ལྷ་མོ་གསེར་ཁྲི་སྐུ་ཕྲེང་ལྔ་བ༧རྗེ་བཙུན་བློ་བཟང་རྣམ་རྒྱལ་ལུང་རིགས་སེང་གེ་དཔལ་བཟང་བོ་མཆོག་གི་མཛད་རྣམ་མདོར་བསྡུས་བཞུགས་སོ། །

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2021-02-13 07:49:23     རྩོམ་པ་པོ།   འཇིགས་མེད་གྲགས་པ།     ཀློག་ཐེངས།  

༧རྗེ་བཙུན་བློ་བཟང་རྣམ་རྒྱལ་ལུང་རིགས་སེངྒེ་དཔལ་བཟང་བོ་དེ་ཉིད་ནི། དགེ་བཅུ་ཚང་བའི་ཡུལ་མཛོད་དགེ་བཞག་སྡོམ་གྱི་སར་རིགས་རུས་ཕུན་སུམ་ཚོགས་པའི་ཡབ་ཤེས་རབ་རྒྱལ་མཚན་དང་ཡུམ་སྤྲང་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ནང་ཚན་འབྲུ་མང་ཞེས་པ་ས་ཕོ་སྟག་གི་ལོའི་སྟོན་ཟླ་ར་བའི་ཡར་ཚེས་བཟང་བོར། ཡབ་རྗེ་གོང་མ་ཞལ་བཞུགས་བཞིན་དུ་ངོ་མཚར་བའི་ལྟས་དུ་མ་དང་བཅས་མཛེས་ཞལ་ཉིན་བྱེད་དབང་བོ་ལྷ་དང་བཅས་པའི་འཇིག་རྟེན་གྱི་མིག་གི་བདུད་རྩིར་ལྷམ་མེར་གསལ་བར་གྱུར། ལྷ་དང་བླ་མའི་ལུང་བསྟན་བཞིན་ཡབ་རྗེ་གོང་མའི་ཡང་སྤྲུལ་འཁྲུལ་མེད་དུ་ངེས་པ་རྙེད། དགུང་ལོ་ལྔ་བཞེས་པ་རབ་རྒྱལ་ཆུ་སྦྲུལ་ལོའི་ཧོར་ཟླ་བཞི་བའི་ཚེས་བཅུ་གཅིག་གི་ཉིན་ངུར་སྨྲིག་གི་རྒྱལ་མཚན་ལེགས་པར་ཕུལ་ཏེ་མཚན་༧བློ་བཟང་རྣམ་རྒྱལ་ལུང་རིགས་སེང་གེ་དཔལ་བཟང་བོ་ཞེས་གསོལ་ལོ། ། ཆུ་སྟོད་ཟླ་བའི་ཚེས་བཞིའི་ཉིན་ཁྲི་ཆེན་གོང་མ་རིམ་བྱོན་གྱི་འཇིགས་མེད་གདོང་ལྔའི་ཁྲི་ལ་ཞབས་སོར་བཀོད།  དེ་ནས་མཁས་བཙུན་བཟང་བོའི་ཡོན་ཏན་འགྲན་པའི་ཟླ་དང་བྲལ་བ་ཡོངས་ཀྱི་དགེ་བའི་བཤེས་གཉེན་རྗེ་ཡོན་ཏན་རབ་རྒྱས་མཆོག་ཡོངས་འཛིན་དུ་བསྟེན་ཏེ་རིག་གནས་རྒྱ་མཚོའི་གླིང་དུ་བགྲོད་པའི་རྟེན་འབྲེལ་གྱི་དབུ་ཚུགས། དགུང་ལོ་བདུན་བཞེས་པའི་ཚེ་ལྔ་རིག་པཎ་ཆེན་བྱེ་བའི་གཙུག་རྒྱན་རྗེ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོས་མཁན་སློབ་མཛད་ནས་དད་པའི་དགེ་འདུན་ལྔ་ཚོགས་ཀྱི་དབུས་སུ་དགེ་བསྙེན་དང་རབ་བྱུང་། དགེ་ཚུལ་གྱི་བསླབ་པ་རྣམས་དཀྱུས་གཅིག་ཏུ་བཞེས། ལོ་དེ་ནས་བཟུང་བསྡུས་གྲྭའི་རིགས་ལམ་ནས་དབུ་བརྩམས་ཏེ་ཚད་མ་རིག་པ་དང་བརྡ་དག་སོགས་ལ་སྦྱངས་པས་གཞུང་ལུགས་རྒྱ་མཚོའི་དགོངས་དོན་དྲི་མ་མེད་པའི་ལུང་རིགས་ཀྱིས་འབྱེད་པའི་རྣམ་དཔྱོད་ཀྱི་རྩལ་གསུམ་ཡོངས་སུ་རྫོགས་པར་གྱུར། དེ་ནས་རིམ་གྱིས་དབུ་ཕར་མཛོད་འདུལ། སྔགས་དང་བཅས་པར་གསན་བསམ་ལེགས་པར་མཛད།

དགུང་ལོ་བཅོ་ལྔ་བཞེས་པའི་སྐབས་སུ་ཟམ་ཚ་རོང་འབྲོག་ལ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ལན་གཉིས་སུ་བསྐུར་བ་སོགས་སྐལ་ལྡན་སོ་སོའི་ཁམས་དབང་མོས་པ་དང་འཚམ་པའི་ཟབ་རྒྱས་ཆོས་ཀྱི་གྲུ་ཆར་ཕབས།

དགུང་ལོ་ཉི་ཤུའི་ཐོག་དབུས་སུ་ཕེབས་ཏེ།འདུལ་བ་རྒྱ་མཚོའི་མངའ་བདག་ཡོངས་འཛིན་གླིང་རིན་པོ་ཆེ། སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ།སྒོ་མང་མཁན་རིན་པོ་ཆེ་སྐལ་བཟང་ལེགས་ལྡན་སོགས་དགེ་བའི་བཤེས་གཉེན་དུ་མ་ལས་བསླབ་གཞི་ཡོངས་སུ་རྫོགས་པའི་དགེ་སློང་གི་སྡོམ་པ་སོགས་ལུང་རྟོགས་ཆོས་ཀྱི་བདུད་རྩི་ངོམས་མེད་དུ་བཞེས། དེ་ནས་སེམས་ཅན་སྤྱི་མཐུན་གྱི་ལས་དབང་གིས་མཚུན་གྱི་གྲོང་ཁྱེར་མི་ཡུལ་དུ་འཕོས་པ་ལྟ་བུའི་དུས་འགྱུར་ཆུ་གཉེར་བཞིན་བྱུང་སྟེ། འགྲོ་བའི་བདེ་སྐྱིད་ཀྱི་ལོ་ཏོག་རྨེག་མེད་དུ་བཅོམ་པའི་དུས་སུའང་། རྒྱལ་སྲས་སྙིང་སྟོབས་ཆེན་པོའི་རྣམ་ཐར་བདག་གིར་མཛད་དེ་མགོན་མེད་སྐྱབས་མེད་དུ་ལུས་པའི་འགྲོ་བ་མཐའ་ཡས་པ་ཉམ་ངའི་གནས་ལས་དྲངས། ནག་ཕྱོགས་བྱིན་ཟའི་དཔུང་ཤུགས་དྲག་ཏུ་མཆེད་པས་ཆོས་སྡེ་འདིའི་རྟེན་དང་བརྟེན་པར་བཅས་པ་ཤུལ་མེད་དུ་བྱས་ཀྱང་།

ཛརབ་རྒྱལ་ལྕགས་སྤྲེལ་ལོར་ཐུབ་པའི་བསྟན་པ་ཡང་དར་གྱི་དབུ་ཚུགས་པ་ནས་བཟུང་། སྐྱབས་མཆོག་དམ་པ་གང་ཉིད་ཀྱི་སྐུ་དྲིན་ལས་རིམ་བཞིན་བྱམས་ཆེན་མཐོང་བ་དོན་ལྡན་རྟེན་དང་བརྟེན་པར་བཅས་པ་དང་། གསེར་གདུང་ཆེན་མོ། ཚོགས་ཆེན་འདུ་ཁང་སོགས་ལྷ་ཁང་འདུ་ཁང་ཕལ་མོ་ཆེ་བསྐྱར་དུ་བཞེངས་གྲུབ་པ་དང་། ཁྱད་པར་དུ་རྨད་བྱུང་ཐོས་བསམ་གླིང་བའི་བཀའ་པོད་ལྔའི་འཆད་ཉན་དང་། རྒྱུད་གྲྭ་སོ་སོའི་འདོན་རྟ་དབྱངས་སོགས་ཆད་ལུས་མེད་པར་སོར་ཆུད་དེ་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པའི་རྒྱལ་མཚན་སྲིད་པའི་རྩེ་མོར་བསྒྲེངས། གཞན་ཡང་ཟམ་ཚ་རོང་འབྲོག      ཨ་ལ་སྒྱིས་ཚང་། མཛོད་དགེ་ཤོག་བཅུ་གཉིས། རྔ་བ། ཁྲོ་ཁོ་སྟོད་སྨད། ཐེ་བོ། སོག་པོ། རྒྱ་ནག་གི་གནས་ཆེན་བཞི། པེ་ཅིན། ཐེ་ཝན། འཇར་པན་སོགས་རྒྱལ་ཁབ་ཕྱི་ནང་གི་ཡུལ་གྲུ་མང་བོར་ཞབས་ཀྱིས་བཅགས་ནས་དེར་གནས་སྐྱེ་བོ་མཐའ་ཡས་པ་འདི་ཕྱིའི་ལེགས་ལམ་གྱི་དགའ་སྟོན་ལ་སྦྱར་ཞིང་།   

སྤྱི་ལོ༼1960༽ལོ་ནས་བཟུང་སྔ་ཕྱིར་ཀླུ་ཆུ་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་།ཀན་ལྷོ་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཁུལ་དམངས་ཆེན་གྱི་ཀྲུའུ་ཞི་གཞོན་པ། ཀན་སུའུ་ཞིང་ཆེན་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན། ཀན་ལྷོ་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ། ཀན་སུའུ་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། རྒྱལ་ཡོངས་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་སོགས་ཀྱི་འགན་བཞེས།།  ཁྱད་པར་དུ་ཆོས་སྡེ་ཆེན་པོ་དགའ་ལྡན་བཤད་སྒྲུབ་གླིང་དགོན་མ་ལག་ལྷ་འབངས་དང་བཅས་པའི་ཆོས་སྲིད་ལུགས་གཉིས་ཀྱི་བྱ་བ་མཐའ་དག་བརྩེ་བ་ཆེན་པོས་ཁུར་དུ་བཞེས་པའི་བཀའ་དྲིན་བསྐལ་བའི་མཐར་ཡང་གཞལ་ཐབས་ག་ལ་ཡོད།

དགུང་ལོ་དོན་དགུ་བཞེས་པ་རབ་བྱུང་བཅུ་བདུན་པའི་མེ་སྤྲེལ་ལོའི་ཧོར་ཟླ་བརྒྱད་པའི་ཚེས་བཅོ་བརྒྱད་ཀྱི་ཉིན་སྐུ་མྱ་ངན་ལས་འདས་པའི་ཚུལ་མཛད་དོ།། གསུང་སྐྱེས་ཀྱི་སློབ་མ། འབྲས་སྤུངས་ཁྲི་བ་བློ་བཟང་བསྟན་པ། སྒོ་མང་མཁན་ཟུར་ཡོན་ཏན་དམ་ཆོས། ཤིང་བཟའ་སྐལ་བཟང་ཆོས་ཀྱི་རྒྱལ་མཚན། རྒྱ་ནག་པ་ཡོན་ཏན་དམ་ཆོས་བསྟན་པའི་ཉི་མ། འབྲས་སྒོ་མང་ལྷ་རམས་པ་དཀོན་མཆོག་རྒྱ་མཚོ་སོགས་མཁས་གྲུབ་ཀྱི་སྐྱེས་ཆེན་མཐའ་ཡས་སོ། །

༼ཁོང་གི་གསུང་རྩོམ་གྱི་སྐོར་ལ། ༽

ལེགས་བཤད་གསེར་ཕྲེང་གི་བསྡུས་དོན། བསྟོད་ཚོགས་དང་བསང་ཡིག་གི་སྐོར་སོགས་ཡོད།

འཇམ་དབྱངས་གྲགས་པས་གཏག་ནས་གནང་།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 

 

བརྒྱུད་འགོད།