ཨ་ལག་ཤ་བསྟན་དར་ལྷ་རམས་པ།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2022-03-20 16:17:05     རྩོམ་པ་པོ།   དུང་དཀར་བློ་བཟང་འཕྲིན་ལས།    ཀློག་ཐེངས།  

སོག་པོ་བསྟན་དར་ལྷ་རམས་པ་ཡང་ཞུ་བ་འདི་ཉིད་རབ་བྱུང་བཅུ་གསུམ་པའི་ས་ཡོས(༡༧༥༩)ལོར་སོག་ཡུལ་ཨ་ལག་ཤ་ཞེས་པའི་སའི་ཆར་སྐུ་འཁྲུངས། སྐུ་ན་ཆུང་དུས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ་གྲྭ་བཙུན་མཛད་ཅིང་། དབུས་སུ་ཕེབས་ནས་དཔལ་ལྡན་འབྲས་སྤུངས་དགོན་གྱི་སྒོ་མང་གྲྭ་ཚང་དུ་ཆོས་ཞུགས་གནང་། རྗེ་ཀློང་རྡོལ་བླ་མ་ངག་དབང་བློ་བཟང་སློབ་དཔོན་དུ་བསྟེན་ནས་བཀའ་ཆོས་ཟབ་མོ་དང་རིག་གནས་ཁག་ལ་སྦྱངས་པ་རྒྱ་ཆེར་མཛད་ཅིང་ཤེས་རབ་ཀྱི་བློ་གྲོས་རབ་ཏུ་རྒྱས། 

དགུང་ལོ་སུམ་ཅུ་ལྷག་ཙམ་ལ་ལྷ་ལྡན་སྨོན་ལམ་ཆེན་མོར་རབ་འབྱམས་པའི་གྲྭ་སྐོར་མཛད། དགུང་ལོ་སོ་གསུམ་དུ་བཞེས་པ་རབ་བྱུང་བཅུ་གསུམ་པའི་ལྕགས་ཕག(༡༧༩༡)ལོར་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་མཁན་པོར་ཕེབས། 

དགུང་ལོ་ང་གཅིག་ཐོག་རྡོ་རམས་པ་ལྷ་ཞེའི་དྲུང་ནས་སྙན་ངག་སོགས་རིག་གནས་ཁག་གསན་སྦྱོང་གནང་། ཕྱིས་སུ་མདོ་སྨད་སྐུ་འབུམ་བྱམས་པ་གླིང་དུ་ཡུན་རིང་བཞུགས། འཆད་རྩོད་རྩོམ་པས་འགྲོ་དོན་རྒྱ་ཆེན་པོར་སྤེལ། 

ཕྱག་རྩོམ་ཡང{{ལམ་གྱི་གཙོ་བོ་རྣམ་གསུམ་གྱི་འགྲེལ་པ}} {{སྙན་ངག་གི་དཔེར་བརྗོད}} {{སུམ་རྟགས་འགྲེལ་པ}}སོགས་མང་དུ་མཆིས། རྗེ་འདི་ཉིད་ཀྱི་རྣམ་ཐར་མ་མཇལ་བས་མཛད་རྗེས་ཆ་ཚང་བ་འགོད་དཀའ་ལ། འདས་ལོ་ཡང་ཞིབ་ཆ་འགོད་མི་ཐུབ། འོན་ཀྱང་བསྟན་དར་ལྷ་རམས་པ་མཆོག་གིས་མཛད་པའི{{རྟེན་འབྲེལ་བསྟོད་པའི་དོན་འགྲེལ་རིན་ཆེན་ཕྲེང་བ}}ཞེས་པའི་མཇུག་བྱང་དུ། རང་ལོ་དོན་གསུམ་པ་རབ་བྱུང་བཅུ་བཞི་པའི་ལྕགས་མོ་ཡོས(༡༨༣༡)ལོའི་ཧོར་ཟླ་གཉིས་པའི་ཡར་ངོའི་ཚེས་གསུམ་ལ་སྦྱར་ཞེས་གསལ་ཞིང་། བསྟན་བཅོས་འདི་བརྩམས་ནས་ཡུན་རིང་མ་བཞུགས་པར་དགོངས་པ་གཞན་དོན་དུ་གཤེགས་པ་མཁས་པའི་གསུང་ལས་བྱུང་བས། ཕལ་ཆེར་དེ་ནས་དུས་ཡུན་རིང་པོར་མ་ཐོགས་པར་སྐུ་གཤེགས་པར་མངོན།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།