ལ་མོ་གྲགས་རྒན་བློ་བཟང་བཀྲ་ཤིས།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2021-03-23 16:40:34     རྩོམ་པ་པོ།   དུང་དཀར་བློ་བཟང་འཕྲིན་ལས།    ཀློག་ཐེངས།  

      མདོ་སྨད་བྱ་ཁྱུང་དགོན་གྱི་མཁན་རབས་ཉེར་བརྒྱད་པ་འདི་ཉིད་འབལ་གཞུང་ཉ་མཚོའི་དཔོན་རྒྱུད་དུ་རབ་བྱུང་བཅུ་གཅིག་པའི་མེ་ཕག(༡༦༤༧)ལོར་འཁྲུངས།

དཔལ་ལྡན་འབྲས་སྤུངས་དགོན་དུ་ཆོས་ཞུགས་མཛད། མཁྱེན་རབ་ཆེ་བས་འཛིན་གྲྭ་བདུན་རེའི་བརྩི་བཞག་དུས་གཅིག་ལ་གསན། སྨྲ་བའི་ཁྱུ་མཆོག་ཏུ་གྱུར། ཏཱ་ལའི་བླ་མ་ལྔ་པ་ཆེན་པོར་བསྙེན་རྫོགས་ཞུས། འབྲས་སྤུངས་སུ་ལོ་བདུན་སློབ་གཉེར་མཛད་ཏེ་ལྷ་རམས་པའི་མཚན་རྟགས་བཞེས། བཀའ་འགྱུར་གྱི་ལུང་སོགས་ཆོས་རྒྱུན་མནོག་ཆེ་བ་གསན། ཨ་མདོ་ནས་ཚ་གན་ནོ་མོན་ཧན་གྱི་ཡོངས་འཛིན་དུ་གདན་དྲངས།

ལྕགས་བྱ(༡༦༨༡)ལོར་རང་ཡུལ་དུ་ཕྱིར་ཕེབས། མདོ་སྨད་ཀྱི་གྲྭ་ས་ཕལ་ཆེར་ལ་དམ་བཅའ་བཞག དགུང་ལོ་ཞེ་བརྒྱད་ཐོག་སླར་ཡང་དབུས་སུ་ཕེབས། སེ་འབྲས་དགེ་གསུམ་སོགས་ལ་བརྙེན་བཀུར་དང་། ཀུན་མཁྱེན་བླ་མར་དབུ་མ་ཆེན་མོའི་ལྗགས་རྩོམ་ཞུས། གཙང་དུ་བྱོན་ནས་པཎ་ཆེན་བློ་བཟང་ཡེ་ཤེས་མཇལ། དེ་ནས་རང་ཡུལ་དུ་ཕེབས། མེ་གླང(༡༦༩༧)ལོར་ཁྲི་ཆེན་སྤྲུལ་སྐུ་བསྟན་པའི་ཉི་མ། ཐལ་ཤུལ་ཆོས་སྐྱོང་རྒྱ་མཚོ། ཤ་སྦྲང་འཇམ་དབྱངས་བློ་གྲོས། བྱང་ཆུབ་མི་ལ་སོགས་ཀྱིས་གཙོས་གསན་མཁན་སྟོང་ལྷག་ལ་ཕྲེང་ཀྲྀ་སྦྲགས་མའི་དབང་དང་། རྗེ་ཡབ་སྲས་ཀྱི་གསུང་འབུམ་ལུང་། ལམ་རིམ་གྱི་མྱོང་ཁྲིད་ཚར་མང་པོ་སོགས་ཅི་འདོད་དུ་གནང་། ཀུན་མཁྱེན་བླ་མ་བདེ་ཆེན་དུ་ཞུས་ནས་ཆོས་བཀའ་གསན་བཞེས་མཛད་པ་སོགས་རྣམ་ཐར་འགངས་ཆེ། འཇིགས་བྱེད་བསྐྱེད་རིམ། དབུ་མ་དང་འདུལ་བའི་ཐལ་ཕྲེང་། ཆོས་འབྱུང་སོགས་གསུང་རྩོམ་ཡང་མང་།

རབ་བྱུང་བཅུ་གཉིས་པའི་ཆུ་འབྲུག(༡༧༡༢)ལོར་བྱ་ཁྱུང་གི་ཁྲིར་ཕེབས། འཆད་ཉན་འཕེལ་རྒྱས་གཙོར་འདོན་མཛད། ཚོགས་མང་ལ་བྱང་ཆུབ་ལམ་རིམ་གྱི་བཤད་ལུང་བསྩལ་བ་སོགས་གདན་ས་ཕན་ཚུན་དུ་འཆད་ཉན་གྱི་ཁུར་སྐྱོང་མུར་དགུང་ལོ་རེ་བདུན་བཞེས་པ་རབ་བྱུང་བཅུ་གཉིས་པའི་ཆུ་སྦྲུལ(༡༧༡༣)ལོར་གློ་བུར་དུ་ཞི་བར་གཤེགས།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།