་ཁང་བ་དེ་སླར་བཟོ་བཅོས་གནང་བའི་སྐབས་སུ་སྒོ་འདི་བླ་མ་རང་ཉིད་ཀྱིས་བཟོས་པའི་སོག་གུར་གྱི་སྒོ་ཡིན་པར་འདུག་པས་དགོས་པ་ལ་ལྟོས་པ་ཞིག་ཡིན་གསུངས་ནས་རང་སོར་བཞག་སྟེ་ཁང་བ་དེར་ཡུན་རིང་དུ་བཞུགས་ནས་སྒྲུབ་པ་ཉམས་ལེན་ལ་ཐུགས་གཞོལ་བར་མཛད་ཅིང་། ངའི་བླ་མ་བཞུགས་པའི་བྱིན་རླབས་ཀྱི་གནས་ཡིན་དགོངས་ནས། དབུ་མ། རྣམ་འགྲེལ། གྲུབ་མཐའི་རྣམ་བཞག་སོགས་མཛད་ནས། ཁང་བ་དེ་ལ་མཁའ་སྤྱོད་གུར་ཁང་ཞེས་མིང་འདོགས་མཛད་དོ།། ཞེས་འབྱུང་བ་ལྟར་ལ། དེང་སང་རྩིག་ཤུལ་ཙམ་ལས་མི་སྣང་ངོ་།།    ལོ་དེར་པོ་ཏ་ལར་དགེ་སློང་འཇམ་དབྱངས་གྲགས་པ་དང་ཕན་ཚུན་ཆོས་གསན་རེས་མཛད། ཕྲེང་བ་བ་ཕུན་ཚོགས་ལེགས་འབྱོར་བའི་དྲུང་ནས་སླར་ཡང་འཇིགས་བྱེད་འཁྲུལ་འཁོར་གསན། ལྕགས་བྱ་༡༦༨༡ལོར་དགེ་འཕེལ་རི་ཁྲོད་དུ་འཇམ་དཔལ་ཞལ་ལུང་གི་ཉམས་ཁྲིད་ཐོག་མར་གནང་།  ཀེ་ཏ་ཀར། ༧གོང་ས་རྒྱལ་དབང་རིན་པོ་ཆེས་སྲད་རྒྱུད་རྡོ་རྗེ་འཆང་གི་བསྔགས་བརྗོད་མང་དུ་གསུངས་པ་ཡང་གསན་ཅིང་། ཞེས་པ་རྒྱལ་དབང་རང་རྣམ་དུ་ཀཱུ་ལ་དེབ་གཉིས་པའི་༢༧༩ལས། གསང་བ་འདུས་པའི་བསྐྱེད་རྫོགས་ཀྱི་ལུས་དབེན་ལུགས་སོགས་ལམ་གྱི་དཀའ་གནད་དུ་མའི་དྲི་བ་བྱས་པར་སྲད་རྒྱུད་སློབ་དཔོན་པ་རྒྱལ་བ་ཙོང་ཁ་བ་ཡབ་སྲས་ཀྱི་གསུང་རབ་དང་མཐུན་པའི་གླེང་མོ་རྣམ་དཔྱོད་དང་ལྡན་པ་སྣང་། དྲུག་ཅུ་བར་ཞྭ་ལུ་བའི་རྩ་ཚིག་དྲངས་པའི་བཤད་ཡམས་བྱེད་འདུག་རུང་རྙིང་མའི་མདོས་གཏོར་མཐོང་བ་ལ་ཡང་དཔེ་བླངས་རྔམ་རྔམ་འཇིགས་འཇིགས་གཙོ་བོར་བཏོན་པའི་གུ་ཡངས་དཔའ་ཐལ་ལས་ལུགས་སྲོལ་ཁུངས་བཙུན་ཡོད་ཉམས་ཀྱི་གཏམ་མི་སྨྲ། ཞེས་གསལ་བ་ལྟར་ཆུ་བྱི་༡༦༧༢ལོར་རྣམ་གཉིས་མཇལ་འཕྲད་གནང་འདུག།  ཀེ་ཏ་ཀར་མི་གསལ་ཡང་། སྐལ་བཟང་འཇུག་ངོགས་སུ། ལྕང་སྐྱ་རྡོ་རྗེ་འཆང་དང་། རྗེ་འདི་བ་དཔོན་སློབ་རྣམ་གཉིས། ཆོས་རྒྱུན་འཚོལ་བའི་ཆེད། ལྕང་སྐྱ་རིན་པོ་ཆེ་དབེན་ས་དང་། རྗེ་འདི་སྲད་རྒྱུད་དུ་ཕེབས་པའི་བཀའ་གྲོས་མཛད་ནས་རིན་པོ་ཆེ་བ་དབེན་སར་བྱོན་ནས་རྡོ་རྗེ་འཛིན་པ་དཀོན་མཆོག་རྒྱལ་མཚན་གྱི་ཞབས་ལ་གཏུགས་ནས་དབེན་སའི་མན་ངག་རྫོགས་པར་ཞུས་ཤིང་། ཞེས་དང་། དགོན་ལུང་དཀར་ཆག་དང་། མདོ་སྨད་ཆོས་འབྱུང་ལས། རྗེ་འཇམ་དབྱངས་བཞད་པ་སྲད་རྒྱུད་དང་། རྗེ་འདི་དབེན་ས་ངོས། གཡེར་གཤོང་སྔགས་རམས་པ་འཇམ་དབྱངས་བློ་གྲོས་ཞྭ་ལུ་ཕྱོགས་བརྒྱུད་དེ་རྗེ་རིན་པོ་ཆེ་དང་། བུ་སྟོན་ཐམས་ཅད་མཁྱེན་པའི་གདམས་ངག་སྔར་མ་ཐོས་པ་རྣམས་གསན་ཅིང་། གཙང་སྟོད་ཅིག་ནས་ལྷན་དུ་འཛོམས་ཏེ་བལ་བོད་ཀྱི་མཚམས་ལྟ་བུའི་འདྲིས་མེད་ཀྱི་ཡུལ་དུ་སྒྲུབ་པ་འབའ་ཞིག་མཛད་འདུན་གྱིས་ཡབ་སྲས་གསུམ་ཆར་རྟ་ཕུག་པ་དམ་ཆོས་རྒྱལ་མཚན་གྱི་དྲུང་དུ་ཕེབས། རྒྱུ་མཚན་ཞུས་པར། དྲུང་བ་རིན་པོ་ཆེས་རྒྱལ་བ་ཙོང་ཁ་བའི་བསྟན་པ་བློས་བཏང་ནས། རང་ཉིད་གཅིག་བུའི་མགོ་ཨེ་ཐོན་བལྟ་འདོད་པ་དགེ་བའི་བཤེས་གཉེན་ཆེན་པོ་ཁྱེད་འདྲ་བ་རྣམས་ལ་བབ་མི་མཚུངས། ཐུགས་དགོངས་དེ་བཤོལ་ནས་བསྟན་འགྲོའི་དོན་རླབས་པོ་ཆེ་མཛད་དགོས་ཚུལ་ནན་ཏན་གནང་ཚུལ་ངག་རྒྱུན་ཚད་ལྡན་དུ་གྲགས་ལ། ཞེས་འབྱུང་ངོ་།།  

འོན་ཀྱང་། ལྕང་སྐྱ་རིན་པོ་ཆེ་ཤིང་ཡོས་༡༦༧༥ལོར་སྔགས་ཆེན་དཀོན་རྒྱན་དྲུང་དུ་བྱོན། གཡེར་གཤོང་འཇམ་བློ་དང་། ལྕང་སྐྱ་རིན་པོ་ཆེ་གཉིས་ཞྭ་ལུར་ཐུགས་འཕྲད་གནང་ཚུལ་གསལ་བ་ལས་ཀུན་མཁྱེན་དེ་དུས་ལྷན་དུ་ཡོད་ཚུལ་དེ་གཉིས་ཀྱི་རྣམ་ཐར་གང་དུ་ཡང་མི་གསལ།  རྗེ་ཉིད་གཙང་སྲད་རྒྱུད་དུ་ཕེབས་པའི་སྐོར་རྣམ་ཐར་གཉིས་ཀར་ཅུང་ཟད་གསལ་བ་དེ་ལས་གསལ་ཙམ་རྗེ་ཉིད་ཀྱི་ཞལ་ནས་གསུངས་པ་དངོས་སློབ་མཁན་ཆེན་དགེ་འདུན་རྒྱ་མཚོས་ཟིན་བྲིས་སུ་བཏབ་པ་དེའི་རྣམ་ཐར་དུ་བཀོད་པ་དེ་ཇི་བཞིན་པར་དྲངས་ན། ཁྱད་པར་དུ་ཁོང་གི་བླ་མའི་གཙོ་བོ་སྲད་རྒྱུད་པ་རྡོ་རྗེ་འཆང་དཀོན་མཆོག་ཡར་འཕེལ་བའི་ཞབས་བསྟེན་ནས་ཟབ་ཆོས་རྣམས་གསན་བཞེད་ཤུགས་དྲག་ཡོད་པའི་དབང་གིས་གཙང་ཕྱོགས་དཔལ་འཁོར་ཆོས་སྡེར་ཕེབས། དཔལ་འཁོར་ཆོས་སྡེའི་དགེ་ལུགས་ཀྱི་གྲྭ་ཚང་ནོར་བུ་དགའ་ལྡན་ཞེས་བྱ་བའི་སློབ་དཔོན་རིན་པོ་ཆེ་རྒྱལ་བའི་དཔལ་ལ་དབང་བསྒྱུར་བ་ཀླུ་འབུམ་ཆོས་རྒྱ་མཚོར་གསོལ་བ་ཁོང་ནོར་བུ་དགའ་ལྡན་པའི་དགོན་ལག་ནི་མ་ཆོས་ལུང་དུ་བཞུགས་པ་དང་མཇལ་འཛོམས་མཛད། ཁོང་རྣམ་གཉིས་གྲྭ་ཐོག་ཀྱང་མཉམ་པ་བཅས་ཕན་ཚུན་ཐུགས་དགྱེས་སྤྲོ་ཆེན་པོ་མཛད་དེ་ཉི་མ་གཉིས་ཀྱི་རིང་ལ་ཆོས་ཀྱི་གསུང་གླེང་དང་སྐུ་ངལ་གསོ་བའི་ཚུལ་དུ་བཞུགས། དེ་ནས་སྲད་རྒྱུད་ལ་ཐུགས་རངས་པས་དེ་ནས་ཕྱག་བཏེགས་ཏེ་ཉང་ཕྱོགས་བརྒྱུད་དེ་དབང་ལྡན་ཕྱོགས་སུ་ཕེབས་ཤིང་། ལམ་དུ་རྒྱུས་ཡོད་འགའ་ལ་དེ་རིང་སྲད་དུ་སླེབས་སམ་གསུངས་པར། ཁོང་ཚོ་ན་རེ་ཉི་མ་མ་རྒས་གོང་ལ་སླེབ་ཡོང་ཞུས་ནས་ཕེབས་པས་ལམ་རྒྱུས་མེད་པ་དང་། ཆར་ཡང་ཆེན་པོ་ཞིག་བབས་པས་དེ་ཉིན་སྲད་དུ་མ་སླེབས་པར་ལམ་བར་དུ་བཞུགས་ཞག་ལུས་པས་ན་བཟའ་ཐམས་ཅད་ཕྱི་ནང་མེད་པར་ཆར་གྱིས་སྦངས་པར་གྱུར། ཕྱི་ཉིན་ནམ་ལངས་ནས་ཕེབས་པས་ཉི་མ་ཤར་བ་དང་མཉམ་དུ་སྲད་རྒྱུད་དུ་འབྱོར། རྡོ་རྗེ་འཆང་དཀོན་མཆོག་༡༦༠༢‑༡༦༨༢ཡར་འཕེལ་བའི་ཞལ་སྔ་ནས་ཀྱིས་ཀྱང་ཐུགས་ཤིན་ཏུ་དགྱེས་པར་གྱུར་ཅིང་། དེ་འཕྲལ་ནས་ན་བཟའ་རྣམས་བརྗེས་པར་གསུངས་ཀྱང་། ཀུན་མཁྱེན་བླ་མའི་ཞལ་སྔ་ནས་གཞན་གྱི་ན་བཟའ་གྱོན་གི་ཡང་མེད་པས་མ་བརྗེས་ཀྱང་ཆོག་གསུངས་པར། སུས་ཀྱང་ལོངས་མ་སྤྱད་པའི་གསར་བ་རྐྱང་ཡིན་གསུངས་ཏེ་ན་བཟའ་ཐམས་ཅད་བརྗེ་བ་གནང་། དེ་ཉིན་གསོ་སྦྱོང་གི་དུས་ཀྱང་ཡིན་པས་དཔོན་སློབ་རྣམས་ཀྱིས་ལྷན་ཅིག་ཏུ་གསོ་སྦྱོང་གནང་། དེ་ནས་དེར་ཡུན་རིང་བོའི་བར་དུ་བཞུགས་ནས་དབང་ལུང་ཁྲིད་སོགས་ཟབ་ཆོས་མང་བོ་ཐུགས་བཞེད་ལྟར་གསན་པ་ཡིན་སོགས་ཀྱི་ལོ་རྒྱུས་རྣམས་གསུངས་ཤིང་། དེའི་སྐབས་ཀྱི་ཆར་བས་སྦངས་ཚོད་དེ་དང་བསྟུན་ན་བླ་མའི་གསུང་གི་ཆོས་དེ་རྣམས་ཀྱིས་ཕྱི་སྦངས་ནང་སྦངས་གཉིས་ཀ་བྱེད་པ་ཞིག་ཡོང་དགོས་པའི་ཚོད་ཡིན་ཏེ། དེ་ཙམ་རང་མ་བྱུང་གསུངས། ཞེས་ཀུན་མཁྱེན་བླ་མའི་གསུང་བགྲོས་ཡི་གེར་བཀོད་པ་འདི་དང་། རྣམ་ཐར་གཉིས་སུ་འབྱུང་བ་དེ་རྣམས་ཕན་ཚུན་གོང་འོག་བསྒྲིགས་ན་ཅིག་ན་མི་གསལ་བ་ཅིག་ཤོས་ན་གསལ་བས་ཕན་ཚུན་ལ་ཞིབ་ཆ་སྣོན་དགོས་པ་ཡང་ཡོད་དོ།།  ཀེ་ཏ་ཀ་དང་།  གདན་རབས་ལྷའི་རྔ་ཆེན་གཉིས་སུ་འཇམ་དབྱངས་སྨྲ་སེང་གི་དབང་ཊཱིཀ་ཚིག་དོན་རྫོགས་པར་ཁྲིད་ཅེས་འབྱུང་མོད། འཇུག་ངོགས་སུ། སྣར་ཐང་སྨྲ་སེང་གི་དབང་ཊཱིཀ་གི་ཚིག་དོན་རྣམས་རྫོགས་པར་ཁྲིད་ཅེས་འབྱུང་བ་འཇིགས་བྱེད་ཆོས་འབྱུང་དང་མཐུན་པར་མ་ཟད། དབང་བཤད་དེའི་མཚན་བྱང་ལ་ཡང་དབང་བཤད་དཔག་བསམ་ལྗོན་ཤིང་ཞེས་འཇིགས་བྱེད་ཆོས་འབྱུང་དུ་གསལ་ལོ།། 

རྣམ་ཐར་གཉིས་ཀར་སྲད་རྒྱུད་ནས་ཕྱིར་ཕེབས་སྐབས་དཔལ་འཁོར་ཆོས་སྡེར་ཀླུ་འབུམ་ཆོས་རྒྱ་མཚོ་བཞུགས་པའི་དྲུང་དུ་ཕེབས། གསུང་གླེང་མང་བོ་མཛད། ཅེས་པ་ལས་མི་གསལ་ཡང་། རྗེ་འདིས་བཀའ་འགྱུར་གྱི་ལྗགས་ལུང་ཕལ་ཆེ་བ་གསན་ཡུལ་བླ་མ་དེ་ཉིད་ཡིན་པ་གསན་ཡིག་ཏུ་གསལ་བས་སྔ་ཕྱི་ནམ་གསན་དཔྱད། འདི་དུས་ཉང་སྟོད་ཀྱི་གཙུག་ལག་ཁང་ཞིག་ཏུ་དབང་གི་རྣམ་བཤད་གསང་མཛོད་ལྡེ་མིག་བརྩམས།  འདི་ཡས་མས་སུ་དགེ་འཕེལ་དུ་བྱ་ཀ་ལན་ཏ་ཀའི་དྲིས་ལན་ཞེས་བྱ་བའི་ཀ་རྩོམ་བརྩམས་ཏེ་ལྕང་སྐྱ་ངག་དབང་ཆོས་ལྡན་ལ་ཕུལ། དེའི་མཇུག་ཏུ། བྱེའུ་དེ་ཕྱོགས་སུ་འཕུར་ཏེ་སོང་ངོ་།། ཞེས་ཡོད་པའང་བདེ་ཐང་སྤྲུལ་སྐུ་ཚངས་དབྱངས་པ་ལ་གོ་དགོས་པའི་གསུང་རྒྱུན་ཐོས་ཞེས་མདོ་སྨད་ཆོས་འབྱུང་དུ་གསལ་བ་ལྟར། དངོས་སློབ་ཅུང་གུར་བ་བློ་བཟང་ཕུན་ཚོགས་ཀྱིས་བརྩམས་པའི་གསང་རྣམ་ལས། བདེ་ཐང་སྤྲུལ་སྐུས་བསྐུལ་མ་བྱེད་པར་བརྟེན།། བསྐྱེད་རྫོགས་ཟབ་གནད་མ་འོངས་ལུང་བསྟན་སོགས།། ཀ་ལན་ཏ་ཀའི་དྲིས་ལན་ཚུལ་དུ་གསུངས།། ཞེས་གསུངས་པ་ལྟར་རོ།།

ཆུ་ཁྱི་༡༦༨༢ལོར་ཁྲི་བློ་གྲོས་རྒྱ་མཚོ་དགའ་ལྡན་ཁྲི་ལ་བཞུགས་པར་ལེགས་འབུལ་དུ་བྱོན་ནས་བཀའ་ཆོས་དུ་མ་གསན་ཞིང་། ཕྱིར་ལམ་པོ་ཏ་ལར་དགེ་སློང་འཇམ་གྲགས་ལས་ཆོས་བཀའ་གསན་ནས་དགེ་འཕེལ་དུ་བྱོན། སློབ་བུ་དག་ལ་ལམ་ཁྲིད་ལན་གསུམ་སེམས་བསྐྱེད་མཆོད་པ་དང་བཅས་པ་གནང་། ལོ་འདིར་རྒྱལ་དབང་ལྔ་བ་ཆེན་མོ་དགོངས་པ་རྫོགས་ཀྱང་གསང་རྒྱ་དམ། འདི་ལོར་ཐོར་གོད་དོན་གྲུབ་རྒྱ་མཚོ་སྒོ་མང་མཁན་ཁྲི་ལས་ཟུར་ཏེ་ནག་ཚང་ངམ་ཧོར་དོན་གྲུབ་༡༦༥༥‑༡༧༢༧རྒྱ་མཚོ་སྒོ་མང་མཁན་པོར་བཞུགས། འདི་བ་ཕྱིས་སུ་དགའ་ལྡན་ཁྲི་རབས་ཞེ་བརྒྱད་པར་བཞུགས་ཤིང་། རྒྱལ་བའི་ཡོངས་འཛིན་གླིང་རིན་པོ་ཆེའི་སྐུ་ཕྲེང་དང་བོ་ཡིན་ནོ།།   

ཆུ་ཕག་༡༦༨༣ལོར་པོ་ཏ་ལར་དགེ་སློང་འཇམ་གྲགས་ལ་རྗེའི་གསུང་འབུམ་དང་ཁྲིད་ཆེན་ལྔ་སོགས་གནང་། སྤྱིར་ལོ་འདིར་ལམ་ཁྲིད་ཚར་བཞི་གནང་། འདི་ཙམ་ན་སྔར་རྗེ་ཉིད་སྐྱོང་གཉོར་བྱེད་པའི་ཨ་ཕྱི་བྱ་བྲལ་བཟའ་འདས་པར་གསན་པས་དེའི་སྡིག་སྦྱོང་གནང་། འདི་ལོར་ཐང་སག་དངོས་གྲུབ་རྒྱ་མཚོ་ཐང་སག་གི་མཁན་པོར་བཞུགས། འདི་ཉིད་ཀྱི་གཞིས་དགོན་ཡར་ལུང་དར་རྒྱས་དགོན་པ་ཡིན་ཞིང་། གྲྭ་ས་སེར་བྱེས་ལྷོ་པ་ཁམས་ཚན། རྒྱུད་སྟོད་དང་སྲད་རྒྱུད་ནས་སྔགས་ལ་སྦྱངས་པ་ཞིག་གོ། འདི་ལོར་ལྕང་སྐྱའི་མདུན་ནས་རྗེ་ཉིད་དང་དགེ་ཕྲུག་མང་བོས་མདོ་སྡེ་རྒྱན་གྱི་ལུང་གསན་པ་ཡིན་ཏེ། ལྕང་སྐྱའི་རང་རྣམ་ལས། མདོ་སྔགས་རབ་འབྱམས་སྨྲ་བའི་དབང་ཕྱུག་མཆོག། ངག་དབང་བརྩོན་འགྲུས་དགེ་གཞོན་མང་བོ་དང་།། བཅས་པས་མདོ་སྡེ་རྒྱན་གྱི་བཀླག་ལུང་གསན།། དམ་ཆོས་འཆད་པའི་རྟེན་འབྲེལ་ལེགས་པར་བསྒྲིགས།། ཞེས་ལོ་དེའི་མཛད་རྣམ་ཐད་དུ་གསལ་ལོ།།

 ཤིང་བྱི་༡༦༨༤ལོར་ལམ་ཁྲིད་ཚར་བཞི་སོགས་གནང་བ་དང་། གཞན་ཡང་། འཕྲིན་ཡིག་གི་རྣམ་བཞག་དེ་ཉིད་ནམ་མཛད་འཇུག་ངོགས་སུ་མི་གསལ་ཡང་། ཀེ་ཏ་ཀར་འདི་ལོར་མཛད་པར་བཤད་ཀྱང་མཇུག་བྱང་དུ་ནམ་མཛད་མི་གསལ། ལོ་འདིར་སྡེ་སྲིད་བློ་བཟང་སྦྱིན་པ་འདས། སྐལ་བཟང་འཇུག་ངོགས་སུ་མི་གསལ་ཡང་། ཀེ་ཏ་ཀར་གསལ་བ་ལྟར་སྙན་ངག་གི་བསྟན་བཅོས་དབྱངས་ཅན་ཞལ་ལུང་ཉི་མ་འབུམ་གྱི་འོད་ཅན་ཞེས་བྱ་བ་བརྩམས་ཤིང་། འདིའི་སྦྱར་བྱང་དུ། སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ལ་ངེས་པ་ཅུང་ཟད་རྙེད་ཅིང་། སྒྲ་དང་སྙན་ངག་སོགས་ལའང་བློ་གྲོས་ཀྱི་འཇུག་པ་ཐོབ་པའི་སྙན་ངག་མཁན་ཐོས་ལྡན་འཇམ་དབྱངས་བཞད་པའི་རྡོ་རྗེ་ཞེས་དང་ཤིང་ཕོ་བྱི་བའི་ལོ་ལ་ཞེས་གསལ། གདན་རབས་ལྷའི་རྔ་ཆེན་ལས། རྗེ་འདི་ལ་འཇམ་དབྱངས་བཞད་པའི་མཚན་གསོལ་བ་ནི། འགའ་ཞིག་གིས།

ཤེས་བྱའི་གནས་ཚུལ་ཀུན་ལ་ཐོགས་མེད་པའི།།

བློ་གྲོས་ཟེར་གྱིས་འཇམ་དབྱངས་ཞལ་གྱི་པད།།

རབ་ཏུ་བཞད་བྱེད་ཐུབ་བསྟན་དཔལ་གྱུར་བ།། ཞེས་པ་ལྟར་ཡིན་ཟེར་བ་དང་། ལ་ལས་འཇམ་པའི་དབྱངས་ཀྱི་གཟིགས་སྣང་ལས་བཏགས་པ་ཡིན་ཟེར་བ་ནི་རང་འདོད་ཀྱི་གཏམ་སྟེ། སྒྲ་རིག་སྨྲ་བ་རྣམས་ལ་ཀུན་བཤད་ཀྱི་མཚན་ཞེས་ཡོངས་སུ་གྲགས་པས།  སྡེ་སྲིད་སངས་རྒྱས་རྒྱ་མཚོས་སྒྲའི་དཀའ་གནད་ཀྱི་དོགས་པ་བཞི་ཕྱོགས་སོ་སོར་བཀྲམ་པ་ལ་རྗེ་འདིས་ལན་རྣམ་དཔྱོད་ཅན་ཞིག་ཕུལ་བའི་སྐབས་སུ་མཚན་དེ་ལྟར་ཕུལ་བར་སྐྱབས་མགོན་རྡོ་རྗེ་འཆང་ནས་གསུངས་སོ།། ཞེས་འབྱུང་། ཅུང་ཟད་དཔྱད་ན། སྡེ་སྲིད་ཀྱིས་སྒྲའི་དྲི་བ་ཕྱོགས་སོ་སོར་བཀྲམ་ནས་རྗེ་འདིས་ལན་རྣམ་དཔྱོད་ཅན་བཏབ་པ་ས་སྟག་༡༦༩༨ལོ་ཡིན་པ་སྡེ་སྲིད་རང་གིས་མཛད་པའི་ཚངས་དབྱངས་རྒྱ་མཚོའི་རྣམ་ཐར་གསེར་གྱི་སྙེ་མ་ལས་གསལ་བས། རྗེ་འདི་ལ་འཇམ་དབྱངས་བཞད་པའི་མཚན་ནི་མ་མཐའ་ཡང་ཤིང་བྱི་༡༦༨༤ལོ་ནས་ཐོགས་ཡོད་པ་སྔར་དྲངས་པ་ལྟར་རོ།། སྤྱིར་བོད་ཀྱི་ལོ་རྒྱུས་སུ་འཇམ་དབྱངས་བཞད་པའི་མཚན་ཅན་ཡིན་ན། སྒོ་མང་མཁན་རབས་སོ་གཉིས་པ་དབལ་ཤུལ་ངག་དབང་བརྩོན་འགྲུས་ཡིན་པས་ཁྱབ་པར་མ་ངེས་ཏེ། ཁམས་བྲག་མགོའི་འཇམ་དབྱངས་བཞད་པ་ཞེས་བྱ་བ་ཞིག་བྱུང་བ་དེ་ནི་པཎ་ཆེན་སྐུ་ཕྲེང་བདུན་པ་ཕྱོགས་ལས་རྣམ་རྒྱལ་གྱི་སློབ་མ་ཡིན་ཞིང་། བྲག་མགོའི་འཇམ་དབྱངས་བཞད་པས་མཛད་པའི་རིགས་གསུམ་སྤྱི་སྒྲུབ་ཀྱི་རྗེས་གནང་གི་ཆོ་ག་བརྒྱུད་པ་དང་བཅས་པ་ཨ་མཆོག་སྤྲུལ་སྐུ་དཀོན་མཆོག་བསྟན་པའི་རྒྱལ་མཚན་ལས་རྗེ་ཤེར་རྒྱམ་པས་གསན་འདུག་ལ།  དགེ་རྩེ་འགྱུར་མེད་ཚེ་དབང་མཆོག་གྲུབ་ཀྱི་གསུང་འབུམ་དུ་ཡང་བྲག་མགོའི་འཇམ་དབྱངས་བཞད་པའི་སྤྲུལ་སྐུར་གྲགས་པའི་དྲིས་ལན་ཞེས་རྫོགས་ཆེན་གྱི་གཞིའི་ལྟ་བ་ལས་འཕྲོས་པའི་དྲིས་ལན་ཞིག་ཀྱང་སྣང་ངོ་།། གཞན་ཡང་། མཁས་གྲུབ་ར་གཱ་ཨ་སྱའི༡༦༠༩‑༡༦༧༨རི་ཆོས་ལས།

འབྲེལ་ཐོབ་སློབ་དཔོན་སུམ་ཅུ་སོ་བགྲང་ཡང་།།

རྩ་བའི་བླ་མ་བྱང་ཕྱོགས་པཎ་ཌི་ཏ།།

འཇམ་དབྱངས་བླ་མ་ཆོས་ཀྱི་སྣང་བ་ཅན།།

འཇམ་དབྱངས་གསར་དུ་བཞད་པ་ཞེས་བྱ་བ།།

ཀུན་མཁྱེན་དྷརྨེ་ཤྭ་ར་ཉིད་ཡིན་ནོ།། ཞེས་འབྱུང་བ་ལྟར། ཞྭ་དམར་དྲུག་༡༥༨༤‑༡༦༣༠པ་ལ་ཡང་འཇམ་དབྱངས་བཞད་པ་དང་། ཆོས་ཀྱི་དབང་ཕྱུག་སོགས་སུ་འབོད་དེ་ཞར་བྱུང་ངོ་།།    

ཤིང་གླང་༡༦༨༥ལོར་ལམ་ཁྲིད་དང་རིམ་གཉིས་ཀྱི་དམར་ཁྲིད་སྩལ། ལོ་འདིའི་ཟླ་གསུམ་པའི་ཚེས་བཅོ་ལྔར་དྲང་ངེས་མཐའ་དཔྱོད་བེེ་དཀར་བརྩམས་གྲུབ་པར་མཛད། གསུང་འབུམ་ཁྲོད་དུ་བཞུགས་པའི་དྲང་ངེས་ཟིན་བྲིས་ལ་མཛད་བྱང་མེད་སྟབས། མཁས་པ་གཞན་གྱིས་དེ་ལ་སྦྱར་བྱང་བཏབ་པ་ཡང་ཡོད་སྣང་སྟེ།   ཐུའུ་བཀྭན་ངག་དབང་ཆོས་ཀྱི་རྒྱ་མཚོའི་རྣམ་ཐར་ལས། བཀའ་འགྱུར་བ་བློ་བཟང་ཚུལ་ཁྲིམས་ཀྱིས་རྗེ་འཇམ་དབྱངས་བཞད་པའི་དྲང་ངེས་རྣམ་འབྱེད་ཀྱི་ཟིན་བྲིས་ལ་སྦྱར་བྱང་བཏབ་པ་ལྟ་བུ་དང་། ཞེས་གསུངས་སོ།། ཁྲི་བློ་གྲོས་རྒྱ་མཚོ་རྒྱ་ནག་ཏུ་ཕེབས་ཁར་དགའ་ལྡན་དུ་མཇལ་དུ་བྱོན་ནས་སླར་དགེ་འཕེལ་དུ་བྱོན།

མེ་སྟག་༡༦༨༦ལོར་ལམ་ཁྲིད་ཚར་གཉིས། བསྐྱེད་རྫོགས་གནང་། རྗེ་བཙན་པོ་ངག་འཕྲིན་སླར་ཡང་དབུས་སུ་ཕེབས་པར་བཀའ་ཆོས་གསན།                                                                                                                                                                                                                                                                                                                                                                                                                                                                                                                                                                                                                                                                                                                                                                                                                                                                                                                                                                                           རབ་ཉི་མེ་ཡོས་༡༦༨༧ལོར་ལམ་ཁྲིད་ཚར་གསུམ་དང་རིམ་གཉིས་ཀྱི་ཁྲིད་སྩལ། ཀུན་མཁྱེན་གྱི་བླ་མ་སྒོ་མང་དཔོན་སློབ་ཟུར་བ་བཙན་པོ་ངག་དབང་༡༦༢༢‑༡༦༩༩འཕྲིན་ལས་ལ་སྨིན་གྲོལ་ཆོས་ཀྱི་རྒྱལ་བོ་ཞེས་པའི་ཆོ་ལོ་གཞུང་ནས་གནང་།

ས་འབྲུག་༡༦༨༨ལོའི་ཟླ་དང་བོའི་ཚེས་བཅོ་ལྔའི་ཉིན་བསམ་གཟུགས་ཆེན་མོ་རྫོགས་པར་བརྩམས། ལོ་འདིར་ལམ་ཁྲིད་ཚར་ལྔ། རིམ་གཉིས་ཀྱི་དམར་ཁྲིད་གནང་ཞིང་།  རྣམ་ཐར་རྒྱས་པ་གཉིས་ཀར་མི་གསལ་ཡང་། སྔ་ཕྱི་ཅི་རིགས་སུ་སྐྱོར་ལུང་མཁན་ཆེན་མཁས་མཆོག་ལེགས་པ་དོན་གྲུབ། སློབ་དཔོན་བློ་བཟང་འཕྲིན་ལས་གཉིས་ལས་ཀྱང་ཀུན་མཁྱེན་བླ་མས་བཀའ་ཆོས་གསན་པ་གསན་ཡིག་ཏུ་གསལ་ལོ།།

ས་སྦྲུལ་༡༦༨༩ལོར་ལམ་ཁྲིད་ཚར་བཞི། རིམ་གཉིས་ཀྱི་ཁྲིད་སྩལ། རྒྱལ་རྩེ་གསེར་ཁང་འོག་གི་མཁན་པོར་བཞུགས་པའི་སྒོ་མང་བ་ཡོན་ཏན་བློ་གྲོས་སོགས་ཀྱིས་རྩོམ་སྐུལ་ཞུས་ཏེ་གྲུབ་མཐའ་རྩ་བ་གདོང་ལྔའི་སྒྲ་དབྱངས་བརྩམས། གུ་ཎ་མ་ཏི་འདི་ཉིད་མེ་སྟག༡༦༨༦ལོར་གསེར་ཁང་གི་མཁན་པོར་བཞུགས་པ་དཱུ་ཀུ་ལའི་ཁ་སྐོང་དུ་གསལ། ཀུན་མཁྱེན་གསུང་འབུམ་ཀ་པོད་དང་ག་པོད་གཉིས་ཀར་གྲུབ་མཐའ་རྩ་བ་མཆན་ཅན་རེ་བཞུགས་པ་ཅུང་ཟད་མི་འདྲ་ཞིང་འདི་སྐོར་གྲུབ་རྩའི་གསལ་འགྲེལ་དུ་གསལ། རྒྱལ་རོང་ནམ་མཁའ་ལྷུན་གྲུབ་ཀྱིས་རྩོམ་སྐུལ་ཞུས་ནས་དེའི་རང་འགྲེལ་གྲུབ་མཐའ་ཆེན་མོ་རྩོམ་པའི་དབུ་ཡང་བཙུགས། གྲུབ་མཐའ་ཆེན་མོ་སྐུལ་མཁན་ཤར་རྒྱལ་མོ་རོང་བ་ནམ་མཁའ་ལྷུན་གྲུབ་ནི། རྒྱལ་རོང་ཚ་ཁོར་བོན་གྱི་རིགས་རུས་སུ་སྐུ་བལྟམས། ནར་སོན་པ་ན་ཡབ་ཀྱིས་དབུས་སུ་བོན་སློབ་པར་བཏང་། འོན་ཀྱང་། བོན་མ་བསླབ་པར་བན་ཆོས་བསླབས་ནས་མཁས་པར་གྱུར་པ་ཡབ་ཀྱིས་ཐོས་པས། ཕྱིར་འོང་ན་ཁོ་ཚོའི་བསྟན་པར་གནོད་དོགས་ནས་མཐུ་རྦད། ཁོང་ལ་དེའི་རྟགས་བྱུང་བ་ཀུན་མཁྱེན་བླ་མར་ཞུས་པར། ཁྱོད་ཀྱིས་བཟློག་པ་དྲག་པོ་གྱིས་གསུངས། ཁོང་གིས་བཟློག་པ་བྱས་ན་ཡབ་སོགས་འཆི་བར་འགྱུར་ཞིང་དེ་ལྟ་ན་མཚམས་མེད་པའི་སྡིག་པར་འགྱུར་བར་བསམས་ནས་བཟློག་པ་མ་གནང་བས་སྐུ་གཤེགས་པར་གྲགས། དེའི་སློབ་མ་རྣམས་ཀྱིས་ཞུས་ནས་ཀུན་མཁྱེན་གྱིས་གསོལ་འདེབས་ཚོགས་གཉིས་ཆུ་གཏེར་ཞེས་བྱ་བ་ཞིག་བརྩམས་པ་ཀུན་མཁྱེན་གསུང་འབུམ་ང་པོད་དུ་བཞུགས། 

རྒྱལ་རོང་ནམ་ལྷུན་པས་སྟག་ལོའི་དགག་ལན་ཞིག་བརྩམས་ཡོད་འདུག་ལ། དུས་ཚིགས་ཀྱི་རྣམ་བཞག་དང་། ས་ལམ། ཕར་ཕྱིན་བྱམས་གཞུང་དང་ཆོས་འཁོར་སོགས་ཟུར་བཀོལ་ཁ་ཤས་བཅས་གསུང་འབུམ་པོཏ་གཅིག་ཡོད་པ་བསྐྱར་བྲིས་གནང་ནས་ཀློང་རྡོལ་བླ་མས་མེ་ལུག་༡༧༨༦ལོར་སེར་སྨད་རྒྱལ་རོང་ཁམས་ཚན་དུ་སྤྱི་འཇོག་ཏུ་བཞག་པ་བཅས་ཞར་བྱུང་ངོ་།།

གྲུབ་མཐའ་ཆེན་མོ་ཇི་ལྟར་བརྩམས་པའི་ཚུལ་ཡང་། མདོ་སྨད་ཆོས་འབྱུང་ལས། འདི་དུས་སྟག་ལོའི་གྲུབ་མཐའ་ཀུན་ཤེས་སྤྱན་དྲངས། ཁོང་གཞན་དང་མི་འདྲ་བས་གང་བྱུང་བྱེད་མི་རུང་གསུངས་ཏེ་སྟེགས་མཐོན་པོ་ལ་བཞུགས་ཏེ་མཆོད་པ་བཤམ་བཅུག། ཐུགས་གཏད་ནས་བཞུགས་པའི་མཚམས་མཚམས་སུ་སྐུ་གཟན་རྐེད་པར་དཀྲིས་ཏེ་རྩོད་པའི་རྣམ་པ་མཛད། ཅེས་སོ།།

ལྕགས་རྟ་༡༦༩༠ལོར་མཛད་རྣམ་བྱིངས་དཀྱུས་ལྟར་ལ། ལམ་ཁྲིད་ཚར་བཞི་དང་། རིམ་གཉིས་ཀྱི་ཁྲིད་སྩལ།

ལྕགས་ལུག་༡༦༩༡ལོར་ལམ་ཁྲིད་ཚར་བཞི་སེམས་བསྐྱེད་མཆོད་པ་བཅས་སྩལ། མ་ཡུམ་ཐར་མོ་བྱམས་འདས་པའི་གཏམ་གསན་པས་དགོངས་རྫོགས་ལ་ཐུགས་དམ་མཛད་ཅིང་སངས་རྒྱས་ཀྱི་སྐུ་མང་བོ་བཞེངས། འདི་ནས་ཇི་སྲིད་འཚོའི་བར་ལོ་རེར་སྐུ་རེ་བཞེངས་པའི་དམ་བཅའ་མཛད།

ཆུ་སྤྲེལ་༡༦༩༢ལོར་ལམ་ཁྲིད་ཚར་བཞི། རིམ་གཉིས་ཀྱི་ཁྲིད། ལམ་རིམ་ཆེན་མོའི་ལྗགས་ལུང་ཚར་གསུམ་གནང་ཞིང་མཛད་རྣམ་གཞན་དཀྱུས་ལྟར་རོ།།

ཆུ་བྱ་༡༦༩༣ལོར་ལམ་ཁྲིད་ཚར་གཅིག་རིམ་གཉིས་དམར་ཁྲིད་སོགས་གནང་། ལི་ཐང་མཁན་ཟུར་ཉག་རི་ཆོས་གྲགས་མཆོག་གི་སྤྱན་སྔར། ལམ་རིམ་ཆེན་མོའི་བཤད་ལུང་གསན། རྣམ་ཐར་གཉིས་སུ་བློ་གླིང་དཔོན་སློབ་ཏྲེ་ཧོར་སྐམ་པོ་ཞེས་འབྱུང་བ་ནི། བློ་གླིང་མཁན་ཐོག་ཞེ་གསུམ་པ་ཏྲེ་ཧོར་བློ་བཟང་འཇམ་དཔལ་ཡིན།   རྣམ་ཐར་གཉིས་སུ་བླ་མ་ཉག་རི་ལྷ་མགོན་ཞེས་པ་མཚན་དངོས་ལ་བློ་བཟང་རྒྱལ་མཚན་ཟེར་ཞིང་།  བློ་གླིང་གི་མཁན་རབས་ཞེ་བཞི་བ་ཡིན། རྗེ་དབལ་མང་བའི་གསན་ཡིག་དང་། རྗེ་ཤེར་རྒྱམ་པའི་ལམ་རིམ་ཆེན་མོའི་བཤད་ལུང་གི་ཟིན་བྲིས་ལས། ཉག་རི་ཆོས་གྲགས་ཀྱི་སློབ་མ་ལྷ་མགོན་དབུ་མཛད་བློ་བཟང་རྒྱལ་མཚན་ཞེས་འབྱུང་བའི་དབུ་མཛད་ཅེས་པ་ཡིག་ནོར་ཏེ། རྣམ་ཐར་གཉིས་ཀར། བླ་མ་ཉག་རི་ལྷ་མགོན་དང་། གོ་འཇོ་དབུ་མཛད་གཉིས་ཞེས་འབྱུང་བའི་སྔ་ཕྱི་འཛོལ་བར་སྣང་ལ། ཉག་རི་ལྷ་མགོན་བློ་བཟང་རྒྱལ་མཚན་ནི། མི་ཉག་དང་། ཐང་ཕུ་དགོན་གྱི་བླ་ཟུར་ཡིན་ལ། ཆུ་བྱ་༡༦༩༣ལོའི་ཟླ་བཅུ་གཅིག་པའི་ཚེས་ལྔར་བློ་གླིང་མཁན་པོར་བཞུགས་པ་ཡིན་ལ། ལྕགས་འབྲུག༡༧༠༠ལོར་མཚོ་སྔོན་སོག་དཔོན་དང་ཨོ་རོད་ཅུང་གུར་ཚེ་དབང་རབ་བརྟན་སོགས་ཀྱི་དྲུང་དུ་སྡེ་སྲིད་ལ་དག་སེལ་གནང་དུ་ཕེབས་པ་ཡིན། ཀུན་མཁྱེན་བླ་མའི་ལམ་མཆན་གསེར་གྱི་འཁོར་ལོ་རིན་པོ་ཆེ་ལས་ཀྱང་། ཉག་རེ་ཆོས་གྲགས་དང་། དེའི་སྲས་ཀྱི་ཐུ་བོ་དཔོན་སློབ་ལྷ་མགོན་གཉིས་ལས་བཤད་ལུང་ཐོབ་ཅེས་གསུངས་པ་ལྟར་ལགས།

ཤིང་ཁྱི་༡༦༩༤ལོར་རྗེ་བཙན་པོ་སྨིན་གྲོལ་ངག་འཕྲིན་སླར་ཡང་དབུས་སུ་སླེབས་པར་གསུང་ཆོས་ཞུས། ལ་མོ་གྲགས་རྒན་ནམ་བདེ་ཆེན་ཆོས་རྗེ་གྲགས་པ་རྒྱ་མཚོ། མཚན་གཞན་བློ་བཟང་༡༦༤༧‑༡༧༡༣བཀྲ་ཤིས་ཞུ་བ་སླར་ཡང་དབུས་སུ་བྱོན་ནས་རྗེ་འདིར་ཆོས་འབྲེལ་གསར་དུ་གསན་པར་མ་ཟད། དབུ་མ་ཆེན་མོ་རྩོམ་སྐུལ་ཞུས། རྒྱལ་བོ་ཇུ་ནང་དབུས་སུ་འོངས་ནས་རྗེ་ཉིད་མདོ་སྨད་དུ་གདན་དྲངས་ཀྱང་ཕྱིས་སུ་འབྱོན་པར་ཞལ་བཞེས་གནང་། ལོ་འདིར་ལམ་ཁྲིད་ཚར་གསུམ། ལམ་རིམ་ཆེན་མོའི་བཤད་ལུང་རྒྱས་པ་ཚར་གཉིས་གནང་། སེར་བྱེས་མཁན་ཐོག་ཉེར་དྲུག་པ་ཏྲེ་བོ་བློ་བཟང་ནོར་བུའི་རྣམ་ཐར་ལྕང་ལུང་པཎ་ཌི་ཏས་རྟ་མགྲིན་ཡང་གསང་གི་བླ་མ་བརྒྱུད་པའི་རྣམ་ཐར་ཟུར་རྒྱན་དུ་དྲངས་པ་ལས། རྗེ་འཇམ་དབྱངས་བཞད་པའི་སྙན་གྲགས་ཀྱིས་ཐུགས་འཕྲོག་སྟེ། དགེ་འཕེལ་དུ་ཟབ་ཁྲིད་ཞུ་བའི་སྙན་གསན་ལ་ཕེབས་ནས་མཇལ་སྐབས། དེང་སང་བྱེས་གྲྭ་ཚང་ན་དགེ་བཤེས་བློ་བཟང་ནོར་བུ་བྱ་བ་ཞིག་མཁས་གྲགས་ཆེ་བར་འདུག་པས་ཁྱོད་ཨེ་ཡིན་ཕེབས་པར། མིང་ལ་དེ་སྐད་ཟེར་ཞུས་པས། བསྐྱེད་རྫོགས་ཀྱི་ཁྲིད་སྲད་རྒྱུད་རྡོ་རྗེ་འཆང་ནས་བརྒྱུད་པ་འདི་ལ་བརྒྱུད་ལུགས་མི་འདྲ་བ་གསུམ་ཡོད་པའི་ནང་ནས་གཞན་གཉིས་བཀའ་འགྱུར་བ་སྦྱིན་པ་རྒྱ་མཚོ་དང་། བླ་མ་དངོས་གྲུབ་རྒྱ་མཚོ། ལྕང་སྐྱ་ཞབས་དྲུང་གསུམ་ལ་གནང་འདུག། འདི་གཉིས་ལས་ཁྱད་པར་དུ་འཕགས་པ་ཡེ་ཤེས་ཀྱི་མཁའ་འགྲོ་མའི་ཞལ་རླངས་འཐུལ་ལེ་བ་འདི་ངེད་མ་གཏོགས་གཞན་སུ་ལའང་མ་གནང་བར་བཀའ་རྒྱ་ཤིན་ཏུ་དམ་པར་མཛད་ནས་གནང་བ་ཡིན། ད་ལམ་ཁྱོད་ལ་བཀའ་བབ་འདུག་པས་ཁྱེད་ལ་སྟེར་བ་ཡིན་པས་དགའ་བར་གྱིས་ཤིག་གསུངས། གྲོ་བཞིན་ཟླ་བའི་ཚེས་བརྒྱད་ལ་སྐུ་ཞབས་སུ་འབྱོར་ནས་དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མའི་དབང་དང་། བསྐྱེད་རྫོགས་ཀྱི་ཁྲིད་ཟླ་བ་ཕྱེད་གཉིས་ཀྱི་བར་དུ་ཤིན་ཏུ་སྨིན་པར་མཛད། དེ་ནས་ལམ་རིམ་ཆེན་མོའི་བཤད་ལུང་། འཇམ་དཔལ་ཞལ་ལུང་གི་ཁྲིད། དབུ་མའི་ལྟ་ཁྲིད་རྣམས་གཟབ་བཤད་དཔྱིས་ཕྱིན་པར་མཛད་ནས་གནང་། ལྟ་བའི་སྐོར་ལ་དྲི་བ་ཁ་ཤས་གནང་བའི་ལན་དོན་མཐུན་ཕུལ་བས་ཕྱག་པུས་མོར་བརྡབ་པ་དང་ལྷན་དུ་ཁྱོད་ལྟ་བ་ལ་དེ་ཙམ་གྱིས་དོ་གལ་ཡོད་ན་སྟོང་ཐུན་ཆེན་མོ་བཟུང་ནས་ང་ལ་རྒྱུགས་སྤྲོད་ཤོག་གསུངས་པར་བཀའ་བཞིན་སྒྲུབ་འཚལ་ཞུས་པས། ཐུགས་དགྱེས་པའི་རྣམ་འགྱུར་དང་བཅས། མཚམས་ཡིན་ཟེར་ནས་མིག་བཙུམ་ནས་སྡོད་ཅི་དགོས། རྗེ་རིན་པོ་ཆེའི་སྐུ་མཚམས་ཕལ་ཆེར་ལ་ཕྱག་དཔེ་གཟིགས་པ་ཡིན། ཁྱོད་ཀྱང་བསྙེན་མཚམས་ཇི་ལྟ་བར་མཚམས་ཐོ་བརྩིགས་ལ། སྟོང་ཐུན་དང་ལམ་རིམ་ཆེ་ཆུང་གཉིས། རྩ་འཇུག་གི་ཊཱིཀ་ཆེན་གཉིས། འགྲེལ་བ་བུདྡྷ་པཱ་ལི་ཏ་རྣམས་བཟུང་ན་ལེགས་ཚུལ་གསུངས་ཤིང་། སྤྱིར་གྱི་ལམ་རིམ་གྱི་བཀའ་བབ་འདི་སེ་ར་བྱེས་པ་གྲྭ་ཚང་ལ་ཡོད། དེའི་ནང་ནས་ཀྱང་ཁྱོད་ལ་བཀའ་བབ་ཡོད་པས། ལམ་རིམ་ཆེན་མོ་འདི་ལ་བློ་འཛིན་མཐར་ཐོན་པ་གྱིས། མ་འོངས་པ་ན་ཁྱོད་ཀྱི་བློ་ལ་ཉི་མ་ཤར་བ་ལྟ་བུ་འབྱུང་ཞེས་ལུང་བསྟན་དབུགས་དབྱུང་མཛད། ཅེས་དང་། དེ་ནས་སྟོང་ཐུན་དང་ལམ་རིམ་ཆེན་མོ་གཉིས་ཐུགས་ལ་བྱང་བར་བཟུང་ནས་རྗེ་འཇམ་དབྱངས་བཞད་པའི་དྲུང་དུ་རྒྱུགས་ཕུལ་བས་ཐུགས་མཉེས་པའི་མཐར་ཐུག་པར་གྱུར། ཞེས་འབྱུང་ལ། རྗེ་ཤེར་རྒྱམ་པའི་ལམ་རིམ་ཆེན་མོའི་ཟིན་བྲིས་ལས། ཀུན་མཁྱེན་གོང་མ་འབྲས་སྤུངས་དགེ་འཕེལ་ན་བཞུགས་དུས་སྔགས་ཤིག་ཉམས་ལེན་བྱེད་འདོད་ནས་འཇིགས་བྱེད་བསྐྱེད་རིམ་གྱི་ཁྲིད་ཞུས་པར། གཏི་ཐུག་བསྐྱེད་རྫོགས་གཉིས་ཀ་ཞུས་བཏང་ན་ཅི་རེད་གསུངས་པར་འོ་ན་གཉིས་ཀ་ཐུགས་རྗེ་གཟིགས་དགོས་ཞུས་པས། ལམ་རིམ་ཆེན་མོ་ཞིག་བློ་ལ་ཟུངས་དང་དེ་རྗེས་ཁྲིད་བྱེད་གསུངས་པ་ལྟར་ཁོང་གྲྭ་རྐྱང་ཡིན་པས། སེ་ར་ཕུག་ནས་ཟླ་བ་གཅིག། འཕན་ཡུལ་ཞིག་ནས་ཟླ་བ་གཅིག་ལ་སྦྱིན་བདག་བཙལ་ཏེ་བཟུང་ནས་རྒྱུགས་ཕུལ། ཅེས་སྔ་མ་དང་ཅུང་མི་འདྲ་བ་ཞིག་བཀོད་འདུག་གོ།

ཤིང་ཕག་༡༦༩༥ལོའི་ཟླ་དང་བོའི་ཚེས་ལྔའི་ཉིན་དབུ་མ་ཆེན་མོ་བརྩམས་གྲུབ་པར་མཛད། ལོ་འདིར་ལམ་ཁྲིད་ཚར་གསུམ། ལམ་རིམ་ཆེན་མོའི་བཤད་ལུང་ཚར་བཞི་གནང་། འདི་ཙམ་ན་འཇིགས་བྱེད་རྫོགས་རིམ་བརྩམས་ཤིང་། སྦྱར་བྱང་ལས། སྲད་རྡོ་རྗེ་འཆང་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པ་ཀུན་ཐོབ་ནས་ལོ་བཅོ་ལྔའི་བར་དུ་བསམ་བསྒོམ་གཉིས་ཀྱིས་འདྲིས་པར་བྱས་ཤིང་ཞེས་གསུངས་སོ།། འཇིགས་བྱེད་བསྐྱེད་རིམ་ནམ་བརྩམས་དང་རྩོམ་སྐུལ་ཞུ་མཁན་མི་གསལ་ལ། དྲུང་ཡིག་ཀུན་ལེགས་ཀྱིས་ཀུན་མཁྱེན་གྱི་གསུང་བཞིན་ཟིན་བྲིས་བྱས་པའི་འཇིགས་བྱེད་བསྐྱེད་རིམ་ཞིག་ཀྱང་ཡོད་པར་རྗེ་ཤེར་རྒྱམ་བཞེད་དོ།།  དཱུ་ཀུ་ལའི་ཁ་སྐོང་ལས། སྒོ་མང་བླ་མ་དོན་གྲུབ་རྒྱ་མཚོའང་འཆད་ཉན་ངན་འཕྲོས་མ་བྱུང་ཡང་འཇིག་རྟེན་ཕྱོགས་ནས་གྲྭ་བ་ཚོ་འདུན་པོ་རང་མེད་འདྲ་བས་རྒྱུད་སྨད་དང་བྱང་རྩེ་ཉིས་ལྕོགས་སུ་བསྐོས་ཤིང་། སྒོ་མང་འོས་འདུ་དང་བོ་རྟ་དབོན་རབ་འབྱམས་པ་འོད་ཟེར་བསྐོས། ཞེས་འབྱུང་བ་ལྟར་ལོ་འདིར་སྒོ་མང་དཔོན་སློབ་རྟ་དབོན་འོད་ཟེར་སྒོ་མང་མཁན་པོར་བཞུགས། རྣམ་ཐར་གཉིས་ཀར། ཕ་བོང་ཁའི་རི་ཁྲོད་ན་རྙིང་མའི་རྒན་ཞུགས་ཤིག་ཡོད་པ་ཤི་བའི་རོ་མཚན་མོ་ལྷ་སའི་སྟོད་ཀྱི་རག་ཁ་ནས་ཆུ་ལ་བསྐུར་ཏེ། སྡེ་བ་དྲུག་བརྒྱ་བ་གྲུབ་པ་ཐོབ་ནས་འཇའ་ལུས་བརྙེས་སོང་ཞེས་ཕྱོགས་ཀུན་ཏུ་དྲིལ་བསྒྲགས་ཞེས་པའི་སྡེ་བ་དྲུག་བརྒྱ་བ་དེའི་སྐོར་ནི།  རྒྱལ་དབང་ལྔ་བའི་རང་རྣམ་དུ་མེ་ལུག་༡༦༦༦ལོའི་མཛད་རྣམ་ལས། འཕན་ཡུལ་དྲུག་བརྒྱ་བ་དཀོན་མཆོག་ཚེ་དབང་ཆོས་བྱེད་པར་ཡོང་ཆོག་པ་དགོས་པའི་ཡི་གེ་རིམ་པར་འབྱོར་བར་སྟག་རྩེ་ཐའི་ཇིར་ཞུས་པའི་བདེ་ཁྲོལ་བྱུང་ན་འདོད་སྦྱར་བྱས་ཆོག་ལབ་པར་བརྟེན་ཚེས་ལྔ་ལ་འབྱོར་བ་དགེ་ཚུལ་དུ་བསྒྲུབས་ཤིང་མིང་བློ་བཟང་དཀོན་མཆོག་ཏུ་བཏགས། ཕྱི་ནང་གི་ནོར་རྫས་གཏོས་ཆེ་བ་དང་དྲུག་བརྒྱས་གཙོས་པའི་ས་རིས་གཡོག་ཐེམ་བརྒྱ་དང་གཉིས་མཆོད་གཞིས་སྦྱར་བའི་དེབ་སྡེ་བར་ཕུལ་ཞེས་གསལ་ཞིང་། ཁོང་འཕན་པོ་བ་དང་དཔོན་པོ་ཞིག་རྒན་ཆོས་བྱས་པ་ཡིན་སྣང་། 

སྐལ་བཟང་འཇུག་ངོགས་སུ། ཕྱིས་ཀྱི་ལོ་རྒྱུས་སྨྲ་བ་འགའ་ཞིག་གིས། སྡེ་བ་དྲུག་བརྒྱ་བས་རྙིང་མའི་ཟབ་ཆོས་ལ་བརྟེན་ནས་འཇའ་ལུས་ཐོབ་བོ་ཞེས་གླེང་བརྗོད་རྣ་བ་སུན་སུན་དུ་བྲིས་ཞེས་པ།  དཱུ་ཀུ་ལའི་ཁ་སྐོང་ལས། ཚེས་བདུན་ལ་འཕན་ཡུལ་དྲུག་རྒྱ་བ་གྲུབ་ཆེན་བློ་བཟང་དཀོན་མཆོག་གིས་ཚིགས་བཅད།

རྗེ་དུས་གསུམ་སངས་རྒྱས་ངུར་སྨྲིག་འཛིན།།

དྲིན་འཁོར་མེད་བླ་མའི་ཞབས་ལ་འདུད།།

བློ་ཆོས་ལ་མོས་པའི་དྲུག་བརྒྱ་བ།།

སྔོན་བསགས་ཀྱི་ལས་འཕྲོ་ཡོད་གྱུར་ཀྱང་།།

སྣང་ཤས་ཀྱི་རྟག་འཛིན་ཆེ་བ་ཡིས།།

ལོ་སོ་གཉིས་བར་དུ་ཁྱིམ་ལ་ལུས།།

དེར་མ་ཆགས་བརྩོན་འགྲུས་ཧར་ལངས་ཀྱིས།།

རྗེ་སངས་རྒྱས་དངོས་ཀྱི་ཞབས་ལ་གཏུགས།།

གནས་དབེན་པ་བསྟེན་ནས་ཡུན་རིང་སོང་།།

ཚེ་འདི་ལ་སྨིན་ཅིང་གྲོལ་དཀའ་ཡང་།།

ལས་རྣམ་དཀར་བག་ཆགས་ཅུང་ཟད་བཞག།

ཆགས་ཞེན་གྱི་འཁྲི་བ་ཆོད་དཀའ་ཡང་།།

ཚིག་ཁ་ཆེམས་འཇོག་པའི་ཆོས་པ་མིན།།

རྫས་འཕྲུལ་དགོས་བློ་ཡིས་མ་ཐོངས་ཀྱང་།།

ནོར་གསེར་དངུལ་གསོག་པའི་བྱ་བཏང་མིན།།

ལོ་བཅུ་ཕྲག་དྲུག་དང་བསེ་རུའི་གྲངས།།

སྐྱས་ཆེན་པོ་འདེགས་པའི་དུས་བབ་ཀྱང་།།

སེམས་གསལ་སྟོང་རིག་པ་ཧྲིག་གེ་བ།།

འགྱོད་མེད་ཀྱི་ངང་དུ་འཆི་བ་འདི།།

ཕ་སངས་རྒྱས་ཀུན་འདུས་བླ་མའི་དྲིན།།

ཐུགས་བརྩེ་བའི་ལྕགས་ཀྱུས་བཟུང་དུ་གསོལ།། ཧོར་ཟླ་བའི་ཚེས་ལ་ཕུལ་བ་ལགས། ཞེས་ཉིན་སྔོན་མ་ནས་མཛད་པ་ཕྱི་ཉིན་འབུལ་དུས་ལ་བབ་ཚུལ་དང་དེ་རིང་ནས་ཞག་བདུན་གྱི་རིང་ངེད་ཀྱི་འཁྲིས་སུ་སུ་ཡང་མ་ཡོང་། ཕུང་བོར་བསྒུལ་བསྐྱོད་མེད་པ་གྱིས་ཞེས་ཏེ་གཤེགས་ཚུལ་གྱི་བསྔོ་ཞུས་དང་བཅས་ཚ་བོ་ཉེ་འཁོར་འབྱོར། ཞེས་པ་ནས། ཚེས་བཅུ་བཞིའི་ཞོགས་དྲུག་བརྒྱ་གྲུབ་ཆེན་བློ་བཟང་༡༦༣༤‑༡༦༩༥དཀོན་མཆོག་གི་སྐུ་གདུང་ཡེར་བར་གདན་འདྲེན་རྩིས་ཉེ་འཁོར་བ་རྣམས་འབྱོར་བས་སྒྲུབ་ཁང་དང་དབྱེ་བར་འོད་སྐུར་གྲོལ་བའི་ན་བཟའ་སྤུང་ངེ་ལུས་པ་ལས་ལྷག་མེད་དུ་གྱུར་བ་སྲིང་མོ་ཆོས་མཛད་མ་ཚ་བཅས་ཡོན་ཏན་ཆུངས་པས་གྲོངས་པ་ལས་ཀྱང་ཁོང་བཅས་རང་རྣམས་རྫི་མ་སང་བ་ལྟ་བུས་སྡུག་བསྔལ་ཆེ་བའི་གནས་ཚུལ་འདི་གར་ཀྱང་ཟེར་བ་དང་བསྔོ་ཞུས་ཡང་བསྐྱར་འབུལ་བར་བྱུང་།  ཁོང་ཐོག་མར་འཁོར་བ་དོང་སྤྲུག་མཛད་ལུགས་དང་།  རྗེ་བླ་མས་ཁོང་ལ་སོགས་གདུལ་བྱ་སྐལ་ལྡན་གྱི་ཉམས་ལེན་ཐུགས་རྗེ་ཆེན་པོ་འཁོར་བ་དབྱིངས་སྒྲོལ་གྱི་ཉམས་ཁྲིད་རིགས་འཛིན་ཞལ་ལུང་གནང་ཞིང་སྒོམ་པ་སོགས་གང་ལ་དཔགས་ན་ལམ་འདི་ལུགས་སུ་ཕུང་བོ་འོད་སྐུར་གྲོལ་བའམ་སྤྱི་སྐད་ལུས་མ་སྤངས་པར་མཁའ་སྤྱོད་ལ་སོགས་དག་ཞིང་དུ་གཤེགས་པ་གསར་མའི་ཕྱོགས་ལྟར་ན་འཕགས་ཡུལ་གྲུབ་ཐོབ་བརྒྱད་ཅུ་རྩ་བཞི་ནས་དྷ་རི་ཀ་ལ་སོགས་པ་འཁོར་བདུན་བརྒྱ་དང་བཅས་པ་དང་། ཀུ་ཀུ་རི་བ་གྲོང་ཁྱེར་པ་ལི་པ་ཧུའི་སྐྱེ་བོའི་ཚོགས་མཐའ་ཡས་པ་དང་ལྷན་ཅིག་གིས་མཚོན་རང་ཉིད་གཅིག་པོ་མ་ཡིན་པར་མཁའ་སྤྱོད་དུ་གཤེགས་པ་སོགས་ཁ་ཤས་དང་། ལཱ་ལི་ཏ་བཛྲ་འཇའ་ལུས་བརྙེས་ནས་རྡོ་རྗེ་བཙུན་མོའི་ཞིང་དུ་གཤེགས་ཤིང་ཉེ་ལམ་གྱི་གཞུང་འདིས་སྔ་འགྱུར་ཕྱོགས་སུ་དགའ་རབ་རྡོ་རྗེ། འཇམ་དཔལ་བཤེས་གཉེན། ཤྲཱི་སིངྷ་ལ་སོགས་པའི་པཎ་གྲུབ་རྣམས་དང་། ལོ་ཙཱ་བ་བེེ་རོ་ཙ་ན་ནས་བཟུང་བོད་དུ་ཉང་ཤེས་རབ་འབྱུང་གནས་ཡན་དང་དེ་ནས་ལྕེ་བཙུན་སེང་གེ་དབང་ཕྱུག། གྲུབ་ཐོབ་མེ་ལོང་རྡོ་རྗེ་སོགས་རེ་མང་དང་། གསར་མའང་དཀར་བོ་རྣམ་གསུམ་ལས་རྩེ་མོ་དང་། དཀའ་བརྒྱུད་ཕྱོགས་ལ་རས་ཆུང་རྡོ་རྗེ་གྲགས་པ་དང་། ཞི་འོད་སོགས་རེ་གཉིས་ལས་ཕྱིས་མ་བྱུང་འདུག་པས་དཀའ་ན་ཡང་དུས་དབང་གི་ཆོས་པ་དོན་གཉེར་བའི་དཀྱིལ་ནད་ཐེག་ཙམ་ཡོང་གྲས་སུ་འདུག་རུང་། ཕྱིས་བསྙུན་གྱིས་བཏབ་པའི་གཅོང་ཅན་ཁོ་ན་ལས་ཁྲིད་རིམ་སོགས་ཀྱང་བསྐྱང་ཐུབ་ཀྱིན་མེད་འདྲ་བས་དེ་ཙམ་གྱི་རེ་བ་མེད་ཅིང་མི་དམངས་ཀྱི་ལྟ་སྣང་དུ་ནི་གཅོང་ཅན་དེ་ཡང་གཟའ་རོའི་རྣམ་པ་ལས་དེ་ལྟ་བུའི་ཉམས་རྟོགས་སྐྱེ་བ་སེམས་ལ་ཅི་ལ་འཆར་རུང་། ཁོང་རང་གཙོ་བོར་དད་པ་བརྟན་ཅིང་ཞེ་ནས་འཁོར་བ་སྤོང་ཐུབ་པ་དང་ཉམས་ལེན་འགངས་ཆེ་བ་ཚང་མ་འདོམས་པ་དང་། སྙུན་གཞི་སྟེང་གྲིབ་ཡོང་བ་ཡང་ཟབ་ཆོས་འདིའི་སྒོས་ཀྱི་སྲུང་མ་ཁྱབ་འཇུག་ཆེན་པོ་ནས་བསུ་བ་ཡང་མིན་པའི་ངེས་པ་མི་འདུག་ཅིང་གང་ལྟར་དུས་དབང་གི་བྱང་ཆུབ་སྒྲུབ་པ་བོའི་མིག་ལྟོས་ལ་ཕན་པ་བྱུང་ངོ་།། ཞེས་འབྱུང་བ་ལྟར་དང་།

 ད་དུང་། སྡེ་སྲིད་ཀྱིས་བརྩམས་པའི་རྒྱལ་དབང་ལྔ་བའི་གསེར་གདུང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག་ལས། རྗེ་བླ་མའི་ཁྲིད་ཡིག་རིག་འཛིན་ཞལ་ལུང་གི་བསྐྱེད་རྫོགས་ཟབ་མོ་ཉམས་སུ་བླངས་པའི་དྲུག་བརྒྱ་གྲུབ་ཆེན་བློ་བཟང་དཀོན་མཆོག་གི་ཕུང་བོ་འོད་སྐུར་གྲོལ་བའི་གནས་ཞེས་ཕ་བོང་ཁ་བའི་གནས་ཀྱི་ཁྱད་ཆོས་བརྗོད་ཡོད། རྗེ་ཤེར་རྒྱམ་པའི་གསུང་རྗེའི་བསྟོད་འགྲེལ་བརྗེད་བྱང་དུ་སྡེ་བ་དྲུག་བརྒྱ་བ་བློ་བཟང་དཀོན་མཆོག་འོད་སྐུར་གྲོལ་བ་འདི་ཛ་ཡ་པཎ་ཌི་ཏའི་གསན་ཡིག་ན་ཡང་ཡོད། ཅེས་འབྱུང་ངོ་།།  སྐལ་བཟང་འཇུག་ངོགས་སུ། ཉི་སྡིངས་དཔོན་སློབ་ལ་དངོས་སུ་ཞུས་འདུག་ཅེས་བདག་གི་བླ་མ་སྟག་ཕུ་རིན་པོ་ཆེས་གསུང་ངོ་།། ཞེས་པའི་ཉི་སྡིངས་དཔོན་སློབ་ནི། འཇམ་དབྱངས་བདེ་བའི་༡༦༨༢‑༡༧༤༠རྡོ་རྗེ་ཡིན་ལ། ཉི་སྡིངས་ནི་སྤྱན་སྔ་བློ་གྲོས་རྒྱལ་མཚན་གྱིས་བཏབ།  སྟག་ཕུ་ནི་སྟག་ཕུ་སྐུ་ཕྲེང་བཞི་བ་བློ་བཟང་༡༧༡༣‑༡༧༦༢བསྟན་པའི་རྒྱལ་མཚན་ཏེ། མགྲིན་སྔོན་ཟླ་བའི་རྟོགས་བརྗོད་མཛད་མཁན་ཡིན། སྐལ་བཟང་འཇུག་ངོགས་སུ། ལར་ཁོང་གིས་རི་བོ་དགེ་ལྡན་པ་རྣམས་བཀའ་དྲིན་ཚད་མེད་པས་བསྐྱང་དགོས་རྒྱུ་ཡིན་པ་ལ། ཞེས་པའི་ཁོང་ནི་སྡེ་སྲིད་སངས་རྒྱམ་ཡིན་ལ། ཕུགས་རྙིང་དགོན་གོག་པོ་རྣམས་མི་དམིགས་པའི་དབྱིངས་སུ་རྒྱས་འདེབས་པའི་རྐྱེན་དྲག་ཤོས་ཤིག་འབད་པའི་སྒོ་ནས་སྒྲུབ་པ་ལྟར་འདུག་གོ། ཞེས་པ་ཕྱིས་སུ་ཅུང་གུར་བས་རྙིང་དགོན་རྣམས་རྩ་གཏོར་གཏོང་བའི་རྐྱེན་དུ་སོང་འདུག་ཅེས་པའི་དོན་ཏེ། ཇི་ལྟར་རྐྱེན་དུ་སོང་ཚུལ་སླེ་ལུང་བཞད་རྡོར་གྱི་རང་རྣམ་དུ་གསལ་བ་བཅས་ཞར་བྱུང་ངོ་།།

མེ་བྱི་༡༦༩༦ལོའི་ལོ་གསར་ཚེས་གཅིག་ཉིན་ཉག་རི་མཁན་ཆེན་གྱི་བསྟོད་པ་ཚོགས་གཉིས་མ་བརྩམས། ལོ་དེར་ལམ་ཁྲིད་ཚར་གཉིས། རིམ་གཉིས་ཀྱི་ཁྲིད། ལམ་རིམ་ཆེན་མོའི་བཤད་ལུང་ཚར་གཉིས་སྩལ། འབྲས་སྤུངས་སུ་རྡོར་ཕྲེང་གནང་བའི་གྲབས་མཛད་བཞིན་པར་བར་ཆད་ཅིག་གིས་གནང་རྒྱུར་མ་སོང་།  སྐབས་ཤིག་ཁྲི་དགེ་འདུན་ཕུན་ཚོགས་རྗེ་འདིར་མཇལ་དུ་དགེ་འཕེལ་རི་ཁྲོད་དུ་ཕེབས་ཏེ་རྗེ་འདིའི་གཟིམས་ཁང་གི་སེར་ཀ་རྣམས་སུ་འཇིམ་པས་ཞལ་བ་བྱེད་བཞིན་པའི་སྐབས། རྗེ་འདིས་ཁྱོད་རང་འདག་ལས་བྱེད་ཀྱིན་སྡོད་དང་། མི་གཞན་ཚོས་བླ་མ་དབུ་མཛད་ཀྱི་རྩོལ་བ་བྱེད་ཀྱིན་ཡོད་འདུག་སྟེ། ངེད་ཀྱི་སེམས་ལ་ནི་ད་རེས་བླ་མ་དབུ་མཛད་དེ་འགྲོ་ས་ཁྱོད་མིན་པ་མེད་སྙམ་པ་འདུག་ཅེས་གསུངས་པ་ལྟར། མྱུར་ཏུ་ཁོང་རྒྱུད་སྨད་བླ་མ་དབུ་མཛད་དུ་བསྐོས་བྱུང་བར་སྣང་།  

མེ་གླང་ལོ་༡༦༩༧ལོར་དགེ་འཕེལ་དུ་རྡོར་ཕྲེང་གི་དབང་གནང་།  ཞོགས་དོན་༡༦༧༡‑༡༧༣༧ཡོད་མཁས་གྲུབ་དགུང་ལོ་སོ་དྲུག་ཐོག་ཀུན་མཁྱེན་བླ་མའི་མདུན་དུ་ཕེབས་དུས་རྡོར་ཕྲེང་གནང་བཞེད་ཀྱིས་ཐུགས་མ་ཁོམ་པར་ཐག་སག་པའི་དྲུང་དུ་མངགས་ཚུལ་དེའི་རྣམ་ཐར་དུ་འབྱུང་མོད། རྗེ་ཞོགས་དོན་པ་འདི་ལོར་དགུང་ལོ་ཉེར་བདུན་ཙམ་ལོན་པ་ལས་སོ་དྲུག་ལ་སླེབས་མེད་པས་དཔྱད། རྣམ་ཐར་གཉིས་ཀར་མི་གསལ་ཡང་འདི་ལོར་ལྕང་སྐྱའི་མདུན་ནས་ལྕང་སྐྱའི་གསུང་འབུམ་ཁ་ཤས་ཀྱི་ལྗགས་ལུང་གསན་པར་དེའི་རང་རྣམ་དུ་གསལ། རྒྱལ་བ་ཚངས་དབྱངས་རྒྱ་མཚོ་མོན་ནས་ཕེབས་པར་བསུ་བར་བྱོན། སྒོ་མེ་མཆོད་རྟེན་སྐེད་དགོན་ཆེན་དགའ་ལྡན་བཀྲ་ཤིས་དར་རྒྱས་གླིང་ཕྱག་འདེབས་མཁན། སྐུ་འབུམ་རྒྱུད་པའི་ཁྲི་ཟུར། སྒོ་མེ་གྲགས་པ་རྒྱ་མཚོ་ཞེས་སྒོ་མང་གི་དགེ་བཤེས་རྒན་པ་དེ་ཉིད་སླར་ཡང་དབུས་སུ་ཕེབས་ནས་རྗེ་འདིར་གསར་དུ་ཆོས་འབྲེལ་ཞུས། སྒོ་མེ་གྲགས་རྒྱམ་པའི་འཁྲུངས་འདས་མི་གསལ་ཡང་། ཀུན་མཁྱེན་གྱིས་ལྕགས་ཕག་༡༦༧༡ལོར་ཕར་ཕྱིན་དམ་བཅའ་འཇོག་སྐབས་འདི་བ་དཀའ་རམས་འཛིན་གྲྭར་བཞུགས་པར་གསལ་ཞིང་། ཤིང་སྦྲུལ་༡༧༢༥ལོར་ལ་མོ་ཁྲི་སྤྲུལ་བསྟན་ཉི་ལས་ཆོས་གསན་འདུག་པས་སྐུ་ཚེ་རིང་བོར་བཞུགས་ཡོད་པར་སྣང་། ལོ་འདིར་ལམ་ཁྲིད་ཚར་བཞི། ལམ་རིམ་ཆེན་མོའི་བཤད་ལུང་ཚར་ལྔ་སྩལ། བསེའི་ངག་དབང་བཀྲ་ཤིས་ཀྱི་རྣམ་ཐར་ལས། ཟླ་བོ་གཅིག་གིས་ཁ་དར་ལེགས་པ་གཅིག་བཟུང་ནས་རྗེ་འཇམ་དབྱངས་བཞད་པའི་སྐུ་ཕྱོགས་སུ་སྐྱབས་འཇུག་ཞུ་གིན་དགེ་འཕེལ་དུ་སོང་། ཉེ་གནས་དང་འཕྲད་དེ་རྒྱུ་མཚན་རྣམས་བཤད་པས། ཉེ་གནས་ཀྱིས་ད་ལྟ་སྐུ་མཚམས་གནང་ཡོད། ད་དུང་ཐུན་མཚམས་མ་སླེབས། མདུན་དུ་འགྲོ་མི་རུང་ཞེས་སྐྲག་བཞིན་དུ་སྐུ་མདུན་དུ་སོང་བ་ན། བཀའ་བཀྱོན་མ་མཛད་པར་ཅི་ལ་འོང་བའི་བརྡ་མཛད་པ་ལ་ཉེ་གནས་ཀྱིས་ཀླུ་འབུམ་གྱི་གྲྭ་བ་ཚུལ་མཐུན་པ་ངག་དབང་བཀྲ་ཤིས་ཟེར་བ་ཞིག་བསྙུང་གཞི་དྲག་པོས་ཐེབས་ཡོད་པ་ལ། སྐུ་ཕྱོགས་ལ་བུམ་ཆུ་དང་སྐྱབས་འཇུག་ཞུ་གིན་གྲྭ་བ་གཅིག་ཡོང་འདུག་ཅེས་ཁ་བཏགས་ཕུལ་བས། ཞག་མ་གཅིག་ལ་སྐྱིད་སྡུག་ཅི་བྱུང་ཡང་བླ་མ་དཀོན་མཆོག་མ་ཡིན་པའི་རེ་ས་གཞན་མེད་པས་དེ་ལྟར་དང་།  ཆོས་དང་མཐུན་པའི་རིམ་གྲོ་བྱས་ན། འདི་ནས་ཀྱང་སེམས་ལ་འཛིན་གསུངས། བུམ་ཆུ་ཕྱག་མདུད་དང་བཅས་པ་གནང་། ཉེ་གནས་ཤིན་ཏུ་དགའ་ཞིང་ཧ་ལས་ནས། ཁྱོད་ཀྱི་གྲྭ་བ་དེ་ལ་སྐྱོན་མི་འདུག། ཉིན་དུས་མདུན་དུ་ཐུན་གནང་སྐབས་སོང་ཕྱིན་བཀའ་བཀྱོན་ལས་འོས་མེད་ཀྱང་། དེ་རིང་གཞན་དང་མི་འདྲ་བའི་གསུང་བཟང་བོ་བྱུང་ཟེར་དགའ་ཚོར་བྱེད་ཀྱིན་འདུག། གྲོགས་དེ་འོང་དུས་རྗེ་དྲན་མེད་ལྟ་བུར་སོང་ཡོད་པ་ལ་དེ་དུས་ཟླ་བོ་རྣམས་ཀྱིས་ད་ནི་སྲོག་དབུགས་འགག་པར་ཐག་ཆོད་སྙམ་ནས་གཟིམ་མལ་སྤོས་ཏེ་བཞག། དེའི་ཚེ་རྗེ་ཁོང་གི་ཐུགས་དགོངས་ལ་ཡང་ཁོང་གཅིག་བུར་ཡུལ་གཞན་ཞིག་ཏུ་འགྲོ་གིན་ཡོད་པ་ལ་མི་གཅིག་གིས་འགྲམ་ལྕག་ཅིག་བྱས་ཏེ་ཁྱོད་གར་འགྲོ་རྒྱུ་ཡིན་ཟེར་བ་ལ་འདྲ་བ་ཞིག་བྱུང་བས། སླར་ཡང་ཐུགས་དྲན་མེད་དུ་གྱུར་བ་སླར་སངས་པ་ན་སྔར་གྱི་མལ་ན་མེད་པར་ཁང་བའི་གྲུ་ཟུར་ཞིག་ན་འདུག་གསུངས། གྲོགས་རྣམས་ཀྱིས་དེ་དུས་བུམ་ཆུ་ཞལ་དུ་བླུགས་ཕྱག་མདུད་མགུལ་དུ་བཅིངས་པས། ཐུགས་དྲན་པ་གསལ་བྱུང་བ་ན་གྲོགས་དེས་སྔར་གྱི་རྗེ་འཇམ་དབྱངས་བཞད་པའི་རྡོ་རྗེའི་གསུང་བསྒྲགས་པས། ཁོང་གི་ཐུགས་ལ་དད་པ་དང་དགའ་བའི་དབྱར་མཚོ་ཕྱུར་བུར་འཕྱུར་བ་ནི་རབ་དགའ་ལ་འགྲན་པར་གྱུར། དེ་ནས་གསུང་ལྟར་སྒྲུབ་པའི་སྐབས་སུ་སླར་ཡང་རྗེ་བཞད་པའི་ཞལ་སྔ་ནས་ཀྱིས་གྲགས་རྒྱལ་མ་ལ་ལུང་བསྟན་ཅིག་ཞུས་ཞེས་གསུང་ཕེབས་པ་ལྟར། བསྟན་སྲུང་ཆེན་མོ་རྡོ་རྗེ་གྲགས་རྒྱལ་མ་ལ་ལུང་བསྟན་ཞུས་པས་སྒོ་མང་ཆོས་གྲྭའི་སེང་གདོང་མའི་ཞལ་ན་མནན་པ་ཡོད། དེ་ཐོན་ལ་སེང་གདོང་མའི་བཟློག་པ་གྱིས་གསུངས་པ་ལྟར་དེར་བལྟས་པས། སེང་གདོང་མའི་ཞལ་ན་མཚན་བྱང་དབུ་ཞྭའི་དྲག་ལྷན་ཅུང་ཟད་དང་བཅས་པ་མནན་ཡོད་པ་བཏོན་ནས། རྗེ་རང་གིས་བསྙེན་པ་མཛད་པས་རིང་བོར་མ་འགྱང་བར་བསྙུན་ལྷག་མ་མེད་པར་གྲོལ། ཕྱིས་སུ་རྩེར་ཕེབས་ནས་ངེད་ཀྱིས་རྗེ་བཞད་པའི་གསོལ་དཔོན་བྱས་ཡོད་པའི་སྐབས་ཤིག་ངེད་ལ་ཆེར་བཀྱོན་ནས་ངས་ཁྱོད་བར་དོ་ནས་ཕྱིར་ལ་ཁྲིད་འོང་བ་ཡིན་གསུངས་པ་ངེས་པར་ཐུགས་མད་འདུག་གསུང་ངོ་།། ཞེས་སོ།།

ས་སྟག་༡༦༩༨ལོའི་ཟླ་བཞི་བའི་ཚེས་ཉེར་དྲུག་ཉིན་རྒྱལ་བ་ཚངས་དབྱངས་པའི་མདུན་དུ་ཆོས་འཁོར་གྱི་བགྲོ་གླེང་མཛད། ཚངས་རྣམ་གསེར་སྙེ་ལས། སྒོ་མང་ནས་དགེ་འཕེལ་རབ་འབྱམས་པ་ངག་དབང་བྱོན་ཨེ་ཡོང་སྙམ་ཡང་བླ་མར་སྣང་བ་མ་འཆར་འདྲ་བ་བྱ་བྲལ་བློ་བཟང་རིན་ཆེན། ཞེས་རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་མཚན་ཞབས་ལ་ཀུན་མཁྱེན་བླ་མ་འབྱོན་རྒྱུར་ཐུགས་རེ་གནང་ཡང་མ་ཕེབས་པར་བྱ་བྲལ་བློ་བཟང་རིན་ཆེན་ཕེབས་པར་སྡེ་སྲིད་ཆེན་མོས་རེ་འཁང་ཅུང་ཟད་གནང་འདུག།  སྐྱོར་མོ་ལུང་དུ་ཀུན་རིག་གི་དབང་སྩལ་ནས་ཕེབས་ཞོར་མར་ཁུ་བུ་ཀྱུར་རྗེའི་དུས་འཁོར་མུན་མཚམས་ལ་བཞུགས་པའི་སྒྲུབ་ཕུག་གསར་དུ་རྙེད། ལྷ་བཟང་གིས་བླ་མར་བསྟེན། ཇོ་གདན་མཁན་ཆེན་བློ་བཟང་མཁས་བཙུན་ཉི་མ་ཐང་དུ་མི་ཏྲ་བརྒྱ་རྩའི་དབང་ཞུ་སླད་གདན་དྲངས་པར། བླ་མའི་ཞལ་ནས། ངས་ད་རེས་ཁྱེད་གལ་ཆེན་བྱས་པ་ཡིན། མི་གཞན་ལ་ཕུང་བོས་མི་ལྕོག་གསུངས། ཀུན་མཁྱེན་གྱིས་གྲྭ་བ་འདི་རྣམས་ཆུད་དགོས་ཞུས། ཉི་ཐང་ཞབས་དྲུང་ངག་དབང་གཞོན་ནུས་ཀྱང་འགའ་ཞིག་གི་ཞུ་སྣ་བྱས་ཀྱང་རྗེ་འདིས་དེ་མི་ཡོང་། ང་རྒས་ནས་མི་ནུས། དགེ་འཕེལ་བ་སྔ་མོ་ནས་དགོས་ཞེས་ཞུ་མཁན་ཡིན། ཉི་ཐང་བ་ད་རེས་སྦྱིན་བདག་ཡིན། དེ་གཉིས་ལ་ཡོང་། དེ་མིན་གཅིག་ལ་ཡང་མི་ཡོང་། ཁྱེད་རང་ཚོས་ཁོང་གི་མདུན་ནས་ཞུས། ཕ་བོང་ཁ་བས་གནང་དུས་ཀྱང་མི་མང་བོ་མ་ཆུད། བདག་ལ་ད་རེས་ཁྱོད་ཁོ་ནའི་ཆེད་དུ་དབང་འདི་བསྐུར་གསུངས་ནས་མི་མང་བོ་མ་ཆུད། ད་རེས་བླ་མ་དེའི་ཐུགས་དགོངས་རྫོགས་ཆེད་བྱས་པས་སང་ནུས་ས་མེད་གསུངས་ནས་ཀུན་མཁྱེན་བླ་མའི་སྐུ་འཁོར་ཁ་ཤས་དང་། ཉི་ཐང་ཞབས་དྲུང་། སྐབས་དེའི་ཉི་ཐང་མཁན་པོ་བློ་བཟང་ཤེས་རབ་སོགས་ཉུང་ཤས་ལ་མི་ཏྲའི་དབང་སྩལ་ཏེ་ངའི་ཆོས་འདི་ཁྱེད་ལ་འཕྲོད་པ་ཡིན་པས་དོན་གྲུབ། ད་ཤི་ནའང་འགྱོད་པ་མེད་གསུངས།    གཙོས་རབ་འབྱམས་པ་མཆོག་ལྡན་གྱིས་རྗེ་འདིར་མདོ་སྨད་དུ་འབྱོན་རྒྱུར་གསོལ་བ་བཏབ། འདི་ལོའི་ཟླ་བཅུ་བའི་ཚེས་གཉིས་ཉིན་འབྲས་སྤུངས་ཀུན་དགའ་ར་བའི་རྡོ་གཅལ་དུ་ལེགས་སྦྱར་སྒྲ་རིག་སྨྲ་བ་བདུན་ཅུ་ཙམ་བསྡུས་ཏེ་སྡེ་སྲིད་ཀྱིས་སྒྲའི་དཀའ་གནད་ཀྱི་དྲི་བ་བཞི་སོ་སོར་བཀྲམ་ནས་དེའི་རི་མོ་བཅས་ཕྱི་ཉིན་བསྡུས། ཀུན་མཁྱེན་བླ་མ་བསྙུང་ནས་ཉིན་དེར་བྱོན་མ་ཐུབ་ཀྱང་ཆེད་དུ་སྡེ་སྲིད་ཀྱིས་རྒྱུགས་ཤོག་བསྐྱལ་མི་བཏང་། ཚེས་ལྔ་ཉིན་ཀུན་མཁྱེན་གྱིས། སྒྲ་མདོ་ཆེན་པོ་བཞི་ལས་བརྩམས་པའི་དཀའ་གནད་ཀྱི་དོགས་གཅོད་འཇམ་དབྱངས་དགྱེས་པའི་རོལ་མོ་ཞེས་པ་བྲིས་ཏེ་ཕུལ་བས་ཨང་རིམ་གསུམ་པ་ཐོབ་ཚུལ་ནི། སྡེ་སྲིད་ཆེན་མོ་རང་ཉིད་ཀྱིས་མཛད་པའི་ཚངས་རྣམ་གསེར་གྱི་སྙེ་མ་ལས། དེ་གའི་ཨང་བསྒྲིགས་ལ་དང་བོ་ཚངས་རིགས་གྲུབ་པའི་ལོ་ཙཱ་བའམ་དགེ་བཤེས་ཆོས་འཕེལ་ལ་ཁ་བཏགས། སྤུ་ཇ་སྦག། སྟོད་འགག། མཛོད་གོས་ཁ། གཉིས་པ་འཇམ་དབྱངས་དབང་བོར་གོང་དང་དབུས་ཁྱད་ལས་ཆོ་འདྲ་བ། གསུམ་པར་དེ་ཉིན་བསྙུན་པས་མ་བྱོན་ཀྱང་བཀའ་འདྲི་སྐྱེལ་མི་བཏང་བ་ཞག་གསུམ་འགོར་ཐོག་ལན་ཕུལ་འཇམ་དབྱངས་བཞད་པའམ་དགེ་འཕེལ་རབ་འབྱམས་པ་ངག་དབང་། བཞི་བ་རིག་བྱེད་གླིང་ཀུན་བཟང་རྒྱ་མཚོའམ་ཚངས་སྲས་བློ་གྲོས་རྒྱ་མཚོ་ཞེས་ཨང་བཅུ་བཞི་བའི་བར་དུ་སྡེ་སྲིད་རང་ཉིད་ཀྱིས་གསལ་བར་གསུངས་འདུག་པས། རྣམ་ཐར་གཉིས་ཀར། ཀུན་མཁྱེན་བླ་མ་སྒྲའི་ཨང་རིམ་བཞི་བ་ཡིན་པའི་འཕྲོས་བཤད་བཅས་འབྱུང་བ་ཡི་གེ་མ་དག་གམ་དཔྱད། འཇམ་དབྱངས་དབང་བོ་ནི་རྒྱལ་རྩེ་བ་ཞིག་ཡིན་ལ།  དགེ་བཤེས་ཆོས་འཕེལ་ནི་ཆགས་པ་ཆོས་འཕེལ་ཡིན་ཏེ་གཤམ་དུ་གསལ།

 ས་ཡོས་༡༦༩༩ལོའི་ཟླ་དང་བོའི་ཚེས་བཅོ་ལྔར་གྲུབ་མཐའ་ཆེན་མོ་མཇུག་རྫོགས་པར་བརྩམས། དགའ་གདོང་དུ་སྤྱན་དྲངས་ཏེ་ཀུན་རིག་གི་དབང་སྩལ། ཁྲི་དགེ་འདུན་ཕུན་ཚོགས་སོགས་ལ་བདེ་གསང་འཇིགས་གསུམ་གྱི་དབང་སོགས་སྩལ། ཟླ་བརྒྱད་པའི་ཚེས་བཅོ་ལྔར་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བསྙེན་སྒྲུབ་ལས་གསུམ་སྐུ་གསུམ་ཆར་འབེབས་དངོས་གྲུབ་ཀྱི་རྒྱ་མཚོ་བརྩམས། སྟོན་ཀ་རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་འབྲས་སྤུངས་གྲྭ་ཚང་བཞིའི་ཆོས་གྲྭར་ཕེབས་སྐབས། རྗེ་འདི་ཉིད་རྩོད་དཔང་དུ་གདན་འདྲེན་ཞུས་པ་སོགས་ཚངས་རྣམ་གསེར་སྙེ་ལས། སོང་མིན་མཚམས་ཡིག་ཆ་གཅིག་པོར་མ་ཟད་པའི་ངག་རྒྱུན་སོགས་མང་གཤིས་དཔོན་སློབ་རྣམས་དང་། དགེ་འཕེལ་རབ་འབྱམས་པ་ངག་དབང་སོགས་ཐམས་ཅད་ཆ་བསྡུར་གྱིས་ཐག་བཅད་པའི་རྒྱལ་ཁ་བྱུང་བ་ཚོར་གསོལ་རས་སྩལ། ཞེས་རྩོད་དཔང་གནང་ཚུལ་གསལ། རྣམ་ཐར་གཉིས་ཀར། གྲྭ་ཚང་ཕན་ཚུན་གྱི་དགེ་བཤེས་གཉིས་ཞེས་པ་སྒོ་མང་སོག་པོ་ཆོས་རྒྱ་མཚོ་དང་། བློ་གླིང་ཚུལ་ཁང་ངག་དབང་ཡིན། རྣམ་ཐར་གཉིས་ཀར། བདེ་ཡངས་ཆོས་གྲྭར་རྗེ་འདི་དང་། ར་བ་སྟོད་པའི་དགེ་བཤེས་གདོང་དམར་གཉིས་བགྲོ་གླེང་བྱས་ཞེས་པ་གསེར་སྙེ་ལས།  རབ་འབྱམས་པ་ངག་དབང་དང་། དགེ་རྒན་དམ་ཆོས་རིན་ཆེན་གཉིས་བགྲོ་གླེང་ཟིངས་ཆེ་བ་ཁ་ཡར་བྱས། ཞེས་འབྱུང་བ་དེའོ།།  སྐལ་བཟང་འངུགས་ངོགས་སུ། རྭ་སྟོད་བླ་མ་ཚུལ་ཁྲིམས་རིན་ཆེན་དང་། རྭ་བ་སྟོད་པའི་དགེ་བཤེས་ཚངས་དབྱངས་ཆོས་གྲགས་དང་། དམ་ཆོས་རིན་ཆེན་བཞིས་ཐུན་མོང་ནས་བསྡུས་གྲྭ་རྒྱས་པ་ཞིག་བརྩམས། ཞེས་དང་། ཀེ་ཏ་ཀར། རྭ་བ་སྟོད་པའི་དགེ་བཤེས་རབ་འབྱམས་པ་བསྟན་འཛིན་དང་། ཕུན་ཚོགས་སོགས་དགེ་བཤེས་འགས་བསྡུས་གྲྭ་ཤོག་ལྡེབ་བརྒྱ་ལྷག་ཡོད་པ་གཅིག་བརྩམས། ཞེས་མཚན་ཟུར་མི་འདྲ་བ་ནི། གསེར་སྙེ་ལས། འདི་ཉིན་རབ་འབྱམས་པ་ཕུན་ཚོགས་རྒྱ་མཚོར་མིང་ཚངས་དབྱངས་ཆོས་གྲགས། བྱམས་པ་བསྟན་འཛིན་ལ་དམ་ཆོས་རིན་ཆེན། ཕྲུ་གུ་རྣམས་ལའང་མཚན་སྒྲ་མ་ཚང་རིགས་ལ་མཚན་སྒྲའི་ཟུར་བསྣན་པའི་མིང་རེ་སྩལ། ཞེས་དེ་ལྟར་རྒྱལ་བ་ཚངས་དབྱངས་པས་རང་གི་མཚན་ཟུར་ཚང་བའི་མིང་ནི་དེ་རྣམས་ལ་ཆེད་དུ་སྩལ་བར་གསུངས་པས་མི་འགལ་ལོ།།  སྐལ་བཟང་འཇུག་ངོགས་སུ། ལན་དུ་བསྡུས་གྲྭའི་རྩ་ཚིག་གསར་དུ་བརྩམས་ནས་ཕུལ། ཞེས་པ། ཀུན་མཁྱེན་གསུང་འབུམ་ག་པོད་དུ་གྲངས་འདྲེན་འགའ་ཞིག་ལེགས་པར་བཞུགས་པ་ཞེས་པ་ལས།   གསུང་རབ་ཀུན་གྱི་བཅུད་བསྡུས་པ།། ཞེས་པ་ནས། གངས་ཅན་ཡོངས་ཀྱི་ངག་ན་ཉི་མ་བཞིན།། སྡེ་སྲིད་སངས་རྒྱས་རྒྱ་མཚོས་ཞུས་ངོར། ༧རྗེ་འཇམ་དབྱངས་བཞད་པའི་རྡོ་རྗེས་མཛད་པའོ།། ཞེས་གསལ་བ་དེའོ།།

རྣམ་ཐར་གཉིས་ཀར། ལམ་རིམ་གྱི་མཆན་བུ་དེ་ཉིད་འདི་ལོར་མཛད་པར་འབྱུང་མོད། སྦྱར་བྱང་དུ། འཇམ་དབྱངས་བཞད་པའི་རྡོ་རྗེས་སྲོང་བཙན་སྒྲུབ་གནས་ཕ་བོང་ཁར་སྟོན་པ་མཉམ་མེད་མངོན་པར་རྫོགས་པར་སངས་རྒྱས་པའི་ཟླ་བའི་ཚེས་དགེ་བར་བྲིས་ཞེས་འབྱུང་བས། ཕྱིས་སུ་ཕ་བོང་ཁའི་མཁན་པོ་མཛད་དུས་བརྩམས་པར་གསལ་ལ། ཡང་ན་རྣམ་ཐར་གཉིས་ཀའི་དེ་རྩོམ་པའི་དབུ་བཙུགས་པའི་དོན་དུ་བཀྲལ་དགོས་ཏེ། གདན་རབས་ལྷའི་རྔ་ཆེན་ལས། ལམ་རིམ་ཆེན་མོའི་མཆན་འགྲེལ་གསེར་གྱི་འཁོར་ལོ་རིན་པོ་ཆེ་ཕལ་ཆེར་དགེ་འཕེལ་དུ་བརྩམ་པར་བཤད་པ་ཡང་དེའོ།། །

རྗེ་འདིས་གྲུབ་མཐའ་ཆེན་མོ་རྒྱལ་དབང་དྲུག་པ་རིན་པོ་ཆེ་ལ་གཟིགས་འབུལ་ཞུས་པར། སྡེ་སྲིད་ཀྱིས་ཀྱང་ཞིབ་གཟིགས་མཛད་དེ། གྲུབ་མཐའ་ཆེན་མོའི་དོགས་གཅོད་ན་གུ་ལའི་སྒྲ་དབྱངས་ཞེས་པ་བརྩམས་ཏེ་ཀུན་མཁྱེན་ལ་ཕུལ་ཅིང་། དེའི་དཔེ་ཀུན་མཁྱེན་འཇིགས་མེད་དབང་བོས་དགེ་འཕེལ་རི་ཁྲོད་དུ་རྙེད་ཡོད་པ་དཔའ་རིས་དམ་ཆོས་ཀྱིས་བྲིས་ནས་དབང་ཕྱུག་ཚང་གི་དཔེ་ཁྲོད་དུ་ཡོད་ལ། དེའི་མཇུག་ཏུ་སྔ་སོར་སྐྱོར་མོ་ལུང་དང་བྱང་ཤར་གྱི་གདན་ས་སོགས་དགོངས་བསྟུན་ཞུས་པར་ཐུགས་བཞེད་མ་བྱུང་བ་ལྟར་བཞག་ཀྱང་། ད་དུང་ཉིད་ལྟ་བུས་གདན་ས་རེ་ཞལ་བདག་མཛད་ན་རང་བསྟན་ལ་ཕན་པས། གདན་ས་ཆེ་ཆུང་གང་བཞེས་ནང་ལྷུག་གི་ཚུལ་དུ་ངག་མ་ཡོད་པ་དགོས་ཞེས་འབྱུང་བར་དེ་དངོས་སུ་གཟིགས་མྱོང་བའི་དབལ་མང་ཚང་གིས་གསུངས། 

ལྕགས་འབྲུག་༡༧༠༠ལོར་སྡེ་སྲིད་ཀྱིས་བསྐུལ་བ་ལྟར་རྣམ་འགྲེལ་ལེའུ་དང་བོའི་མཐའ་དཔྱོད་ཚད་མའི་འོད་བརྒྱ་འབར་བ་བརྩམས། འདིར་ཡང་རྒྱ་གཞུང་ཚད་ལྡན་མང་བོ་དཔང་བོར་བཞག་སྟེ་བོད་ཡུལ་ལ་ལྟོས་ཏེ་སྔོན་མེད་ལེགས་བཤད་མང་བོ་ཡོད་སྟབས། ཕྱིས་སུ་བྱུང་བའི་བློ་གླིང་གི་མཁས་པ་ཏྲེ་ཧོར་བྲག་དཀར་སྤྲུལ་སྐུ་བསྟན་༡༨༦༦­‑ ༡༩༢༩འཛིན་སྙན་གྲགས་ཞེས་འཇུ་མི་ཕམ་པར་བརྒལ་ལན་ཐེངས་གཉིས་མཛད་ཅིང་། གསུང་རྩོམ་པོད་བཅུ་དགུ་བཞུགས་པ་དེས་མཛད་པའི་ཚད་མ་རྣམ་འགྲེལ་གྱི་དཀའ་གནས་ལེགས་པར་བཤད་པ་གསེར་གྱི་ཐུར་མ་ཞེས་པར་ཀུན་མཁྱེན་རྣམ་འགྲེལ་གྱི་རང་ལུགས་ཅི་ཡོད་སོར་བཞག་ལྟ་བུ་གནང་ཞིང་། ད་དུང་། དེར།  པཎ་ཆེན་བསོད་ནམས་གྲགས་པས། ཞེས་དང་། ཀུན་མཁྱེན་འཇམ་དབྱངས་བཞད་པས། ཞེས་བཞེད་པ་སོ་སོར་བཀོད་ནས། བཞེད་པ་སྔ་ཕྱི་གཉིས་ཀ་འགང་ཆེ་བའི་གསུང་ཡིན་ཕྱིར་འཐད་མི་འཐད་བརྗོད་པར་དཀའ་ཡང་རེ་ཞིག་རང་ལུགས་ཕྱི་མ་ལྟར་བྱའོ།། ཞེས་དང་། སེར་བྱེས་ཀྱི་མཁས་པ་ཆེན་པོ་ཚེ་བརྟན་ལྷ་རམས་པའི་རྟགས་རིགས་ལས་ཀྱང་། རང་རེའི་ཡིག་ཆར་མི་རྟག་པ་སྒྲུབ་པར་བཤད་པ་ལྟར་སྣང་ཡང་མ་ཡིན་དགག་ཏུ་བྱས་ན་བདེའམ་སྙམ་ཞེས་ཀུན་མཁྱེན་ལྟར་གསུངས་ཏེ་ཨ་ཕའི་ཁ་ཕོར་ལ་གཙང་ཞེན་མ་གནང་བ་ནི། ལེགས་བཤད་ལས། མཁས་པ་རང་གིས་དཔྱོད་ཤེས་ཀྱི།། ཞེས་དང་། ལེགས་བཤད་མཁས་པའི་བློ་གྲོས་ཀྱིས།། གོ་ཡི་ཞེས་པ་དེར་སྣང་ངོ་།། འོན་ཀྱང་། ཀུན་མཁྱེན་རྣམ་འགྲེལ་མཐའ་དཔྱོད་འདིའི་སྣང་རུང་གི་ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་འགལ་ཟླ་དམིགས་པ་བཅུ་གཉིས་དང་བཅུ་དྲུག་གི་མཚན་གཞི་འགོད་སྐབས་གྲང་རེག་སྐོར་བཞིའི་གོ་རིམ་ཐད་ཀྱི་མདོ་དབུས་ཀྱི་ཤིང་དཔར་དང་འཕྲུལ་དཔར་མང་བོར། གྲང་རྒྱུ་ནུས་པ་ཐོགས་མེད་དང་། གྲང་འབྲས་སྤུ་ལོང་བྱེད་དང་། ཞེས་སྔ་ཕྱི་ལྡོག་སྟེ་ཡིག་ནོར་བྱུང་ཡོད་པ་ཡང་ཤེས་པར་བྱའོ།།  ཤར་སྐལ་ལྡན་རྒྱ་མཚོའི་སྤྲུལ་སྐུ་ངག་དབང་འཕྲིན་ལས་༡༦༧༨‑༡༧༣༩རྒྱ་མཚོ་དབུས་སུ་བྱོན་ནས་རྗེ་འདི་ལས་ཆོས་གསན་ཞིང་། འཇམ་དཀར་སྒྲུབ་ཐབས་རྩོམ་སྐུལ་ཞུས། རྗེ་ཉིད་ཀྱི་བླ་མ་ཕྲེང་བ་བ་ངག་དབང་དཔལ་བཟང་ངམ་ཕུན་ཚོགས་ལེགས་འབྱོར་བ་དགེ་འཕེལ་དུ་བྱོན་ནས་རྗེ་འདི་ལ་སྲད་རྒྱུད་ཁྲིད་ཆེན་ལྔ་སོགས་ཞུས་ནས་ཕྱིན་ཆད་དབང་དང་རྗེས་གནང་མང་དུ་སྩོལ་དགོས་པར་གསོལ་བ་བཏབ། ལོ་དེའི་སྟོན་ཁར་སྒོ་མང་གྲྭ་ཚང་ཡོངས་ཀྱི་ཐུགས་རེ་ནན་ཏན་བཞིན། གཞུང་དང་རྒྱལ་དབང་ཚངས་དབྱངས་རྒྱ་མཚོས་སྒོ་མང་མཁན་པོ་སོ་གཉིས་པར་བསྐོ་བཞག་གནང་ཚུལ་སོགས་ཚངས་རྣམ་གསེར་སྙེ་ལས། དགེ་འཕེལ་དུ་བཞུགས་པ་ཝ་ཤུལ་རབ་འབྱམས་པ་ངག་དབང་སྔ་ཐོག་ནས་བླ་རིགས་འདོད་པར་མེད་ཚུལ་དང་། ཕྱིས་ཐག་ཉེ་འབྲེལ་མཚུངས་ཀྱི་སྐྱོར་ལུང་གི་མཁན་པོ་དང་། ཁྱད་པར་མདོ་སྔགས་སྒྲ་སྙན། ཚད་མ་སོགས་ལ་དུས་དབང་གི་ཐོས་པ་དང་། ཡིག་འཇོག་གི་རྩོམ་པའང་མཛད་འདུག་པ་མི་ལེགས་པར་མ་མངོན་པས་ཕྱོགས་མཐར་དགེ་བསྟན་མིག་ལྟོས་ལ་ཕན་རེས་མཐོ་ལྡིང་མཁན་པོར་བྱོན་ན་བྱས་པར། དེ་དུས་བླ་མའི་རིགས་ཀྱི་བློ་གཡེང་མེད་ཚུལ་གསུངས་པས་ནན་ཆེ་མ་བདེ་རུང་། སྒོ་མང་སྤྱི་བའི་འོས་ཐོ་ཡང་ཡུག་ཅིག་ཡིན་འདུག་པ་དང་། གོང་དུ་ཞུ་བ་མཛད་འདུག་པས་ཀྱང་འཕྲོད་པ་མི་ཡོང་ཚུལ་ཕེབས་འདུག་པ་སྤྱི་བའི་ངོ་མ་ཆོག་པ་ལྟ་བུས་སྒོ་མང་གི་འཆད་ཉན་སློབ་དཔོན་མཛད་སོང་། ཞེས་གསལ་བ་ལྟར་རོ།། འདི་དུས་ཧ་སྡོང་ཁམས་ཚན་གྱིས་རྗེ་ཉིད་ལ་འབོལ་གདན་བདུན་བརྩེགས་བཏིང་ནས་གསོལ་ཇ་ཞུས་པར། ཁམས་ཚན་རང་ལ་རྗེ་རང་ཉིད་བརྩིས་པའི་སྒོ་མང་མཁན་པོ་བདུན་འབྱུང་བར་ལུང་བསྟན་པ་བཞིན་བར་མ་ཆད་པར། རྗེ་ཉིད། སོག་པོ་བློ་བཟང་ཤེས་རབ། ཅུང་གུར་བློ་བཟང་ཕུན་ཚོགས། ལ་མོ་ངག་དབང་ནམ་མཁའ། དཔའ་རིས་བློ་བཟང་དམ་ཆོས། སོག་པོ་བློ་བཟང་ཆོས་གྲགས། སོག་པོ་སངས་རྒྱས་རྡོ་རྗེ་བཅས་རིམ་བཞིན་སྒོ་མང་མཁན་པོར་བཞུགས་པ་ཡིན་ནོ།།   དེ་སྔོན་བླ་གཉེར་སྦྲག་མར་བྱེད་སྲོལ་ཡོད་པ་འཇིག་རྟེན་གྱི་གཡེང་བའི་ཁུར་ཆེ་བས་འཆད་ཉན་གྱི་སད་དུ་འགྱུར་བ་དང་། དེ་འདྲའི་སྟེང་ནས་བླ་སློབ་ཀྱི་དམ་ཚིག་ལ་ཡང་གནོད་སྲིད་པའི་དགག་བྱ་དགོས་པ་མང་དུ་གཟིགས་ཏེ་ཀུན་མཁྱེན་བླ་མ་མཆོག་ནས། ངེད་ཀྱིས་ཆོས་འཇིག་རྟེན་གཉིས་ཀའི་ཁུར་འཛིན་མི་ནུས་པར་འདུག་པས། ཁྱོད་ཀྱིས་སྒོ་མང་སྡེ་བ་བྱེད་དགོས་ཞེས་སྡེ་བ་བློ་བཟང་དོན་གྲུབ་སྒོ་མང་སྡེ་བར་བསྐོས།   ཞལ་ཟས་རྒྱ་མཚོ་མའི་སྲོལ་སླར་ཡང་བཏོད་པ་དང་། ཕར་ཕྱིན་སྟོན་མོ་སླར་གསོ། ཆོས་གྲྭ་ཞོལ་མ་གསར་བཞེངས། བཅའ་ཡིག་རྙིང་བ་སྔར་བོར་བ་གསར་དུ་རྙེད་པ། རང་སྟོབས་ཀྱིས་ཡིག་ཆ་གསར་རྩོམ་གྱི་བརྩི་བཞག་གནང་མགོ་ཚུགས། དགུན་གྱི་གླིང་བསྲེའི་སྐབས། སྐལ་བཟང་འཇུག་ངོགས་སུ་གསལ་བ་ལྟར། མཁས་པའི་དབང་བོ་རབ་འབྱམས་པ་ངག་དབང་རྡོ་རྗེ་ཞེས་པ། ཀུན་མཁྱེན་གྱི་ཚ་བོ་དང་། བསེ་ངག་དབང་བཀྲ་ཤིས་ཀྱི་དགེ་རྒན་ཡིན་ལ། ཁམས་ཚན་བྲ་ཉེ་ཡིན་པ་སོགས་བསེའི་རྣམ་ཐར་དུ་གསལ།   

ལྕགས་སྦྲུལ་༡༧༠༡ལོར་ལྷ་རམས་པ་རྣམས་ཀྱི་གཞུང་ལས་པ་མཛད། འདི་ལོར་ཁྲི་ཆེན་ངག་༡༦༧༧ ༡༧༥༡དབང་མཆོག་ལྡན་གྱིས་ལྷ་རམས་དམ་བཅའ་བཞག་པར། རྗེ་འདིས་སྨོན་ལམ་དམ་བཅའ་ལ་ཕྱིས་སུ་ཕ་གཞིས་དབོན་པོ་ལས་བཟང་བ་མ་བྱུང་རིགས་པ་སྨྲ་བའི་ཁྱུ་མཆོག་ཡིན་པར་འདུག་ཅེས་བསྔགས་བརྗོད་གནང་།  རྣམ་ཐར་གཉིས་ཀར། ཁྲི་རིན་པོ་ཆེ་སྤོ་འབོར་བ་ཞེས་པ། དགའ་ལྡན་ཁྲི་རབས་ཞེ་བདུན་པ་བློ་བཟང་ཆོས་འཕེལ་ཡིན་ཞིང་། འཁྲུངས་འདས་དགའ་ལྡན་ཁྲི་རྣམ་དུ་ཡང་མི་གསལ།  ལོ་དེར་ལམ་རིམ་བཤད་ལུང་དང་། བློ་རྟགས་གསར་དུ་བརྩི་བཞག་ལ་གནང་། རྗེ་གུང་ཐང་བའི་གསུང་སྡེ་བ་བློ་བཟང་དོན་གྲུབ་ཀྱི་རྣམ་ཐར་ལས། གྲྭ་བགྲེས་བློ་ཁ་མཐོ་བ་རྣམས་ལ་རང་རེའི་གྲྭ་ཚང་འཆད་ཉན་གྱི་བཤད་གྲྭ་འགྲན་ཟླ་མེད་པ་ཞིག་གཞན་གྱི་ཡིག་ཆ་ལ་བརྟེན་དགོས་པ་དགེ་མཚན་ཆུང་ཞིང་། ཕྱིན་ཆད་འདི་ལྟ་བུའི་བླ་མ་འབྱུང་དཀའ་བས་མཛོད་འདུལ་གཉིས་ཀྱི་ཡིག་ཆ་བཀའ་རྩོམ་ཞུས་ཏེ་པོ་ཏི་ལྔ་ཆ་ཚང་བ་ཞིག་བྱུང་ན་ལེགས་ཚུལ་གྱི་འཆར་བསྟན་པ་བཞིན། ཐམས་ཅད་མགྲིན་གཅིག་གིས་གསོལ་བ་བཏབ་པས་དོན་སྨིན་བྱུང་སྟེ། ཞེས་གསུངས་པ་ལྟར།  སྐབས་འདིར་སྤྱི་དང་བྱེ་བྲག་དུ་མས་ཡིག་ཆ་རྩོམ་སྐུལ་ཇི་ལྟར་ཞུས་པའི་ཞུ་ཡིག་དངོས་ནི།

དཔལ་ལྡན་བླ་མ་དམ་པ་ཁྱབ་བདག་རྡོ་རྗེ་སེམས་དཔའ་དང་དབྱེར་མེད་པའི་ཞབས་ཀྱི་པདྨོའི་དྲུང་དུ། གང་གི་བཀའ་འབངས་སུ་གཏོགས་པ་ཁོ་བོ་ཅག་གིས་ཆོས་ལྡན་གྱི་བྱ་བ་ཁྱད་པར་ཅན་གྱི་ཞུ་དོན་འདི་བཞིན་ཞུ་བ་སྙན་གྱི་དབང་བོ་དར་ཅིག་གསན་པར་འཚལ། དེ་ཡང་ཇི་སྐད་དུ། མགོན་པོ་ཞི་བ་ལྷས། འགྲོ་བའི་སྡུག་བསྔལ་སྨན་གཅིག་བུ།། ཞེས་སོགས་གསུངས་པ་ལྟར། དེ་ཡང་སྤྱིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་བཤད་སྒྲུབ་ཀྱི་བསྟན་པའི་འབྱུང་ཁུངས་ལྟ་བུ་ནི་དབུས་གཙང་གི་ལྗོངས་འདི་ཉིད་་ཡིན་ལ། དེའི་ནང་ནས་དཔལ་ལྡན་མཉམ་མེད་རི་བོ་དགའ་ལྡན་པའི་མདོ་ཕྱོགས་ཀྱི་གྲྭ་ས་ཆེ་བ་བཞི་ནི་སེར་འབྲས་དགེ་གསུམ་བཀྲ་ཤིས་ལྷུན་པོ་དང་བཞིར་ངེས་ཤིང་། དེ་དག་གི་ནང་ནས་ཆེས་ཁྱད་པར་དུ་འཕགས་པ་ནི་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་ཞེས་སྙན་པའི་བ་དན་དཀར་བོ་ས་གསུམ་ན་ཆེ་ཆེར་གཡོ་བ་འདི་ཉིད་ཡིན་ལ། དེའི་ནང་ནས་ཇི་སྐད་དུ།

རྣམ་བཀྲ་རིགས་པས་ལུང་དོན་འབྱེད་པ་ལ།།

སྲས་བཅས་རྒྱལ་བས་ཤིས་པ་བརྗོད་པའི་སྒོ།།

གཞུང་ལུགས་མང་བོར་དཔྱད་བཟོད་འདུས་པའི་སྡེ།། ཞེས་གསུངས་པ་ལྟར། གྲྭ་ཚང་ཀུན་གྱི་ནང་ནས་ཀྱང་རྒྱལ་མཚན་གྱི་ཏོག་ལྟར་མངོན་པར་འཕགས་པ་ནི། མཁས་མང་གི་འདུན་ས་ཆེན་པོ་དཔལ་ལྡན་བཀྲ་ཤིས་སྒོ་མང་ཞེས་ཡོངས་སུ་གྲགས་པ་འདི་ཡིན་ལ། འདི་ཉིད་ཡར་ངོའི་ཟླ་བ་ལྟར་འཕེལ་རྒྱས་སུ་འགྱུར་བ་དང་། འཛིན་སྐྱོང་སྤེལ་གསུམ་མཛད་པ་ནི། གྲྭ་ཚང་འདིའི་ཆོས་ཀྱི་ཁྲི་ལ་འཛེགས་པའི་བླ་མ་དགེ་བའི་བཤེས་གཉེན་ཞིག་ལ་རག་ལས་ཤིང་། དེ་ཡང་འཆད་རྩོམ་རྩོམ་གསུམ་ལ་ཐོགས་པ་མེད་པའི་མཁས་བཙུན་བཟང་གསུམ་འཛོམས་པ་ཞིག་ངེས་པར་དགོས་ལ། དེ་ལྟ་བུའི་འཆད་རྩོད་རྩོམ་གསུམ་དང་མཁས་བཙུན་བཟང་གསུམ་དང་ཐོས་བསམ་སྒོམ་གསུམ་ལ་བླ་མ་ཉིད་མཁས་པ་ནི། ད་ལྟ་རྒྱ་བོད་ཧོར་གསུམ་དང་དབུས་གཙང་ཁམས་གསུམ་དུ་གྲགས་ཆེ་བ་ནི་ལྷ་འདྲེ་མི་གསུམ་གྱི་མཐུན་སྣང་དུ་གྲུབ་པ་ཡིན་ལ། དེ་ལྟ་བུའི་མདོ་སྔགས་ཡོངས་སུ་རྫོགས་པའི་དགེ་བའི་བཤེས་གཉེན་ཁྱད་ལྟ་བུས་འཆད་རྩོད་རྩོམ་གསུམ་མཛད་དགོས་ཏེ། ཇི་སྐད་དུ། མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་ཡིན།། ཞེས་གསུངས་པ་ལྟར་ཡིན་ཞིང་། དེ་ཡང་གྲྭ་ཚང་སོ་སོའི་ཡིག་ཆའི་དབང་དུ་བྱས་ན། དཔེར་ན་བློ་གསལ་གླིང་ལྟ་བུ་ལ་མཚོན་ན། པཎ་ཆེན་བསོད་ནམས་གྲགས་པས་མཛད་པའི་དབུ་ཕར་གཉིས་ཡོད་ཅིང་། ཡང་དེས་མཛད་པའི་ཕར་ཕྱིན་གྱི་སྤྱི་དོན་དང་། འདུལ་མཛོད་གཉིས་ཀ་ཡང་ཡོད་ལ། གཞན་ཡང་འཇམ་དབྱངས་དགའ་བློས་མཛད་པའི་ཕར་ཕྱིན་གྱི་དུམ་བུ་དང་དགེ་འདུན་ཆེ་ཆུང་དང་། གཞན་ཡང་། ཆོས་གྲགས་འོད་ཟེར་གྱིས་མཛད་པའི་དབུ་མ་དང་། མོ་མའི་བསམ་གཟུགས་དང་། དཔོན་སློབ་འབྲུག་ལྟག་པས་མཛད་པའི་ཡིག་ཆ་ཐོར་བུ་སོགས་ཡོད་ལ། རང་རེའི་གྲྭ་ཚང་འདིའི་དབང་དུ་བྱས་ན་གུང་རུ་ཆོས་ཀྱི་འབྱུང་གནས་དང་། རིན་ཆེན་བྱང་ཆུབ་དང་། བྱམས་པ་ལྷུན་གྲུབ་དང་། དཔོན་སློབ་བསམ་སྒང་བས་མཛད་པ་སོགས་ཡིག་ཆ་ཐོར་བུ་འགའ་ཞིག་མ་གཏོགས་དབུ་ཕར་ཚང་མ་བླ་མ་གཅིག་གིས་མཛད་པ་མི་འདུག་པ་དང་། དེ་དག་ཀྱང་ཚིག་དོན་གང་གི་ཆ་ལ་བརྗོད་བྱ་བཟང་ངན་དང་། དགག་བཞག་སྤང་གསུམ་གནད་དུ་ཕྱིན་མ་ཕྱིན་དང་། ཁས་ལེན་སྐོར་ལ་ཆུ་ཐུབ་མི་ཐུབ་སོགས་ཇི་ལྟར་ཡིན་པ་ནི་ཁོ་བོ་ཅག་གིས་ག་ལ་ཤེས་ཤིང་། འོན་ཀྱང་། ཇི་སྐད་དུ། དགེ་སློང་དག་གམ་མཁས་རྣམས་ཀྱིས།། ཞེས་སོགས་གསུངས་པ་ལྟར། བཅོམ་ལྡན་འདས་ཀྱི་བཀའ་ལ་ཡང་དྲང་ངེས་དང་སྒྲ་ཇི་བཞིན་པ་ཡིན་མིན་སོགས་ཤིང་རྟ་ཆེན་པོ་ཀླུ་སྒྲུབ་དང་ཐོགས་མེད་སོགས་ཀྱིས་ཇི་ལྟར་བཀྲལ་བཞིན། མདོ་སྔགས་གསུང་རབ་གང་ལ་ཡང་བསྲེག་བཅད་བརྡར་བའི་གསེར་བཞིན་དུ་དཔྱད་པ་གསུམ་གྱིས་དག་པ་དགོས་པས་ན། ཡིག་ཆ་རྙིང་བ་ཡོད་བཞིན་དུ་གསར་བ་བརྩམ་པ་ལ་འགལ་བ་མེད་མོད། དེ་ཡང་བླ་མ་བཙན་པོ་ནོ་མོན་ཧན་དང་། ཁྲི་རིན་པོ་ཆེ་རྒྱ་ནག་པ་གཉིས་ཀ་ཡང་མཁས་བཙུན་བཟང་གསུམ་འཛོམས་པའི་དགེ་བའི་བཤེས་གཉེན་ཡིན་ཡང་དེ་དག་ལ་བསྟན་བཅོས་རྩོམ་པར་སྐུལ་བ་བོ་མེད་པར་བརྟེན། དེ་དག་གིས་ཡིག་ཆ་བརྩམས་པ་ཆེར་མེད་ལ། མདོར་བསྡུ་ན་མདོ་སྔགས་ཡོངས་སུ་རྫོགས་པའི་དགེ་བའི་བཤེས་གཉེན་ཁྱེད་ལྟ་བུས་མདོ་སྔགས་ཀྱི་ཡིག་ཆ་རྩོམ་པར་སྐབས་སུ་བབས་ཤིང་། དེ་ཡང་མདོ་ཕྱོགས་ལ་པོ་ཏི་ལྔར་གྲགས་པ་ལས། དབུ་མའི་ཡིག་ཆ་ནི་བླ་མ་ཉིད་ཀྱིས་མཛད་ཟིན་པ་ཡོད་ལ། ཚད་མ་རྣམ་འགྲེལ་ནི་ད་ལྟ་རྩོམ་འཕྲོར་ཡོད་པ་དེ་བཞིན་དང་། དབུ་ཕར་གཉིས་ཐུན་མོང་གི་སྤྱི་དོན་ལྟ་བུ་ནི་བླ་མ་ཉིད་ཀྱིས་མཛད་པའི་ཕྱི་ནང་གྲུབ་མཐའི་རྣམ་བཞག་ཆེན་མོ་ཡོད་ལ། ད་ཆ་གྲྭ་ཚང་ལ་ཤིན་ཏུ་གལ་ཆེ་བ་ནི་ཕར་ཕྱིན་ཡིན་ལ། ཕར་ཕྱིན་གྱི་ཐལ་འཕྲེང་ཚང་མ་ཞིག་བླ་མ་ཉིད་ཀྱིས་མཛད་ན་ཕྱི་རབས་ཀྱི་གདུལ་བྱ་རྣམས་ལ་ཕན་པ་རྒྱ་ཆེ་ཞིང་འཕྲལ་ཕུགས་ཐམས་ཅད་དུ་ལེགས་ཚོགས་ཤིན་ཏུ་ཆེ་བ་ཡིན་ཏེ། བླ་མ་ཉིད་སྤྱིར་མདོ་སྔགས་ཡོངས་སུ་རྫོགས་པའི་དགེ་བའི་བཤེས་གཉེན་ཡིན་པར་མ་ཟད། སྒྲ་དང་སྙན་ངག་སོགས་ཤེས་བྱ་རིག་པའི་གནས་ཐམས་ཅད་ལ་ཤིན་ཏུ་མཁས་ཤིང་། རྒྱ་བོད་ཀྱི་མཁས་པ་ཐམས་ཅད་ཀྱི་དགོངས་པ་འགྲེལ་མཁྱེན་པས་ན། མདོ་སྔགས་ཀྱི་ཡིག་ཆ་མང་བོ་ད་དུང་མཛད་དགོས་ཤིང་། ཁྱད་པར་དུ་ད་ལམ་བདག་ཅག་རྣམས་ཀྱིས་གསོལ་བ་བཏབ་པའི་ངོར། ཕར་ཕྱིན་གྱི་ཡིག་ཆ་ཞིག་མྱུར་ཏུ་མ་འགྱང་བར་མཛད་དགོས་ཞེས། ཁོ་བོ་ཅག་སློབ་མ་རྣམས་ཀྱིས་རྟེན་འབྲེལ་མཚོན་བྱེད་ཙམ་དུ་ཟང་ཟིང་གི་འབུལ་བ་ཕྲན་བུ་དང་། དགེ་འདུན་ཚོགས་པས་ཀྱང་མཎ་ཌལ་ཕུལ་ཏེ་གསོལ་བ་འདེབས་པའི་གྲོགས་དན་མཛད་དགོས་རྒྱུ་ཡིན་པས་དེ་རྣམས་བླ་མ་དགེ་འདུན་ཐམས་ཅད་ཀྱིས་ཐུགས་ལ་བཞག་ནས་གསོལ་བ་འདེབས་པར་ཞུ་ཞུ་ལགས། ཞེས་དང་། སླར་ཡང་ཐོ་ཆུང་ཟུར་དུ་ཕུལ་དོན། བདག་ཅག་རྣམས་ཞུ་ཕོད་ཆེ་ཙམ་བྱུང་ཡང་གལ་བོ་ཆེ་ལ་ནན་ཏན་དང་། འབུམ་ལ་བརྒྱ་ཚར་གྱི་དཔེ་ལྟར་ཞུ་བ་ལ། བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་རྗེ་བཙུན་འཇམ་དཔལ་དབྱངས་དང་གཉིས་སུ་མེད་པ་མཁྱེན་རབ་ཀྱི་དབང་ཕྱུག་འདི་ཉིད་སྡེ་སྣོད་གསུམ་དང་རྒྱུད་སྡེ་ལ་སོགས་པ་མདོར་ན་སངས་རྒྱས་ཀྱིས་གསུངས་པའི་བཀའ་དང་། རྒྱན་དྲུག་མཆོག་གཉིས་སོགས་ཀྱིས་མཛད་པའི་བསྟན་བཅོས་སོགས་་རྒྱུད་དང་རྒྱ་གཞུང་སོགས་རྒྱ་བོད་ཀྱི་མཁས་པ་རྣམས་ཀྱི་གསུང་ལ་འདྲིས་ཤིང་། ཤེས་བྱ་རིག་པའི་གནས་ལྔ་ལ་མཆོག་ཏུ་མཁས་པ་དང་། གསུང་རབ་ཀུན་ལ་མི་འཇིགས་པའི་སྤོབས་པ་ཐོབ་ཅིང་། བསྟན་བཅོས་རྩོམ་པའི་རྒྱུ་གསུམ་ཡང་ཚང་བས་ན། བསྟན་བཅོས་རྩོམ་པའི་དུས་ལ་བབ་ཅིང་། དེ་ལྟ་བུའི་བླ་མ་འདི་ཉིད་དབེན་པའི་རི་ལ་རྩེ་གཅིག་ཏུ་སྒྲུབ་པ་མཛད་འཕྲོ་ལ་སྒོ་མང་གྲྭ་ཚང་གི་བླ་མར་ཕེབས་དགོས་ཞེས་གྲྭ་ཚང་གི་གྲྭ་བ་རྒན་གཞོན་ཐམས་ཅད་ཐུགས་འདོད་རྩེ་གཅིག་ཡིན་འདུག་པ་ལྟར་བླ་མར་འཁོད་པ་ཡིན་ལགས་ནའང་། མཁས་པ་དང་བླ་མའི་བྱ་བ་ནི་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་བསྟན་པ་ལ་ཕན་ཐོགས་པ་ཞིག་དགོས་ཤིང་། དེ་གསུམ་གྱི་སྒོ་ནས་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་པ་ཞིག་མ་བྱུང་ན། ཤིང་བཟང་པགས་པའི་འོག་ཏུ་རྒས་པ་ལྟར། གྲྭ་ཚང་གི་ཆོས་ཀྱི་ཁྲི་ལ་ཕེབས་པ་ཙམ་ལས་དོན་ཆེར་མེད་པས་ན། ཡིག་ཆ་དང་བརྩི་བཞག་གི་སྐོར་ལ། ཕར་ཕྱིན་གསར་དུ་རྩོམ་དགོས་པར་གོང་གི་ཞུ་ཡིག་ཏུ་གསལ་བ་ལྟར་དང་། དེ་ཡང་ངག་རྒྱུན་ལ་འབྲས་སྤུངས་བློ་གསལ་གླིང་དང་། སེ་རྭ་བྱེས་པ་གཉིས་ལ་རང་གི་བླ་མས་མཛད་པའི་ཡིག་ཆ་ཚང་མ་ཡོད་ལ། གྲྭ་ཚང་གཞན་ལ་མེད་ཅེས་ཟེར་བ་ལྟར། སྒོ་མང་བླ་མས་མཛད་པའི་འདུལ་མཛོད་ཀྱི་ཡིག་ཆ་གཏན་ནས་མེད་པས་ན། དཔོན་སློབ་ཉིད་ཀྱིས་དབུ་མ་དང་རྣམ་འགྲེལ་ནི་མཛད་ཟིན་པ་དང་འདྲ་ལ། ད་ཆ་ཕར་ཕྱིན་དང་འདུལ་མཛོད་གཉིས་མཛད་ན་པོ་ཏི་ལྔ་ལ་ཆ་ཚང་བ་ཞིག་ཡོང་འདུག་པས། ཕར་ཕྱིན་ནི་མ་འགྱངས་པར་འཕྲལ་དུ་མཛད་དགོས་ཤིང་། འདུལ་མཛོད་གཉིས་ཀྱང་རིམ་གྱིས་མཛད་ཆོག་པའི་བཀའ་བཞེས་ད་ལམ་ཡོད་པ་དང་། དེ་ཡང་བསྟན་བཅོས་བརྩམས་ཀྱང་འཕྲིན་ལས་དང་འགྲོ་དོན་མ་བྱུང་ན། ཡིག་ཆ་བརྩམས་པ་དོན་མེད་པར་འགྱུར་བས་ན། དཔོན་སློབ་རིན་པོ་ཆེ་ཉིད་ཀྱིས་ཁྲི་མཛད་པའི་རིང་ལ་དབུ་ཕར་གཉིས་ཀ་ཁྱེད་རང་གིས་མཛད་པ་དེ་བརྩི་བཞག་ལའང་བཀའ་དྲིན་སྐྱོང་བ་ཅིས་ཀྱང་མཁྱེན་མཁྱེན། དེ་ལྟར་ཞུ་བ་ལེ་ཚན་མང་དུ་གསོལ་བ་ལ་ཐུགས་ཀྱི་དགོངས་པ་མི་ཁྲེལ་ཞིང་། བདག་ཅག་འདིར་ཚོགས་དང་བཅས་པ་རྣམས་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་བོ་ལ་ཐུག་གི་བར་དུ་རྗེས་སུ་གཟུང་དུ་གསོལ། ཞེས་ཞུས་པ་ལྟར། ཕར་ཕྱིན་དང་འདུལ་མཛོད་རྩོམ་པའི་དབུ་བཙུགས། གོང་དུ་གསལ་བ་ལྟར་སྒོ་མང་གྲྭ་ཚང་གི་ཁྱད་ཆོས་ལོ་རྒྱུས་གཞན་ལས་ཀྱང་མཐོང་ཐུབ་པ་ནི།  རྫོང་ཆུང་འཇིགས་མེད་༡༨༠༤­‑ ༡༨༥༩ལུང་རིགས་རྒྱ་མཚོས་མཛད་པའི་རེབ་གོང་ཆོས་འབྱུང་ངམ་གདན་ས་གསུམ་གྱི་གདན་རབས་ལས། དེ་ལྟར་རིག་གནས་ལ་ཕྱོགས་བྲལ་གྱི་མཁྱེན་པའི་སྤྱན་ཐོབ་ཀྱང་། ད་དུང་མཛོད་འདུལ་སྔགས་ཕྱོགས་སོགས་ལ་སྦྱངས་པ་མཐར་ཕྱིན་པ་ཞིག་མཛད་བཞེད་ཀྱིས་དབུས་གཙང་དུ་ཕེབས་འདུན་ཆེ་བའི་དོན་ཡབ་ཡུམ་ལ་ཞུས་པར་དགོངས་པ་འཁྲོལ་ཏེ་དགུང་ལོ་ཉེར་བརྒྱད་པ་ལ། བསེ་དགེ་བཤེས་དང་། དགེ་སློང་སངས་རྒྱས་བཅས་རྣམ་པ་གསུམ་ལྷན་དུ་ཕེབས་པས་འཚོ་བ་བདེ་མུས་ཀྱིས་ལྷ་སར་འབྱོར། རི་བོ་དགེ་ལྡན་དུ་ཞུགས་རྩིས་ཀྱིས་བྱང་རྩེ་གྲྭ་ཚང་གི་ཚོད་སྒམ་ལྟ་བུ་མཛད་པར་རྣམ་གཉིས་ཀྱི་ཐུགས་མ་ཁེངས་པར། སླར་འབྲས་སྤུངས་སུ་བྱོན་ནས་དཔལ་ལྡན་བཀྲ་ཤིས་སྒོ་མང་གི་ཆོས་གྲྭར་འཇུག་པ་གནང་ཞིང་། ཞེས་རོང་བོའི་གདན་རབས་བཅུ་དྲུག་པ་རོང་རྒན་དགེ་འདུན་མཁྱེན་རབ་ཀྱི་མཛད་རྣམ་ཐད་དུ་གསལ་བ་འདི་དག་གིས་གོང་དུ་ཡིག་ཆ་རྩོམ་སྐུལ་གྱི་ཞུ་ཡིག་ཏུ་གསལ་བ་ལྟར་སྒོ་མང་གྲྭ་ཚང་ནི་འདྲ་འདྲའི་ནང་ནས་མི་འདྲ་བའི་ཚུལ་དུ་མཁས་པའི་འབྱུང་གནས་གཞན་ལས་འབུར་དོད་དུ་གྲུབ་པ་ཡིན་པ་མཚོན་སྣང་ངོ་།།

ཀེ་ཏ་ཀར། འཛིན་གྲྭ་གོང་མ་རྣམས་ལ་དུས་ཚིགས་ཐུགས་ཐོག་ནས་ངོ་མཚར་ཅན་བཤད་པ་ལ་འགའ་ཞིག་གིས་ཟིན་བྲིས་ཀྱང་བཏབ་ནས་གཟིགས་པ་ཕུལ་བས་དགྱེས། ཞེས་པ། འཇུག་ངོགས་སུ། ལྔ་རིག་སྨྲ་བའི་དབང་ཕྱུག་མཁས་པ་བློ་བཟང་འོད་ཟེར་བས་ཟིན་བྲིས་མཛད་པ་ངོ་མཚར་བ་ཡོད་དོ།། ཞེས་པའི་ཟིན་བྲིས་འདེབས་མཁན་པྲ་ཉེ་འོད་ཟེར་རྒྱ་མཚོའམ་ལོ་ཆེན་བློ་བཟང་འོད་ཟེར་གྱིས་ཟིན་བྲིས་བཏབ་པའི་དུས་ཚིགས་ཀྱི་རྣམ་བཞག་གསལ་བར་བཤད་པ་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས་ཞེས་བྱ་བ། ཚོགས་གཉིས་གསེར་ལྡན་ཞེས་པའི་དབུ་ཅན་དེ་ཀུན་མཁྱེན་གསུང་འབུམ་དུ་ཚུད་མི་འདུག་མོད། འདུལ་བའི་མཐའ་དཔྱོད་དུ་ཟིན་བྲིས་དེ་ཕལ་ཆེར་སོར་བཞག་གནང་འདུག།  ལོ་དེར་སྒོ་མང་མཁན་རབས་ཉེར་དགུ་བ་ཐོར་གོད་དོན་གྲུབ་རྒྱ་མཚོ་དབུས་སུ་བྱོན་ནས་གཏོང་སྒོ་དང་བསྙེན་བཀུར། རྗེ་འདིར་ཚུར་ཆོས་འབྲེལ་ཞུས། འདི་ཉིད་ལི་ཐང་གི་མཁན་པོར་བཞུགས་ནས་འབུལ་ཚན་ལ་མི་འཁྲུགས་པའི་སྐུ་བརྙན་བྱུང་བ་ལྷུ་གཏོར་ནས་གདན་དྲངས་པ་ད་ལྟ་སྒོ་མང་འདུ་ཁང་ཕུག་ཏུ་སྒོ་མང་མི་འཁྲུགས་པ་ཞེས་ཁམས་ཆེན་དུ་བརྩི་བ་དེ་ཡིན་ནོ།།

སེར་སྨད་དུ་རྒྱལ་བ་ཚངས་དབྱངས་པ་ཕེབས་སྐབས་རྗེ་འདི་ཡང་ཞམ་འབྲིང་གི་ཚུལ་དུ་ཕེབས་མོད། ཞབས་བསྙུན་པས་ཡུན་རིང་བཞེངས་ནས་བཞུགས་དཀའ་སྟབས་ཚོགས་ལངས་གནང་རྒྱུར་དགོངས་པ་ཕུལ་ཚུལ་སོགས་ཚངས་རྣམ་གསེར་སྙེར། སྒོ་མང་དཔོན་སློབ་བཞེངས་དཀའ་བའི་བཟོས་ཕུལ་བྱེས་སློབ་དཔོན་པ་དང་། བདེ་ཡངས་པ་གཉིས་ཀྱི་རིགས་ལུང་། ཞེས་སོ།།  རྒྱལ་བ་ཚངས་དབྱངས་རྒྱ་མཚོས་རྗེ་འདིར་ཕྱི་ནང་གི་མཁའ་སྤྱོད་དང་། སངས་རྒྱས་བྱང་སེམས་དག་གིས་སྤྲུལ་བ་སྤྲུལ་ཚེ་སྤྲུལ་བ་ལ་རྣམ་ཤེས་ཡོད་མེད་སོགས་བཀའ་འདྲི་གནང་བའི་བཀའ་ལན་ཙིནྟ་མ་ཎིའི་ཕྲེང་བ་བརྩམས། སྒོ་མང་གྲྭ་ཚང་གིས་རྒྱལ་བ་ཚངས་དབྱངས་པར་ཀུན་མཁྱེན་གསོལ་འདེབས་ཤིག་ཞུས་པར། གདན་རབས་ལྷའི་རྔ་ཆེན་དུ་འབྱུང་བ་དེ་མ་ཟད་ད་དུང་།

ཤེས་རབ་སྟོང་ཉིད་ཆོས་རྣམས་ཀུན་གྱི་ཡུམ།།ཞེས་སོགས་ཀྱི་གསོལ་འདེབས་ཀྱང་མཛད།

ཆུ་རྟ་༡༧༠༢ལོར་སྡེ་སྲིད་ཀྱི་ཆོས་བློན་ལྟ་བུ་སྨན་རམས་པ་ཆགས་པ་ཆོས་འཕེལ་སོགས་ལ་འགྲེལ་བ་བཞི་སྦྲག་སོགས་སྩལ། ཆགས་པ་ཆོས་འཕེལ་འདི་ཉིད་གཙང་གི་ཕུན་གླིང་བཀྲ་ཤིས་འཛོམ་དུ་འཁྲུངས་ཤིང་། གཞོན་དུས་ནས་དགའ་ལྡན་ཕུན་ཚོགས་གླིང་དུ་ཆོས་ཞུགས་གནང་ཞིང་མཚན་ལ་ཚོགས་གཉིས་རྒྱ་མཚོའམ་། རྨི་ལམ་དུ་གུ་རུས་ལུང་བསྟན་པ་ལྟར་ཆགས་པ་ཆོས་འཕེལ་ཟེར་ལ། མེ་སྟག་༡༦༨༦ལོར་མདོ་སྡེ་རྒྱན་དང་། མངོན་རྟོགས་རྒྱན། དབུ་མ་འཇུག་པ། རྒྱལ་དབང་ལྔ་བའི་ཕར་ཕྱིན་དང་དབུ་མ། མཛོད་རྩ་བཅས་གཞུང་ལ་རྒྱུགས་ཕུལ། ཕྱིས་སུ་སྡེ་སྲིད་ཀྱི་བཀའ་ལྟར་སྨན་སྦྱངས་ཏེ་ས་འབྲུག་༡༦༨༨ལོར་གསོ་རིག་རྒྱུད་བཞི་རྩ་འགྲེལ་ཤོག་བུ་སྟོང་ལོངས་པའི་རྒྱུགས་ཕུལ་ཞིང་སྨན་རམས་པའི་གདན་ཐོབ་བཞེས། ས་སྦྲུལ་༡༦༨༩ལོ་ནས་རྣམ་གླིང་བ་དཀོན་མཆོག་༡༦༤༦ ­‑ ༡༦༩༤ཆོས་གྲགས་དང་རྣམ་གཉིས་གཞུང་སའི་གྲལ་འཕྲོས་པ་གནང་། ལྕགས་རྟ་༡༦༩༠ལོར་གཡའ་སེལ་གྱི་ཤོག་བུ་བཞི་བརྒྱ་ལོངས་པའི་རྒྱུགས་གཞུང་སར་ཕུལ། སྡེ་སྲིད་ཀྱི་བཀའ་མངགས་ལྟར་སྨིན་གླིང་དུ་དབང་བཀའ་དང་རིག་གནས་གསན་དུ་བྱོན་ནས་གཏེར་ཆེན་ལས་ཚེ་དབང་སོགས་གསན་ཞིང་། ལོ་ཆེན་ལས་སྒྲ་ཀ་ལཱ་བའི་རི་མོ་གསན། ལོ་ཆེན་ཆོས་དཔལ་ལ་སྐར་རྩིས་སྤྱི་དོན་རྩོམ་སྐུལ་ཞུས། ལྕགས་སྦྲུལ༡༧༠༡ལོར་ངམ་རིང་མཁན་པོར་བཞུགས། སྨིན་གླིང་གཏེར་ཆེན་འགྱུར་མེད་རྡོ་རྗེའི་གསུང་ལས།  ཆགས་པ་ཆོས་འཕེལ་དུ་སྒྲོག་པ་བཤེས་གཉེན་འཇམ་དབྱངས་དགྱེས་པའི་རྡོ་རྗེའི་བཀའ་མཆིད་རྒྱ་ནག་ནས་བྱུང་བའི་ལན་དུ་གདམས་པ་ཞེས་འཕྲིན་ལན་ལ་མཇལ་ན་ཕྱིས་སུ་རྒྱ་ནག་ཏུ་ཕེབས་ནས་འགྲོ་དོན་བྱུང་བར་གསལ། ཀུན་མཁྱེན་བླ་མས་འདི་ལ་གནང་བའི་གསུང་མགུར་བསླབ་བྱ། སྐྱབས་མཆོག་གསུམ་དང་བླ་མ་ལྷག་པའི་ལྷ།། ཞེས་པའི་དབུ་ཅན་ཞིག་ཀྱང་ཡོད་པ་བཅས་ཞར་བྱུང་ངོ་།།  རྒྱལ་བ་ཚངས་དབྱངས་པ་གཙང་དུ་ཕེབས་པར་ཀུན་མཁྱེན་བླ་མས་ཞམ་འབྲིང་ཞུས། བསེའི་རྣམ་ཐར་ལས། གཙང་དུ་ཕེབས་ཁར། ཚོགས་གཏམ་གནང་སྟེ་ཁྱེད་དབུ་མའི་འཛིན་གྲྭ་བ་རྣམས་ཀྱིས་རྒྱལ་དབང་གི་དབུ་མའི་སྨད་ཆ་ཟུངས། རྗེས་སོར་ང་རང་ལ་རྒྱུགས་དགོས་གསུངས་པ་ན། རྗེ་འདིའི་ཐུགས་ལ་འཛིན་ན་རྗེ་བཞད་པའི་དབུ་མ་འཛིན་དགོས་དགོངས་ཏེ་དབུ་མའི་སྨད་ཆ་དང་དབུ་མའི་སྟོད་ཆ་སེམས་བསྐྱེད་གསུམ་པའི་བར་དུ་ཐུགས་འཛིན་མཛད། ལོ་ཕྱི་མར་ཚོགས་གཏམ་གནང་། ངས་ཁྱེད་ཚོ་ལ་དབུ་མ་ཟུངས་ཞེས་ལབ་པའི་ལན་ཙམ་ཡང་མི་འོང་བ་ཅི་ཡིན། ཞེས་བཀའ་བཀྱོན་གནང་བྱུུང་བས། གྲྭ་མང་གིས་ཁྱོད་བཟུང་ཟིན་པ་རྣམས་ཀྱིས་རྒྱུགས་ཕུལ། དེ་མིན་ན་ང་རང་ཚོར་ཚིག་བཞག་ཀྱང་ཨེ་གནང་ཚོད་མི་ཐིག་གི་གསུངས་བྱུང་བས། དཔོན་པོ་བློ་བཟང་ཕུན་ཚོགས། བྱ་བྲལ་ནམ་མཁའ། དཔའ་རིས་དོན་གྲུབ། རྗེ་འདི་བ་སོགས་དགེ་བཤེས་འགའ་ཞིག་བླ་བྲང་དུ་སོང་བ་ལ། སྐུ་ཕྱོགས་ནས་ཁྱེད་ཚོ་ཅི་ལ་ཡོང་གསུངས། ཁོང་རྣམས་ཀྱིས་རྒྱུགས་འབུལ་བར་ཡོང་ཞུས་པས། སོ་སོར་དྲི་བ་གནང་སྟེ་དཔོན་པོ་བློ་བཟང་ཕུན་ཚོགས་ལ་ཁྱེད་ཀྱིས་ཅི་བཟུང་གསུང་། ཁོང་གིས་སྐུ་ཕྱོགས་ཀྱི་འདུལ་བའི་སྨད་ཆ་བཟུང་ཞུས་པས། ཞལ་ནས་ཁྱོད་ལ་སྐྱེ་བ་འདིར་ལྟ་བའི་བག་ཆགས་མི་འདུག། ཚུལ་ཁྲིམས་རྣམ་པར་དག་པ་ཞིག་འོང་གསུངས། དོན་གྲུབ་ཀྱིས་ལམ་རིམ་ཆུང་བ་བཟུང་ཞུས་པས་དེ་བཟང་གསུངས། རྗེ་འདི་ལ་ཁྱོད་ཀྱིས་ཅི་བཟུང་གསུངས་པ་ལ་ཁོང་གིས་སྐུ་ཕྱོགས་ཀྱི་དབུ་མའི་སྨད་ཆ་དང་། སྐུ་ཕྱོགས་ཀྱི་སེམས་བསྐྱེད་གཉིས་པ་དང་བཅས་པ་དབུ་མ་ཕལ་ཆེ་བ་བཟུང་ཞུས། ཤིན་ཏུ་དགྱེས་ཏེ་ཁྱོད་ཀྱིས་སྐུ་ཕྱོགས་ཀྱི་སེམས་བསྐྱེད་ཟེར་བ་ཅི་ཡིན་གསུངས་ཞལ་རྩེད་མང་བོ་གནང་ངོ་།། ཞེས་འབྱུང་།  གཙང་ནས་ཕྱིར་ཕེབས་ནས་དབྱར་གྱི་གླིང་བསྲེ་ལ་སྤྱན་རས་གཟིགས་ཀྱིས་ཐུགས་བསྐྱེད་ཚུལ་སོགས་ལས་བརྩམས་ཏེ་གསུང་བཤད་གནང་། རྣམ་ཐར་གཉིས་ཀར། བདེ་ཡངས་བླ་མ་ར་གུར་ཞེས་འབྱུང་བ་བདེ་ཡངས་ཀྱི་དགེ་བཤེས། དགའ་གདོང་བ། མཚན་དངོས་ངག་དབང་འཕྲིན་ལས་ཟེར། ས་ཡོས་༡༦༩༩ལོར་བདེ་ཡངས་མཁན་པོར་བཞུགས་ལ་མཁན་རབས་རེ་གཉིས་པ་ཡིན།

སྤྱན་རས་གཟིགས་ཞེས་པའི་སྒྲ་བཤད་ནི། སོར་རྟོག་ཡེ་ཤེས་ཀྱི་སྤྱན་གྱིས་རང་བཞིན་དག་པའི་ཆོས་ལ་རྟག་ཏུ་གཟིགས་པ་དང་། ཐུགས་རྗེ་ཆེན་པོའི་སྤྱན་གྱིས་འཇིག་རྟེན་ཐམས་ཅད་ལ་གཟིགས་པ་ལྷུར་ལེན་པའི་ཕྱོགས་ནས་བཤད་ཚུལ་གཉིས་དེ་ཉིད་སྣང་ཆེན་དང་། ཀོ་ས་ལའི་རྒྱན། དཔལ་མཆོག་འགྲེལ་ཆེན། རྣམ་སྣང་མངོན་བྱང་གི་འགྲེལ་བ་རྣམས་སུ་གསུངས་སོ།། ཟླ་བཅུ་བའི་ཚེས་དྲུག་ལ་བསེ་ངག་དབང་བཀྲ་ཤིས་ལ་བསྙེན་རྫོགས་སྩལ།

ཆུ་ལུག་༡༧༠༣ལོར་སྔགས་གྲྭའི་འཇིགས་བྱེད་ཀྱི་སྐུ་བརྙན་ཞིག་གསོ་གནང་། འདི་ལོར་སྡེ་སྲིད་སངས་རྒྱམ་དང་། ལྷ་བཟང་མ་མཐུན་པས་སྡེ་སྲིད་ཟུར་བཞུགས་བྱས་ནས་སྲས་ཨ་བཱ་ལའམ་ངག་དབང་རིན་ཆེན་ཁྲིར་བཏོན། རྗེ་ཉིད་ཀྱི་ཚ་བོ་གཞུང་ལུགས་སྨྲ་བ་ངག་དབང་རྡོ་རྗེ་འདས། བྲག་ཡབ་ཆུང་ཚང་སྐུ་ཕྲེང་གསུམ་པ་བློ་བཟང་༡༦༨༣‑༡༧༣༩བསྟན་པས་ལམ་ཁྲིད་ཞུས་པ་དང་འཇིགས་བྱེད་ཆོས་འབྱུང་རྩོམ་སྐུལ་ཞུས། རྒྱལ་བོ་ཇུ་ནང་གིས་མདོ་སྨད་ནས་རྗེ་ཉིད་ཀྱི་ཞལ་བཀོད་ལྟར་འཁྲུངས་ཁྱིམ་གྱི་བཀའ་འགྱུར་བྲིས་མ་དབུས་སུ་གདན་དྲངས་ནས་གྲྭ་ཚང་སྤྱི་འཇོག་ཏུ་ཕུལ། རྗེ་ཉིད་ཀྱི་གཅུང་གུ་རུ་སླེབས་པར་པཎ་ཆེན་རིན་པོ་ཆེའི་དྲུང་དུ་རབ་བྱུང་བསྙེན་རྫོགས་བསྒྲུབ་ཏུ་བཅུག།

ཤིང་སྤྲེལ་༡༧༠༤ལོའི་ཟླ་གསུམ་པའི་ཚེས་བཅོ་ལྔར་འདུལ་བའི་མཐའ་དཔྱོད་མཇུག་རྫོགས་པར་བརྩམས། འོན་ཀྱང་། དེའི་སྦྱར་བྱང་ལས། རབ་བྱུང་བཅུ་གཉིས་པའི་སྟེང་ནས་ལོ་ལྔ་འདས་ཤིང་དྲུག་པ་ཤིང་སྤྲེལ་ཞེས་པ་ཡིག་ནོར་ཏེ། རབ་བྱུང་བཅུ་གཉིས་པའི་མགོ་མེ་ཡོས༡༦༨༧ལོར་ཚུགས་པ་ཡིན་པས། དེ་ནས་བརྩིས་པའི་ལོ་བཅུ་བདུན་འདས་ནས་བཅོ་བརྒྱད་པ་ཤིང་སྤྲེལ་༡༧༠༤ཡིན་པས་སོ།། ལོ་འདིར་ཁྲི་ཆེན་རྒྱལ་མཚན་སེང་གེ་དང་། ཁྲི་ཆེན་ནམ་མཁའ་བཟང་།  མཁན་ཆེན་དགེ་འདུན་རྒྱ་མཚོ་བཅས་དབུས་སུ་ཕེབས་ནས་རྗེ་འདིར་མཇལ་ཚུལ་སོགས་རང་རང་གི་རྣམ་ཐར་དུ་གསལ་ལ། ལྷག་པར་དུ་ཕྱི་མའི་རྣམ་ཐར་ལས། ཕྱི་ཉིན་དཀའ་བཅུ་བ་སྦྱིན་པ་སོགས་རྒན་པ་རྣམས་ཀྱིས་སྣེ་ཤན་ཞུས་ཏེ། ཀུན་མཁྱེན་བླ་མ་འཇམ་དབྱངས་བཞད་པ་རིན་པོ་ཆེའི་ཞལ་སྔ་ནས་སྒོ་མང་བླ་མ་གནང་བཞིན་པའི་སྐབས་ཡིན་པས་སྐུ་ཞབས་རིན་པོ་ཆེར་མཇལ་ཕྱག་ཞུ་བར་ཕེབས་ཤིང་། བླ་མ་རིན་པོ་ཆེ་འདི་ཉིད་ཀྱི་ཐུགས་ལ་དེ་རིང་སྐུ་མདུན་དུ་གྲྭ་བ་སུ་འདྲ་ཞིག་བཞུགས་པ་དེའི་མཚན་ལ་རྟེན་འབྲེལ་ཞིག་བརྟག་དགོས་དགོངས་ཏེ་ཕེབས་ནས། ཁ་དར་ཆེ་ལེགས་ཀྱི་གཙོས་འབུལ་བའི་རྣམ་གྲངས་དང་བཅས་ཏེ་མཇལ་བ་གནང་། དེ་ནས་ཀུན་མཁྱེན་རིན་པོ་ཆེའི་ཞལ་སྔ་ནས་ཀྱིས་ཕྱག་གཡོན་པས་ཁ་དར་བླངས་ནས་སྐུ་རྒྱབ་ན་གསུང་རབ་ཀྱི་པོ་ཏི་མང་བོ་བཞུགས་པའི་སྟེང་དུ་འཕེན་པ་གནང་ནས། ཁྱེད་རང་རོང་བོའི་ཡིན་གཤིས་དེ་ཕྱོགས་སུ་འཐབ་རྩོད་འཁྲུག་རྩོད་སོགས་མེད་པར་བདེ་བར་གནས་སམ་ཞེས་སོགས་ཀྱི་གསུང་གླེང་གནང་། སྐུ་མདུན་དུ་གྲྭ་བ་རྒན་པ་སྐུ་གཟུགས་རྒྱས་པ་ཞིག་བཞུགས་འདུག་པ་ལ་གཟིགས་ཤིང་། བླ་མ་རིན་པོ་ཆེ་ལ་ཡང་གཟིགས་ནས། དགེ་བཤེས་འདི་བ་ལྟ་བུ་ཚོའི་སློབ་གཉེར་གྱིས་ཅི་བྱེད། པོ་ཏིའི་ཁ་གྲངས་བརྩི་དགོས་པ་ཡིན་མོད་གསུངས་ནས། སྔར་གྱི་བླ་མ་དང་དགེ་བཤེས་ཆེན་པོ་རྣམས་ཀྱིས་པོ་ཏིའི་ཁ་གྲངས་བརྩིས་ནས་སློབ་གཉེར་གནང་བའི་ལོ་རྒྱུས་མང་བོ་གསུངས་ནས། བླ་མ་རིན་པོ་ཆེ་ལ་སློབ་གཉེར་གཞན་དང་མི་འདྲ་བར་ལེགས་པོ་ཞིག་གྱིས་དང་། ད་སློབ་གཉེར་དེས་ཆོག་པ་འདྲ་ཟེར་བའི་ཚད་ང་རང་གིས་འཛིན་གསུངས་པ་སོགས་ཐུགས་དགྱེས་པའི་བསླབ་སྟོན་གནང་། གཞན་ཡང་། ཆས་ཀ་ལ་སྐྱོན་མི་འོང་ལན་འགའ་གསུངས་བྱུང་། དེ་ནི་བླ་མ་དམ་པ་ལ་གྲྭ་བ་རྣམས་ཀྱིས་སྐུ་ཆས་དངུལ་སོགས་ལ་རྐུན་མ་ཤོར་ཡོང་ཞུས་པས་དེ་ལྟ་བུའི་ཐུགས་དོགས་ཅུང་ཟད་སྐྱེས་པ་མངོན་མཁྱེན་གྱིས་གཟིགས་ནས་གསུངས་པར་འདུག་གསུངས། ཞེས་འབྱུང་ངོ་།། ལྷ་བཟང་གིས། སྡེ་སྲིད་འཛིན་གྲབས་ཡོད་པ་རྗེ་འདིས་གསན་ནས། དེ་མི་ཉན། ད་ལྟ་ཁྱེད་གཉིས་མ་འགྲིགས་ན་བོད་ཐམས་ཅད་བརླག་ཡོང་། དུས་ལ་མ་བབ་གསུངས་པས། ལྷ་བཟང་གིས་ཀྱང་བཀའ་བཞིན་བྱེད་ཞུས། སྡེ་སྲིད་ཀྱིས། རྗེ་འདི་ལ་སྒོ་མང་གྲུབ་ཐོབ་སངས་རྒྱས་ཆོས་འཕེལ་དེ་གྲུབ་ཐོབ་ཚད་ལྡན་རེད་དམ་ཞེས་གསུངས་པར། རྗེ་འདིས། ཅི་འདྲ་ཡིན་མི་ཤེས། ཡིན་ནའང་འཕྲོས་པ་བྱས་པས། ལྟ་བ་ཞིག་བཤད་བྱུང་བས་ཤིན་ཏུ་མཁས་པོ་འདུག་ཞུས། སྡེ་སྲིད་ཀྱིས་དེས་གྲུབ་རྟགས་སྟོན་དུས་ལྷ་ཞིག་འབབ་ཀིན་ཡོད་པ་འདྲ་གསུངས་སྣང་ལ། སྒོ་མང་གྲུབ་ཐོབ་སངས་རྒྱས་ཆོས་འཕེལ་འདི་ནི། ཁྱ་དགེ་བློ་གྲོས་རྒྱ་མཚོའི་རང་རྣམ་ལས། དགེ་འཕེལ་དུ་བཀའ་དྲིན་རྡོ་རྗེ་འཆང་གཙང་བ་ངག་དབང་སྦྱིན་པའི་ཞལ་སྔ་ནས་ཀྱི་དྲུང་དུ་ཟླ་བ་གཉིས་ལྷག་ཙམ་ལ་བྱང་ཆུབ་ལམ་རིམ་གྱི་བཤད་ཁྲིད་དམར་ཁྲིད་རྡོ་རྗེ་འཇིགས་བྱེད་ཀྱི་དབང་ཆོས་སྐྱོང་མང་བོའི་རྗེས་གནང་བསྐྱེད་རྫོགས་ཀྱི་མན་ངག་ཕྲན་བུ་སོགས་ཆོས་བཀའ་མང་དུ་གནང་། རང་ཡུལ་དུ་སོང་ནས་གཞི་གསུམ་ཆོ་ག་དང་དབང་བསྐུར་གྱིས་གསུངས་ཏེ་དེ་ལ་མཁོ་བའི་དཔེ་ལུང་ཕྲན་ཚེགས་མ་ཞུས་པར་གནང་བ་བླ་མ་དེ་མངོན་མཁྱེན་ཅན་དུ་ངེས་པ་རྙེད། སྐྱོར་ལུང་མཁན་པོའི་ཡོན་ཏན་བརྗོད་དེ་གསང་འདུས་ཞུ་བ་ལ་དེར་སོང་གསུངས། ངེད་གྲྭ་བ་ལྔ་དྲུག་ཙམ་དང་ཕྱིས་གྲུབ་པ་ཐོབ་ཟེར་བའི་སངས་རྒྱས་ཆོས་འཕེལ་ཡང་དེར་སླེབས། དེས་ཀྱང་དབང་དང་རྗེས་གནང་ཙམ་ཐོབ། ངེད་རྣམས་ཀྱིས་ཟས་ཆུ་བྱིན། ཞེས་ཆེ་མཐོང་དེ་ཙམ་གནང་མི་འདུག་མོད། བསེའི་རྣམ་ཐར་དུ། དེ་དུས་སྒོ་མང་གྲུབ་ཐོབ་ཀྱི་སྐུ་ཕྱོགས་རྗེ་འདི་ལ་ཐུགས་རྩིས་ཆེ་བར་ཡོད་འདུག་པ་ལ། རྗེ་འདིས་གྲུབ་ཐོབ་ལ་ཡུལ་བའི་ལེན་མཁན་ཡོང་རུང་ཕ་ཡུལ་ལ་མི་འགྲོ། རྒྱུད་ལ་ཅིག་སོང་ནས་རི་ཁྲོད་དུ་སྒྲུབ་པ་བྱེད་འདོད་ཞུས་པས། དེའི་ལན་དུ་གྲུབ་ཐོབ་ཀྱི་ཞལ་ནས་ད་དུང་པོ་ཏི་ཕྱི་མ་རྣམས་ལ་སློབ་གཉེར་གྱིས། རྒྱུད་ལ་འགྲོ་མ་རན། ཕ་ཡུལ་ལ་ཡུལ་བའི་ལེན་མཁན་དང་ཁྱོད་རང་འགྲོ་འདོད་ལ་མ་ལྟོས་པར་སྐབས་ཤིག་རང་ཤུགས་ཀྱིས་འགྲོ་དགོས་པ་འོང་། ཁྱོད་ཀྱིས་རྗེས་སོར་རྡོ་རྗེ་འཇིགས་བྱེད་ལ་ལས་རུང་གི་བསྙེན་པ་ཞིག་གྱིས། བསྟན་པ་ལ་ཕན་ཐོགས་ཡག་པོ་ཡོང་གསུང་ངོ་།། ཡང་སྐབས་ཤིག་རྗེ་སྐུ་འདི་ཅུང་ཟད་མི་བདེ་ནས་སྒོ་མང་གྲུབ་ཐོབ་ལ་ཞུས་པས། སྐུ་ཕྱོགས་ལ་ཕྱག་རྡོར་འབྱུང་འདུལ་གྱི་རྗེས་གནང་ཞུས་ན་བཟང་གསུངས་པ་ན། བདག་གྲྭ་རྐྱང་གཅིག་གིས་དེ་ཞུ་མི་ནུས་ཞུས་པས། གྲུབ་ཐོབ་ཀྱིས་ཁྱོད་རང་ཨང་ཉན་གྱིས་དང་སྐུ་ཕྱོགས་ལ་ངས་ཞུ་གསུངས་ནས་ཁོང་རང་གིས་ཞུས་པས་ཆོས་གྲྭ་ནས་ཚུར་ཕེབས་ཚེ་གནང་ཆོག་གསུངས། ཞེས་དང་། མདོ་སྨད་ཆོས་འབྱུང་ལས། གྲུབ་ཆེན་འདིས་ཆེན་པོ་དུ་མ་ལ་བསྟན་པའི་དོན་དུ་དམིགས་ཕུག་པའི་བཀའ་ཕེབས་དྲག་པོ་གནང་བས་ཕྱག་ཞབས་ཐམས་ཅད་འདམ་བུ་ལྟར་བཅོམ་སྟེ་དོང་དུ་བཅུག། རྡོ་ཆེན་པོ་དུ་མས་དོང་ཁ་བཅད་ནས་བཞག་པར་ཕྱི་ཉིན་ཐམས་ཅད་ཕྱོགས་ཕྱོགས་སུ་གཏོར། པོ་ཏ་ལའི་རྩེ་ནས་གར་མཛད་པ་སོགས་ཟིལ་ཆེན་པོ་བསྟན་ནས་ཕེབས། འདི་ཀའི་ཟ་ཡུའི་དར་རྒྱས་ཟེར་བ་གནས་མཇལ་དུ་ཕྱིན་པའི་ལམ་ཁར་གྲུབ་ཆེན་པ་ཨ་སྐྱོ་ནད་པ་འགྲོ་མི་ཐུབ་པའི་ཚུལ་གྱིས་བཞུགས་པའི་རྩར་སོང་། སུ་ཡིན་དྲིས་པར། རྒྱུ་མཚན་གསང་གྲོལ་ནས་གསུངས་པར་ཁོང་དད་དེ་བསྙུན་གཡོག་ཞུས། ནུབ་ཅིག་ཁོ་རང་གི་འཁྲིས་ན་མི་འདུག་པ་ཅི་ཡིན་སྙམ་པ་ལྟར་ཕྱིན་པས་ཕར་ངོས་ཤིག་བླ་མ་སྣེ་རིང་ཅན་ཞིག་དང་གསུང་གླེང་བྱེད་པ་མཐོང་། ཕྱིར་ཕེབས་དུས་བླ་མ་དེ་སུ་ཡིན་ཞུས་པར། དེ་པཎ་ཆེན་རིན་པོ་ཆེ་རེད། ང་ལ་བཀའ་བཀྱོན་མང་དུ་གནང་བྱུང་གསུངས། ཕྱི་ཉིན་ང་འདི་ལྟར་འགྲོ་བ་སུ་གང་ལ་ཡང་མ་བཤད་གསུང་། གར་སོང་ཆ་མེད་དུ་ཡལ། དེ་དུས་བསྙུང་གཡོག་ལ་གནང་བའི་ཞབས་ངར་གྱི་དུམ་བུ་ཕྱིས་ཁྲི་རྒན་ཚང་ལ་ཕུལ་བ་མགོན་ཁང་ཆོས་རྒྱལ་གྱི་ནང་རྟེན་དུ་བཞུགས་ཞེས་བླ་མའི་ཞལ་ལས་ཐོས་ཤིང་། རྣམ་ཐར་དུ་ཡང་དམ་ཅན་ཆོས་རྒྱལ་གྱི་རྣམ་འཕྲུལ་དུ་གསུངས་སོ།། ཞེས་དང་། གདན་རབས་ལྷའི་རྔ་ཆེན་ལས། མཁའ་སྤྱོད་གྲུབ་ཐོབ་སངས་རྒྱས་ཆོས་འཕེལ་གྱིས་མ་རུང་བ་འགའ་ཞིག་འདུལ་བའི་ཆེད་དུ་ཕྱག་ཞབས་འདམ་བུ་ལྟར་བཅོམ་བཅུག་སྟེ་རུས་པ་སོགས་ཕྱི་རོལ་ཏུ་དོར་ནས་སླར་ཡང་སྐུ་དར་མ་ཟིལ་ཆེ་བ་ཞིག་གི་རྫུ་འཕྲུལ་བསྟན་པའི་དུས་ཀྱི་ཞབས་ངར་གྱི་རུས་པའི་དུམ་བུ་ཞེས་དང་། རྗེ་ཤེར་རྒྱམ་པའི་མཁས་གྲུབ་ཆིག་བརྒྱུད་ཀྱི་བླ་མའི་རྣལ་འབྱོར་གྱི་བརྗེད་བྱང་ལས། གྲུབ་ཆེན་འདིས་སྡེ་སྲིད་ཀྱི་དྲུང་དུ་སྤྱོད་པ་སྣ་ཚོགས་མཛད་པས་ཞབས་ཕྱི་འགས་ཁྲིམས་ལ་སྦྱར་བར་ལུས་དེར་བཞག་ནས་སྔར་ལྟར་ཐོགས་མེད་དུ་ཕེབས་པས་གླགས་མ་རྙེད། ཅེས་སོགས་ཟུར་ཙམ་རེ་འབྱུང་བ་ལས་གཞན་གྲུབ་ཐོབ་དེའི་སྐོར་གསལ་ཁ་ཆེར་མ་མཐོང་ལ། རྗེ་འཇིགས་མེད་དབང་བོའི་རྣམ་ཐར་ལས། སྐུ་ན་ཕྲ་མོའི་ཚེ་སྲུང་བ་བྱེད་མཁན་གྱི་གྲུབ་ཐོབ་ཉོབ་ཀྱི་སྐུ་སྐྱེ་ཟེར་བ་དེ་སྒོ་མང་གྲུབ་ཐོབ་དངོས་ཡིན་ཚུལ་གསུངས་ཞེས་གསུངས་སོ།། བསེའི་རྣམ་ཐར་ལས། སྐབས་ཤིག་རྗེ་བཞད་པའི་ཞབས་དྲུང་དུ་ང་རང་རྒྱུད་ལ་བག་ཆགས་ཤིག་བཞག། དེ་ནས་རི་ཁྲོད་ལ་འགྲོ་ཞེས་ཞུས་པས། ད་དུང་རྒྱུད་ལ་འགྲོ་མ་རན། རི་ཁྲོད་ལ་སོང་ནས་ཁྱོད་ཀྱིས་ཅི་སྒོམ་རྒྱུ་ཡིན་ཞེས་གནང་བ་མ་བྱིན། སློབ་གཉེར་འཕྲོ་མ་སྐྱུར་གསུང་བྱུང་། ཞེས་འབྱུང་།

 མདོ་སྨད་ཆོས་འབྱུང་ལས། པོ་ཏ་ལར་བཞུགས་གྲལ་ཞིག་གི་སྐབས། སྡེ་སྲིད་ཀྱིས་རྗེ་འདི་ལ་གུང་ཚིགས་ཅི་བཞེས་ཀིན་ཡོད་པ་བཀའ་འདྲི་གནང་བར། ཤ་རྙིང་དང་བཙན་དུག་བཞེས་ཚུལ་ཞུས། ཞོ་འདྲེན་སྐབས་སྒོ་མང་བླ་མ་ལ་ངས་ཞུས་ཆོག་གསུངས། གསོལ་དཀར་དུ་ཞོ་བླུག་པ་ཡུན་རིང་དཀྲུགས་ནས་གནང་བ་ལྷག་མེད་དུ་གསོལ། ད་སྡོད་པའི་དུས་མིན་གསུངས་ཧར་བཞེངས་ཀྱིས་ཕེབས། ལྕང་ཐང་སྒང་ནས་རྡོ་ཞིག་སྟེང་དུ་དུག་སྦྱོང་མཛད། ཅེས་དང་། སྡེ་སྲིད་ནས་ཀྱང་རྗེ་འདིའི་ཆེ་བ་འདོན་ཆེད་དུ་དེ་ལྟར་གནང་བ་གོང་གི་དྲི་བ་གནང་ལུགས་ཀྱིས་ཤེས་སམ་སྙམ་མོ།། ཞེས་སོ།།   བདེ་ཐང་མཁན་པོས་བསྐུལ་ངོར་རང་གི་འཁྲུངས་རབས་བླ་མ་མཆོག་གསུམ་མར་གྲགས་པ་བརྩམས། འདི་བ་བདེ་ཐང་སྐུ་ཕྲེང་སྐུ་ཕྲེང་གཉིས་པ་བློ་བཟང་ཚངས་དབྱངས་ཕྱོགས་ལས་རྣམ་རྒྱལ་ཡིན་ཞིང་། གཙོས་ཁ་ཡངས་གོང་དུ་ས་ཕག་༡༦༥༩ལོར་འཁྲུངས། ལྕགས་སྦྲུལ་༡༧༠༡ལོར་རྒྱལ་མཁན་པོར་བཞུགས། ཀུན་མཁྱེན་ལ་ཡིག་ཆ་དུ་མའི་རྩོམ་སྐུལ་ཞུས། ས་ཁྱི་༡༧༡༨ལོར་འདས་པ་བཅས་ཞར་བྱུང་ངོ་།། ལོ་འདིར་འདུལ་བའི་མཐའ་དཔྱོད་བརྩམས་གྲུབ་པར་མཛད།  རྣམ་ཐར་གཉིས་ཀར་འདུལ་མཛོད་གཉིས་ལོ་འདིར་བརྩམས་གྲུབ་པར་གསུངས་ཀྱང་། མཛོད་མཐའ་དཔྱོད་མེ་ཕག་༡༧༠༧ལོར་གཞི་ནས་བརྩམས་གྲུབ་པ་དེའི་སྦྱར་བྱང་དུ་གསལ་བ་ལྟར་རོ།།

ཤིང་བྱ་༡༧༠༥ལོར་གྲྭ་ཚང་ལ་དབུ་མ་འཇུག་པ་ཆ་ཚང་ཚོགས་འདོན་དུ་བཙུགས། རྒྱལ་དབང་ལྔ་བ་ཆེན་མོས་བཀའ་ཤོག་གཟེངས་བསྟོད་སྩལ་མྱོང་བའི་ནང་སོ་བསམ་འཕེལ་ལམ་གྲོ་ཚང་ནང་སོ་ཚེ་དཔལ་ནོར་བུ་དབང་རྒྱལ་གྱིས་ཞུས་ངོར། ཀུན་མཁྱེན་རང་གི་རྟོགས་བརྗོད་ཟླ་མེད་སྟོན་པ་མའམ་གསོལ་འདེབས་ཀེ་ཏ་ཀའི་ཕྲེང་མཛེས་བརྩམས། ཀེ་ཏ་ཀར། དགུང་ལོ་ང་བརྒྱད་པ་མེ་བྱའི་ལོར་ཞེས་པ་མ་དག་པས། འཇུག་ངོགས་ལས། དགུང་ལོ་ང་བརྒྱད་པ་ཤིང་མོ་བྱའི་ལོ་ཞེས་པ་ལྟར་ཡིན།  ལྷ་བཟང་དང་། སྡེ་སྲིད་གཉིས་གཏན་ནས་མ་འཆམ་པས་སྡེ་སྲིད་ཆེན་མོ་གུང་དཀར་དུ་བཞུགས་ནས་སྲིད་གཞུང་ལྷ་བཟང་ལ་མི་སྤྲོད་ཐབས་མེད་བྱུང་ནས་སེར་འབྲས་ཀྱི་མཁན་པོ་རྣམས་ཀྱིས་དེ་ལྟར་ཐག་བཅད། འོན་ཀྱང་། དེས་ལྷ་བཟང་ཕྱོགས་གཏོགས་མ་ཚིམ་པར་མི་དབང་གནས་ལྔ་གཟིགས་པའི་ཀུན་མཁྱེན་སྡེ་སྲིད་སངས་རྒྱས་༡༦༥༣ ­‑༡༧༠༥རྒྱ་མཚོ་དེ་ཉིད་ཟླ་བདུན་པའི་ཚེས་བཅུ་དགུར་སྟོད་ལུང་སྣང་རྩེར་ལྷ་བཟང་གི་བཙུན་མོ་བཀྲ་ཤིས་ཚེ་རིང་གིས་སྐུ་སྲོག་འཕྲོག་པ་ཡོངས་གྲགས་ལྟར་རོ།། རྒྱལ་མོ་བཀྲ་ཤིས་ཚེ་རིང་འདི་ཉིད་ཀྱི་ཆེད་དུ་ཀུན་མཁྱེན་བླ་མས་འཇུག་སྒོ་གསུམ་གྱི་ཁྲིད་ཡིག་ནོར་བུའི་ཕྲེང་མཛེས་བརྩམས་ཡོད་ལ།  རྒྱལ་མོ་དེ་ཉིད་ལྕགས་སྟག་༡༧༡༠ཡས་མས་སུ་འདས་པར་མི་དབང་རྟོགས་བརྗོད་དུ་གསལ།

ཀེ་ཏ་ཀར། བླ་མ་གཞན་རྣམས་སྟོད་ཀྱི་ཟམ་པ་བསྐོར་ནས་ཕེབས། རྗེ་འདིས་ཟམ་ནས་སོང་ན་མི་སླེབ། ཐད་འདི་ནས་སྟོད་ལུང་ཆུ་བརྒལ་འགྲོ་གསུངས་པར། ཕྱག་གཡོག་ཚོས་ཆུ་ཆེས་པས་ཁྱེར་འགྲོ་ཞུས་ཀྱང་མ་གསན་པར་ཆུ་བརྒལ་ནས་ཚེ་རིང་བཀྲ་ཤིས་རྩར་སླེབས། སྡེ་བ་གང་ན་ཡོད་ང་ཐུག་དགོས་གསུངས་པས། ཞེས་དང་། དེ་ཉིན་ཐུགས་དམ་ཡང་རྒྱུན་ལྡན་ཆག་མེད་མཛད་པ་ཕལ་ཆེར་ལུས་སོང་། ཐུགས་དཔེ་མེད་འཁྲུགས་ནས་འདོན་མ་ཐུབ་གསུངས། ཞེས་དང་། སྐབས་ཤིག་ཚངས་དབྱངས་པ་འཁོར་བཅས་ཀྱིས་རྗེ་འདི་གདན་འདྲེན་བྱས་ནས། ཁྱེད་པོ་ཏ་ལར་བཞུགས། གཞུང་གི་བྱ་བ་དང་། དགེ་ལུགས་ཀྱི་ལ་རྒྱ་མཁྱེན་པ་བྱེད་དགོས། ང་རང་ཚོས་ད་ཟིན་དཀའ་བ་འདྲ་ཞུས། རྗེ་འདིའི་ཞལ་ནས། ཁྱེད་རང་ཚོས་ངའི་ལག་ལ་འཇོག་ན་སྔ་མོ་ནས་དགའ་ལྡན་ཕོ་བྲང་མ་ཉམས་དུས་བཞག་ན་ངས་ཀྱང་ཨེ་ཡོང་མི་ཡོང་བྱེད་མོད། ད་སྡེ་བ་མེད་པར་བྱས། ཕྱག་རྫས་མཛོད་ཐམས་ཅད་མེད་པར་བྱས། དེ་ནས་ངས་ཅིའི་སྟེང་ནས་དགའ་ལྡན་ཕོ་བྲང་འཛིན་རྒྱུ་ཡིན། ངན་ཁག་ངས་ལེན་རྒྱུ་ཨེ་ཡིན་གསུངས་ནས་ཕྱིར་ཕེབས། ཞེས་འབྱུང་བ་དཔྱད་གཞི་རྩ་ཆེན་དུ་སྣང་སྟེ། ལོ་རྒྱུས་འགར་རྗེ་འདིས་ཀྱང་སྐབས་དེར་གཙང་བོ་བསྐོར་ནས་ཆེད་དུ་ལམ་ནས་ཅི་འགོར་བྱས་པར་བཤད་པ་མི་བདེན་པར་ཤེས་ཐུབ་པ་དང་། སྡེ་སྲིད་ཆེན་མོ་ལྷ་བཟང་ཕྱོགས་ཀྱིས་བཀྲོངས་པ་ནི་བོད་ཁམས་ཀྱི་ཕོན་ཐག་བཅད་པ་ལྟ་བུར་གཟིགས་ནས་ཐུགས་རླུང་འཕར་ནས་སྐུ་ཚེ་གང་བོར་ཆག་མ་མྱོང་བའི་ཐུགས་དམ་ཞལ་འདོན་ཆག་པ་འདི་ལྟ་བུ་ཁོང་གི་མ་ཡུམ་འདས་སྐབས་ཀྱང་མ་བྱུང་བ་རྣམ་ཐར་དུ་གསལ་བ་དང་། དགའ་ལྡན་ཕོ་བྲང་མ་ཉམས་པ་དགོས་ན་སྡེ་སྲིད་མེད་པར་གཏོང་མི་ཉན་པར་ཤུགས་ན་བསྟན་འདུག་པས་སོ།།  ཀུན་མཁྱེན་བླ་མའི་འཇིགས་བྱེད་ཆོས་འབྱུང་ལས་ཀྱང་། རྒྱུད་ཁང་སོགས་ལ་མནན་པ་བྱེད་མཁན་གྱི་མཆོད་དཔོན་ངག་དབང་ཤེས་རབ་ཟེར་བའི་ཞྭ་ལུ་བསོད་མཆོག་རྩ་བའི་བླ་མར་འཛིན་མཁན་འདི་རང་ཡིན་སྙམ། ཞེས་དང་། སྐུ་གོང་མ་གཤེགས་མ་གཤེགས་ཀྱི་དུས་གཉིས་ཀའི་དགའ་ལྡན་ཕོ་བྲང་བརླག་མཁན་དང་། གཏམ་ངན་ཐམས་ཅད་གཡབ་མོ་བཞིན་བྱེད་མཁན་འདི་ཡིན་འདུག། ཅེས་སྡེ་སྲིད་སྐུ་གཤེགས་རྗེས་སུ་བརྩམས་པའི་གསུང་རྩོམ་དག་ལས་ཀྱང་དེ་འདྲའི་ངན་ཁག་སྡེ་སྲིད་ལ་དཀྲིས་མི་འདུག་པ་འདི་ཤེས་དགོས་ལ། སྡེ་སྲིད་རིན་པོ་ཆེ་ནི་སྲིད་ཕྱོགས་ནས་བཤད་མ་དགོས་ཤིང་། ཆོས་ཕྱོགས་ནས་ཀྱང་རྒྱལ་བ་ཚངས་དབྱངས་རྒྱ་མཚོ་དང་།   དགའ་ལྡན་ཁྲི་བ་ཞེ་བདུན་པ་བློ་བཟང་ཆོས་འཕེལ། ཅོ་ནེ་གྲགས་པ་བཤད་སྒྲུབ། ཙ་ཡུས་དཀའ་བཅུ་མགོན་པོ་འཕྲིན་ལས་༡༦༦༧ ‑  ༡༧༤༤རབ་བརྟན་སོགས་ཚད་ལྡན་སྐྱེས་ཆེན་དམ་པ་མང་བོའི་ཆོས་བཀའ་གསན་ཡུལ་གྱི་བླ་མ་ཡིན་པ་སོ་སོའི་རྣམ་ཐར་དུ་གསལ་ལ། ཆུ་བྱ་༡༦༩༣ལོའི་ཐད་ཀྱི་དཱུ་ཀུ་ལའི་ཁ་སྐོང་ལས། ཉེར་བཞིར་གསུང་ཆོས་ར་བ་དགའ་ལྡན་ཁྲི་བོ་ཆེ་ཟུར་བ་ཅོ་ནེ་ཚུལ་ཁྲིམས་དར་རྒྱས། ཁྲི་བ་བསམ་བློ་སྦྱིན་པ་༡༦༢༩‑༡༦༩༥རྒྱ་མཚོ་གཉིས་ཀྱིས་དབུས་བྱང་རྩེ་ཆོས་རྗེ་དང་བཅས་སེར་འབྲས་དགེ་གསུམ་གྱི་བླ་མ་དང་ཚོགས་པ་ཁྲི་ར་ཅན་བཞི། བོ་ཤོག་ཐུ་ཇུ་ནང་སོགས་བྱང་བ་ཡོན་བདག་དང་བཅས་སྐྱ་སེར་གྱི་ཁྲོམ་ཤིན་ཏུ་ཆེ་བར་དགའ་ལྡན་བསྟན་པའི་འབྱུང་ཁུངས་ཀྱི་ཆེ་བས་ཐོག་དྲངས་རྨད་བྱུང་བསྐལ་བ་མའི་བཤད་ལུང་ཕུལ་བ་ལར་བབས་ཁྲི་གདན་ཟུར་གྱིས་དབུས་འགངས་ཆེའང་མཚན་ཉིད་ཀྱི་ཡིག་ཆ་དང་གསང་བ་འདུས་པ་སོགས་རང་རང་གི་འཆད་ཉན་ཕྲལ་སེལ་མཛད་དགོས་ཙམ་ལས་མདོ་སྔགས་རིག་གནས་དང་བཅས་ཤེས་བྱ་སྤྱིར་གཟིགས་པར་བྱང་ཆུབ་རིགས་ཡོད་མདོག་མ་ཁ་བས་མཚེར་ངད་ཀྱི་རིགས་མ་བྱུང་། ཞེས་དང་།  བླ་བྲང་བཀྲ་ཤིས་འཁྱིལ་གྱི་རྒྱ་མཁར་གྲུབ་ཆེན་གྱིས་མཛད་པའི་རྒྱལ་བ་ཚངས་དབྱངས་པའི་རྣམ་ཐར་ལས་ཀྱང་།

ལྷ་སྲས་མུ་ཁྲི་བཙན་པོའི་རྣམ་པར་འཕྲུལ།།

གངས་ཅན་ལྔ་རིག་མཁས་པའི་དབང་བོ་ཆེ།།

བུདྡྷ་ས་རཱ་མི་ཡི་རྗེ་བོ་དང་།།

ལྷ་བཟང་ལྷ་མིན་འཐབ་རྩོད་སློང་བའི་དཔོན།།

ཞེས་དང་།

སྡིག་རྒྱལ་ལྷ་མིང་གཞན་འཕྲུལ་བདག་པོ་མིར།།

རྫུས་པ་དེ་དང་དེ་ཡི་རྗེས་འབྲང་རིགས།། ཞེས་དེ་གཉིས་ཀྱི་ཁྱད་པར་དེ་ལྟར་གསུངས་ལ། ཀུན་མཁྱེན་རང་ཉིད་ཀྱི་འཕྲིན་ཡིག་རྣམ་བཞག་ལས་ཀྱང་། ལྷ་སྲས་ཀྱི་སྐུའི་སྐྱེ་བར་ལུང་བསྟན་ཅིང་། ༧སྐུ་ཞབས་གོང་དང་། སྤྲུལ་བུའི་ཆོས་རྒྱལ་སོགས་ཀྱིས་ཀྱང་དེ་ལྟར་གསུངས་པས་ན། གནམ་སའི་དབང་ཕྱུག་སའི་ཚངས་པ་འདི་ནི། སྤྱན་རས་གཟིགས་དབང་ཕྱུག་རང་གི་རྣམ་འཕྲུལ་དུ་སྣང་བས། ཆོས་ཀྱི་དབང་དུ་བྱས་ནའང་བཀུར་བའི་ཡུལ་དུ་སེམས་ལ། ཞེས་སྡེ་སྲིད་ལ་གདེངས་འཇོག་དེ་ལྟར་གནང་འདུག་གོ། འོན་ཀྱང་། ཕྱིས་སུ་འཕྲལ་སྣང་ལ་སྐབས་རེར་ཀུན་མཁྱེན་བླ་མ་དང་། སྡེ་སྲིད་ཐུགས་སྣང་མི་མཐུན་པ་ལྟ་བུ་གནང་བ་ཡང་དོན་དངོས་ཡིན་པ་རྣམ་ཐར་གྱི་དཀྱུས་ན་གསལ་ཞིང་དེའི་རྒྱུ་མཚན་ཡང་། འོལ་དགའ་བཞད་པའི་རྡོ་རྗེའི་རང་རྣམ་ལས། འདི་དུས་རྒྱལ་ཡུམ་སྐུ་ཞབས་དང་། སྡེ་སྲིད་ཀྱི་བདག་མོ་རྣམས་ལ་བླ་རིགས་ཕལ་ཆེར་ཕྱག་འཚལ་དགོས་ཞེས་དང་། གང་ལྟར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་བཀྲ་ཤིས་ལྷུན་པོར་ངན་གཏད་མང་དུ་གནང་བ་མངོན་སུམ་དུ་ཐོན་པ་ཡིན་ཟེར་བའི་གྲགས་ཤིན་ཏུ་ཆེ་བར་འདུག། ཅེས་འབྱུང་བ་འདི་དག་ཡིན་སྣང་ངོ་།། ལོ་འདིར་རྗེའི་རྣམ་ཐར་དོན་ཚན་བརྒྱ་དང་ང་གསུམ་བསྡུས་པ་ཞལ་ཐང་བཅུ་གསུམ་ལ་ཚུད་པ་བཞེངས།  གསུང་འབུམ་ང་པོད་དུ། རྗེ་བཙུན་ཙོང་ཁ་བ་ཆེན་པོའི་རྣམ་ཐར་རས་བྲིས་ཀྱི་ཚུལ་བརྒྱ་ང་གསུམ་པ་ཙིནྟ་མ་ཎིའི་ཕྲེང་བ་ཐུབ་བསྟན་རྒྱས་བྱེད་ཕན་བདེའི་རོལ་མཚོ་ཆེན་པོ་ཞེས་བྱ་བར། ཨང་གྲངས་བཏབ་པ་བརྒྱ་དང་ཞེ་དགུ་ལས་མི་འདུག་པ་དང་།  ཀེ་ཏ་ཀར། བརྒྱ་དང་གསུམ་མ་ཞེས་འབྱུང་བ་ཡིག་ནོར་ཡིན་ནམ་དཔྱད།

ཤིང་ཁྱི་༡༧༠༦ལོར་གསུང་ཆོས་ལ་མདོ་སྡེ་རྒྱན་གྱི་བཤད་པ་གནང་། འཕྲོས་དོན་ཞིག་ལ། མེ་སྟག་༡༧༤༦ལོར་ཀུན་མཁྱེན་འཇིགས་མེད་དབང་བོས། མཁན་ཆེན་དགེ་འདུན་རྒྱ་མཚོར་ཞུ་ཡིག་བསྐུར་ཏེ་འཇམ་དབྱངས་དགའ་བློའི་མདོ་སྡེ་རྒྱན་འགྲེལ་ཕྱག་ཏུ་ཡོད་མེད་བཀའ་འདྲི་ཞུས་པར། འདིར་མདོ་སྡེ་རྒྱན་གྱི་འགྲེལ་བ་འཇམ་དབྱངས་དགའ་བློས་མཛད་པའི་དཔེ་འདིར་མེད་པར་མ་ཟད་དེ་འདྲ་ཡོད་སྐད་ཀྱང་མ་ཚོར་ཞིང་། སྔོན་དུ་འབྲས་སྤུངས་སུ་ཆོས་གྲྭ་འགྲིམ་ཚེ་ཀུན་མཁྱེན་བླ་མ་ཐུགས་རྗེ་ཅན་གྱིས་མདོ་སྡེ་རྒྱན་གྱི་གསུང་བཤད་མཛད་སྐབས་ཆ་བའི་འགྲེལ་བ་ལེགས་ཚུལ་གསུངས་པ་ལས་མཐོང་ཐོས་ཀྱི་ཡུལ་དུ་མ་གྱུར་ལགས་ཞེས་བཀའ་ལན་སྩལ་སྣང་ལ། འཇམ་དབྱངས་དགའ་བློའི་མདོ་སྡེ་རྒྱན་འགྲེལ་ཀུན་ཏུ་བཟང་བོའི་མཆོད་སྤྲིན་ལ་ཤོག་ཚད༥༦ཡོད་པར་གཡའ་སེལ་དུ་གསལ།

སྒོ་མང་ཐོག་ནས་ཁྲི་དགེ་འདུན་ཕུན་ཚོགས་སོགས་ལ་འགྲེལ་བཞི་སྦྲག་དང་གསང་འདུས་རིམ་གཉིས་དམར་ཁྲིད་གནང་། ཀེ་ཏ་ཀར། དེ་དུས་གསོལ་ཇ་གཅིག་གི་སྐབས་བྱང་རྩེ་མཁན་པོའི་ཞལ་སྔ་ནས་ཇ་བཞེས་པས་སྐུ་གློ་ལུ་བྱུང་། རྗེ་འདིའི་ཞལ་ནས། ག་ལེར་འཐུང་། བླ་མ་བླ་ཆེན་ཡིན་མོད་ཅེས་ཞལ་རྩེད་མཛད། བྱང་རྩེ་མཁན་པོའི་ཞལ་སྔ་ནས་ཀྱིས་བླ་བྲང་གི་ཇ་ཡིན་འདུག་པས་ཐད་ཀར་མི་འགྲོ། དཀོར་བདག་གཉན་དྲག་ཅེས་ཞལ་རྩེད་ཞུས་པས། རྗེ་འདི་བཞད་མོ་ཆེན་པོ་མཛད། ཅེས་འབྱུང་། རྗེ་དགེ་འདུན་ཕུན་ཚོགས་པ་ནི་ཀུན་མཁྱེན་བླ་མ་དང་དགུང་མཉམ་ཡིན་ཞིང་། དགུང་ལོ་བཅོ་ལྔའི་སྟེང་དབུས་སུ་ཕེབས་ནས་སྒོ་མང་དུ་ཞུགས་ཏེ་ཕར་ཕྱིན་ཚང་བར་སྦྱངས། དེ་ནས་ཁྱ་དགེ་བློ་གྲོས་རྒྱ་མཚོ་དང་། རྟིས་ཚང་མ་ཎི་བ་ཤེས་རབ་བཀྲ་ཤིས་རྣམ་གཉིས་དང་འཛིན་གྲྭ་གཅིག་པ་ཡིན་ཚུལ་སོགས་ནི།  རྟིས་ཚང་མ་ཎི་བ་ཤེས་རབ་༡༦༤༧ ­‑༡༧༡༦བཀྲ་ཤིས་ཀྱི་རྣམ་ཐར་ལས། མེ་རྟ་༡༦༦༦ལ་དབུས་སུ་ཕེབས། སྒོ་མང་ཆོས་གྲྭར་ཁྲི་དགེ་འདུན་ཕུན་ཚོགས་དང་འཛིན་གྲྭ་གཅིག་ཅིང་ཞེས་དང་། ཁྲི་དགེ་འདུན་ཕུན་ཚོགས་ཀྱི་རྣམ་ཐར་ལས། དགུང་ལོ་བཅོ་ལྔ་བ་ཆུ་སྟག་༡༦༦༢ལོར་དབུས་སུ་ཕེབས། ཞེས་དང་། ཁྱ་དགེ་བློ་གྲོས་རྒྱ་མཚོའི་རང་རྣམ་ལས། ཕར་ཕྱིན་ཚང་བ་ཞིག་བརྩིས། ཟུར་བཀོལ་བཞི་དར་སོ་ཆེ་བས་ཆ་ཚང་བཟུང་། སླར་ཡང་བྱ་བྲལ་ཕུན་ཚོགས་དང་ངེད་གཉིས་འཛིན་གྲྭ་འོག་ཏུ་བབས་ཏེ། སྐབས་དང་བོ་དང་གཉིས་པ་གཉིས་ལ་བརྩི་སྐྱོར་བྱས། ཞེས་གསུངས་པ་ལྟར། ཁྲི་ཆེན་དགེ་འདུན་༡༦༤༨‑༡༧༢༤ཕུན་ཚོགས། ཁྱ་དགེ་དགེ་དཔོན་སློབ་བློ་༡༦༦༤‑༡༧༤༠གྲོས་རྒྱ་མཚོ། རྟིས་ཚང་མ་ཎི་ཤེས་རབ་བཀྲ་ཤིས་༡༦༤༧‑༡༧༡༦གསུམ་ནི། ཀུན་མཁྱེན་བླ་མ་ལས་འཛིན་གྲྭ་རྒན་པར་གསལ་བ་བཅས་ཞར་བྱུང་ངོ་།།  དེ་ནས་སྡེ་བ་བློ་བཟང་༡༦༧༣ ­‑ ༡༧༤༦དོན་གྲུབ་གྲྭ་ཚང་དགེ་སྐོས་ལ་བསྐོས།  ཚོགས་ཆེན་ལ་རིགས་གྲྭའི་གཏོང་སྒོ་ཉིན་ཉེར་གསུམ་ལ་བཏང་། ངའི་རིགས་གྲྭའི་སྟེང་ལ་བགྲོ་གླེང་རྩལ་དུ་འདོན་དགོས་པས་ཞལ་འདོན་མང་བོ་གནང་ས་མེད། སྦྱིན་བདག་རྣམས་ཀྱང་སྐུ་རིམ་མང་བོ་དགོས་ན་ངའི་རིགས་གྲྭ་འདིར་མང་ཇ་གཏོང་མི་དགོས། བགྲོ་གླེང་ལས་ལྷག་པའི་སྐུ་རིམ་གང་ན་ཡོད། འདོན་པ་མང་བོ་བཏོན་པ་ལས་བགྲོ་གླེང་གི་ཚིག་རེ་རེ་བསོད་ནམས་ཆེ་གསུངས། བསེ་ངག་དབང་བཀྲ་ཤིས་ཀྱིས་རྒྱུད་གྲྭར་ཕེབས་རྒྱུའི་རྒྱུ་མཚན་ཞུས་ནས་དགོངས་པ་ཞུས་པས། དེ་ག་ཡིན། ད་ནི་རྒྱུད་ལ་འགྲོ་རན། སོང་ལ་སློབ་གཉེར་གཤའ་མ་ཞིག་གྱིས། ཐོག་མར་གསང་སྔགས་མཁར་གྱི་ཆོས་ཐོག་ནས་ཞུགས་སོགས་བསླབ་སྟོན་གནང་།  རྒྱལ་བ་ཚངས་དབྱངས་རྒྱ་མཚོ་རྒྱ་ནག་ཏུ་གདན་དྲངས།  སྔ་ཕྱི་ཅི་རིགས་སུ་ལྷ་སའི་རྭ་མོ་ཆེ་བ་ལྕང་ར་བ་རྡོ་རྗེ་ལྷ་དབང་ཟེར་བས་དྲུང་ཡིག་བྱས་ཏེ་སྤྱན་རས་གཟིགས་བཅུ་གཅིག་ཞལ་གྱི་སྒྲུབ་ཐབས་གསང་སྔགས་ཀྱི་མྱུར་ལམ་ཞེས་བྱ་བ་མཛད།

མེ་ཕག་༡༧༠༧ལོར་ལྷ་བཟང་གིས་པད་དཀར་འཛིན་པ་ངག་དབང་༡༦༨༦‑༡༧༢༦ཡེ་ཤེས་རྒྱ་མཚོ་རྒྱལ་བའི་གོ་སར་ཁྲི་འདོན་བྱས་པར་ལེགས་དར་ཕུལ།  ཁྲི་དགེ་འདུན་ཕུན་ཚོགས་ཀྱིས་གསང་འདུས་འཇིག་རྟེན་དབང་ཕྱུག་ལ་བརྟེན་པའི་མ་ཎི་རིལ་སྒྲུབ་བྱ་ཚུལ་དགེ་ལེགས་ཆར་འབེབས་རྩོམ་སྐུལ་ཞུས་ཤིང་། འདི་དུས་ནས་ཁོང་རྒྱུད་སྨད་མཁན་པོ་དང་བྱང་རྩེ་ཆོས་རྗེ་གཉིས་ཀ་ཡིན་སྣང་། ཟླ་བདུན་པའི་ཚེས་བཅོ་ལྔར་མཛོད་མཐའ་དཔྱོད་ཀྱི་མཇུག་གྲུབ་པར་བརྩམས། འདིའི་ཡི་གེ་བ་སོག་པོ་ངག་དབང་བློ་བཟང་ཡིན་ཞིང་། འདི་ཉིད་ནི། ཀུན་མཁྱེན་གསུང་འབུམ་དུ་བཞུགས་པའི་དགའ་ལྡན་ལྷ་བརྒྱ་མའི་ཞལ་ཤེས་ཟིན་བྲིས་མཁན་འདེབས་མཁན་ཡིན་པར་མ་ཟད། ཆུ་གཏོར་རྣམ་བཤད་རྩོམ་སྐུལ་ཞུ་བ་བོ་ཡིན་ཞིང་མཚན་གཞན་ལ་མང་ར་མཁན་པོ་ཡང་ཟེར་ལ། མཛོད་འདུལ་གཉིས་ཀའི་མཐའ་དཔྱོད་ཀྱི་ཡིག་ཆའི་ཡི་གེ་བ་ཡིན་ལ། ཁྲི་ནམ་བཟང་བས་འདིའི་དྲུང་ནས་གསང་འདུས་སྔགས་བཏུའི་རྗེས་གནང་གསན། ཕ་ཡུལ་ཨ་ལག་ཤ་ནས་ཡིན་ལ། དོན་བདུན་ཅུའི་དོགས་དཔྱོད་ཅིག་ཀྱང་ཡོད་ཅིང་། བསྟན་དར་ལྷ་རམས་པ་ནི་དེའི་ཚ་བོ་ཡིན་སྣང་བ་བཅས་ཞར་བྱུང་ངོ་།། ལོ་འདིར་སྒོ་མང་མཁན་པོའི་ཁྲིའི་དགོངས་ཞུ་གནང་། ཀེ་ཏ་ཀར། ཧར་གདོང་བ་ཚོས་ཀྱང་འདོད་ལ་རྒན་རིམ་ཡང་ཡིན་པའི་གཤིས་ཀྱིས་བླ་མ་ཉི་མ་ཐང་བ་ཤེས་རབ་རྒྱ་མཚོ་བསྐོས། ཞེས་དང་། སྐལ་བཟང་འཇུག་ངོགས་སུ། ཉི་མ་ཐང་བ་བློ་བཟང་ཤེས་རབ་བསྐོ་དགོས་གསུངས་ཞེས་འབྱུང་བ་ལྟར། ཀུན་མཁྱེན་བླ་མའི་རྗེས་དེ་མ་ཐག་པའི་སྒོ་མང་མཁན་པོ་སོ་གསུམ་པ་དེའི་སྐོར་ཀུན་མཁྱེན་རྣམ་ཐར་གཉིས་ཀར་ཅུང་ཟད་གསལ་བ་འདི་ཙམ་ལས་སྒོ་མང་ཆོས་འབྱུང་ཆེན་མོར་ཡང་མི་གསལ། འོན་ཀྱང་། མཁན་ཆེན་དགེ་འདུན་རྒྱ་མཚོའི་རྣམ་ཐར་ལས། དེ་སྐབས་ཀྱི་ཉི་མ་ཐང་བའི་སློབ་དཔོན་སྒོ་མང་བ་གདུང་རུས་སོག་པོ་ཡིན་པ། ཀུན་མཁྱེན་འཇམ་དབྱངས་བཞད་པ་རིན་པོ་ཆེ་དང་གྲྭ་ཐོག་མཉམ་པ་མཚན་བློ་བཟང་ཤེས་རབ་ཞུ་བ། གྲྭ་སར་ཐུགས་གཉེར་མཐར་ཕྱིན་པ་མཛད་ནས་རྒྱུད་སྨད་དུ་ཕེབས་ཏེ། དགེ་བསྐོས་དམ་བཅའ་སོགས་གང་ལེགས་ཐོན་རྗེས་བླ་མ་དབུ་མཛད་གནང་ཐོག་ཉི་མ་ཐང་གྲྭ་ཚང་གི་བླ་མར་བསྐོས་ནས་བཞུགས་ཡོད་པར། ཞེས་དང་། རྒྱལ་བ་ཙོང་ཁ་བ་ཆེན་པོའི་བསྟན་པ་བསྟན་འཛིན་སྦྱིན་བདག་རྣམས་ལ་བསམ་སྦྱོར་གནག་པ་མང་དུ་འདུག་པས། བདག་གིས་རྒྱུད་པའི་བླ་མ་དབུ་མཛད་བྱེད་སྐབས་སུ་དེ་རིགས་ལ་ཟུར་ཟ་བའི་ཚོགས་གཏམ་གང་ཚ་བཏང་བ་དང་། ང་རང་གི་རུས་སོག་པོ་ཡིན་པའི་སྟབས་ཀྱིས་རྗེ་རིན་པོ་ཆེའི་བསྟན་པ་འདི་ལ་རྨོངས་ཞེན་ཆེ་བས། གཏོར་རྒྱག་སོགས་ཀྱི་སྐབས་སུ་ཡང་རྒྱལ་བ་བློ་བཟང་གྲགས་པའི་བསྟན་པ་བསྟན་འཛིན་སྦྱིན་བདག་སོགས་ལ་བསམ་སྦྱོར་ངན་པའི་སྒོ་ནས་གནོད་ཅིང་འཚེ་བར་བྱེད་པའི་དམ་ཉམས་དགྲ་བགེགས་ཞེས་སོགས་ཀྱི་དམོད་ཚིག་དྲག་པོ་བརྗོད་པ་སོགས་ལ་བརྟེན། ཆགས་སྡང་ཕྲག་དོག་འགྲན་སེམས་སོགས་ཀྱིས་ཀུན་ནས་དཀྲིས་པ་འགའ་ཞིག་གིས་ང་རང་རྒྱུད་པའི་སློབ་དཔོན་དང་། བྱང་རྩེའི་ཁྲི་དང་། གསེར་ཁྲིར་འགྲོ་བ་ལ་བར་ཆད་བྱེད་པར་རློམ་པ་ལྟ་བུའི་བསམ་ངན་གྱིས་གཞུང་སར་ཞུ་ཐབས་སྣ་ཚོགས་བྱས་པར་བརྟེན་ཐབས་འཇམ་པོས་ཕན་པའི་རྫུ་སྲོལ་གྱིས་དགོན་ཆུང་འདི་ལྟ་བུའི་འཆད་ཉན་གྱི་སློབ་དཔོན་དུ་བཏང་བ་ཡིན། ང་རང་གི་བསམ་བློ་ལ་བསྟན་པ་དང་འགྲོ་བ་ལ་དམ་པའི་ཆོས་དང་མཐུན་པའི་ཕན་པ་སྒྲུབ་པ་སོགས་དལ་འབྱོར་ཐོབ་པ་དོན་ལྡན་བྱེད་པ་ཞིག་མ་བྱུང་ཕྱིན། ཕྱིའི་ལྟར་སྣང་ཙམ་དུ་གོ་ས་མཐོན་པོར་བསྡད་ནས་སྐལ་བ་བཟང་བོར་བརྩི་བ་ཙམ་ནི་ཚོགས་གཉིས་རྫོགས་པ་དང་། སྒྲིབ་གཉིས་བྱང་ནས་སངས་རྒྱས་ཐོབ་པའི་ཐབས་སུ་མི་འགྱུར་ཞིང་། དེར་མ་ཟད་གདན་ས་མཐོན་པོ་དེ་རྣམས་སུ་འགྲོ་ཁ་མ་སོགས་ལ་ཕྱི་ནང་གི་ཉེར་འཚེ་དང་གེགས་རིགས་མང་བོ་འབྱུང་བ་མཐོང་བས། ང་རང་གི་སྐུ་རིམ་རྒྱབ་རྟེན་འཁྱོལ་བ་ལྟ་བུས་གདན་ས་ཆུང་ཆུང་འདིར་འོངས་ནས་དད་གུས་དོན་གཉེར་བརྩོན་པ་དང་ལྡན་པའི་དགེ་འདུན་རྣམས་ལ་ཕན་ཚུན་དམ་ཚིག་གི་སེལ་མེད་པར་ཆོས་དང་ཟང་ཟིང་གཉིས་ཀའི་སྒོ་ནས་ཕན་གང་ཐོགས་བྱས་པ་འདི་ལས་དང་སྐལ་བ་ཧ་ཅང་དམན་རྒྱུ་མི་འདུག་སྙམ་པ་ཡང་ཡང་སྐྱེས་སོགས་ལན་དུ་མར་གསུངས། སྐབས་དེ་དག་རྣམས་སུ་ཉི་མ་ཐང་གི་གྲྭ་རྒན་གཞོན་བར་མ་ཐམས་ཅད་བླ་མ་དམ་པ་དེ་ཉིད་ལ་དད་གུས་དག་སྣང་ཁྱད་པར་ཅན་དུ་འདུག་གསུངས། ཞེས་གསུངས་པ་ལྟར་ལ་ཕྱིས་སུ་སྒོ་མང་མཁན་པོར་ཕེབས་ནས་བརྩི་བཞག་དང་ལམ་རིམ། སྤྱོད་འཇུག་རྩ་འགྲེལ་གྱི་ལུང་། བྲག་ཡབ་སྤྲུལ་སྐུ་དང་། འཇམ་དབྱངས་བདེ་བའི་རྡོ་རྗེ་སོགས་ལ་མི་ཏྲའི་དབང་གནང་ནས་མཁན་པོ་ལས་ཐོག་པའི་སྐབས་དགོངས་པ་རྫོགས་པ་ཡིན་ལ།  ཚངས་རྣམ་གསེར་སྙེ་ལས། ཉི་མ་ཐང་དུ་སྤྲུལ་བའི་སྐུའི་དགོངས་བཞེད་ལྟར་རྒྱུད་སྨད་བླ་མ་དབུ་མཛད་ཧོར་ཤེས་རབ་རྣམས་བསྐོ་འཇའ་དང་བཅས་བརྫངས། ཞེས་ས་ཡོས་༡༦༩༩ལོའི་མཛད་རྣམ་ཐད་དུ་གསུངས་པ་ལྟར་ན། ཉི་ཐང་ཞབས་དྲུང་གི་དགོངས་པ་ལྟར་དེར་བསྐོས་པར་གསལ་བ་བཅས་ཞར་བྱུང་ངོ་།།

ཀེ་ཏ་ཀར། བླ་བྲང་སེ་ཆེན་ཞབས་དྲུང་གི་ཁང་བ་ལ་སྤོས། ཞེས་པའི་སེ་ཆེན་ཞབས་དྲུང་གི་ཁང་བ་ནི། སེ་ཆེན་ཞབས་དྲུང་ཛ་ཡ་པཎ་ཌི་ཏས་བཞེངས་པའི་གསེར་ཏོག་ཁང་དུ་གྲགས་པ་དེ་ཡིན། གསེར་ཏོག་ཁང་འདི་རབ་བྱུང་བཅུ་གཅིག་པའི་ཆུ་འབྲུག་སྤྱི་ལོ་༡༦༥༢ལོར་ཛ་ཡ་༡༥༩༩‑༡༦༦༢པཎྚི་ཏས་དངུལ་སྲང་ཁྲི་ཕྲག་གཅིག་གིས་བཞེངས་པར་དེའི་དངོས་སློབ་ལཱ་ངི་ན་པཱ་ངི་ལས་མཛད་པའི་ཛ་ཡ་པཎ་ཆེན་གྱི་རྣམ་ཐར་ལོ་རྒྱུས་སུ་གསལ་བར་ཡོད་སྣང་ལ།  འདི་བཞེངས་མཁན་ཛ་ཡ་པཎ་ཌི་ཏའི་མཚན་དངོས་ལ་ནམ་མཁའ་རྒྱ་མཚོ་ཞུ་ཞིང་སྒྲ་བསྒྱུར་བྱས་ཏེ་ན་མོ་ཧ་རྒྱ་མཚོ། དོན་བསྒྱུར་བྱས་ནས་བོའུ་ཧུ་ཐུ་ལུང་གུ་ཏཱ་ལའི། སེ་ཆེན་ཆོས་རྗེ། ཡི་ལ་གུག་སན། སེ་ཆེན་ཞབས་དྲུང་། ཛ་ཡ་པཎ་ཌི་ཏ། སྔགས་པ་སེ་ཆེན་ཆོས་རྗེ་སོགས་འབོད་སྲོལ་སྣང་བ་བཅས་ཞར་བྱུང་ངོ་།།    ཐང་གའི་གོང་གཤམ་གྱི་གོས་རྩ་ཆེན་མང་བོ་མེ་ལ་སྲེག་པ་ལ་སྡེ་བས་བཀག་ཀྱང་མ་གསན་པ། ཅུང་གུར་བང་ཆེན་པར་པད་དཀར་འཛིན་པ་གོང་མའི་སྤྲུལ་སྐུར་ལུང་བསྟན་ཡོད་ལ། ཚངས་དབྱངས་པར་ལུང་བསྟན་མེད་གསུངས་པ། ཟུང་ཆུའི་ཡི་དྭགས་ཀྱིས་མི་འདོད་པའི་རྣམ་འགྱུར་བསྟན་པ་གཟིགས་པས་གནས་དབྱུང་བཏང་བ། ཚངས་དབྱངས་པ་རྒྱ་ཕེབས་སྐབས་ཀྱི་དགོས་དབང་གི་མཛད་པ་དེ་དག་རྣམ་ཐར་ཀེ་ཏ་ཀར་གསལ་ཡང་འཇུག་ངོགས་སུ་མི་གསལ། འདི་འདྲ་བ་ནི་ལྷ་བཟང་གི་གཞུང་ལ་བསྟུན་ཕྱིར་ལྷ་བཟང་གི་གམ་དུ་དགོས་དབང་གིས་གསུངས་པ་ནི། རྗེ་ཉིད་ཕྱིས་སུ་མདོ་སྨད་དུ་ཕེབས་ནས་ཅུང་ཟད་རང་དབང་ཡོད་དུས་ཏེ་མེ་སྤྲེལ༡༧༡༦ལོར་མཛད་པའི་བསྟན་རྩིས་ལས། ཆུ་ཕག་རྒྱལ་བ་བློ་བཟང་རིན་ཆེན་ཚངས་དབྱངས་རྒྱ་མཚོ་འཁྲུངས། ཞེས་དང་། མེ་སྟག་པད་དཀར་འཛིན་པ་ངག་དབང་ཡེ་ཤེས་རྒྱ་མཚོ་འཁྲུངས། ཞེས་གསུངས་འདུག་པས་ཤེས་ལ། འདི་དུས་ད་དུང་ལྷ་བཟང་ཡོད་པར་མ་ཟད་པད་དཀར་འཛིན་པ་རྒྱལ་བའི་གོ་སར་དངོས་སུ་བཞུགས་བཞིན་པ་ཡིན་པ་ཡང་ཤེས་དགོས་སོ།། ཀེ་ཏ་ཀར། དེ་ནས་རྒྱལ་བོས་པཎ་ཆེན་རིན་པོ་ཆེ་དང་ཆོས་སྐྱོང་ཁག་སོ་སོ་ལ་བརྟག་པ་བྱས་ནས་ཁམས་ནས་འཁྲུངས་པའི་པད་དཀར་འཛིན་པ་འདི་རྒྱལ་བའི་སྤྲུལ་སྐུ་ཡིན་པའི་ལུང་བསྟན་བབ། རྒྱ་ནག་གོང་མ་ཆེན་མོ་ལ་ཞུས་པས་ཀྱང་དེ་རྒྱལ་བའི་ཁྲི་ལ་བཞུགས་ཆུག་དང་བདག་རྐྱེན་བྱེད་ཅེས་བཀའ་ཕེབས་པས་རྒྱལ་བོས་རྗེ་འདི་ལ་ཞུས་པས། རྗེ་འདིའི་ཞལ་ནས།  རེ་ཞིག་པཎ་ཆེན་རིན་པོ་ཆེ་གདན་དྲངས་ནས་དབུས་ནས་བཞུགས། སྤྲུལ་སྐུ་ལ་ཐུགས་གཉེར་བྱེད་བཅུག་ནས་མི་མངོན་པར་བྱས་ན་བཟང་གསུངས་ཀྱང་། ལྷ་བཟང་གིས་དེ་བྱས་ན་གཞུང་དགའ་ལྡན་ཕོ་བྲང་ལ་གནོད་ཅིང་ཐམས་ཅད་ཀྱིས་རྒྱལ་བོས་དགའ་ལྡན་ཕོ་བྲང་མེད་པར་བྱས་ཟེར་འོང་། རྒྱལ་བ་རིན་པོ་ཆེའི་སྤྲུལ་སྐུ་ཞིག་ཡོད་ཕྱིན་ཁྲི་ལ་མྱུར་དུ་འདོན་དགོས་ཟེར། ཐབས་མ་བྱུང་བར་རྒྱལ་བོ་ཕེབས་ནས། པཎ་ཆེན་རིན་པོ་ཆེ་དབུས་ལ་གདན་དྲངས། པད་དཀར་འཛིན་པ་དགུང་ལོ་ཉི་ཤུ་རྩ་གཉིས་ཀྱི་སྟེང་ནས་ཧོར་ཟླ་གཉིས་པའི་ཉི་ཤུ་ལྔའི་ཉིན་ཁྲི་ལ་བཏོན། ཞེས་གསལ་བ་ལྟར། ཐབས་མ་བྱུང་བར་ཞེས་པའི་ཚིག་ནུས་གོ་དགོས་པ་དང་། ཆ་ཧར་དགེ་༡༧༤༠ ­‑ ༡༨༡༠བཤེས་ཀྱི་གསུང་བདེ་ལེགས་འབྱུང་གནས་ལས། རྗེ་ངག་དབང་ཡེ་ཤེས་རྒྱ་མཚོ་ནི། རྒྱལ་བོ་ལྷ་བཟང་གིས་རྗེ་འཇམ་དབྱངས་བཞད་པའི་དྲུང་དུ་གསུང་བརྟག་ཞུས་ནས་ངོས་འཛིན་མཛད། ཅེས་ཟེར་བ་སོགས་ཀྱི་གཏམ་རྒྱུན་ཡོད། ཅེས་འབྱུང་བ་དེ་ནི་མ་དག་པར་ཤེས་པ་དང་།  ཀུན་མཁྱེན་བླ་མས་ཀྱང་པད་དཀར་འཛིན་པ་རྒྱལ་བའི་ཁྲི་ཁར་འགོད་རྒྱུར་མཐུན་འགྱུར་གནང་མེད་པ་གསལ་བོ་འདུག་གོ།  དེར་མ་ཟད་ལྷུན་གྲུབ་ཁང་གསར་གྱི་གསོལ་དཔོན་ཆེན་མོར། རྒྱལ་བ་ཚངས་དབྱངས་རྒྱ་མཚོས་ཡི་གེ་གནང་བ་ལས། རྒྱལ་བོས་ངེད་ལ་བསྙེན་རྫོགས་གནང་ན་བོད་དུ་བསྡད་ཆོག། དེ་མིན་རྒྱ་ནག་ཏུ་རྫོངས་ཟེར་བའི་དྲག་འབྱིན་བྱེད་ཅེས་དང་། གསོལ་དཔོན་དེ་ལ་དངོས་སུ། ཚེ་ཚད་ནི་ལོ་ཉི་ཤུ་རྩ་ལྔ་ལས་མེད། དེའི་རིང་ལ་གང་དགའ་གང་སྐྱིད་བྱས་པ་དགའ་ཞེས་ཡང་ཡང་ཕེབས་ཀྱིན་ཡོད་ཅེས་གསུངས་ཤིང་སྤྱན་ཆབ་མཛད། ཅེས་གསོལ་དཔོན་དེས་སླེ་ལུང་བཞད་རྡོར་ལ་ཞུས་ཚུལ་དེའི་རང་རྣམ་དུ་གསལ་ལོ།།

པཎ་ཆེན་རིན་པོ་ཆེ་བློ་བཟང་༡༦༦ ­‑ ༡༧༣༧ཡེ་ཤེས་དབུས་སུ་ཕེབས་པ་ལས་ཀུན་མཁྱེན་བླ་མས་འཇིགས་བྱེད་བསྐྱེད་རིམ་ཆེན་མོའི་ལུང་གསན། འདི་སྐབས་རྗེ་ཉིད་ཀྱིས་པཎ་ཆེན་རིན་པོ་ཆེར་མདོ་སྨད་དུ་དགོན་པ་གདབ་རྒྱུའི་སྐོར་གྱི་ཐུགས་རེ་ཞུས་པར་ཐུགས་མཉེས་ནས། དགའ་ལྡན་དམ་ཆོས་བཤད་སྒྲུབ་དར་རྒྱས་གླིང་ཞེས་དགོན་པའི་མཚན་སྩལ། ཧོར་སྨིན་གྲོལ་ཆོས་ཀྱི་རྒྱལ་བོའི་སྤྲུལ་སྐུ་ངོས་འཛིན་གནང་ཞིང་དགེ་བཤེས་མང་བོར་ལམ་རིམ་ཆེན་མོའི་བཤད་ལུང་སྩལ། ཕ་བོང་ཁའི་མཁན་པོར་བཞུགས་ནས་ཁྲི་སྟོན་མཛད།             

ས་བྱི་༡༧༠༨ལོར་ཕ་བོང་ཁར། བྱ་བྲལ་བློ་བཟང་རིན་ཆེན་དང་། ཀུན་མཁྱེན་བླ་མས་ཀྱང་ལོ་ཆེན་བློ་བཟང་འོད་ཟེར་ཞེས་བསྔགས་པ་ཀུན་མཁྱེན་ལ་སྒྲའི་དྲི་བ་དང་ཕག་མོའི་ཕྲེང་སྔགས་ཀྱི་མཆན་འགྲེལ་རྩོམ་སྐུལ་ཞུ་མཁན་མདོ་སྔགས་རིག་གནས་སྨྲ་བའི་ལོ་ཙཱ་བ་པྲ་ཉེ་འོད་ཟེར་སོགས་དགེ་བཤེས་མང་བོར་དྲང་ངེས་ལེགས་བཤད་སྙིང་བོའི་བཤད་ལུང་གནང་སྐབས་ཀྱི་མཛད་པ་དག་སྐབས་དེའི་གསན་མཁན་གྲས་མཁན་ཆེན་དགེ་འདུན་རྒྱ་མཚོའི་རྣམ་ཐར་ལས། ཐོག་མར་ཀུན་མཁྱེན་བླ་མའི་ཞལ་ནས་བཀའ་ཕེབས་འདི་ལྟར། ཁྱེད་འདིར་ཆོས་གསན་མཁན་མཚན་ཉིད་པ་མང་བོ་ཡོད་གཤིས་རིག་པ་སྒྲིམ་སྟེ་ལེགས་བཤད་སྙིང་བོའི་བཤད་པ་གང་དྲག་གསན་ནས། དེ་རྗེས་དབང་མ་ཐོབ་པ་རྣམས་ཀྱིས་སྔགས་ཕྱོགས་ཀྱི་རྗེས་གནང་དང་། ལུང་ཁྲིད་སོགས་གསན་མི་རུང་བས་རྗེས་གནང་གི་མགོ་ཚུགས་པ་ནས་རང་རང་གི་གནས་ཚང་སོགས་སུ་བྱོན་ནས་སྐབས་སུ་གང་བབ་ཀྱི་དཔེ་འཛིན་སྐྱོར་ལྟ་རྟོག་སོགས་གང་དགོས་མཛོད་གསུངས་ནས། ལེགས་བཤད་སྙིང་བོའི་མགོ་མཆོད་བརྗོད་ནས་བཟུང་མཇུག་གི་བར་ལུང་རིགས་དྲི་མ་མེད་པ་དང་འབྲེལ་བའི་གསུང་བཤད་ཞིབ་རྒྱས་མཛད་པས། སྤྱིར་ལུང་རྟོགས་རྒྱ་མཚོ་ལྟ་བུ་ལ་མངའ་བརྙེས་པ་དང་།  ཁྱད་པར་ལེགས་བཤད་སྙིང་བོ་དང་། དཀའ་འགྲེལ། སྟོང་ཐུན། རྩ་ཤེས་ཊཱིཀ་ཆེན། དགོངས་པ་རབ་གསལ་སོགས་གཞུང་ཆེན་པོ་རྣམས་ལ་ཐུགས་འདྲིས་ཆེ་ཞིང་བསླབ་སྦྱང་ཞིབ་ཏུ་མཛད་པར་བརྟེན་ཚིག་དོན་གང་གི་ཆ་ནས་དགེ་བཤེས་རྣམས་ལ་བློ་སྐྱེད་དང་གོ་བ་བསམ་གྱིས་མི་ཁྱབ་པ་འབྱུང་བར་མཛད་གསུངས།  ཞེས་དང་། དེ་སྐབས་ལེགས་བཤད་སྙིང་བོའི་རང་རྒྱུད་པའི་ཐད་ཀྱི། འདིར་བདེན་པར་གྲུབ་པར་འཛིན་པའི་འཛིན་ལུགས་སམ། དེས་ཅི་འདྲ་ཞིག་ཏུ་བཟུང་བའི་དགག་བྱའི་སྤྱི་ལེགས་པར་མ་ཤར་བར་དེ་རྣམས་སུ་གྲུབ་པ་མི་སྲིད་ཅེས་པའི་བརྡ་འཇགས་པ་ཙམ་ལ་བརྟེན་ནས་ཞེས་པའི་ཐད་ཀྱི་བཤད་པ་མཛད་པའི་སྐབས་སུ། མཁས་པ་བློ་བཟང་རིན་ཆེན་ལགས་ཀྱིས་བརྡ་འཇགས་པ་ཙམ་ལ་བརྟེན་ནས་ཟེར་རྒྱུ་མ་ཡིན་པར་བརྡ་འཇོག་པ་ཟེར་དགོས་རྒྱུ་ཡིན་འདྲ་ཞུས་པར། ཀུན་མཁྱེན་བླ་མ་རིན་པོ་ཆེ་ཐུགས་ཧ་ལས་པ་ལྟར་མཛད་ནས། འདིས་འདི་ཟེར་གྱིན་འདུག་པ། བོད་པའི་སྐད་ལ་དེ་དེ་ལ་གཏན་འཇགས་བྱས་སོང་ཟེར་བ་ལྟ་བུ་ཡོད་ལ། རང་རེ་ཨ་མདོ་བའི་སྐད་དུ་ཡང་རྣ་བར་འཇགས་སོང་ཟེར་བ་ལྟ་བུ་ཡོད་པས། དེ་འདྲའི་རིགས་མ་གོ་བ་ཡིན་འདུག་གསུངས། ཡང་ལེགས་བཤད་སྙིང་བོའི་སྐབས་འགའ་ཞིག་ལ་སྒྲ་སྒྲུབ་ལུགས་དང་། དོན་འགྱུར་བྱེད་ལུགས་སོགས་ཀྱི་བཤད་པ་མཛད་ནས་དོན་གོ་བའི་ཡན་ལག་ཏུ་སྒྲ་ཤེས་པ་ཟེར་བ་འདི་འདྲ་ལ་ཟེར་བ་ཡིན།  འོད་ཟེར་དང་། ཁྱེད་གཉིས་ཀྱི་སྒྲ་ཤེས་པ་དེ་འདི་ཙམ་ཞིག་ཡིན་གསུངས་ནས་ས་གཞོང་ལ་ཕྱག་གིས་རི་མོ་འབྲི་བ་དང་། ཕྱིས་པའི་རྣམ་པ་མཛད་པ་སོགས་ཁེངས་པ་བཅོམ་པའི་བཀའ་གནང་བ་སོགས་མཛད་ཅིང་། ལེགས་བཤད་སྙིང་བོའི་བཤད་ལུང་ཡང་མཐར་ཕྱིན་པར་མཛད། དབལ་མང་དབང་ཟིན་ལས། སྔར་ལ་མོ་བསྟན་འཛིན་ཟེར་བའི་དགེ་བཤེས་ཁས་ལེན་མི་སུ་དང་ཡང་མི་མཐུན་པས། མིང་ལ་རོང་ཊཱིཀ་པ་ཞེས་བཏགས་པ་ཞིག་ཡོད་པ་དེ་སྨད་རྒྱུད་ལ་ཕེབས་སྐབས། རྒྱུད་པའི་ཚོགས་འཁོར་ལ་ཤ་རློན་དང་ཆང་བཞེས་པ་སོགས་སེམས་ལ་མ་རན་ནས་རྒྱུད་ཀྱི་དམ་བཅའ་ཞིག་ལ་བཞེངས་སྐབས། ཁང་བ་འདི་སྦོམ་པོའི་ཁང་བ་དང་། རི་འདི་སྦོམ་པོའི་རི་ཡིན་པར་ཐལ་སོགས་འཕངས་པ་ཀུན་མཁྱེན་གོང་མས་གསན་ནས། ཕྱིས་ཕ་བོང་ཁར་ལེགས་བཤད་སྙིང་བོའི་བཤད་ལུང་གནང་སྐབས་ཤིག་དགེ་བཤེས་ཆེ་དྲག་མང་བོ་འོང་བའི་ཁྲོད་ན་ལ་མོ་བསྟན་འཛིན་ཡོད་པར་གསུང་འཕྲོས་ཀྱི་ཞར་ལ། འདི་ན་ཧ་མ་གོ་བ་འགའ་ཞིག་གིས་མཚན་ཉིད་ཀྱི་རིགས་པ་ཅུང་ཟད་རེ་ཤེས་པས་སྔགས་སུན་ཕྱུང་ནས་ཞེས་བཀའ་བཀྱོན་མང་བོ་གནང་བར་མཁན་ཆེན་རྡོ་རྗེ་འཆང་གི་གསུང་ལས་དངོས་སུ་ཐོས་གསུངས། ཞེས་དང་། མཁན་ཆེན་རྣམ་ཐར་ལས།   དེ་ནས་སྒྲོལ་མ་ཉེར་གཅིག་གི་རྗེས་གནང་ཚོམ་བུ་དང་། གཏོར་མ་དང་། སྐུ་ལ་བརྟེན་པ་རྣམས་ཀྱི་ནང་ནས་ཐོག་མར་སེང་ལྡིང་ནགས་སྒྲོལ་གྱི་སྐབས་སུ་བདག་བསྐྱེད་མདུན་བསྐྱེད་རྣམས་བསྒྲུབས་ནས་དེའི་རྗེས་གནང་མཛད། དེ་གྲུབ་པ་དང་ཚོམ་བུ་སྔ་མ་བསྡུས་ཏེ་ཕྱི་མ་འགོད་པར་མཛད་ནས་མྱུར་མ་དཔའ་མོའི་རྗེས་གནང་སོགས་རིམ་པ་ལྟར་གནང་ཞིང་། ཉིན་གཅིག་ལ་རྗེས་གནང་ལྔ་ཙམ་འགྲོ་ཚེ་ཡང་བདག་བསྐྱེད་སྔར་གྱི་སེང་ལྡེང་ནགས་སྒྲོལ་གྱི་ངང་ནས་ཕྱི་མ་ཕྱི་མའི་མདུན་བསྐྱེད་ཚོམ་བུ་ལ་བརྟེན་ནས་དེ་དང་དེའི་རྗེས་གནང་མཛད་པ་ནི་ཉེར་གཅིག་པོ་ཐམས་ཅད་ལ་རིགས་འདྲ་བར་གནང་ཞིང་། ཐམས་ཅད་གྲུབ་རྗེས་རྗེས་གནང་གི་ཆོ་རྣམས་དང་སྒྲུབ་ཐབས་ཀྱི་ལུང་ཡང་ཕུལ། དེ་ནས་དཔལ་གསང་བ་འདུས་པའི་སྒྲུབ་ཐབས་དང་ལྷན་ཐབས་གཉིས་ཀའི་སྟེང་ནས་བསྐྱེད་རིམ་གྱི་ལུང་ཁྲིད་མཛད་ཅིང་། མཁྱེན་པ་ལྷ་ལམ་ལྟར་ཡངས་པ་དང་། སྡེ་སྣོད་ཐམས་ཅད་དང་། ཁྱད་པར་ཐེག་པ་ཆེན་པོ་གསང་སྔགས་རྡོ་རྗེ་ཐེག་པའི་རྒྱུད་སྡེ་རྒྱ་མཚོའི་ཕ་རོལ་ཏུ་སོན་པས། བློ་དང་ལྡན་ཞིང་རིམ་པ་དང་བོའི་སྐོར་ལ་འདྲིས་པ་བགྱིས་པ་ཐམས་ཅད་ལ་བློ་སྐྱེད་དང་གོ་བ་བླ་ན་མེད་པ་སྟེར་བར་མཛད་གསུངས། དེ་རྗེས་དོན་གཉེར་ཅན་འགའ་ཞིག་གིས་ཞུས་པར་བརྟེན་བདེ་མཆོག་དྲིལ་བུ་ལྷ་ལྔའི་དབང་ཉི་མ་གཉིས་ཀྱི་རིང་ལ་གནང་བ་ལ་ཉིན་སྔ་མར་སྟ་གོན་དང་ཕྱི་མར་དངོས་གཞི་རྫོགས་པར་མཛད་ཅིང་། དབང་གི་སྤྱི་བྱེ་བྲག་གི་བཤད་པ་དང་ཕན་ཡོན། བདེ་མཆོག་གི་ཆེ་བརྗོད་སོགས་བསམ་གྱིས་མི་ཁྱབ་པ་མཛད། ཞར་ལ་གདན་ས་ཆེན་པོ་ཕ་བོང་ཁ་དེ་ཉིད་ཆོས་རྒྱལ་སྲོང་བཙན་སྒམ་པོའི་བཞུགས་གནས་ཡིན་པ་དང་། ཕ་བོང་ཁ་བ་འཇམ་དབྱངས་གྲགས་པ་དང་། རྗེ་དཔལ་འབྱོར་ལྷུན་གྲུབ་སོགས་སྐྱེས་ཆེན་དམ་པ་མང་བོ་ཡང་བཞུགས་ཚུལ་དང་། ཡུལ་ཉི་ཤུ་རྩ་བཞིའི་ནང་ཚན་དེ་བི་ཀོ་ཊི་ཡིན་པས་བྱིན་རླབས་ཤིན་ཏུ་ཆེ་བ་སོགས་ཀྱི་བསྔགས་བརྗོད་ཆེན་པོ་མཛད་གསུངས། ཞེས་དང་། དེ་ལྟར་སྔར་བཤད་པ་ལྟར་གྱི་ལེགས་བཤད་སྙིང་བོའི་བཤད་ལུང་སོགས་ཀྱི་སྐབས་སུ་མཁས་པའི་དབང་བོ་བློ་བཟང་རིན་ཆེན་པའི་ཞལ་སྔ་ནས་ཀྱིས་མདོ་སྔགས་ཀྱི་ཁྲིད་ལུང་རྣམས་ཀྱི་ཟིན་ཐོ་གང་ཐོན་ཡི་གེར་བཀོད་ཆོག་པར་གསོལ་བ་བཏབ་ཀྱང་བཀའ་ལུང་འཁྲོལ་བ་མ་གནང་འདུག། དེ་ཡང་བླ་མ་རིན་པོ་ཆེའི་ཞལ་ནས་ཁོང་དགེ་བའི་བཤེས་གཉེན་ཆེན་པོ་ཡོན་ཏན་བསམ་གྱིས་མི་ཁྱབ་པའི་མངའ་བདག་ཏུ་གྱུར་ཅིང་། ཀུན་མཁྱེན་བླ་མ་རིན་པོ་ཆེའི་ཞལ་སློབ་ཀྱི་ཁྲོད་ནས་ཁྲི་རིན་པོ་ཆེ་དགེ་འདུན་ཕུན་ཚོགས་པའི་ཞལ་སྔ་ནས་དང་། ཁོང་རྣམ་པ་གཉིས་དྲག་ཤོས་སུ་སོང་གཤིས་བཀའ་ཆོས་ཀྱི་ཟིན་བྲིས་མཛད་པའི་འོས་ཡིན་ཡང་། བློ་བཟང་རིན་ཆེན་པའི་ཞལ་སྔ་ནས་ཀྱིས་སྨིན་གྲོལ་གླིང་དང་། རྡོ་རྗེ་བྲག་སོགས་སུ་གཏེར་སྟོན་གཉིས་ཀྱི་སྤྱན་སྔར་གསང་སྔགས་རྙིང་མའི་གསན་སྦྱོང་མཛད་པ་ལ་ཀུན་མཁྱེན་རིན་པོ་ཆེའི་སྐུ་ཞབས་ནས་ཅུང་ཟད་མི་མཉེས་པའི་ཚུལ་མཛད་ཀྱིན་ཡོད་པའི་སྟབས་ཀྱིས་ཡིན་འདྲ་གསུངས། ཞེས་འབྱུང་ལ། བྱ་བྲལ་བློ་བཟང་རིན་ཆེན་འདི་ཉིད་མདོ་སྨད་དུ་ཁྱུ་མཆོག་གི་རིགས་སུ་འཁྲུངས་ཤིང་སྒོ་མང་བྱ་བྲལ་ཁམས་ཚན་དུ་ཞུགས་ནས་མདོ་སྔགས་རིག་གནས་དང་བཅས་པར་མཁས་པར་སྦྱངས། ས་སྟག་༡༦༩༨ལོར་སྡེ་སྲིད་ཀྱིས་སྒྲའི་དྲི་བ་གནང་བ་ལ་ལན་ཕུལ་སྐབས་ཨང་རིམ་བདུན་པ་ཡིན་ཞིང་རྒྱལ་བ་ཚངས་དབྱངས་པའི་མཚན་ཞབས་པ་ཡིན་པར་གསེར་སྙེར་གསལ། དཔོན་སློབ་བྱམས་པ་རིན་པོ་ཆེས་ཀྱང་བྱ་བྲལ་བློ་བཟང་རིན་ཆེན་ལས་ཀྱེ་རྡོར་ཀྱི་དབང་གསན་པ་དང་། ཁྲི་ངག་དབང་མཆོག་ལྡན་གྱིས་ཀྱང་དེ་ཉིད་ལས་ཚེ་དབང་འཆི་མེད་རྔ་སྒྲ་ལྷ་དགུའི་དབང་གསན་སྣང་། སླེ་ལུང་བཞད་རྡོར་གྱི་རང་རྣམ་ལས། དཔོན་སློབ་བློ་བཟང་རིན་ཆེན་ལ་སེམས་ཅན་ཐམས་ཅད་སངས་རྒྱས་པ་ན་ཐུགས་རྒྱུད་གཅིག་ཏུ་འགྱུར་རམ་མི་འགྱུར་སོགས་དང་། སེམས་ཅན་རེ་རེ་དང་རྒྱུད་གཅིག་ཏུ་གྱུར་བའི་གསང་བདེ་འཇིགས་གསུམ། དུས་འཁོར་རིགས་གསུམ་མགོན་པོ། ཤཱཀྱ་ཐུབ་པ་སོགས་ཡོད་མེད་དང་། ཟད་པར་སྐྱེ་མཆེད་སྐོར་གསུམ་སོགས་འགའ་ཞིག་ཞུས་པར། དེ་བཞིན་གཤེགས་པའི་མཛད་པ་རྣམས་ལ་དེ་ཚོ་ངེད་རང་རྣམས་ཀྱིས་བློས་མི་ཆོད། བསམ་མི་ཁྱབ་ཡིན་ཤ་སྟག་གསུངས་ཤིང་། གསང་སྔགས་རྙིང་མ་རྣམས་ལ་བསྔགས་བརྗོད་དང་། གཏེར་སྟོན་རྣམས་ལ་བསྒྱུར་སྦྱང་སོགས་ཐུགས་མཚོར་གང་ཤར་གྱི་བསླབ་སྟོན་ལྷུག་པར་བསྩལ། ཞེས་ཤིང་རྟ་༡༧༡༤ལོར་སླེ་ལུང་བཞད་རྡོར་བྱ་བྲལ་བློ་བཟང་རིན་ཆེན་ལ་མཇལ་ཚུལ་གསལ་ལ། གསེར་སྙེ་ལས། ཐོས་བསམ་དར་རྒྱས་གླིང་གི་བླ་མར་སྒོ་མང་བློ་བཟང་རིན་ཆེན་ཞེས་ས་ཡོས་༡༦༩༩ལོར་བསྐོས་པར་བཤད་པ་ཡང་རྗེ་འདི་བ་ཡིན་ནམ་དཔྱད་ལ། བྱ་བྲལ་བློ་རིན་ལ་གསུང་རྩོམ་ནི། གདུགས་དཀར་དང་འཁོར་ལོ་འབར་བའི་གཟུངས་འགྲེལ། འབྱམས་ཡིག། བར་དོ་འཕྲང་སྒྲོལ་གྱི་འགྲེལ་བ། དབྱངས་ཅན་སྒྲ་ཊཱིཀ་གི་མཆན། ཟླ་མེད་སྟོན་པ་མའི་འགྲེལ་བ་བཅས་ཡོད་པར་རྗེ་ཤེར་རྒྱམ་གྱིས་གསུངས་སོ།།   དེ་བཞིན་དུ་མདོ་སྨད་ཆོས་འབྱུང་ལས། ཀླུ་ཚང་བློ་བཟང་རྒྱལ་མཚན་ནི་ཁ་གྱའི་ཀླུ་ཆེ་ཨ་ཡོན་ཚོ་བར་འཁྲུངས། འབྲས་སྒོ་མང་བྱ་བྲལ་ཁམས་ཚན་དུ་སློབ་གཉེར་མཛད་པས་དགེ་བཤེས་རྩེར་སོན། ཀུན་མཁྱེན་བླ་མ་བསྟེན་ནས་མདོ་སྔགས་ཀྱི་ཆོས་བཀའ་རྒྱ་ཆེར་མནོས། སྐབས་ཤིག་ཁོང་ལ་མ་ཞུས་པར་སྨིན་གླིང་དུ་གཏེར་སྟོན་མཇལ། རིག་གནས་བསླབ། ཐུ་མེད་ལྷ་བཙན་དང་མཉམ་དུ་འཁོར་བ་དབྱིངས་སྒྲོལ་སོགས་བཀའ་ཆོས་མང་བོ་ཞུས། ཕྱིར་ཕེབས་ནས་ཀུན་མཁྱེན་བླ་མ་ལ་ཞུས་པར་བཀའ་ཕེབས་མང་བོའི་མཇུག་ཏུ་ཞབས་ཆགས་ཀྱིས་བརྡུང་སྟངས་མཛད་དེ་སོང་གསུངས། ཞེས་འབྱུང་བ་སོགས་ཕྱོགས་འདྲ་བར་སྣང་། འོན་ཀྱང་ལས་འཕྲོ་སད་པ་དང་དུས་ལ་བབ་ན་སློབ་མ་ཚོས་སྔ་འགྱུར་གསན་པ་ཡང་དགག་བྱ་གནང་གིན་མེད་པ་ནི། མདོ་སྨད་ཆོས་འབྱུང་ལས། ཀུན་མཁྱེན་བླ་མའི་བཀའ་བཞིན་རྒྱུད་སྨད་དུ་སྔགས་ལ་སྦྱངས་པས་མདོ་སྔགས་ཀྱི་མཁས་པ་ཆེན་པོར་གྱུར། སྨིན་གྲོལ་གླིང་དུ་གཏེར་སྟོན་ལ་ཆོས་ཞུ་བའི་བསྐུལ་མའང་ཀུན་མཁྱེན་ནས་མཛད། ཅེས་ཙ་ཡུས་དཀའ་བཅུ་འཕྲིན་ལས་༡༦༦༧‑༡༧༤༤རབ་བརྟན་གྱི་རྣམ་ཐར་ཐད་དུ་འབྱུང་བ་ལྟར་ལ། རྗེ་བླ་ཁོ་རིན་པོ་ཆེས་མཛད་པའི་ཀུན་མཁྱེན་སྐུ་ཕྲེང་བཞི་བའི་རྣམ་ཐར་ཁ་སྐོང་ལས། སྔ་འགྱུར་རྡོ་རྗེ་ཐེག་པའི་ལམ་ལས་ཀུན་བཟང་གདོད་མའི་རང་ཞལ་མངོན་དུ་མཛད་པ་དགེ་སློང་ནམ་མཁའི་སྙིང་བོ་ཞེས་ཀུན་མཁྱེན་བླ་མའི་འཁྲུངས་རབས་སུ་བགྲང་བ་དང་། རྒྱ་ཞབས་དྲུང་ཚང་གིས་མཛད་པའི་ཀུན་མཁྱེན་སྐུ་ཕྲེང་ལྔ་བའི་རྣམ་ཐར་ལས། སེམས་ཀློང་མན་ངག་གི་སྡེའི་བཤད་སྒྲུབ་ཀྱི་གདམས་པ་རྫོགས་པར་གསོལ་ཞིང་སྒྲུབ་པ་བཀའ་བརྒྱད་ཀྱི་སྒོ་ནས་རྟོགས་པ་ཀློང་དུ་གྱུར་པའི་རིག་འཛིན་གྱི་སྐུ་བརྙེས་པ་སོག་པོ་དཔལ་གྱི་ཡེ་ཤེས་ཞེས་ཀུན་མཁྱེན་བླ་མའི་འཁྲུངས་རབས་སུ་བགྲང་ཡོད་པ་ལྟར། ཀུན་མཁྱེན་རང་ཉིད་ཀྱང་ཕྱོགས་དེའི་བསྟན་པ་འཛིན་པའི་སྐྱེས་བུར་འཁྲུངས་ནས་བསྟན་འགྲོའི་དོན་མཛད་པར་གསུངས་པ་ལྟར་རོ།། ད་ནི་དཀྱུས་ལ་འཇུག་ན།

ལོ་དེར་ཕར་ཕྱིན་སྐབས་དང་བོ་དང་བཞི་བ་གཉིས་ལྗགས་རྩོམ་གནང་། རྒྱལ་བོ་ལྷ་བཟང་འདི་ཉིད་ཀྱི་ཆོས་ཕྱོགས་ཀྱི་ཤེས་ཚད་དགའ་རབ་ཡོད་པར་སྣང་སྟེ།  ལོ་ཙཱ་བརྒྱུད་ནས་དགེ་བཤེས་རྣམས་ལ། ཇི་ལྟ་བ་གཟིགས་པའི་གཟིགས་ངོར་ཇི་སྙེད་པ་གཟིགས་མ་གཟིགས་དང་། རྣམ་མཁྱེན་གྱིས་རྣམ་མཁྱེན་རྟོགས་ན་གཉིས་སྣང་བཅས་ནུབ་གང་ཡིན་སོགས་དྲིས་པར་མཁན་ཆེན་དགེ་རྒྱམ་པའི་རྣམ་ཐར་དུ་གསལ་བ་དང་། སྡེ་སྲིད་དང་ཁོང་གཉིས་ཀྱིས་གསེར་ཕྲེང་ལུགས་ལ་ལོངས་སྐུ་ངེས་པ་ལྔ་ལྡན་བཞེད་མིན་འཕྲོས་པ་བྱས་པར་ཀུན་མཁྱེན་རྣམ་ཐར་དུ་གསལ་བ་དང་། ཐེངས་ཤིག་ལྷ་བཟང་གིས་པཎ་ཆེན་བློ་བཟང་ཡེ་ཤེས་ལ་དངུལ་རྡོ་ཚད་བརྒྱ་ཕུལ་བ་ན། ཞམ་འབྲིང་དག་གིས་ད་ལོ་འབུལ་དངོས་འདི་ལས་ཆེ་ཡོང་མ་མྱོང་ཞུས་པར། རྡོ་ཚད་ཅེས་པ་ཅི་རེད་གསུངས་པར། མི་རྣམས་ཀྱིས་དེ་ཙམ་ཡང་མི་ཤེས་པ་ཞེས་སྐུར་བ་ཞུས་པ་ལྷ་བཟང་གིས་ཐོས་ནས། མིན་ནི་བླ་མ་བོག་ཏོ་པཎ་ཆེན་ཞེས་ཐལ་མོ་སྦྱར་ཏེ། གསེར་དང་བོང་བ་མཉམ་པ། ནམ་མཁའ་དང་ལག་མཐིལ་མཉམ་པ་ཟེར་བ་དེ་ཡིན་གསུངས་ནས་ལྷག་པར་གུས་པ་ཆེར་སོང་བར་རྗེ་གུང་ཐང་བའི་བདེ་ལམ་ཟིན་བྲིས་གདུང་སེལ་བདུད་རྩིའི་ཐིགས་པར་གསུངས་ལ། སོག་སྐད་ལ། མིན་ནེ་ཞེས་པ་ང་ཚོ། བོག་ཏོ་ཞེས་པ་གོང་ན་མེད་པ་སྟེ། ང་ཚོའི་བླ་མ་གོང་ན་མེད་པ་པཎ་ཆེན་ཞེས་པའི་དོན་ནོ།།  སེ་རྭ་དཔོན་སློབ་བློ་བཟང་ནོར་བུ་དང་ལྷ་བཟང་གཉིས་མཇལ་འཕྲད་སྐབས་ལྷ་བཟང་གིས། རིམ་པ་བཞི་བའི་དོན་གྱི་འོད་གསལ་གྱི་སྐབས་སུ་སྒྱུ་ལུས་ཡོད་དམ་ཞེས་དྲིས་པར། སེ་རྭ་དཔོན་སློབ་ཀྱིས་སྒྱུ་ལུས་ཀྱི་སྣང་བ་མེད་ཀྱང་སྒྱུ་ལུས་ཡོད་ཅེས་ལན་བཏབ་པར་ལག་བརྡབ་ནས་ཁྲེལ་དགོད་བྱས་པར་སླེ་ལུང་བཞད་རྡོར་གྱི་རང་རྣམ་དུ་འབྱུང་བ་སོགས་ལ་དཔྱད་ན་ཆོས་ཕྱོགས་ཀྱི་ཤེས་ཚད་ཅི་འདྲ་ཡོད་རྟོགས་ཐུབ་ཅིང་། སྲིད་ཕྱོགས་ནས་ཀྱང་སྐབས་དེའི་མང་ཚོགས་ཀྱིས་དགའ་མོས་བྱེད་ས་ཞིག་ཡིན་ཚུལ་སྐབས་དེར་སེ་རྭ་དགོན་དུ་ཕྱི་གླིང་བ་ཡེ་ཤུའི་ཆོས་སློབ་སྒྲེ་སི་སྒྲེའི་རི་བྱ་བ་ཆོས་ཞུགས་བྱས་ཡོད་པ་ཞིག་གིས་བྲིས་ཡོད་འདུག་ལ། དེར་མ་ཟད་སླེ་ལུང་བཞད་རྡོར་གྱི་རང་རྣམ་ལས། རྒྱལ་བོའི་ཆིབས་བསུར་སྟག་མ་མདོར་ཕྱིན་པས་མ་མཇལ་ཙམ་ནས་རྒྱལ་བོ་རང་ཆིབས་ལས་བཤོལ་ཏེ་ཕྱག་གནང་བའི་བཀུར་བཟོས་ཆེ་བ་དང་། རྒྱལ་བོའི་སྐུ་ཞབས་ནས་ཁ་སང་ཡང་སྤྲུལ་སྐུ་རིན་པོ་ཆེར་བཞུགས་སྟན་དམའ་བ་མ་ལགས་ཤིང་། ད་ཆ་རྗེ་དྲུང་གོང་མ་ཡང་ང་རང་གི་བླ་མ་ཡིན། སྐུ་འདི་ཡང་གཞན་དང་མི་འདྲ་བས་བླ་མར་འཛིན་རྒྱུ་ཡིན་པ་བཅས་ད་ནས་བཟུང་བཞུགས་སྟན་མཐོ་བར་གྱིས་ཞེས་པའི་བསླབ་སྟོན་བསྒྱུར། ཞེས་རང་གི་བླ་མའི་སྤྲུལ་སྐུ་ཡང་རང་ལས་བཞུགས་གདན་མཐོ་བར་བཀུར་བ་ནི། སྲིད་ཀྱི་དབང་ཆ་གཙོ་བོར་བྱེད་པའི་ཁྱིམ་པ་སྲིད་སྐྱོང་ཞིག་ལ་མཚོན་ན། ཆོས་ཀྱི་ཞག་རྩི་གླེང་རིན་ཡོད་པ་ཞིག་སྟེ། བཞུགས་གྲལ་དུ་ཁྲི་མཐོ་དམན་འབའ་ཞིག་བླང་དོར་དུ་བཟུང་སྟེ་ད་དུང་ཆོས་སྲིད་གཉིས་ལས་ཆོས་གཙོ་བོར་བྱེད་པར་རློམ་མཁན་མང་བའི་ཕྱིར་རོ།།  སྟག་ཚང་ལྷ་མོའི་གདན་རབས་པད་དཀར་འཁྲི་ཤིང་ལས། རྒྱལ་བོ་ལྷ་བཟང་གིས་ལྷ་སར་རང་གི་སྐུ་བརྙན་བྲིས་པ་ལྟར་དམ་པ་རྣམས་ཐུགས་ཁྲེལ་བའི་གནས་ཞེས་ཀྱང་འབྱུང་ལ། ཁམས་སྤྲུལ་བསོད་དོན་གྱིས་བརྩམས་པའི་གངས་ཅན་མི་སྣ་གྲགས་ཅན་གྱི་འཁྲུངས་འདས་ལོ་ཚིགས་རེའུ་མིག་ཅེས་པར། ལྷ་བཟང་རབ་བྱུང་༡༢ས་ཡོས༡༦༩༩ལོར་སྐྱེས་ནས་༡༧༡༧ལོར་འདས་པར་བཤད་ཀྱང་སྐྱེས་ལོ་ནོར་བར་ངེས་པ་བཅས་ཞར་བྱུང་ངོ་།།  

ས་གླང་༡༧༠༩ལོར་ཀུན་མཁྱེན་བླ་མ་མཆོག་གིས་འཇམ་དབྱངས་བདེ་བའི་རྡོ་རྗེ་དང་སེ་རྭ་བློ་བཟང་ནོར་བུ་སོགས་ལ་ལམ་རིམ་ཆེན་མོ་རྗེ་ཉིད་ཀྱི་མཆན་དང་སྦྲག་པའི་བཤད་ལུང་སོགས་སྩལ། བསེ་ངག་དབང་བཀྲ་ཤིས་དགེ་འཕེལ་དུ་དཔེ་མཚམས་ལ་བཞུགས་ཡོད་པར། རྗེ་འདིས་ཕ་བོང་ཁ་ནས་ཡི་གེ་གནང་དོན། ངག་དབང་བཀྲ་ཤིས་ལགས། ད་ལོ་ང་རང་མདོ་ཁམས་སུ་འགྲོ་རྩིས་ཡིན་པས། ཁྱོད་རང་ཡང་འགྲོ་དགོས། དེའི་བར་ཡིག་ཆ་ལ་ལྟ་ཡག་གྱིས། ཞེས་ཕྱག་བྲིས་སྤྲིངས།  ཕྱག་མཛོད་རབ་འབྱམས་པ་ངག་དབང་འདས། སྡེ་བ་བློ་བཟང་དོན་གྲུབ་ཕྱག་མཛོད་དུ་བསྐོས། སྐལ་བཟང་འཇུག་ངོགས་སུ། ལྷ་བཟོ་རབ་འབྱམས་པ་ཕུན་ཚོགས་ཞེས་པ། མདོ་སྨད་ལྷོ་རྒྱུད་ཀྱི་རྨུ་གཤོང་ངམ་རྨེ་ཤུལ་སྒ་གོང་དུ་འཁྲུངས། འབྲས་སྒོ་མང་བ། ཀུན་མཁྱེན་གྱིས་ཆར་གཅོད་ཀྱི་གདམ་པ་གནང་། དབུས་སུ་རྗེའི་རྣམ་ཐར་དང་ཨ་མདོར་ཀུན་མཁྱེན་ལ་མི་ཏྲའི་དཀྱིལ་ཐང་དར་ལིང་ངོས་ལ་བཞེངས་ཤིང་། ཡོངས་གྲགས་ལ་ཕུན་ཚོགས་ལྷ་བྲིས་པ་ཟེར་བ་བཅས་ཞར་བྱུང་ངོ་།། པད་དཀར་འཛིན་པ་དང་། ལྷ་བཟང་། བྱང་རྩེ་མཁན་པོ་དགེ་འདུན་ཕུན་ཚོགས། རྗེ་ཉིད་ལ་འཇམ་དབྱངས་ཞི་ཁྲོ་སྦྲག་སྒྲུབ་ཀྱི་རྣམ་བཤད་འབྲིང་བོ་སྐལ་བཟང་འཇུག་ངོགས་རྩོམ་སྐུལ་ཞུ་མཁན་དར་མོ་སྨན་རམས་པ་༡༦༣༨‑?བློ་བཟང་ཆོས་གྲགས་སོགས་ལ་བཀའ་ཆོས་སྩལ། དར་མོ་སྨན་རམས་པ་རྒྱལ་དབང་ལྔ་བ་ཆེན་མོའི་བླ་སྨན་ཡིན་པར་མ་ཟད། སྨིན་གླིང་གཏེར་ཆེན་སྐུ་མཆེད་ལ་ཆོས་འབྲེལ་ཙམ་འདུག་ཅིང་། སྡེ་སྲིད་ཀྱིས་ཀྱང་གཟིགས་མཐོང་ཆེ་ཚུལ་ཚངས་རྣམ་གསེར་སྙེ་དང་བེེ་སྔོན་དང་མན་ངག་ལྷན་ཐབས་ཀྱི་མཇུག་བཅས་སུ་གསལ་མོད། ཕྱིས་སུ་སྡེ་སྲིད་དང་ཐུགས་ནང་མི་གཤིན་པ་བྱུང་ཚུལ་ནི། སྨིན་གླིང་ངག་དབང་སངས་རྒྱས་དཔལ་བཟང་གིས་མཛད་པའི་མན་ངག་ཡོན་ཏན་རྒྱུད་ཀྱི་གཅེས་བསྡུས་ཀྱི་ཟུར་རྒྱན་ཕྱི་མ་ལྡེ་མིག་སྦས་དོན་ཀུན་གསལ་ལས། རང་སྐྱོན་རི་ཙམ་མི་མཐོང་གཞན་སྐྱོན་ཆུང་ངུའང་སློང་།།  ཞེས་བྲིས་ནས་མཆན་དུ་དར་མོ་བ་སོགས་ཀྱིས་རང་སྐྱོན་མི་མཐོང་བར་སྡེ་སྲིད་རིན་པོ་ཆེའི་སྐྱོན་སློང་བ་ཞེས་བྲིས་ཡོད་པས་ཤེས་སླ་བ་བཅས་ཞར་བྱུང་ངོ་།། དེ་ནས་རིམ་གྱིས་མདོ་སྨད་དུ་ཕེབས་པར་ཆས། འབུམ་སྟོད་ནས་ཕྱིར་གཞུང་བ་དགེ་སློང་མཁས་གྲུབ་རྗེའི་མདུན་ཅོག་ཕ་བོང་ཁར་ལུས་པ་ལེན་དུ་བཏང་བ། སྡེ་བ་སྟག་རྩེ་བས་མཚམས་འདྲིར་མངགས་པ་སོགས་ཀེ་ཏ་ཀར་གསལ་ཡང་འཇུག་ངོགས་སུ་མི་གསལ། དེ་བཞིན་དུ་ལམ་སྐབས་ཀྱི་མཛད་པ་མང་བོ་ཞིག་ཀྱང་ཀེ་ཏ་ཀར་གསལ་བ་འཇུག་ངོགས་སུ་མི་གསལ་བ་མང་། དཔྱི་ཁོག་ལ་བཞུགས་སྐབས་སུ་གཅུང་རབ་འབྱམས་པ་བློ་གྲོས་མཇལ་དུ་ཕེབས། དེང་གི་སོག་རྫོང་ནས་ནུབ་ཏུ་སྤྱི་ལེ་ཉེར་བདུན་གྱི་སར་ཡོད་པའི་དཔོན་ཚང་ཨུརྒེའི་ཐོག་ཏུ་གཅུང་གུ་རུ་བསུ་བར་ཕེབས་ཚུལ་ཀེ་ཏ་ཀར་གསལ།  ཟླ་བཅུ་བ་ནས་རྩེ་མདོར་བཞུགས། ཀུན་མཁྱེན་བླ་མའི་སྦྱིན་བདག་གི་གཙོ་བོ་སོག་དཔོན་ཇུ་ནང་ནི། ཇིང་གེར་རྒྱལ་བོ་དང་ཡུམ་གཅིག་པའི་ནུ་བོ་ཧཱ་པོ་ཐུ་ཧཱ་སར་ནས་བརྩིས་པའི་མི་རབས་བཅོ་བརྒྱད་པ་གུ་ཤྲི་བསྟན་འཛིན་ཆོས་རྒྱལ་ཡིན་ཞིང་། དེ་ལ་བུ་བཅུ་ཡོད་པའི་ལྔ་བ་ཚེ་རིང་ཨེ་ཏི་ཆི་ཡིན། དེའི་བུ་དར་རྒྱལ་བོ་ཤོག་ཐུ་ཡིན། དེའི་བུ་ཏིས་ཆིང་ཁོ་ཤོས་ཆི་ཚེ་དབང་༡༦༧༠‑༡༧༣༥བསྟན་འཛིན་ནམ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་སྦྱིན་བདག་གི་གཙོ་བོ་དཔོན་ཇུ་ནང་ཡིན་ལ། ཁོང་རྨ་ཆུའི་ལྷོ་རྒྱུད་ཀྱི་སོག་པོའི་རྒྱལ་རབས་དང་བོར་བརྩི་བ་བཅས་ཞར་བྱུང་ངོ་།། དེ་ནས་ཀུན་མཁྱེན་བླ་མས་སྐུ་འཁོར་དགེ་བཤེས་ཁ་ཤས་གཉན་རྗེ་གོང་སྔོན་དུ་བཏང་ནས་དགོན་སའི་དོན་དུ་ས་བརྟག་བསླང་དང་བཀྲ་ཤིས་གསོ་སྦྱོང་མཛད་བཅུག།  ཀེ་ཏ་ཀར་གྲྭ་རྒྱུན་ལ་རྗེ་རང་གི་སྐུ་ཚ་གཉིས་བཏང་། ཞེས་པ་ཙམ་ལས་མི་གསལ་ཡང་། འཇུག་ངོགས་སུ། སྐུ་ཚ་འཇམ་དབྱངས་བསྟན་པ་དང་། འཇམ་དབྱངས་མཁས་མཆོག་ཅེས་གསལ། རྣམ་ཐར་གཉིས་དང་མདོ་སྨད་ཆོས་འབྱུང་དུ་གསལ་བ་ལྟར། གཙོས་དཔོན་པོ་རབ་བརྟན་ཟས་དུག་གིས་ན་བ་སྐྱབས་འཚོལ་དུ་འོང་བ་ལ་བུམ་ཆུ་གནང་བས་དྲག།

ལྕགས་སྟག་༡༧༡༠ལོར་ཤ་བོའི་རུ་རྩེ་མདོར་དང་བོར་གྲྭ་ཚང་གསར་ཚུགས་བྱས་པས་དང་བོའི་ལུང་བ་དང་། དང་བོའི་མདོ་ཞེས་སུ་གྲགས།  ལུང་བའི་ཁ་བྱང་ནས་ལྷོར་འཁོར་ཡོད། དེར་བདེ་མཆོག་རྒྱུད་འགྲེལ་དང་ལམ་རིམ་སོགས་གནང་། མདོ་སྨད་ཆོས་འབྱུང་ལས། འདིར་བཞུགས་རིང་ཨ་ཙཀ་གལ་བློ་བཟང་དར་རྒྱས་ཟེར་བས་ཕྱག་གཡོག་ཐུགས་ཟིན་ཞུས་པར། སྐུ་ལ་ཡུན་རིང་བསྒྲིལ་བའི་རྩམ་པ་ཟར་བཅུག་པ་སླར་སྐྱུག་པས། ད་ཁྱོད་ཀྱིས་རྣམ་རྒྱལ་མ་མང་བོ་ཐོན་དང་ཚེ་རིང་བོ་ཡོང་། ནོམ་པ་ཕྱོགས་ལ་ཨོཾ་མཎི་པདྨེ་ཧཱུཾ་ཞེས་གསུངས་ཕྱིས་དེ་ཁོ་ན་ལྟར་བྱུང་། ཞེས་སོ།། དབལ་མང་རྣམ་ཐར་ལས། ཀུན་མཁྱེན་གོང་མ་ལ་ཕྱག་ནས་ཞུས་པས་དབུ་ལ་བཞག། སློབ་དཔོན་རིན་པོ་ཆེའི་གསུང་འཁྲུལ་མེད་ནི་བཀའ་ཐང་ཚིག་ལྷུག་མ་འདི་ཉིད་ཞེས་གསུངས་པ་དོ་དོ་ནེ་ཁོ་རང་གི་ངག་ནས་ཐོས་གསུངས། ཞེས་གསུངས་པ་ལྟར། ཨེར་ཁེ་དོ་དོ་ནེ་ཞེས་པ་མདའ་ཚན་གྱི་དཔོན་རབས་གཉིས་པ་དེས་པད་མ་བཀའ་ཐང་གསེར་བྲིས་བཞེངས་ནས་ཀུན་མཁྱེན་ལ་རབ་གནས་ཞུས་པར་གསལ། ཏོག་ཏི་རྒྱ་སྒར་སོགས་སུ་བྱོན་སྐབས་ཐར་མི་ཆི་བློ་བཟང་༡༧༠༠ ­‑༡༧༧༧དོན་གྲུབ་གསར་དུ་མཇལ། ཁ་གྱའི་དགོན་དུ་ཨ་ཁྱུང་མཁས་མཆོག་གམ་མཁས་མཆོག་སྐེ་ལ་ཞེས་འབྲས་སྒོ་མང་གི་དགེ་བཤེས་ཆེན་པོ་དེ་དང་། བསེ་ཚང་རྣམ་གཉིས་བགྲོ་གླེང་ལ་བཞེངས། དེ་ནས་བསང་གི་སྒྲོག་མདོ་བརྒྱུད་ནས་བཀྲ་ཤིས་འཁྱིལ་དུ་ཕེབས་ནས་ཁྲི་ཐོག་ཏུ་བཞུགས་འཕྲལ་སྐུ་ཞང་ཟ་ཡུ་བ་རྣམས་ཀྱིས་གསོལ་ཞོ་དང་བཅས་མཇལ་ཁ་ཞུས་པ་ལ་ཞོ་འདི་བཀྲ་ཤིས་པའི་རྫས་ཡིན་པས་རྟེན་འབྲེལ་ལེགས་ཞེས་དཔའ་རིས་དབུ་མཛད་ཆེན་མོ་ལ་འདྲེན་པ་མཉམ་མེད་མ་འཐེན་གསུངས་ནས་ཐམས་ཅད་ཀྱིས་འཐེན་པར་མཛད། མཁན་པོ་ངག་དབང་ཐུབ་བསྟན་རྒྱ་མཚོས་མཛད་པའི་གུང་ཐང་སྐུ་ཕྲེང་བཞི་བའི་རྣམ་ཐར་ལས། ཀུན་མཁྱེན་གོང་མའི་མ་ཞང་རྣམས་ཀྱིས་ཡུལ་གཞི་བཟུང་བའི་ཟ་ཡུ་སྡེ་གཞུང་ཞེས་འབྱུང་བ་ཞར་བྱུང་ངོ་།།   རྒན་གྱའི་པཎ་ཌི་ཏ་ཐེངས་གཉིས་པར་མཇལ། སྟོན་མོ་ཟིན་ཕྲལ་ཞོ་དཀར་ཡོལ་གང་མདུན་ཅོག་སྟེང་བཞག་སྟེ་ཆིབས་ཐོག་ནས་མདུན་རི་ལ་ཕེབས་ནས་གསེར་ཉ་ཡིན་ཟེར་བའི་རུ་ཆུང་འབུར་བོ་གཉིས་ཡོད་པའི་སྟེང་དུ་བཞུགས་ནས་གནས་གཟིགས་མཛད། ར་རོང་ཆོས་གྲགས་ཀྱི་སྐུའི་སྐྱེ་བར་གྲགས་པ་མཛོད་དགེ་སྐུ་སྐྱེ་ངག་དབང་དཔལ་བཟང་ལ་སའི་དབྱིབས་ལ་དཔྱད་དུ་བཅུག་པར། ཁོས་རྒྱབ་རི་འདི་གླང་ཆེན་ཉལ་བ་ལ་ཡིད་བཞིན་གྱི་ནོར་བུ་བཀལ་བ་ལྟ་བུའི་རི་བྱིན་ཆགས་པ་ཞིག་འདུག་ཅེས་ཞུས་པས་དེ་ལྟར་ཡིན་གསུངས། བཀྲ་ཤིས་འཁྱིལ་དང་། གླས་དྲུག གད་པ་ལུག་མང་གསུམ་ལ་མར་མེ་བརྟག་པ་གནང་བ་བཀྲ་ཤིས་འཁྱིལ་ལམ་གླང་ཆེན་ཁུག་ལ་ལེགས་པར་བབ་པས་དེར་དགོན་པ་འདེབས་པར་ཐག་བཅད། ད་ལྟའི་གསེར་ཁང་ཆེན་མོའི་གོ་སར་ས་བདག་ལྟོ་འཕྱེའི་ཐིག་བཏབ་གནང་མཛད། དེ་ནས་རྒན་གྱའི་བྲག་དཀར་དུ་ཕེབས་ནས་སླར་བྱོན་ཏེ་གླང་ཆེན་ཁུག་གམ་བཀྲ་ཤིས་འཁྱིལ་དུ་ཆོས་ཐོག་འཚོགས། ཕ་ཡུལ་ཅུང་གུར་དང་ཁམས་ཚན་ཧ་སྡོང་ཡིན་པ། རབ་འབྱམས་པ་གྲགས་པ་ཞེས་རྒྱལ་བོ་ལྷ་བཟང་གི་སྐུ་ཚབ་ཏུ་ཀུན་མཁྱེན་བླ་མ་ཆིབས་སྐྱེལ་དུ་ཕེབས་པ་ཁོང་གིས་བླ་མའི་བཀའ་ལྟར་རྒྱལ་དབང་ལྔ་བའི་ཕར་ཕྱིན་གདོང་ལྔའི་སྒྲ་དབྱངས་སོགས་པོ་ཏི་ལྔ་དང་བསྡུས་གྲྭའི་བརྩི་བཞག་ཉིན་བཅོ་ལྔ་ཡས་མས་སུ་གནང་།  བཅོ་ལྔའི་གསོ་སྦྱོང་གི་མདོ་ཡང་རབ་འབྱམས་པས་གསུངས། བསེ་ཚང་གི་རྣམ་ཐར་ལས། སོག་པོ་རབ་འབྱམས་པ་གྲགས་པའི་མདུན་ནས་རྗེ་འདིས་འགྲེལ་བ་དོན་གསལ་གྱི་མཛུབ་ཁྲིད་ཅིག་ཞུས་པས། རྗེ་འདིའི་ཐུགས་ཁེངས་ནས། དྲུང་རམས་པ་དེ་ནི་སྙན་གྲགས་ཆེན་པོ་ཅན་ཞིག་མིན་འདུག་ཀྱང་ཤིན་ཏུ་མཁས་པ་ཞིག་འདུག་གསུངས། ཞེས་འབྱུང་བ་དེ་ཡང་འདི་ཡིན་ནོ།། དེ་ནས་སླར་ཡང་ཆོས་ཐོག་འཚོགས་བཞིན་པར་རྩེ་གཞུང་དུ་བྱོན་ཞིང་། རྣམ་ཐར་གཉིས་སུ་མི་གསལ་ཡང་ཕལ་ཆེར་སྐབས་འདིར་རྐྱང་ཚའི་ཆུ་ཚན་དུ་ཕེབས་པ་ཡིན་ནམ་སྙམ་སྟེ། ཐེ་བོ་ལུང་བཟང་ནང་བ་ངག་དབང་བློ་བཟང་བསམ་གཏན་༡༦༨༧‑ ༡༧༤༩གྱི་རང་རྣམ་ལས། རྣམ་འགྱུར་ལོ་ལ་འཇམ་དབྱངས་གཞོན་ནུ་གང་།། ངུར་སྨྲིག་གར་བསྒྱུར་སྒོ་མང་ངག་གི་མཚན།། ཆབ་ཚན་ཁར་ཕེབས་བདག་སོགས་རྣམས་ཀྱིས་མཇལ།། འཇམ་དབྱངས་ཕྱག་རྡོར་སྤྱན་རས་གཟིགས་དབང་གི།། རྗེས་གནང་དམིགས་བརྩེ་མ་ཡི་ལུང་རྣམས་ཞུས།། ཞེས་འབྱུང་བའི་རྣམ་འགྱུར་ཞེས་པ་ལྕགས་སྟག་ལོ་ཡིན་པས་སོ།། དེ་ནས་ལ་མོ་བདེ་ཆེན་དུ་བྱོན་ནས་བཀའ་ཆོས་གནང་།  སྟོན་མོའི་བཞུགས་གྲལ་དུ་ཉིན་དང་བོར་དེ་གའི་ཚབ་ཞྭ་དམར་ངག་དབང་འཕྲིན་༡༦༦༡‑༡༧༢༦ལས་དང་། འདི་གའི་ཚབ་བསེ་ངག་དབང་བཀྲ་༡༦༧༨‑༡༧༣༩ཤིས་ཀྱིས་མཛད་དེ་འབེལ་གཏམ་བགྲོ་གླེང་མཛད།  བསེའི་རྣམ་ཐར་དུ། ཚུར་རྒོལ་སྐབས་ཆེར་བརྣགས་ཀྱང་སྐབས་བཞི་བའི་མཁྱེན་གསུམ་གྱི་རྣམ་པའི་སྐབས་ལ་ཞལ་ནོར་འདྲ་བ་མཚོན་ཙམ་ལས་གཞན་གླགས་མ་རྙེད་ཅིང་། འདུལ་ཤན་གྱི་སྐབས་ཤིག་འདུལ་བ་རྒྱ་ཆེར་འགྲེལ་གྱི་ལུང་གཅིག་དྲངས་པ་ལ་རྗེ་འདིས་ལུང་རྫུན་མ་ཡིན་ཞེས་ལན་གནང་། དེའི་ཚེ་ཁོང་གིས་གཞན་རྫུན་རུབ་ཀྱི་ལུང་གི་སྐབས་ལ་ཅུང་ཞིག་བརྟེན་འདུག་པའང་། རྗེ་འཇམ་དབྱངས་བཞད་པའི་རྡོ་རྗེ་རྒོལ་བའི་དཔང་བོར་བཞུགས་པས། འཇིགས་མེད་སེང་གེའི་ང་རོས། ཀརྨ་བ་ཞིག་གི་འདུལ་བར་ལུང་དེ་འདུག་ཀྱང་རྒྱ་ཆེར་འགྲེལ་གྱི་རྒྱ་བོད་ཀྱི་དཔེ་གང་ན་ཡང་དེ་མི་འདུག་པས། ལུང་རྫུན་མར་འདུག་གསུངས་པས་ཁོང་ཡང་ཡ་མཚན་ཞིང་། ལ་མོའི་ཞབས་དྲུང་༡༦༦༠‑༡༧༢༨དཀར་བོའི་སྐུ་ཕྱོགས་ཀྱང་མཆོག་ཏུ་དགྱེས་ནས། ཕྱག་ཐལ་མོ་སྦྱར་ཏེ་མདོ་སྔགས་ཡོངས་རྫོགས་ཀྱི་དགེ་བའི་བཤེས་གཉེན་འདི་འདྲ་བ་ཕྱོགས་འདིར་ཡོང་ལུགས་ཀྱིས། རྗེའི་བསྟན་པ་ཡང་ཕྱོགས་འདིར་དར་བར་འདུག་ཅེས་བསྔགས་བརྗོད་ཆེན་པོ་མཛད། ཅེས་འབྱུང་ལ། མདོ་སྨད་ཆོས་འབྱུང་ལས། དཀའ་བཅུ་བས་ཡིག་ཆ་གསར་བའི་ཁས་ལེན་བསྐྱར་བས་རྟོག་གེ་མགོ་མཁྲེགས་ཀྱི་སྤྱི་ལུགས་ཀྱིས་དེ་ལྟར་ན་རྩོམ་པ་བོ་དང་རྩོད་པ་བོ་གཉིས་ཀ་ལ་འཁོར་གསུམ་བྱས་པས། དཀའ་བཅུ་བ་ཐུགས་འཇིགས་ཉམས་ལྟ་བུས་ཁྱོད་དཀོར་གྱིས་ཚོས་འདུག་ཞུས། དེ་ག་རང་། ང་ཚིག་ཟིན་དང་། ཁྱོད་འཚིག་དགོས་ཡིན་པའི་ཕྱིར་གསུངས། ཁོང་ཕྱིས་སུ་བཀྲ་ཤིས་འཁྱིལ་གྱི་ཁྲི་མཛད། གདུལ་བྱ་རྒྱས་པས་ད་ངག་དབང་འཕྲིན་ལས་ཀྱི་ལུང་བསྟན་ཐོག་ལ་བབ་སོང་ཞེས་ཐུགས་སྐྱོ་ཉམས་མཛད། ཅེས་དང་། སུམ་པའི་རང་རྣམ་ལས། ཨ་མདོར་བྱོན་ནས་མཚན་ཉིད་ཀྱི་སྐོར་ལ་གཟིགས་རྟོག་མ་མཛད་པར་ལོ་བཅུ་གསུམ་ཙམ་སོང་སྐབས་སུ་འཇམ་དབྱངས་བཞད་པས་བོད་ནས་ཞབས་ཕྱིར་ཁྲིད་འོངས་པའི་ལུང་རིགས་ལ་ཐོགས་པ་མེད་པའི་དགེ་བཤེས་ངག་དབང་བཀྲ་ཤིས་རྣམ་གཉིས་ཀྱིས། བདེ་ཆེན་དགོན་པར་དགའ་སྟོན་རྒྱ་ཆེན་བྱས་པའི་བཞུགས་གྲལ་དུ་མཁས་པ་དུ་མ་དང་བོད་སོག་གི་ཁྲོམ་ཆེན་པོ་ཚོགས་སར་ཚོགས་ལངས་མཛད་པས་ངག་དབང་བཀྲ་ཤིས་པ་ཕམ། སྐབས་འགར་ཉམས་དགའི་ཚུལ་དུ་འཇམ་དབྱངས་བཞད་པས་ཀྱང་རང་ཉིད་ཀྱིས་མཛད་པའི་ཡིག་ཆ་ལྟར་དམ་བཅའ་བཟུང་ཚེ་དེ་ཉིད་ཀྱིས་བགྲོ་གླེང་བཏང་ན་འཕྲལ་དུ་དངོས་འགལ་ལ་འགྲོ་ཞེས་གསེར་ཁྲི་སྤྲུལ་སྐུ་དང་བདེ་ཆེན་གྱི་རྒན་པ་དག་གིས་བདག་ལ་དངོས་སུ་གསུངས་པས་དེ་དུས་ཀྱི་གངས་ཅན་གྱི་དཔལ་ཆོས་གྲགས་ཞེས་སྨྲས་ཀྱང་རུང་ཚོད་དུ་གདའ། ཞེས་འབྱུང་ངོ་།།  རྣམ་ཐར་དུ། མཁན་པོ་ནོ་མོན་ཧན་ཞེས་འབྱུང་བ་དེ་ནི། མཚན་དངོས་བློ་བཟང་དོན་གྲུབ། ཇུ་ནང་དང་གདུང་རྒྱུད་གཅིག་པ། ལྕགས་འབྲུག་༡༧༠༠ལོར་དགེ་བཤེས་མཚན་བཏགས་གྲུབ་ནས་རྒྱལ་མེ་ཏོག་ཐང་གི་མཁན་པོར་ཕེབས། ལོ་དེའི་ཟླ་བཅུ་བའི་ནང་དུ་མཁན་པོ་ལས་ཟུར་ཏེ་ནོ་མོན་ཧན་གྱི་ཆོ་ལོ་གཞུང་གིས་སྩལ་བ་བཅས་མཚོ་སྔོན་དུ་བྱོན།  ཕྱིས་སུ་སྐུ་འབུམ་གྱི་ཁྲིར་བཞུགས་ནས་ཆུ་ཡོས་༡༧༢༣ལོའི་དུས་འཁྲུག་སྐབས་འདས་པ་བཅས་ཞར་བྱུང་ངོ་།། དེ་ནས་བསེ་ངག་དབང་བཀྲ་ཤིས་འཆད་ཉན་སློབ་དཔོན་དུ་བསྐོས།   དགོན་ལུང་དུ་བྱོན་ནས་ལྕང་སྐྱ་ངག་དབང་ཆོས་ལྡན་དང་མཇལ་ཕྲད་གནང་བ་སོགས་འཇིགས་བྱེད་ཆོས་འབྱུང་ལས། དེ་དུས་ཁོ་བོ་ལ་སྐེག་ཤིན་ཏུ་ཆེ་བའི་ལུང་བསྟན་ལ་མོས་གནང་བ་ཡོད་པས། རྡོ་རྗེ་འཆང་ལ་གསོལ་བ་བཏབ་ནས། ཚེ་དཔག་མེད་ལྷ་ལྔ་འཇམ་ལུགས་ཀྱི་ཚེ་དབང་བརྒྱ་རྩ་དང་། ཁོ་བོ་དང་དགོན་ལུང་ཆོས་རྗེ་ཐུའུ་བཀྭན་ཞབས་དྲུང་གཉིས་ལ། སྲད་ནས་བརྒྱུད་པའི་རྡོ་རྗེ་འཇིགས་བྱེད་བཅུ་གསུམ་མའི་དབང་གི་ཆུ་བོས་རྒྱུད་ཚིམ་པར་གནང་། རང་གིས་ཀྱང་ཆིབས་པ་ལེགས་པ། དངུལ་གྱི་མན་ཌལ། བློ་བཟང་གྲགས་བསྟན་མ། གསེར་ཇུས་ཀྱི་འགག་རིང་སོགས་ཕུལ་ཅིང་། ཆོས་རྒྱལ་སྦྲག་སྒྲུབ་ཀྱི་རྗེས་གནང་སྲད་ནས་བྱུང་བ་ཆིག་བརྒྱུད་ཁོ་ན་ལས་གཞན་ལ་མི་གནང་བ་དེ་ཡང་ཞུས་ཤིང་། ཞེས་དང་། ལྕང་སྐྱའི་རང་རྣམ་ལས།

མཁས་གྲུབ་ཆེན་པོ་བླ་མ་ངག་དབང་ཞེས།།

གྲགས་པ་དོན་ལྡན་བྱོན་ནས་དབུས་རང་དང་།།

སོག་རང་གཉིས་ཀའི་སྟེར་ཆ་ཆེན་པོ་མཛད།།

ཁོང་རང་སྔར་ནས་དགོན་འདིར་རྒྱུད་གྲྭ་ཞིག།

ཚུགས་ན་སྙམ་པའི་ཐུགས་བཞེད་ཆེ་བ་དང་།།

 ངེད་ཅག་རྣམས་ཀྱིས་བསྐུལ་མ་ཞུས་པ་ལྟར།།

བླ་མ་ཁྲི་བ་ལྡན་མ་ཞབས་དྲུང་སོགས།།

རྒན་པ་མང་བོར་འགྲེལ་བ་བཞི་སྦྲགས་ཀྱི།།

ལུང་དང་ཟབ་བཤད་གནང་ཞིང་བསླབ་སྟོན་སྩལ།།

 ལྡན་མ་ཞབས་དྲུང་རྒྱུད་འཆད་སློབ་དཔོན་དུ།།

ཀ་ཆེན་བློ་རྒྱམ་བླ་མ་དབུ་མཛད་པར།།

བསྐོས་ཏེ་འདུས་པའི་རྒྱུད་གྲྭ་ལེགས་པར་བཙུགས།།

དཔོན་སློབ་རང་ལ་འཇིགས་བྱེད་བཅུ་གསུམ་མའི།།

དབང་བཞི་ཡོངས་རྫོགས་ཕུལ་ཞིང་གྲྭ་བཅས་ལ།།

མ་ཅིག་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་བྱས།། ཞེས་འབྱུང་ལ། ཀུན་མཁྱེན་རྣམ་ཐར་རྒྱས་པ་གཉིས་ཀར། འཇིགས་བྱེད་བདུད་ལས་རྣམ་རྒྱལ་གྱི་དབང་དང་། ཆོས་རྒྱལ་གྱི་རྗེས་གནང་གཉིས་གསན། ཞེས་གསུངས་པའི་སྔ་མ་ཡིག་ནོར་དུ་སྣང་ལ། ཚེ་དབང་ཡང་གྲུབ་རྒྱལ་ལུགས་ལ་ཕྱི་སྒྲུབ་ལྷ་སྟོང་དང་ལྔ་བརྒྱ་ཅན་དང་། ནང་སྒྲུབ་ལྷ་སོ་གསུམ་ཅན། གསང་སྒྲུབ་བཅུ་གསུམ་ཅན། ཡང་གསང་ལྷ་གཅིག་བུམ་གཅིག་ཅན་ལས་གཞན་མེད་ལ། ཚེ་དབང་འཇམ་ལུགས་ལྷ་ལྔ་ཅན་ནི་འཇམ་དབྱངས་ནས་དབུ་མ་བ་ལ་བརྒྱུད་པ་དེ་ཡིན་པས། གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་དང་འཇམ་ལུགས་ལྷ་ལྔ་གཉིས་ལྷ་གྲངས་དང་བརྒྱུད་པ་གང་ཡང་མི་འདྲ་བས།  གསན་པ་བོ་ཀུན་མཁྱེན་བླ་མ་རང་གི་གསུང་དང་བསྟུན་ན། ལྕང་སྐྱའི་རང་རྣམ་ལ་ཡང་ཡིག་ནོར་ཞུགས་སམ་དཔྱད་དགོས་པའི་གནས་སོ།།    ཐུའུ་བཀྭན་ངག་དབང་ཆོས་ཀྱི་༡༦༨༠‑༡༧༣༦རྒྱ་མཚོའི་རྣམ་ཐར་ལས། རྗེ་འཇམ་དབྱངས་བཞད་པའི་རྡོ་རྗེས་ད་ལྟ་ངེད་རང་རྣམས་ཀྱིས་རྒྱུད་པ་གྲྭ་ཚང་འདི་འཛུགས། སླར་ཉམས་ཆག་ཤིག་གི་སྐབས་སུ་ཁྱེད་རང་གིས་འཛུགས་དགོས་ཞེས་རྗེ་འདི་བ་ལ་མ་འོངས་པ་མཁྱེན་པའི་གསུང་བྱོན་ཞེས་གསུངས་པ་ལྟར། འདི་དུས་ནས་ཆུ་ཡོས་༡༧༢༣ལོའི་དུས་འཁྲུག་གིས་དགོན་ལུང་དགོན་པ་འཇིག་རྒྱུ་ཡིན་པ་མཁྱེན་ནས་ཐུའུ་བཀྭན་ཚང་ལ་དེ་དུས་སླར་འཛུགས་དགོས་པའི་ལུང་བསྟན་མཛད། སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་རང་རྣམ་ལས། ཐོས་བསམ་རྒྱ་ཆེན་མཛད་ནས་གསང་ཕུར་རབ་འབྱམས་གྲྭ་སྐོར་བྱས་ཏེ་རྗེས་སུ་དགེ་འཕེལ་རི་ཁྲོད་ནས་སྒྲུབ་པ་མཛད་པས་ལྷའི་ཞལ་གཟིགས་ཤིང་ལྐོག་ཏུ་གྱུར་བའི་ཤེས་པར་བྱ་བའི་དངོས་པོ་རྣམས་ཀྱང་སྒྲིབ་བྱེད་ཀྱི་རྣམ་པ་འགའ་ཡང་མེད་པར་རྗེན་པ་ཉིད་དུ་ཡང་དག་པར་གཟིགས་ནས་ལུང་དུ་བསྟན་པ་ལ་བསྙེངས་པ་མི་མངའ་བའི་མངོན་ཤེས་ཐོགས་མེད་མངའ་བ། པོ་ཏི་ལྔར་གྲགས་པ་དང་སྔགས་ཕྱོགས་ཀྱི་རྩོམ་པས་དགའ་སྟོན་འགྱེད་པའི་དོན་ལྡན་གྱི་མཁས་གྲུབ་ཆེན་པོ་སྒོ་མང་བླ་ཟུར་འཇམ་དབྱངས་བཞད་པའི་རྡོ་རྗེ་མཚན་གཞན་ངག་དབང་བརྩོན་འགྲུས་ཞལ་སྔ་ནས་ལྕང་སྐྱ་རིན་པོ་ཆེ་ལ་མཇལ་བར་བྱོན་ཚེ།  ཉིན་གཅིག་ལྕང་སྐྱ་རིན་པོ་ཆེས་ཁ་བཏགས་ཆེ་ལེགས་ཤིག་གནང་ནས་ངས་རྒྱ་ནག་ཏུ་ཁྲིད་པའི་གྲོགས་པོ་སུམ་པ་ཞབས་དྲུང་བློ་བཟང་བསྟན་པའི་རྒྱལ་མཚན་ཞེས་པ་བཀའ་གདམས་པའི་དགེ་བའི་བཤེས་གཉེན་ཞིག་ཡོད་པ་དེ་འདས་པས། དེའི་སྤྲུལ་སྐུ་ཁྱོད་རང་གིས་འཚོལ་ཞེས་གསུངས་ཚེ། འཇམ་དབྱངས་བཞད་པས་ཀྱང་། ངེས་དེ་རྙེད་འོང་ཞུས།  ཞེས་དང་། གུར་ནང་ཞིག་ཏུ་སོན་པས་ཕུགས་ན་བླ་མ་བགྲེས་པོ་མཐོང་བ་ཙམ་གྱིས་ཡིད་དབང་མེད་དུ་འདྲེན་པ་ཞིག་བཞུགས་པ་ལ་མཇལ་བ་ན། དེའི་གཡས་སུ་སེར་མོ་བ་རྒན་པ་རྣམས་དང་གཡོན་ངོས་སུ་དཔོན་རྣམས་བཞུགས་གདའ། བླ་མས་བདག་གི་མགོ་ལ་བྱུག་པ་མཛད་དེ་མདུན་དུ་ཞུན་ཐུད་ཡོད་པ་ལས་དུམ་བུ་ཙམ་གནང་བ་ཅུང་ཟད་ཟོས་པས་ཞིམ་མངར་ཤིན་ཏུ་ལེགས་པ་ཞིག་མཆིས་པས་ཕྱིས་སུ་ཟ་དགོས་སྙམ་ནས་རུམ་དུ་བཅུག་འོངས་པ་ཕྱི་དྲོ་བཙལ་བས་ཕྱུར་བ་འགའ་ལས་མར་ཁུ་ལུས་ལ་ཞེན་སོང་བ་ལ་དེ་དུས་འགྱོད་ཀྱང་ཕྱིས་སུ་རྩི་མར་སྙིང་གར་ཐིམ་པ་དེ་དེའི་བྱིན་རླབས་རྒྱུད་ལ་འཇུག་པའི་རྟེན་འབྲེལ་འགྲིགས་པར་སེམས། འཆད་རྩོད་རྩོམ་གསུམ་ལ་དོ་ཟླས་དབེན་པའི་མཁས་ཆེན་ཡོངས་འཛིན་དེ་ཉིད་སྐུ་གསུང་ཐུགས་དུལ་ཞིང་བཙུན་པའི་སྤྱོད་ལམ་ཕུན་སུམ་ཚོགས་པའི་ཞལ་དབྱིབས་སོགས་ད་ལྟར་ཡང་དྲན་པའི་མེ་ལོང་དུ་གསལ་བར་སྣང་། དེའི་སྐབས་ཀྱི་དོན་སྐོར་ཕྱིས་སུ་ལ་མོ་ངག་དབང་འཕྲིན་ལས་པ་དེ་ཉིད་བདེ་ཆེན་དུ་བཞུགས་སྐབས་སུ་གསུང་བགྲོས་བྱས་པ་གསེར་ཁྲི་སྤྲུལ་སྐུ་རིན་པོ་ཆེ་དང་དེ་གའི་དགེ་བཤེས་དག་གིས་གསན་པ་ནི། དེའི་ཚར་སྔ་ཉིན་བྱིས་པ་དེ་མཇལ་ཚེ་ཁྱོད་སུ་ཡིན་དྲིས་པས། ང་བླ་མ་སེམས་པ་ཡིན་ཞེས་ལན་བཏབ། གང་ནས་འོང་དྲིས་པས་རྒྱ་ནག་ནས་འོངས་ཞེས་ཞུས་ཚེ་རྐང་ཐང་ངམ་ཞོན་པ་ཞོན་འོངས་ཞེས་གསུངས་པས། དེ་གང་ཡང་མ་ཡིན་པའི་འོང་ལུགས་སྣང་ཞུས་པ་ན། བར་དོ་བ་ཡིན་པས་དེ་བདེན་གསུངས་ནས་ཕྱག་མཛུབ་གཅིག་མནན། ཡང་བླ་མ་ཡིན་ན་སློག་པ་ཅི་ལ་གྱོན་ཞེས་པ་ན་འོ་ན་ཁྱོད་ཀྱིས་པགས་ཐུལ་ཅི་ལ་གྱོན་ཞུས་ཚེ་གཉིས་པ་མནན། ཡང་བླ་མ་ཡིན་ན་ཆོས་ཐོན་གསུངས་ཚེ་བརྗེད་པ་མེད་དམ་ཞུས་པས་གསུམ་པ་མནན་ནས་ང་ལ་འཁོར་གསུམ་སོང་བས་ཕྱིས་སུ་ཤེས་རབ་ཅན་ཞིག་འབྱུང་ཨ་ཙ་མ་གསུངས་ནས་མགོ་ལ་བྱུག་པ་མཛད། དེ་ནས་ནང་འདི་ན་ཡོད་པ་ལས་ངོ་ཤེས་པ་སུ་འདུག་གམ་ཞེས་པས་དགེ་བཤེས་ངག་དབང་འཕྲིན་ལས་ལ་བལྟས་ནས་འདི་ངོ་ཤེས་ཞེས་ཞུས་ཚེ། དེ་ལ་གཏད་དེ་དོ་ནུབ་གནས་ཚང་དུ་ལྷན་ཅིག་སྡོད་ལ་དྲི་བ་བྱོས་གསུངས་པ་ལྟར་ཁོང་གིས་ངོས་དེར་ཁྲིད་དེ་ཁྱོད་རང་གིས་ང་ཤེས་ན་མིང་ཅི་ཡིན་ཞེས་པས་འཕྲིན་ལས་ཡིན་ཞུས་ཚེ་དགེ་བཤེས་དེ་ཉིད་ཀྱིས་སྤྱན་ཆབ་བསིལ་བ་དང་། དེ་ཉིན་དེ་ལྟ་བུ་བྱུང་ཚུལ་ཞུས་པས། འོ་ན་ཁྱོད་ལ་སྔར་ངོ་ཤེས་པའི་སེམས་པ་ཟེར་བ་ཞིག་ཡོད་དམ་ཞེས་པས། སྔར་སྒོ་མང་དུ་འཛིན་གྲྭ་གཅིག་པའི་སུམ་པ་ཞབས་དྲུང་སྨོན་ལམ་གྲྭ་སྐོར་མཛད་པ་ཞིག་ངོ་ཕོད་ཆུང་བས་མང་ཁྲོད་དུ་རྩོད་ཚེ་ཤགས་བརྒྱབ་པ་སོགས་ཀྱིས་ངས་ཐུབ་ཀྱང་ཟླ་བོ་བྱས་ཚེ་ངས་དེའི་ཁ་ཡ་མི་ཡོང་བའི་དགེ་བཤེས་ཤིག་ཡོད་ཞུས་པས་དེ་ག་རང་འདུག་གསུངས་ནས་ཐག་བཅད་དེ་སྐུ་འགག་ཅིག་བསྐོན་ནས། ཐར་ལམ་གྱི་རྒྱུ་དང་སྒོར་གྱུར་བའི་ངེས་འབྱུང་གི་བསམ་པ་བསྐྱེད་བཅུག་པ་སྔོན་དུ་བཏང་སྟེ་ནང་བ་སངས་རྒྱས་པར་འཇུག་པའི་སྒོ་དང་བོ་སྐྱབས་འགྲོའི་སྡོམ་པ་གནང་སྟེ་དཀོན་མཆོག་རིན་པོ་ཆེ་རྣམ་གསུམ་གྱི་སྐྱབས་འོག་ཏུ་བཙུད་པར་མཛད། ཅེས་དང་། དེ་ནས་ངེད་ཀྱི་དཔོན་ལ་འཇམ་དབྱངས་བཞད་པའི་རྡོ་རྗེས་བུ་ཆུང་འདི་ཐར་ཤུལ་བྱ་བྲལ་རབ་འབྱམས་སྨྲ་བ་དཔོན་སློབ་རིན་པོ་ཆེའི་དྲུང་དུ་སྐྱོལ་གསུངས་པ་ལྟར་དུ་དཔོན་པོས་ཀྱང་འཇམ་དབྱངས་བཞད་པ་སྐྱེལ་མ་མཛད་ཞོར་ལ་ཁོ་བོའང་བླ་མ་དེའི་གམ་དུ་བསྐྱལ། ཞེས་འབྱུང་བ་ལྟར་རོ།།  

ལྕགས་ཡོས་༡༧༡༡ལོར་སྐུ་མཚམས་གནང་ཞིང་གྲོལ་ནས། བརྒྱད་སྟོང་དོན་བསྡུས། ཉི་སྣང་། འཇུག་པ་རང་འགྲེལ་སོགས་ལ་གསུང་བཤད་སྩལ། ཟླ་གསུམ་པའི་ཚེས་བདུན་ཉིན་རྗེ་ཉིད་ཀྱིས་འདུ་ཁང་གི་ཐིག་བཏབ་གནང་མཛད་ཅིང་། འདི་དུས་རྗེ་ཉིད་ཀྱི་ཞལ་ནས། ཏཱ་ར་ན་ཐས། ང་རང་ལ་སྤྲུལ་བ་སྔགས་པ་གཅིག རྒྱལ་བོ་གཅིག། བླ་མ་གཅིག་བཅས་འབྱུང་། སྔགས་པ་དེ་ད་ལྟའི་ངེད་ཀྱི་ཆོས་ལུགས་འཛིན། ཕྱི་མ་གཉིས་ཀྱིས་མི་འཛིན་གསུངས་པས། སྔགས་པ་སྨིན་གྲོལ་གླིང་གཏེར་སྟོན་ཡིན་པར་གྲགས། རྒྱལ་བོ་ནི་དཔོན་ཇུ་ནང་འདི་ཉིད་ཡིན་པར་གསུངས།  ཀེ་ཏ་ཀར། རྟག་བརྟན་སྤྲུལ་སྐུ་ཏཱ་ར་ན་ཐའི་གསུང་འབུམ་ལ་ཞིབ་ཏུ་གཟིགས་ནས་ཕལ་ཆེར་ལ་བསྔགས་བརྗོད་མཛད། ཕྱག་བཟོ་ཆོས་རྒྱལ་གྱི་ཞལ་ཐང་གཅིག་དུས་རྒྱུན་མདུན་ནས་བཀྲམ་ནས་ཐུགས་རྩིས་ཆེན་པོ་མཛད། ཅེས་དང་། པཎ་ཆེན་སྐུ་ཕྲེང་དགུ་བས་མཛད་པའི་ཀུན་མཁྱེན་འཁྲུངས་རབས་ལས། གསང་བའི་མཛོད་འཛིན་ལེགས་པ་རྒྱལ་མཚན་ཞབས།། རིག་གནས་ཀུན་མཁྱེན་གྲུབ་མཆོག་ཇོ་ནང་བ།། ཞེས་གསུངས་པ་ལྟར་རོ།།

ཆུ་འབྲུག་༡༧༡༢ལོར་ཞལ་ཟས་རྒྱ་མཚོ་མ་འདུ་ཁང་ཐོག་ཚད་མཉམ་པ་བཞེངས། ཐལ་འགྱུར་ཆེ་བའི་བརྩི་བཞག་གནང་བ་གསུང་འབུམ་དུ་བཞུགས། ཚད་མ་རིགས་སྒོ་དང་། རིགས་ཐིགས་སོགས་ལ་གསུང་བཤད་གནང་། ཀུ་ཤྲི་ཧན་གྱི་སྲས་ཆུང་བ་མཚོ་སྔོན་དཔོན་པོ་པཱ་ཐུར་ཐའི་ཇི་དང་མཇལ་འཕྲད་མཛད།

ཆུ་སྦྲུལ་༡༧༡༣ལོར་ཕར་ཕྱིན་སྐབས་གཉིས་པ་དང་གསུམ་པ། རྣམ་འགྲེལ་ལེའུ་གཉིས་པ་རྣམས་ལྗགས་རྩོམ་གནང་། ལམ་རིམ་ཆེན་མོའི་འགྲེལ་བ་ལུང་རིགས་གཏེར་མཛོད་དབུ་ནས་ཆེ་བ་བཞིའི་བར་དུ་བརྩམས། འདི་སྐུལ་མཁན་ཇུན་གར་ཇོ་རིག་ཐུ་ཧུང་ཐའི་ཇི་ཚེ་དབང་རབ་བརྟན་ཡིན་ཏེ། དེ་ལ་གནང་བའི་འཕྲིན་ཡིག་ལས། ལམ་རིམ་འགྲེལ་བ་བྲེལ་དྲག་པ་དང་ཡ་གི་ནས་རྣམ་འགྲེལ་དང་ཕར་ཕྱིན་སྐུལ་བ་སོགས་ཀྱིས། ཆེ་བ་བཞིའི་ཐད་ཙམ་མོ།། ཞེས་གསུངས་སོ།།  ལམ་རིམ་ཆེ་ཆུང་གི་དྲིས་ལན་ནོར་བུའི་ཕྲེང་བ་ཞེས་བྱ་བ་འདི་ཡང་ཇུན་གར་ཚེ་དབང་རབ་བརྟན་གྱིས་དྲིས་པའི་ལན་ཡིན་པར་མཁན་སྤྲུལ་ངག་དབང་༡༨༣༦‑༡༨༨༩ཐུབ་བསྟན་རྒྱ་མཚོས་གསུངས་སོ།།

ཤིང་རྟ་༡༧༡༤ལོར་ལི་ཐང་ནས་རྗེ་ཉིད་ཀྱི་ཉེ་གནས་སྔགས་རམས་པ་དཔལ་འབར་སླེབས་པར་ཆིབས་བསུ་བཏང་ནས་བཀུར་བཟོས་གནང་བ་ནི་སྣང་ཚོད་ལ་ཡང་མི་གཞི་ལེགས་པའི་ཚད་དུ་སྣང་། ཕར་ཕྱིན་མཐའ་དཔྱོད་ཀྱི་ཡང་དག་མཐའི་ཐད་དུ་གསལ་བའི་སྙིང་བོ་ཡག་ཅེས་པ་འདི་ཉིད་ཡིན་དགོས་པར་སྣང་།  གཡེར་གཤོང་འཇམ་དབྱངས་བློ་གྲོས་ཀྱི་རྣམ་ཐར་ལས། དེ་ནས་སྒོ་མང་བླ་བྲང་དུ་ཕེབས། དཔོན་སློབ་རིན་པོ་ཆེའི་སྤྱན་སྔར་མཇལ་བས། ཐུགས་དགྱེས་པ་ཆེན་པོ་མཛད་ཅིང་མཛའ་ཞིང་གཅུགས་པའི་གསུང་གླེང་ཕེབས་ཏེ། རང་རེ་སྔ་མོ་ནས་ཆོས་ཀྱི་མཐུན་སྣང་གཞན་དང་ཐུན་མོང་མ་ཡིན་པར་ཡོད་པ་ལ་མདོ་ཁམས་འདིར་འོངས་ནས། འཕྲད་ཡུན་འགྱངས་ཞད་བྱུང་མཐུན་ཡུས་འདྲ་བའི་གསུང་གླེང་བསླངས་ནས། ཁྱེད་རང་བཞུགས་པའི་གནས་ཀྱི་དབྱིབས་སོགས་ཅི་ལྟ་བུ། རི་ཁྲོད་པ་ཅི་ཙམ་བཞུགས། དེ་དག་གི་རྒྱུན་གྱི་ཉམས་ལེན་དང་ཚོགས་འདོན་གྱི་རིམ་པ་གང་དང་གང་ལེགས་ཞེས་སོགས་ཀྱི་དྲི་བ་རྒྱས་པར་མཛད་པའི་ཞུ་ལན་དུ་གནས་ཀྱི་དབྱིབས་དང་། ཤིང་ལྗོན་པ་གསར་བ་ཁོ་ར་ཁོར་ཡུག་ཏུ་ཡོད་ཚུལ། རི་ཁྲོད་པ་རྣམས་ཀྱིས་ལམ་རིམ་གྱི་ཁྲིད་སོགས་ལ་ཉམས་ལེན་བྱེད་ཚུལ། ཚོགས་འདོན་ལའང་བསྟོད་ཆེན་བཞི་དང་། བདེ་གསང་འཇིགས་གསུམ་ལ་སོགས་པ་མཛད་པའི་ཚུལ་རྣམས་ཞུས་པས། རི་ཁྲོད་ཀྱི་ཉམས་སུ་སྤྲོ་བ་སོགས་ཀྱི་ཆེད་ཤིང་ལྗོན་པའི་ཚལ་དེ་གལ་ཆེ་ཞིང་། ལམ་རིམ་པ་རྣམས་ཀྱིས་ལམ་རིམ་གྱི་ཁྲིད་སྐྱོང་བ་དང་། བདེ་གསང་འཇིགས་གསུམ་གྱི་ཆོ་ག་ཚོགས་འདོན་བྱེད་པ་རྣམས་ནི་ཤིན་ཏུ་ངོ་མཚར་ཆེ་ཚུལ་སོགས་དགྱེས་པའི་བསྔགས་བརྗོད་མཛད། གཞན་ཡང་ངེད་རང་ལ་མི་ཏྲ་བརྒྱ་རྩའི་དབང་རྒྱུན་སྤེལ་འདོད་ཆེ་བར་ཡོད་པ་ལ། བདེ་ཆེན་བླ་མ་དང་ཁྱེད་རྣམ་གཉིས་ཀྱིས་བསྐུལ་མ་འབྱོར་བས། ཆོས་བདག་པོར་འཕྲོད་པ་འོང་སྙམ་དུ་ལྷག་པར་ཡང་དགའ་ཚོར་ཆེན་པོ་བྱུང་སྟེ། དཀྱིལ་འཁོར་འབྲི་བ་སོགས་ལ་རྩོལ་བ་ཆེར་བསྐྱེད་ནས་བསྒྲུབས་ཏེ། ད་ནི་སང་ཙམ་དུ་དབང་གི་མགོ་འཛུགས་རྒྱུ་ཡིན་པས། ཁྱེད་ཀྱིས་ཀྱང་འདིའི་རྒྱུན་ཞིག་ཅི་ནས་ཀྱང་སྤེལ་དགོས་ཞེས་སོགས་གསུངས། ཞེས་འབྱུང་བ་ལྟར་གཡེར་གཤོང་བ་སོགས་གདུལ་བྱ་མང་བོར་མི་ཏྲ་བརྒྱ་རྩའི་དབང་ཆེན་གནང་།  ལྕང་སྐྱ་རིན་པོ་ཆེ་སྐུ་འདས་པ་གསན་ནས་དགོངས་པ་རྫོགས་པའི་ཐུགས་སྨོན་གནང་།

ཤིང་ལུག་༡༧༡༥ལོར་སྒྲ་ཀ་ཙན་གཉིས་ལ་འགྲེལ་བ་རྩོམ་པའི་དབུ་བཙུགས། ན་ག་རའི་དཔེ་ལས་མངོན་བརྗོད་འཆི་མེད་མཛོད་གཞི་འགྱུར་མཛད། འདིའི་དཔེ་ད་ལྟ་ལག་ཏུ་མ་ཆུད་ལ། འབྲས་སྤུངས་སྒོ་མང་དཔེ་མཛོད་དུ་ད་ལྟ་ཡང་རྗེ་འདིས་མཛད་པའི་མངོན་བརྗོད་འཆི་མེད་མཛོད་ཀྱི་འགྲེལ་བ་ཤོག་གྲངས་༡༢༦ཅན་ཞིག་བཞུགས་པར་འབྲས་སྤུངས་སུ་བཞུགས་པའི་དཔེ་རྙིང་དཀར་ཆག་ཏུ་གསལ། ལོ་འདིར་ཕར་ཕྱིན་སྟོན་མོ་བཙུགས།

མེ་སྤྲེལ་༡༧༡༦ལོའི་ཟླ་དང་བོའི་ཚེས་བཅུ་བཞིར་བསྟན་རྩིས་ཉི་འོད་བཀྲ་བ་མཇུག་རྫོགས་པར་བརྩམས། དགའ་ལྡན་ཁྲི་རབས་བཅུ་བཞི་བ་རིན་ཆེན་འོད་ཟེར་གྱི་བསྟན་རྩིས་གསལ་བའི་སྒྲོན་མེ་དང་། ཀུན་མཁྱེན་བསྟན་རྩིས་ཉི་འོད་བཀྲ་བ་འདི་ཉིད་ལས། མངའ་བདག་ཁྲི་རལ་བ་ཅན་ནི་ཤམ་བྷ་ལར་རིགས་ལྡན་རྒྱལ་དཀས་བྱེད་རྩིས་མགོ་བརྩམས་པའི་མེ་ཁྱི་༨༠༦ལ་འཁྲུངས། ཞེས་དང་། རལ་བ་ཅན་འདས་པའི་ལྕགས་བྱ་ཞེས་དང་། ལྕགས་བྱ་དེ་ནས་ཞེས་པ་ནས། ད་ལྟའི་མེ་ཕོ་བྱི་བ་༡༥༡༦འདི་ཡན་ལ་ལོ་དྲུག་བརྒྱ་དང་དོན་དྲུག་སོང་། ཞེས་དང་། མེ་སྤྲེལ་༡༧༡༦འདི་ཡན་ཆད་ལ་ལོ་བརྒྱད་བརྒྱ་དང་དོན་དྲུག་སོང་། ཞེས་པ་འདི་གཉིས་དེའི་གོང་གི་བོད་ཀྱི་ཆོས་འབྱུང་དང་བསྟན་རྩིས་ཕལ་ཆེ་བར་མི་མཐུན་པས། བསྟན་རྩིས་ཀུན་བཏུས་སུ་ཡང་། དྲུག་ཅུ་སྐོར་གཅིག་གིས་སྔ་སོང་། ཞེས་དང་། ནོར་བའི་བརྩི་ཚུལ་ལོ་ཞེས་ཆེ་ཆེར་བཀག་ཀྱང་།  ཁྲི་རལ་དང་རྒྱ་ནག་གི་ཐང་མུའུ་ཙུང་ལི་ཧན་གཉིས་ཀྱིས་རྒྱ་བོད་བར་ལ་མཇལ་དུམ་གནང་བ་ཡིན་པས། དེ་དང་དུས་མཚུངས་བསྒྲིགས་ན་ཁྲི་རིན་པོ་ཆེ་རིན་ཆེན་འོད་ཟེར་དང་ཀུན་མཁྱེན་གྱི་རང་ལུགས་འདི་ཁོ་ན་ཡང་དག་པར་ཤེས་སླ་བ་བཅས་ལེགས་བཤད་ལ་ལེགས་བཤད་དུ་གོ་དགོས་པ་གལ་ཆེ་བས་ཟུར་ཙམ་སྨྲས་སོ།། ལོ་འདིར་བཀྲ་ཤིས་འཁྱིལ་དུ་རྒྱུད་སྨད་དང་གླིང་བསྲེ་བཙུགས།  ཅོ་ནེ་དགོན་ཆེན་དུ་བྱོན་ནས་བདེ་མཆོག་ལྷ་ལྔ། འཇིགས་བྱེད་བཅུ་གསུམ་མའི་དབང་ཆེན། ལམ་གཙོ་སོགས་གནང་བར་རྣམ་ཐར་གཉིས་སུ་གསལ་ལ། ཀེ་ཏ་ཀར། རྗེས་གནང་མང་བོ་ཞེས་པ་ཙམ་ལས་མི་གསལ་ཡང་། སྐལ་བཟང་འཇུག་ངོགས་སུ་འདི་དུས་ཅོ་ནེ་གྲགས་པ་བཤད་སྒྲུབ་མཆོག་ཀྱང་གསན་མཁན་གྲས་སུ་ཡོད་པར་གསུངས་པ་ལྟར།  ཅོ་ནེ་གྲགས་པ་བཤད་སྒྲུབ་པའི་རང་རྣམ་ལས། མཁས་གྲུབ་ངག་དབང་བརྩོན་འགྲུས་པའི་དྲུང་ནས། བདེ་མཆོག་ལྷ་ལྔ་དང་། འཇིགས་བྱེད་དཔའ་གཅིག། དུས་འཁོར་དབང་མདོར་བསྟན། རྒྱལ་དབང་ལྔ་བའི་ལམ་གྱི་གཙོ་བོ་རྣམ་གསུམ་གྱི་འགྲེལ་བ། དབྱངས་ཅན་མ་དང་མི་འཁྲུགས་པའི་རྗེས་གནང་སོགས་འགའ་རེ་ཞེས་གསུངས་པ་ལྟར་ཆོས་བཀའ་མང་དུ་སྩལ། སྟག་ཚང་དཔོན་སློབ་བློ་བཟང་རབ་བརྟན་གྱིས་མཇལ་ཁ་ཞུས་པར། རབ་བྱུང་ན་ལམ་རིམ་ཆེ་ཆུང་གི་དོན་ཟབ་པ་དང་རྒྱ་ཆེ་བའི་ལམ་ལ་མྱོང་བ་འདོན་པ་དང་། དེའི་སྟེང་དུ་གསང་བདེ་འཇིགས་གསུམ་ཡ་མ་བྲལ་བའི་ཉམས་ལེན་དང་། མ་མཐའ་ཡང་ལམ་རིམ་གྱི་དམིགས་རིམ་བསྡུས་པ་རེ་དང་། འཇིགས་བྱེད་ཙམ་ལ་ང་རྒྱལ་གསལ་སྣང་འདོན་པ་ཞིག་གལ་ཆེ་ཞེས་གདམས། ལྷ་བཟང་དང་མཚོ་སྔོན་གཡས་རུ་དཔོན་ཇུ་ནང་མ་མཐུན་པའི་འདུམ་སྒྲིག་ལ་སྒོ་མང་དཔོན་སློབ་བློ་བཟང་ཕུན་ཚོགས་པ་མདོ་སྨད་དུ་བྱོན་པ་རྗེ་འདིའི་དྲུང་དུ་མཇལ་དུ་བྱོན།  

མེ་བྱ་༡༧༡༧ལོར་རིམ་ལྔ་གསལ་སྒྲོན། མགོན་པོའི་བེའུ་བུམ། བསྟན་རྩིས་ཀྱི་བཤད་པ་བཅས་སྩལ། 

ས་ཁྱི་༡༧༡༨ལོའི་སྨོན་ལམ་གསུང་ཆོས་ལ་ཉིན་ཁ་ཤས་སྐྱེས་རབས་དང་ཡུམ་གསུམ་གནོད་འཇོམས་ཀྱི་བཤད་པ་གནང་། ཚེས་བཅོ་ལྔར་འཇིགས་བྱེད་ཆོས་འབྱུང་ཆེན་མོ་བརྩམས་གྲུབ་པར་མཛད་ཅིང་འདིའི་ཡི་གེ་བ་གཞུང་ལུགས་རབ་འབྱམས་སྨྲ་བ་བསམ་བློ་སྒོམ་པ་ཡིན་ཞིང་། མཚན་དངོས་ལ་རིན་ཆེན་བསྟན་འཛིན་ཞུ། འདི་ཉིད་མདོ་སྨད་ཀ་མདོར་འཁྲུངས། དབུས་སུ་བྱོན་ནས་ཀུན་མཁྱེན་བླ་མ་ལས་གདམས་ངག་གསན་ནས་ཉམས་ལེན་གཙོ་བོར་མཛད་པས་བསམ་བློ་སྒོམ་པ་ཞེས་གྲགས། སྤྱིར་གཞུང་ཐམས་ཅད་བློ་ལ་འཛིན་པ་དཀའ། དེའི་དོད་དུ་ཡི་གེར་བྲིས་པ་ཡིན་གསུངས་ནས་སྣག་བུམ་ཕྱག་ཏུ་བསྣམས་ཏེ་ཀུན་མཁྱེན་དབུ་མ། མཛོད། འཇིགས་བྱེད་ཆོས་འབྱུང་སོགས་གཞན་ལ་མཁོ་བའི་དཔེ་གང་འདོད་དུ་བྲིས་ནས་ཕུལ་བས་སྣག་བུམ་གསུམ་རྡོལ་བ་བྱུང་། ཀུན་མཁྱེན་གྱི་ཞབས་ཕྱིར་མདོ་སྨད་དུ་ཕེབས་ནས་བཀྲ་ཤིས་འཁྱིལ་དུ་རྒྱུན་རིང་བཞུགས། རྐུན་མ་འགའ་ཞིག་གིས་ཀུན་མཁྱེན་བླ་མའི་ཆིབས་པ་བརྐུས་པར། རྗེ་འདིས་ལས་མགོན་ཞིང་སྐྱོང་གི་སྒོ་ནས་མཐུ་ཞག་གཅིག་བྱས་པའི་ཕྱི་ནུབ་ཆིབས་ཀྱི་སྐེ་ལ་རས་ཟམ་མང་བོ་བཏགས་ནས་དགོན་འདབ་ཏུ་བསྐྱལ་ན་ཡང་ལས་ལ་སྦྱར་ཚར་བས་དགོན་པས་བདག་མ་བྱས་པས་ཆིབས་པ་གཉན་ཆེན་སྔོ་ལ་གཡུ་རྩེའི་འདབ་ཏུ་སྐྱིལ་ཀྲུང་བྱས་ནས་ཤི། ཕྱིས་སུ་བསམ་བློ་སྒོམ་པ་ཉིད་སྤྱན་མི་གསལ་བ་བྱུང་སྟེ་རང་ཡུལ་ཀ་མདོ་དགོན་དུ་བཞུགས། ཉེ་འཁོར་གྱི་ཟ་ལར་མུ་སྟེགས་པ་དག་གིས་བརྙས་ཚིག་གིས་ཁྱོད་མཐུ་ནུས་ཆེ་བར་གོ་བས་ང་ལ་མཐུ་བྱས་ནས་བསད་ཐུབ་ན་སྟོང་གདབ་མི་དགོས་ཞེས་ཚོད་བགམ་པར། ཉིན་ཞིག་རྗེ་ཉིད་ཀྱི་སྒོ་ཁྱི་སྟག་གིས་ཁྱེར་བས། རྗེ་འདིས་ཟ་ལར་དག་ལ་ངས་སྟག་ལ་མཐུ་བྱས་ཡོད་པས་ཁྱེད་ཚོས་ནགས་ནང་ནས་སྟག་འཚོལ་དང་རྙེད་ཐུབ་གསུངས། ཟ་ལར་དག་གིས་བསེ་ཆང་གི་ནགས་ནང་ནས་ཁྱི་ཟ་མཁན་གྱི་སྟག་རོ་རྙེད་པས་ཟ་ལར་དག་ཧ་ལས་ཏེ་ཕྱིན་ཆད་ཀ་མདོ་དགོན་པར་གནོད་མ་ནུས་པ་བཅས་ཞར་བྱུང་ངོ་།། དེ་ལྟར་ལོ་འདིའི་སྨོན་ལམ་དཀྱུས་ནས་བསེ་ངག་དབང་བཀྲ་ཤིས་ལ་ཀུན་མཁྱེན་བླ་མས་ངེད་གཏེར་འདོན་པར་འགྲོ་རྒྱུ་ཡིན། ཁྱེད་ཀྱིས་གསུང་ཆོས་ཀྱི་འཕྲོ་གནང་ནས་གསུང་ཆོས་དང་སྨོན་ལམ་རྒྱས་པ་གྱིས་ཞེས་སྩལ། སྨོན་ལམ་གྲོལ་ནས་བསེ་ངག་དབང་བཀྲ་ཤིས་ཀྱང་རྗེ་ཉིད་གར་ཕེབས་ལ་བྱོན་ཞིང་གཏེར་ལུང་ནས་གཏེར་བཏོན། འདི་དུས་སྨད་ཀྱི་མཛོད་དགེ་མར་ཁུའི་ཐང་གི་དཔོན་ཤེས་རབ་སེང་གེ་དུག་ནད་སྦྱོང་ཕྱིར་མཇལ་དུ་འོང་བ་གཏེར་ཐོན་པ་དང་མཉམ་དུ་མཇལ་བས། ཐུགས་དགྱེས་ཤིང་བུམ་ཆུ་སྩལ་བ་ཙམ་གྱིས་བདེ་བའི་དགའ་སྟོན་ཐོབ། ཞལ་ནས། ཐུའུ་བཀྭན་ཚང་དང་ངེད་ཚོས་གཏེར་མཉམ་དུ་སྦས་པ་ཡིན་པས། ཐུའུ་བཀྭན་ཚང་ལ་སྐུ་སྐལ་བསྐུར་དགོས་གསུངས་ནས་གཏེར་རྫས་ཤིག་བསྐུར་བ་ན། ཁོང་གིས་ང་ལ་གཏེར་རྫས་བསྐུར་བ་ཐུགས་རྗེ་ཆེ་ཡང་གཏེར་ཡིག་སྦེད་དགོས་པའི་ནོངས་པ་མེད་ཅེས་ཞུས་པའི་ལན་དུ། གཏེར་འདོན་ཅུང་ཟད་འགྱངས་ནས་ལུང་བསྟན་འགའ་ཞིག་སྔར་ཐལ་ཟིན། འགའ་ཞིག་དུས་བབ་ཀྱི་བར་དུ་སྦེད་དགོས་སོགས་ལ་བརྟེན་ཁྲོམ་བསྒྲགས་མ་བྱས་པ་ཡིན། གཏེར་ཡིག་གི་ནང་དོན་འདི་འདྲ་ཞིག་སྣང་ཞེས་དོན་ཚན་གྱི་འགག་སྡོམ་རྗེ་ཉིད་ཀྱིས་མཛད་ནས་བསྐུར་བ་ནི།

ཨེ་མ་ཧོ། དམ་པ་ཁྱོད་ཀྱི་སྐལ་བའི་གསང་གཏེར་ནི།།

གཞན་དུ་ཟིན་མོད་ཁ་བྱང་འདི་བཞིན་འཚལ།།

བསྟན་དང་བསྟན་འཛིན་འགྲོ་བའི་བདེ་སྐྱིད་རྣམས།།

རྒྱས་པར་བྱེད་པའི་ཐབས་རྣམས་བསྟན་པའི་མཆོག།

བྱམས་དང་སྙིང་རྗེ་བདེ་སྟོང་ནམ་མཁའི་དབྱིངས།།

ལྷུར་མཛད་ཉམས་སུ་བཞེས་པ་དགོས་པའི་གཙོ།།

འོན་ཀྱང་སྙིགས་མ་ལས་ཀྱང་སྙིགས་མ་ཡི།།

ངན་སྤྱོད་ཕྱི་འཁྲུག་ནང་འཁྲུག་མུ་གེ་འབྱུང་།།

ཞི་ཞིང་བདེ་སྐྱིད་སྡེ་དགོན་རྒྱས་པའི་དུས།།

རིམ་གྲོར་རྒྱལ་བའི་བཀའ་སྒྲོག་བཀའ་བཞིན་སྒྲུབས།།

ཞི་སོགས་ལས་མཛད་ལས་ཀྱི་གྲོགས་མཛད་པའི།།

གཟི་ལྡན་མགོན་དང་མགོན་པོ་ཕྱག་དྲུག་པ།།

དམ་ཅན་ཆོས་རྒྱལ་ལ་སོགས་སྲུང་མ་ལ།།

སྲོག་རྟེན་མན་ངག་བཞིན་དུ་འཕྲིན་བཅོལ་མཛོད།།

སྙིང་སྟོབས་ཕུལ་བྱུང་ཁྱོད་ཀྱིས་དེ་ཡི་ཚེ།།

ལོ་གྲངས་བཅུ་ཕྲག་བདུན་དང་གཉིས་ཟུང་ལ།།

འགྲོ་དོན་མཛོད་དང་ངེད་ཅག་ཁྱེད་ཀྱི་གྲོགས།། འདི་དུས་ལུང་བསྟན་མང་བཀའ་རྒྱ། སྦས་རྒྱ། གཏད་རྒྱ། རྒྱལ་མཁན་པོ་ཨེརྟི་ནི་ནོ་མོན་ཧན་དང་།རབ་འབྱམས་པ་ངག་དབང་དཔལ་ལྡན་གྱིས་ཤོག་སེར་ལས་བཀླགས་ནས་ངེད་ཀྱིས་བྲིས་པའོ།། ཞེས་པ་འདི་ཡིན་ལ་འདིའི་ནང་རྗེ་ཉིད་ཀྱི་སྐུ་ཚེའི་ཚད་དགུང་ལོ་དོན་བཞི་ཡིན་པ་ཡང་གསལ་བར་བསྟན་སྣང་ངོ་།།     འདི་ཡས་མས་སུ་དབུས་ནས་རྒྱལ་སྲས་སྐུ་ཕྲེང་གསུམ་པ་འཇིགས་མེད་ཡེ་ཤེས་༡༦༩༦­‑༡༧༥༠གྲགས་པས་དབུ་ཕར་ཚད་གསུམ་གྱི་དཀའ་གནད་ལས་བརྩམས་པའི་དྲི་བ་ཕུལ་བར་རྗེ་འདིས་དྲིས་ལན་ཙིནྟ་མ་ཎིའི་ཕྲེང་བའམ་ཡོངས་གྲགས་ལ་རྒྱལ་སྲས་དྲིན་ལན་དུ་གྲགས་པ་བརྩམས། ལོ་འདིའི་དབྱར་ཁར་བསེ་ངག་དབང་བཀྲ་ཤིས་ཚང་ཐག་རིང་གི་གཤིན་སྔས་ལ་ཕེབས་ཤུལ་ནས་རྗེ་འདིས་དགེ་བསྐོས་ལ་བཀའ་བབས་ཏེ་སང་ཞོགས་ངེད་རང་ཆོས་གྲྭར་འོངས་ནས་བརྩི་བཞག་ཅིག་གཏོང་རྒྱུ་ཡིན་པས་དེ་དུས་གྲྭ་ཚང་མཉམ་ཚོགས་གྱིས་གསུངས། གྲྭ་ཚང་གིས་དགེ་བཤེས་བློ་བཟང་མཁས་མཆོག་ལ་ཁྱེད་ནས་སྐྱོར་དགོས་ཞུས་པ་ལྟར་ཕྱི་ཉིན་དགེ་བཤེས་ཀྱིས་སྤོས་རིང་གཅིག་སྦར་ནས་འོང་། རྗེ་འདིས་ཆོས་གྲྭ་ནས་དབུ་ཞྭ་ཕྱག་ཏུ་བཞེས་ཏེ་སྐྱོར་དཔོན་སུ་ཡིན་གསུངས་པར། དགེ་བཤེས་ཀྱིས་ཐལ་མོ་སྦྱར་བའི་བར་དུ་སྤོས་བཟུང་སྟེ་ང་ཡིན་ཞུས་པས་ངེས་པོ་གྱིས་ཨང་གསུངས་ནས། རྟེན་འབྲེལ་གྱི་བརྩི་བཞག་ཆོས་ཐུན་གཅིག་ལ་གནང་བ་དགེ་བཤེས་ཀྱིས་ལྷག་ཆད་མེད་པར་སྐྱོར་བ་ད་ལྟ་ཀུན་མཁྱེན་གསུང་འབུམ་ད་པོད་དུ་བཞུགས་པའི་མཚན་བྱང་ལ། ཟབ་མོ་རྟེན་ཅིང་འབྲེལ་བར་འབྱུང་བའི་མཐའ་དཔྱོད་རྗེ་བླ་མ་འཇམ་དབྱངས་བཞད་པའི་རྡོ་རྗེའི་གསུང་རྒྱུན་དྲི་མ་མེད་པ་ཞེས་དཔེ་རིང་ཤོག་གྲངས་བཅུ་བཞི་ཅན་དེ་ཡིན་ནོ།། འདི་ལོའི་ལྔ་མཆོད་ཉིན་ཕར་ཕྱིན་མཐའ་དཔྱོད་ཆེན་མོ་མཇུག་རྫོགས་པར་བརྩམས།

ས་ཕག་༡༧༡༩ལོར་མཛད་རྣམ་བྱིངས་ནི་དཀྱུས་ལྟར་ལ། དབུས་མཐའི་འགྲེལ་བ་དང་འགྲེལ་བཤད་སྦྲགས་ནས་གསུང་བཤད་གནང་།

ལྕགས་བྱི་༡༧༢༠ལོར་ཐུའུ་བཀྭན་ངག་དབང་ཆོས་ཀྱི་རྒྱ་མཚོས་འབད་བརྩོན་གནང་བ་ལ་བརྟེན་རྒྱ་ནག་གོང་མ་ཁང་ཞིས་རྗེ་འདིར་བསྟན་པ་འཛིན་ཅིང་སྤེལ་བར་བྱེད་པའི་ཨེར་ཏི་ནི་ནོ་མོན་ཧན་ཞེས་ཆོ་ལོ་ཕུལ། སྐལ་བཟང་འཇུག་ངོགས་སུ། རཱ་ངན་རི་ཁྲོད་པས་ཞོ་དང་། ཤིང་ཏོག་མང་བོ་ཚོགས་ལ་དྲངས། ཞེས་སྣང་ཡང་། ཀེ་ཏ་ཀར། ཨ་བར་རི་ཁྲོད་པས་ཞེས་འབྱུང་བས་གང་ཟག་གཅིག་ཡིན་ནམ་དཔྱད། ལྕང་སྐྱ་རོལ་རྡོར་ལྕང་སྐྱ་གོང་མའི་སྤྲུལ་སྐུར་ངོས་འཛིན་གནང་།

ལྕགས་གླང་༡༧༢༡ལོའི་ཚེས་གཅིག་ལ་སྐུ་མཚམས་གྲོལ་ནས་གྲྭ་མང་ལ་མཇལ་ཁ་གནང་། ཚེས་བཞི་ནས་བསྙུང་ཚུལ་བསྟན་ནས་གཟིམས་ཡང་ཡང་བབ་པ་བྱུང་། ཞལ་བཀོད་ཞུས་པར། ཁྲི་བས་འཆད་ཉན་གྱིས། བླ་མ་གཞན་ཚོས་རང་རང་གི་གྲྭ་ཚང་སྐྱོངས། ལས་སྣེ་གཞན་རྣམས་ཀྱིས་རང་རང་ལ་གང་བབ་པའི་ལས་ཀ་དེ་གྱིས། ཆས་ཀའི་ལྷག་མ་རྣམས་དབོན་པོ་གཉིས་ཀྱིས་བདག་པོ་གྱིས་གསུངས། ཡང་། རྗེ་ཉིད་ཀྱི་དག་པའི་ཞིང་གང་ཡིན། ངེད་ཚོས་ཞིང་གང་དུ་སྨོན་ལམ་འདེབས་ཞུས་པར། གཙོ་བོ་བདེ་བ་ཅན་ཡིན་པས་དེ་ལ་སྨོན་ལམ་ཐོབ་གསུངས། སྤྲུལ་སྐུ་ཡུལ་ཕྱོགས་གང་དུ་ཨང་ཉན་བྱ་དགོས་ཞུས་པར། སྐྱེ་ས་ལ་ངེས་པ་མེད་གསུངས། གྲྭ་ཚང་ལ་མཇལ་ཁ་གནང་བཞིན་པའི་སྐབས་འགའ་ཞིག་ངུས་པས་ད་མ་ཡོང་ཞེས་ཕྱག་གིས་བརྡ་མཛད་དེ་ཟླ་གཉིས་པའི་ཚེས་ལྔའི་ཉི་དྲོས་ཀྱི་དུས་སུ་འཕོ་བ་མཛད་དེ་ཧིཀ་མཐོན་པོ་ཞིག་གསུངས་ནས་བདེ་བར་གཤེགས་སོ།། གཡེར་གཤོང་འཇམ་དབྱངས་བློ་གྲོས་ཀྱི་རྣམ་ཐར་ལས། ལྕགས་གླང་ལོ་གསར་གྱི་སྨོན་ལམ་རྒྱས་པར་མཛད་དེ། གཞིའི་དགེ་འདུན་པ་རྣམས་ལ་དམ་པའི་ཆོས་ཀྱི་བཀའ་དྲིན་ནར་མར་སྩོལ་བའི་སྐབས་ཀྱི་ནུབ་ཅིག་ཉིད་ཀྱི་མནལ་ལམ་དུ་སྔར་རང་ལ་རྒྱུས་ཡོད་པའི་རི་མཐོན་པོ་བྱང་སྐྱོར་གྱི་ཚུལ་ལྟ་བུར་ཡོད་པ་ཞིག་ཉིལ་སོང་སྟེ། ཕྱོགས་དེ་སྟོང་ཧར་རེ་ཡོད་པས་ཉམས་ཤིན་ཏུ་མི་དགའ་བ་ཞིག་བྱུང་གསུངས་པའི་ཉིན་ཞོ་བོང་གི་མི་ཞིག་འོང་སྟེ། རྡོ་རྗེ་འཛིན་པ་ཆེན་པོ་སྒོ་མང་དཔོན་སློབ་རིན་པོ་ཆེ་ཞི་བའི་དབྱིངས་སུ་གཤེགས་ཚུལ་གྱི་གཏམ་མོལ་བ་གསན་པས། ད་ནི་བསྟན་པ་སྤྱི་དང་ཁྱད་པར་དགེ་ལུགས་ཀྱི་བསྟན་པའི་སྲོག་ཤིང་ཆག་པ་ལྟ་བུ་ལགས་པས། སེམས་ཅན་གྱི་བདེ་སྐྱིད་ཀྱང་ཉམས་པར་འགྱུར་ཏེ་མདང་གི་རྨི་ལམ་ཡང་དེའི་ངོ་ཡིན་པར་འདུག་གསུངས་ནས་ཐུགས་ཁྲལ་ཆེར་མཛད་ཅིང་བསམ་གཏན་གླིང་དང་། བཀྲ་ཤིས་འཁྱིལ་དུ་མང་ཇ་འགྱེད་བཅས་བཏང་ནས་དགོངས་པ་ཡོངས་སུ་རྫོགས་པར་མཛད་དོ།། ཞེས་འབྱུང་། སུམ་པའི་ཆོས་འབྱུང་ལས། དགུང་ལོ་དོན་ལྔའི་སྟེང་གཤེགས་ཞེས་དང་། ཆུ་སྟག་འཇམ་དབྱངས་བཞད་རྡོར། རྒྱ་རྒྱལ་ཁང་ཞི་འདས་ཞེས་འབྱུང་བ་ལྟར། བསྟན་རྩིས་ཀུན་བཏུས་སུ་ཡང་དེ་ལྟར་འབྱུང་བ་ལོ་གཅིག་གིས་འཕྱི་སྐྱོན་ཡོད་པ་རྟོགས་སླའོ།།   སྐུ་གདུང་རིལ་བོར་འཇོག་མིན་ལ་འཕྲོས་པ་རེ་བྱུང་ཡང་མཐར་དཔོན་མོ་རྣམ་རྒྱལ་སྒྲོལ་མས་སྦྱིན་བདག་དང་འཆར་བཀོད་གནང་བ་ལྟར་རིལ་བོར་བཞུགས་རྒྱུ་བྱས་ཏེ་བུམ་པ་མན་ཆད་དངུལ་དང་དེ་ཡན་ཆད་གསེར་ལས་གྲུབ་པའི་བྱང་ཆུབ་མཆོད་རྟེན་དུ་བཞུགས་སོ།། དཔོན་ཇུ་ནང་གི་བཙུན་མོ་ཅུང་གུར་བཟའ་རྣམ་རྒྱལ་༡༦༧༡‑༡༧༤༢སྒྲོལ་མ་འདི་ཉིད་ནི་དད་སྟོབས་དང་སྙིང་སྟོབས་རྣམ་དཔྱོད་འཛོམས་པའི་དཔོན་མོ་ཞིག་ཡིན་པ་ལོ་རྒྱུས་སུ་གསལ་མོད།  ཁོང་མོས་ཆོས་ཀྱི་བརྡ་ཆད་ཐར་ཐོར་མ་གཏོགས་བོད་སྐད་གཏན་ནས་མི་གོ་བའི་ཚུལ་སོགས་ནི།    མཁན་ཆེན་དགེ་འདུན་༡༦༧༩‑༡༧༦༥རྒྱ་མཚོའི་རྣམ་ཐར་ལས། ཚེ་དབང་གི་སྐབས་སུ་སྔོན་འགྲོའི་ལོ་རྒྱུས་དང་ཆོས་ཀྱི་ཆེ་བརྗོད་སོགས་ཀྱི་གསུང་བཤད་རྣམས་སོག་སྐད་དུ་ལོ་ཙཱ་བསྒྱུར་དགོས་སྟབས། མངའ་རི་བ་དར་ཧན་རབ་འབྱམས་པ་ཟེར་བ་གཏོར་སྒྲུབ་སྐོར་སོགས་ཀྱི་དོ་དམ་པ་ཡིན་པ་ཁོང་ལ་བསྒྱུར་གསུངས་པར། ཁོང་རང་སྐུ་རུས་བོད་དུ་སོང་གཤིས་ཚུལ་མཐུན་བསྒྱུར་ཐུབ་པ་མ་བྱུང་ཞིང་། དཔོན་མོ་དེ་ཉིད་ཀྱིས་རྒྱུན་དུ་བླ་མ་རྣམས་ཀྱི་མདུན་ནས་ཆོས་མང་བོ་གསན་མྱོང་བ་དང་། ཐུགས་རིག་ལེགས་པས་རབ་འབྱམས་པས་བསྒྱུར་བ་ཚོ་ལ་སྒབས་འགར་ཐེ་རི་བི་ཤི་ཞེས་སྐུ་ཞབས་ཀྱིས་གསུང་བཤད་འདི་དང་འདི་གསུངས་པ་ཡིན་འདྲ་ཞེས་སོག་སྐད་ཀྱིས་བཀའ་ཕབ་པར། ལོ་ཙཱ་བ་ངོ་ནོངས་ཤིང་འཇིགས་ནས་ཞལ་རས་དམར་འུར་འུར་འགྲོ་བར་འདུག་གསུངས། ཞེས་མཁན་ཆེན་དགེ་འདུན་རྒྱ་མཚོས་བཙུན་མོ་རྣམ་རྒྱལ་སྒྲོལ་མར་ཚེ་དབང་སྩལ་སྐབས་ཀྱི་རྣམ་ཐར་ཐད་དུ་འབྱུང་བ་ལྟར་ལ། བཙུན་མོ་འདིའི་གདུང་རྟེན་མཆོད་རྟེན་དེང་སང་ཡང་བཀྲ་ཤིས་འཁྱིལ་གྱི་ཚོགས་ཆེན་འདུ་ཁང་གི་གདུང་མདུན་དུ་ཡོད་སྣང་བ་བཅས་ཞར་བྱུང་ངོ་།།

དེ་ལྟར་བགྲང་བྱ་ཉིས་བརྒྱ་དྲུག་ཅུ་རེ་བཞི་ཙམ་གྱི་ཡུན་ལ་འགྲོ་བའི་བསོད་ནམས་ཀྱི་ཞིང་དུ་ཀུན་མཁྱེན་བླ་མའི་སྐུ་གདུང་ཧྲིལ་བོ་དམར་གདུང་དུ་བཞུགས་མོད། རབ་རྒྱལ་ཤིང་གླང་༡༩༨༥ ལོའི་བོད་རྩིས་ཀྱི་ཟླ་གཉིས་པའི་ཚེས་བཅོ་བརྒྱད་དང་། སྤྱི་ཟླ་བཞི་བའི་ཚེས་གཉིས་ཉིན་ཚོགས་ཆེན་འདུ་ཁང་ལ་མེ་སྐྱོན་བྱུང་བས་དཀར་གདུང་དུ་གྱུར་བ་ལས་ཞིག་ཐོར་མ་བྱུང་བ། ལོ་དེའི་ཟླ་གཉིས་པའི་ཚེས་ཉེར་གསུམ་ཉིན་བླ་བྲང་ཐུབ་བསྟན་ཕོ་བྲང་གི་ཡང་རྩེ་ལེགས་བཤད་དགའ་ཚལ་དུ་གདན་དྲངས། རབ་གནས་ལྕགས་རྟ་༡༩༩༠ལོའི་ས་ག་ཟླ་བའི་ཚེས་གཅིག་ཉིན་འགྱོག་བྱམས་ལས་གདན་དྲངས་ཏེ་ཚོགས་ཆེན་འདུ་ཁང་གསར་བའི་ནང་དུ་བཞུགས་སུ་གསོལ་ནས་ད་ལྟ་སྐལ་ལྡན་བསོད་ནམས་གསག་པའི་ཞིང་མཆོག་དམ་པར་བཞུགས་བཞིན་པ་འདིའོ།།  གསུང་འབུམ་དཔར་དུ་འཁོད་ནས་ཁ་པོད་བཀའ་རྒྱ་མ་བཅས་ལྷན་ཅིག་ཏུ་བསྒྲིགས་པ་པོད་བཅུ་དྲུག་བཞུགས་པ་ལས། དེའི་ནང་གི་བ་པོད་དུ་བཞུགས་པའི་འདུལ་བའི་ལས་ཆོག་ཉེར་མཁོ་བསྡུས་པ་ནི་ཕ་བོང་ཁ་བ་འཇམ་དབྱངས་གྲགས་པའི་གསུང་ཡིན་ལ། གསན་ཡིག་ནི་ཀུན་མཁྱེན་འཇིགས་མེད་དབང་བོས་ཕྱོགས་སྒྲིགས་གནང་བ་དང་། གསང་རྣམ་གསུམ་བཞུགས་པ་ལས་གཉིས་ནི་བསེ་ངག་དབང་བཀྲ་ཤིས་དང་། ཅུང་གུར་བློ་བཟང་ཕུན་ཚོགས་གཉིས་ཀྱིས་མཛད་པ་དང་། དག་ཡིག་ངག་སྒྲོན་ལེགས་སྦྱར་དང་ཤན་སྦྱར་བ་ཞིག་ཡོད་པ་ལ་ཀུན་མཁྱེན་གྱིས་མཆན་བཏབ་ཚུལ་སོགས་ཅི་ཡང་མི་སྣང་ལ། ས་དགུ་བར་སོ་རིག་བཞི་ཐོབ་པར་བཤད་པས་ཀྱང་བརྟག་བྱ་སྣང་། མངོན་བརྗོད་འཆི་མེད་མཛོད་ཀྱི་མཆན་ནི་དབྱིག་ཀྱ་ངག་དབང་གི་ཟིན་བྲིས་ཡིན་ལ། དགའ་ལྡན་དཀར་ཆག་དང་། ལྟ་ཁྲིད་མཐའ་བྲལ་སྒྲུབ་པའི་གཏེར་མཛོད། འགྲེས་རྐང་གི་གྲངས་འདྲེན། ལམ་རིམ་གྱི་རྣམ་བཤད་རྩོམ་འཕྲོ། དྲང་ངེས་ཟིན་བྲིས་ལ་མཛད་བྱང་མི་སྣང་ཡང་མཚན་བྱང་དུ་ཡིན་པར་བྱས་འདུག་ཅིང་རྗེས་འཇུག་དག་གིས་དོགས་པ་ཙམ་ཡང་མ་བྱས་པས་ཡིན་ནམ་སྙམ། རྣམ་སྲས་བཀའ་བཅུ་དྲུག་གི་ཆོག་བསྒྲིགས་དང་། ཚད་མའི་དཀའ་གནས་ཀྱི་ཟུར་བཀོལ། སྒྲུབ་ཐབས་རྒྱ་མཚོའི་མངོན་རྟོགས་དང་རྗེས་ཆོག་ལ་སྦྱར་བྱང་མི་སྣང་།  སྣར་ཐང་བརྒྱ་རྩའི་རྗེས་གནང་གི་ཟིན་བྲིས་ཀྱང་སུས་བྲིས་མི་གསལ།  གསུང་འབུམ་ཕྱོགས་བསྒྲིགས་ནང་དུ་མ་ཚུད་པ་ཡང་། ལམ་རིམ་མཆན་འགྲེལ་གསེར་གྱི་འཁོར་ལོ། རྟོག་བདུན་མཆན་འགྲེལ་སྙན་བརྒྱུད་རིན་ཆེན་ཕྲེང་བ། འཇིགས་བྱེད་ཞི་བའི་འཁྲུལ་འཁོར་གྱི་ཆོག་བསྒྲིགས་རྒུད་པ་ཀུན་སེལ་ཕན་བདེའི་འཇུག་ངོགས་བདུད་རྩིའི་རྒྱ་མཚོ་འདོད་གསོལ་དང་བཅས་པ། རྒྱས་པའི་འཁྲུལ་འཁོར་གྱི་ཆོག་བསྒྲིགས་བདུད་ལས་རྒྱལ་བའི་བཞད་སྒྲ་དངོས་གྲུབ་རྒྱ་མཚོའི་དགའ་སྟོན་འདོད་གསོལ་དང་བཅས་པ། རྡོ་རྗེ་འཇིགས་བྱེད་ཀྱི་དབང་དུ་བྱེད་པའི་འཁྲུལ་འཁོར་གྱི་ཆོ་ག་རྒྱལ་བ་གཉིས་པའི་ཞལ་ལུང་རྡོ་རྗེ་ལྕགས་ཀྱུ་ཆེན་པོ་ཁམས་གསུམ་ལས་རྣམ་པར་རྒྱལ་བ། རྡོ་རྗེ་འཇིགས་བྱེད་རྩ་བཤད་ཀྱི་རེངས་པའི་འཁྲུལ་འཁོར་ཁམས་གསུམ་རྣམ་པར་གནོན་པ་བདུད་སྡེའི་གཡུལ་ལས་རྒྱལ་བའི་བཞད་སྒྲ་ཆེན་པོ། ཞྭ་ལུ་བ་ཆེན་པོའི་དྲུག་ཅུ་བའི་རྩ་ཚིག་གི་མཆན་འགྲེལ་རྒྱས་པ་འཇམ་དཔལ་སྙིང་བོའི་དགོངས་རྒྱན། དམར་བོ་མདའ་གཞུ་འགེངས་བའི་གདམས་པ་འཇིགས་མཛད་ཞལ་ལུང་དབང་གི་རྒྱལ་བོའི་ཕྲེང་མཛེས། དམར་བོ་མདའ་གཞུ་འགེངས་པའི་དུག་སྲུང་ཚིགས་བཅད་མ་རིན་ཆེན་དབང་གི་རྒྱལ་བོའི་ཕྲེང་བ། ཕར་ཕྱིན་སྐབས་བདུན་པའི་མཐའ་དཔྱོད། དབུ་མའི་བདེན་གཉིས་ཀྱི་མཐའ་དཔྱོད། འདུལ་བའི་དུས་ཚིགས་བྲ་ཉེ་ལོ་ཆེན་བློ་བཟང་འོད་ཟེར་བས་ཟིན་བྲིས་མཛད་པ། ཙནྡྲ་བའི་འགྲེལ་བ་རྩོམ་འཕྲོ་དང་དེའི་མཆན། བསྟན་རྩིས་ཚིགས་བཅད་མ། སྣ་ཚོགས་ཡུམ་གྱི་བུམ་ཆོག། ཁྲོ་བཅུའི་ཆོ་ག། མངོན་བརྗོད་འཆི་མེད་མཛོད་གཞི་འགྱུར་དང་དེའི་འགྲེལ་བ། ཕྱི་མ་འདི་གཞིས་ཀྱི་འབྲས་སྤུངས་སྒོ་མང་དཔེ་མཛོད་དུ་ད་ལྟ་བཞུགས་ཤིང་། དཔེ་ཚུགས་བྲིས་མ་ཤོག་གྲངས་༡༡༦ཙམ་ཡོད་སྣང་། ད་དུང་ཡོངས་གྲགས་ལ་བསེའི་བསྡུས་གྲྭ་རྩོམ་འཕྲོར་གྲགས་པ་འདི་གདན་རབས་ལྷའི་རྔ་ཆེན་དུ་ཡོངས་གྲགས་ལྟར་བསེ་ཚང་གི་ཡིན་པར་གསུངས་མོད། ཀུན་མཁྱེན་བླ་མ་རང་ཉིད་ཀྱི་ཕྱག་རྩོམ་དངོས་ཡིན་པའི་གསུང་སྒྲོས་ཀྱང་ཡོད་དེ། མཁས་དབང་དཔའ་རིས་རབ་གསལ་ཚང་གི་དབུ་མའི་སྡོམ་གྱི་རང་འགྲེལ་ལས། ཀུན་མཁྱེན་ཆེན་པོས་བསྡུས་གྲྭ་རྩོམ་འཕྲོར་གཟུགས་ལྔ་བྱེ་སྨྲས་འདོད་གསུངས། ཞེས་དང་། མཁས་དབང་དམུ་དགེ་བསམ་གཏན་གྱི་བློ་གསལ་རིགས་མཛོད་ལས། དེ་ལ་ཁ་ཅིག་གིས། ཚད་མས་རྟག་པ་ཡོད་ལ། ཚད་མའི་རྟག་པ་མེད་ཅེས་ཟེར་བ་བླུན་གཏམ་ཡིན་ཏེ་ཚད་མས་རྟག་པ་ཡོད་ཅེས་ས་མཐའ་བྱས་པ་ལ་འབྲེལ་ཅི་ཡང་མེད་པའི་ཕྱིར། ཞེས་ཀུན་མཁྱེན་བསྡུས་གྲྭ་རྩོམ་འཕྲོ་ལས་གསུངས་སོ།། ཞེས་བསྡུས་གྲྭ་རྩོམ་འཕྲོ་འདི་ཉིད་ཀུན་མཁྱེན་གྱི་ཡིན་པར་གསུངས་སོ།།

སྨྲས་པ། དེ་ལྟར་མཁས་དང་གྲུབ་པའི་རྩེར་སོན་ཞིང་།།

བཤད་སྒྲུབ་ལག་རྗེས་མཚུངས་མེད་འབུར་དོད་པ།།

ཀུན་མཁྱེན་ཞེས་བྱའི་མཚན་གྱི་རོལ་མོ་ཅན།།

གང་གི་རྣམ་པར་ཐར་བའི་ཉིང་བཅུད་དེ།།

མ་ཚང་ཁ་གསབ་འཁྲུག་པ་སྡེབ་པ་དང་།།

མ་དག་འབྱམས་པའི་ཡོ་བ་བསྲངས་པའི་དགེས།།

མ་ལུས་བསྟན་དང་འགྲོ་བའི་དཔུང་དང་གཉེན་།།

མ་ཧཱ་མཁས་གྲུབ་ཁྱོད་དང་མཚུངས་པར་སྨོན།།

  ཞེས་ཀུན་མཁྱེན་བླ་མའི་རྣམ་ཐར་རྒྱས་པ་གཉིས་ཀའི་གནད་སྙིང་ཚུར་བསྡུས་ཤིང་དེར་མི་གསལ་བ་དག་གཞན་ནས་ཁ་བསྐངས་པ་དང་འབྲེལ་ཡོད་དོགས་སེལ་དང་ཟུར་རྒྱན་གྱི་སྒོ་ནས་བྲིས་པ་འདིས། ཕྱི་རབས་པ་དག་གིས་རྣམ་ཐར་རྒྱས་པ་ལ་མཇལ་བའི་སྐབས་སུ་ཁྱོན་ཡོངས་ནས་ཀུན་མཁྱེན་བླ་མའི་སྐུ་ཚེ་གང་གི་མཛད་རྣམ་ཇི་བཞིན་དུ་རྟོགས་པའི་ཐབས་སུ་འགྲོ་བར་གྱུར་ཅིག་ཅེས་དཀོན་མཆོག་རྒྱ་མཚོ་ལེགས་བཤད་སྨྲ་བའི་ཟླ་བས་རབ་གནས་ཆུ་སྟག་ལོར་སྣོན་ཕྲི་ཅུང་ཟད་བཅས་རྒན་གྱའི་བྲག་དཀར་དུ་སྦྱར་རོ།།

ཡིག་ཆའི་ཁུངས།

ཀུན་མཁྱེན་འཇམ་དབྱངས་བཞད་པའི་གསུང་འབུམ། བླ་བྲང་ཤིང་དཔར།

ཕྱི་རྒྱལ་གྱི་ཚད་མ་རིག་པའི་ཞིབ་འཇུག། སྒྱུར་མཁན། ཡུལ་ནང་ངག་དབང་བསྟན་འཛིན། ༢༠༠༥ལོར་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན།

དགའ་ལྡན་ཛེ་སྨད་སྤྲུལ་སྐུའི་གསུང་འབུམ། བྲིས་མ།

དགེ་རྩེ་འགྱུར་མེད་ཚེ་དབང་མཆོག་གྲུབ་ཀྱི་གསུང་འབུམ་ཤིང་དཔར། དཔར་ཁང་མི་གསལ།

གཞུང་བརྒྱ་བ་དངོས་གྲུབ་དཔལ་འབར་གྱི་མཛོད། དཔེ་རིང་ལྕགས་དཔར།  དྲུང་ཆེན་དངོས་གྲུབ་པའི་མཛོད། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་༢༠༠༨ལོར་བསྐྲུན། དགའ་ལྡན་ཁྲི་རྣམ། སེར་གཙུག་གིས་དཔར།  བདེ་ཆེན་པཎ་ཌི་ཏས་མཛད་པའི་མཁན་ཆེན་དགེ་འདུན་རྒྱ་མཚོའི་རྣམ་ཐར།

 ཤར་སྐུ་ཕྲེང་གཉིས་པས་མཛད་པའི་རྟིས་ཚང་མ་ཎི་བ་ཤེས་རབ་བཀྲ་ཤིས་ཀྱི་རྣམ་ཐར། ཤིང་དཔར། ཆ་ཧར་དགེ་བཤེས་ཀྱི་གསུང་འབུམ། ཤིང་དཔར།  གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས། བྱམས་པ་འཕྲིན་ལས་ཀྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང་གིས་༡༩༩༠ལོར་དཔར།   སོག་པོའི་དེབ་ཐེར་མེས་པོའི་ཞལ་ལུང་། བྲིས་མ། ཐེ་བོ་ལུང་བཟང་ནང་བའི་གསུང་འབུམ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། བསྟན་རྩིས་ཀུན་བཏུས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས༡༩༨༢ལོར་དཔར། ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་༢༠༠༦ལོར་བསྐྲུན། གཡེར་གཤོང་འཇམ་བློའི་རྣམ་ཐར། མཚོ་སྔོན་མི་རིགས་དཔེ་བསྐྲུན་ཁང་གིས་བསྐྲུན། འབྲས་སྤུངས་དགོན་དུ་བཞུགས་སུ་གསོལ་བའི་དཔེ་རྙིང་དཀར་ཆག། དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས།  མདོ་སྨད་ཞིབ་འཇུག་དེབ་ཁ་ཤས།  ཨ་མཆོག་བསྟན་རྒྱན་པའི་གསུང་འབུམ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། ར་ག་ཨ་སྱའི་གསུང་འབུམ། གནས་མདོ་དཔེ་རྙིང་ཉམས་གསོ་ཁང་གིས་བསྐྲུན།  ཀློང་རྡོལ་བླ་མའི་གསུང་འབུམ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་བསྐྲུན། དཀའ་བཅུ་བློ་བཟང་ཚེ་འཕེལ་གྱི་ཧོར་ཆོས་འབྱུང་། བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱི་གློག་རྡུལ་དཔར།   བྲག་དཀར་དཔལ་ལྡན་བསྟན་འཛིན་སྙན་གྲགས་ཀྱི་གསུང་འབུམ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་བསྐྲུན། ཞྭ་ལུའི་གདན་རབས། ཞྭ་ལུ་བ་བློ་གསལ་བསྟན་སྐྱོང་གིས་མཛད། ཤིང་དཔར།  སྡེ་སྲིད་ཀྱི་གཡའ་སེལ། སྡེ་དགེ་ཤིང་དཔར། མཆོད་སྡོང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་བསྐྲུན། འབྲས་སྤུངས་དགོན་གྱི་དཀར་ཆག། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཆོས་ལུགས་ཞིབ་འཇུག་ཚན་པས་རྩོམ་སྒྲིག་བྱས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་བསྐྲུན།   དབལ་མང་གསུང་འབུམ། ཨ་མཆོག་ཤིང་དཔར།

གུང་ཐང་བསྟན་པའི་སྒྲོན་མེའི་གསུང་འབུམ། ཞོལ་དཔར། སུམ་པའི་གསུང་འབུམ། མཁར་སྔོན་པོའི་ཤིང་དཔར། ཀུན་མཁྱེན་འཇིགས་མེད་དབང་བོའི་གསུང་འབུམ། བླ་བྲང་ཤིང་དཔར། དཔའ་རིས་རབ་གསལ་གྱི་གསུང་འབུམ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། མཁན་སྤྲུལ་ངག་དབང་ཐུབ་བསྟན་རྒྱ་མཚོའི་གསུང་འབུམ། སེར་གཙུག། རྒྱལ་དབང་ལྔ་བའི་རང་རྣམ་དཱུ་ཀུ་ལའི་གོས་བཟང་། མི་རིགས་དཔེ་སྐྲུན་ཁང་། རྨ་ལྷོ་སོག་ཤོག་གི་ལོ་རྒྱུས་རྒྱུ་ཆ་ཕྱོགས་བསྒྲིགས། ནང་ཁུལ་ཡིག་ཆ།  བྲག་དགོན་པའི་གསུང་འབུམ། རྡོ་དཀར་དགོན་རིན་ཆེན་མེ་ལོང་རྩོམ་སྒྲིག་ཁང་། ལྕང་སྐྱ་ངག་དབང་ཆོས་ལྡན་གྱི་གསུང་འབུམ། པེ་ཅིན་ཤིང་དཔར། ལྕང་ལུང་པཎ་ཆེན་གྱི་གསུང་འབུམ། བྲིས་མ། ཐུའུ་བཀྭན་ཆོས་ཀྱི་ཉི་མའི་གསུང་འབུམ། ཞོལ་དཔར་ཡིན།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།