ལྷ་མོ་གསེར་ཁྲི་སྐུ་ཕྲེང་བཞི་བ༧རྗེ་བཙུན་བློ་བཟང་བསྟན་འཛིན་སེང་གེ་དཔལ་བཟང་བོ་མཆོག་གི་མཛད་རྣམ་མདོར་བསྡུས་བཞུགས་སོ། །

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2021-02-13 07:43:34     རྩོམ་པ་པོ།   ལྷ་མོ་ཚུལ་ཁྲིམས་རྒྱ་མཚོ།    ཀློག་ཐེངས།  

དེ་ཡང་ཇི་སྐད་དུ། རྣམ་དག་བློ་གྲོས་ལུས་རྩལ་ཡོངས་སུ་རྫོགས། ། དོན་བཟང་ལུང་རིགས་བྱེ་བའི་གད་རྒྱངས་སྒྲོགས། ། ཐུབ་བསྟན་ས་འཛིན་ལྷུན་པོའི་སྤོར་གནས་པ། ། མཆོག་སྤྲུལ་སྨྲ་བའི་སེངྒེ་ཞེས་བསྔགས་པ་ལྟར། ཕུལ་བྱུང་རྣམ་པར་དག་པའི་བློ་གྲོས་ཀྱི་ལུས་རྩལ་ཡོངས་སུ་རྫོགས་ཤིང་། མདོ་སྔགས་གཞུང་བརྒྱའི་གནད་དོན་རྨད་དུ་བྱུང་བ་མཐའ་དག་རེས་འཇོག་མེད་པར་མཁྱེན་པའི་སྟོབས་ཤུགས་ཀྱིས། ལུང་རིགས་བྱེ་བའི་གད་རྒྱངས་རྒྱུད་མར་སྒྲོག་ཅིང་ལུང་དང་རྟོགས་པའི་ཐུབ་བསྟན་གངས་ཀྱི་རི་བོའི་སྤོ་ལ་རླབས་ཆེན་འཁོར་ལོ་གསུམ་དང་འཆད་རྩོད་རྩོམ་གསུམ་གྱི་མཛད་འཕྲིན་མཉམ་པ་མེད་པས་དུས་རྟག་ཏུ་གནས་འཆའ་བ་ངེས་དོན་ཆོས་ཀྱི་རྒྱལ་བོ་ཁྲི་ཆེན་ང་གསུམ་པ་དྷྭ་ཛ་སིདྷའི་མཆོག་སྤྲུལ་སྨྲ་བའི་སེངྒེ་ཞེས་གྲགས་སྙན་གྱི་བ་དན་དཀར་བོ་སྲིད་པ་གསུམ་ན་མངོན་པར་གཡོ་བ་དཀྱིལ་འཁོར་འཁོར་ལོ་བྱེ་བའི་སྤྲོ་བསྡུའི་བྱེད་པོ་མཁས་ཤིང་གྲུབ་པའི་རིགས་དང་དཀྱིལ་འཁོར་ཀུན་གྱི་བདག་པོ་རང་ཅག་རྣམས་ཀྱི་མེ་ཏོག་ཕོག་པའི་ལྷ་སྐལ་གཅིག་བུ་སྐྱབས་གཅིག་མཐོང་བ་དོན་ལྡན་གོང་ས་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ༧རྗེ་བཙུན་བློ་བཟང་བསྟན་འཛིན་སེངྒེ་དཔལ་བཟང་བོ་དེ་ཉིད་ནི་དབང་ཕྱུག་ཅེས་པ་མེ་མོ་གླང་གི་ལོར་དཔའ་མཛངས་རྟུལ་ཕོད་སོགས་ཀྱིས་མཛེས་པའི་ཡབ་ཀླུ་འབུམ་བཀྲ་ཤིས་དང་། རྣམ་དཀར་གྱི་ལས་ལ་བརྩོན་པ་མི་དམན་ཞིང་བུད་མེད་ཀྱི་སྐྱོན་ལྔ་དང་བྲལ་བ་མཉེས་གཤིན་བྱམས་བརྩེའི་བདག་ཉིད་ཡུམ་སྒྲོལ་མ་འཚོ་སྟེ་ཡབ་ཡུམ་རིགས་རུས་ཆོ་འབྲང་ཕུན་སུམ་ཚོགས་པའི་རྒྱུད་དུ་ངོ་མཚར་བའི་ལྟས་མང་ཟད་མི་ཤེས་པ་དང་བཅས་ཏེ་ལྷར་བཅས་སྐྱེ་དགུ་ཡོངས་ཀྱི་མགོན་དུ་སྐུ་བལྟམས།

དེ་ནས་དགུང་ལོ་བཞི་བཞེས་པ་རྣམ་གནོན་ཞེས་པ་ལྕགས་ཕོ་འབྲུག་གི་ལོར་ལྷར་བཅས་སྐྱེ་དགུ་ཡོངས་ཀྱི་རལ་བའི་ཅོས་པཎ་གྱིས་ཉེ་བར་གཏུགས་པའི་ཡབ་རྗེ་གོང་མའི་མི་འཇིགས་གདོང་ལྔ་འབར་བས་བཏེགས་པའི་ཁྲི་འཕང་མཐོན་པོར་ཞབས་ཀྱི་པདྨོ་ཉེ་བར་བཀོད་དེ་རྫོགས་ལྡན་གསར་བའི་དགའ་སྟོན་མངོན་དུ་གྱུར།

དགུང་ལོ་བདུན་བཞེས་པ་ཉི་མ་ཞེས་གྲགས་པ་ཆུ་ལུག་ལོར་མཁས་གྲུབ་ཡོངས་ཀྱི་འཁོར་ལོས་བསྒྱུར་བ་ཆེན་པོ་བརྟན་མཁས་ཀྱི་ཡོན་ཏན་གཉིས་དང་ལྡན་པའི་མཁན་རིན་པོ་ཆེ་བློ་བཟང་ཐུབ་བསྟན་རྒྱ་མཚོ་དཔལ་བཟང་བོའི་ཞལ་སྔ་ནས་ངེས་པ་ལྔ་བྲལ་གྱི་སྒོ་ནས་འཆལ་ཚུལ་གྱི་རྒྱུན་སྡོམ་པར་བྱེད་པའི་དགེ་བསྙེན་དང་། བར་མ་རབ་བྱུང་གི་ཚུལ་ཁྲིམས་དགེ་ཚུལ་གྱི་སྡོམ་པ་རྣམ་པར་དག་པ་རྣམ་བྱང་ཞི་བ་མཆོག་གི་བདུད་རྩིའི་བགོ་སྐལ་ཐོག་མར་བཞེས་པའི་ཚུལ་མཛད་དེ་བསྲུང་བྱ་མཐའ་དག་མིག་གི་འབྲས་བུ་ལྟར་བསྲུང་བར་མཛད། དེ་ནས་མཁས་མཆོག་དབྱིག་གི་གཉེན་པོས། ཚུལ་གནས་ཐོས་དང་བསམ་ལྡན་པས། ། སྒོམ་པ་ལ་ནི་རབ་ཏུ་སྦྱོར། ། ཞེས་གསུངས་པ་ལྟར། མཚན་ཉིད་བཅུ་ལྡན་གྱི་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་དག་བསམ་སྦྱོར་གཉིས་ཀྱི་སྒོ་ནས་ཚུལ་བཞིན་དུ་བསྟེན་ཏེ་ཕྲལ་སྦྱོར་གཉིས་ཀྱི་ཀློལ་ཚུལ་དང་ཆོ་ག་ཆོས་སྤྱོད་སོགས་ལ་ཞིབ་སྦྱངས་མཛད་ཐོག་ཀ་རི་ཀ་བཅུ་བ་ནས་རྒྱུད་རྒྱལ་གསང་བ་འདུས་པའི་བར་གྱི་བཀའ་པོད་ཆེན་པོ་ལྔ་དང་གསང་ཆེན་རྒྱུད་སྡེ་བཞི། རིག་པའི་གནས་ལྔ་སོགས་ལ་ཐུགས་སྦྱངས་རྡོ་རུས་ཐུག་པ་མཛད་དེ་གསེར་མདོག་ཅོད་པཎ་འཆང་བའི་བསྟན་འཛིན་མཁས་དབང་ཡོངས་ཀྱི་གཙུག་རྒྱན་ཟླ་མེད་པར་གྱུར།

དགུང་ལོ་བཅུ་དགུ་བ་མྱོས་བྱེད་ཅེས་པ་ཤིང་ལུག་ལོར་མཁས་གྲུབ་བྱེ་བའི་གཙུག་རྒྱན་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག༧རྗེ་བློ་བཟང་བསྟན་པའི་དབང་ཕྱུག་ཚུལ་ཁྲིམས་ཕུན་ཚོགས་དཔལ་བཟང་བོའི་ཞལ་སྔ་ནས་སོ་ཐར་གྱི་བསླབ་གཞི་ཡོངས་སུ་རྫོགས་པའི་བདུད་རྩིའི་རྒྱུན་གྱིས་ཐུགས་ཀྱི་བུམ་བཟང་ཡོངས་སུ་བཀང་སྟེ་མཉམ་མེད་བུ་རམ་ཤིང་བའི་གདུང་འཚོབ་གཅིག་བུར་གྱུར། མགོན་པོ་གང་དེའི་ཞལ་སྔ་ནས་ལ་སོགས་པ་མཚན་ལྡན་བཤེས་གཉེན་དག་ལས་དཔལ་དུས་ཀྱི་འཁོར་ལོའི་བྱིས་པ་ལྟར་འཇུག་པའི་དབང་བདུན། གོང་མ་གོང་ཆེན། རྡོ་རྗེ་སློབ་དཔོན་བདག་པོ་ཆེན་པོའི་དབང་དང་བཅས་པ་མན་ངག་ཕྲ་ཞིབ་ཀྱིས་བརྒྱན་པ་དང་། མི་ཏྲ་བརྒྱ་རྩ། རྡོ་རྗེ་འཕྲེང་བ། རིན་འབྱུང་དང་རྒྱ་རྒྱམ་གཉིས་ལ་སོགས་པ་དབང་བཀའ་རྗེས་གནང་གི་སྐོར་དང་། ཁྲིད་ལུང་མན་ངག་གི་སྐོར་མཐའ་དག་བུམ་པ་གང་བྱོའི་ཚུལ་དུ་གསན་བཞེས་མཛད་དེ་ས་སྟེང་གི་རྒྱལ་བསྟན་ཡོངས་ཀྱི་བདག་པོ་གཅིག་བུར་གྱུར། གསེར་འཕྱང་མེ་བྱ་ལོར་འདུས་སྡེ་རིན་པོ་ཆེར་ཆུ་མཆོད་བྱེ་ཆེན་བརྒལ་བ་འབུལ་དུ་བཅུག་སྟེ། དེ་ནས་ལོ་ལྟར་ཆག་མེད་ཀྱིས་ས་ག་ཟླ་བའི་ཡར་ངོ་ཡོངས་རྫོགས་ལ་ཚོགས་མང་ནས་ཆུ་མཆོད་དང་མར་མེ་སྟོང་ཕྲག་བརྒལ་བ་འབུལ་བའི་སྲོལ་གསར་འཛུགས་མཛད། རྣམ་འཕྱང་ཞེས་པ་ས་ཁྱི་ལོར་རང་རེ་རི་བོ་དགེ་ལྡན་པའི་ཕ་ཆོས་ཐུན་མོང་མ་ཡིན་པ་རྒྱུད་སྡེ་གཞན་ལས་ཁྱད་ཆོས་ལྔ་སོགས་ཀྱིས་ཁྱད་པར་དུ་འཕགས་པའི་ཡི་དམ་རྡོ་རྗེ་འཇིགས་བྱེད་བཅུ་གསུམ་ལྷའི་འཁོར་ལོའི་བསྙེན་ཆེན་གྱི་གཞི་བཏིང་སྟེ་ཕག་ལོའི་ཟླ་བ་ལྔ་བའི་བཅོ་ལྔའི་ཟླ་བ་གཟའ་འཛིན་དུས་དངོས་གྲུབ་ཀྱི་རྫས་བསྒྲུབས་པས་ནང་མཆོད་ཁོལ་ཏེ་འཕྱུར་བ་སོགས་རྟགས་མཚན་མཐའ་ཡས་པ་བྱུང་།

དགུང་གྲངས་ཉེར་བརྒྱད་བཞེས་པ་ཤིང་འབྲུག་ལོར་དུས་འཁོར་གྲྭ་ཚང་ཨེ་ཝཾ་གཉིས་མེད་ཆོས་འཁོར་གླིང་གསར་འདེབས་མཛད་དེ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བསྩལ། ཟམ་ཚ་རོང་འབྲོག་ཨ་ལ་དགོན་གྲོང་སོགས་ལ་དཔལ་དུས་ཀྱི་འཁོར་ལོ་སོགས་རྒྱུད་སྡེ་བཞིའི་དབང་ལུང་རྗེས་གནང་ཁྲིད་ལུང་མན་ངག་གི་ཆོས་ཆར་ཕབས་ཏེ་མཐོང་ཐོས་དྲན་རེག་གི་འབྲེལ་ཚད་དོན་ལྡན་དུ་མཛད་ཅིང་སྐུ་གསུང་ཐུགས་ཀྱི་ཆོ་འཕྲུལ་རྨད་དུ་བྱུང་བ་དང་། མངོན་ཤེས་གྲུབ་རྟགས་བསམ་ལས་འདས་པས་སྐྱེ་དགུ་མཐའ་དག་གི་དོན་གཉིས་ལྷུན་གྱིས་གྲུབ་པར་མཛད།

དེ་ལྟར་ཐོས་བསམ་སྒོམ་གསུམ་འཆད་རྩོད་རྩོམ་གསུམ་སོགས་རླབས་ཆེན་འཁོར་ལོ་གསུམ་གྱི་མཛད་འཕྲིན་ཉི་ཟླའི་འོད་ཀྱིས་ཡངས་པའི་ས་ཆེན་པོའི་ཁོར་ཡུག་ཀུན་ཏུ་ཁྱབ་པར་མཛད་དེ་དགུང་ལོ་རེ་གསུམ་པ་མྱོས་ལྡན་ཞེས་པ་ས་ཡོས་ལོའི་ཁྲུམས་ཟླའི་ཚེས་གཉིས་ཀྱི་ཉི་ཤར་དུས་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བའི་ཕྱིར་དུ་འཇའ་འོད་ཀྱི་གུར་དང་། འབྲུག་སྒྲ་ལན་གསུམ་སྒྲོགས་པ་སོགས་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་ཟླ་སྐུ་གཟི་འོད་འབར་བཞིན་དུ་སེངྒེ་ཉལ་བའི་སྟབས་སུ་བཞུགས་ཏེ་སྣང་མཆེད་ཐོབ་གསུམ་གྱི་སྟོང་བ་གསུམ་རིམ་གྱིས་ཐིམ་པའི་མཐར་ཐམས་ཅད་སྟོང་བ་འོད་གསལ་མངོན་དུ་མཛད་དེ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་པའི་དུས་ཆེན་ཁྱད་པར་ཅན་དང་འབྲེལ་བར་བླ་མའི་སྐུ་དྲིན་དྲན་པའི་དད་གུས་དང་། དུས་ཆེན་གྱི་དགེ་རྩའི་འགྱུར་སོགས་ཐུགས་ལ་དགོངས་ཏེ་ཁྱེད་དགེ་འདུན་འདུས་པ་རྒྱ་མཚོའི་ཚོགས་ཀྱིས་ཐོས་བསམ་སྒོམ་པ་ཉམས་བཞེས་ཕྱག་མཆོད་སྐོར་བ་མཚན་མོ་གླིང་མེ་སྦར་བ་སོགས་སྐལ་ལྡན་དང་བ་འདྲེན་པའི་དམིགས་རྐྱེན་དུ་འགྲོ་ངེས་པ་རེ་ཞེས་ཀྱང་ཐུགས་རྗེ་གཟིགས་པར་ཞུ། ཞེས་པ་འདི་ནི་མདོ་སྔགས་རབ་འབྱམས་སྨྲ་བའི་རྡོ་རམས་པ་ལྷ་མོ་ཚུལ་ཁྲིམས་རྒྱ་མཚོས་སྤེལ་བ་དགེ་ལེགས་སུ་གྱུར་ཅིག །

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 

 

བརྒྱུད་འགོད།