དངུལ་ཆུ་ཡབ་སྲས་གསུམ་གྱི་ལོ་རྒྱུས།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2020-10-30 09:24:38     རྩོམ་པ་པོ།   བྱ་སྟོད་འོད་ཟེར།    ཀློག་ཐེངས།  

དངུལ་ཆུ་ཡབ་སྲས་གསུམ་གྱི་ཐོག་མ་ནི་དངུལ་ཆུ་ངག་དབང་རྡོ་རྗེ་ཡིན་ལ།    དངུལ་ཆུ་ངག་དབང་རྡོ་རྗེ་ནི་རབ་བྱུང་བཅུ་གཉིས་པའི་ལྕགས་བྱི་ལོ་སྟེ་སྤྱི་ལོ་1720ལོར་བཞད་ལྗོངས་ཆུ་སྨད་གྲོ་སྐོར་ཞེས་པར་ཡབ་དྲག་པོ་དང་།  ཡུམ་ཆོས་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས།  མཚན་བཙན་ལྷ་རྡོ་རྗེར་གསོལ། དགའ་ལྡན་ཕུན་ཚོགས་གླིང་དུ་རྗེ་ཉིད་ཀྱི་ཞང་བོའི་དྲུང་དུ་ཡི་གེ་འབྲི་ཀློག་སོགས་བྱང་ཆུབ་པར་སྦྱངས།  དགུང་ལོ་བཅུ་བཞི་བར་བཀྲ་ཤིས་དགེ་འཕེལ་དུ་སློབ་དཔོན་ཆོས་རྗེ་དར་པོའི་དྲུང་དུ་དགེ་ཚུལ་བསྒྲུབས་སྟེ་མཚན་ལ་ངག་དབང་རྡོ་རྗེ་ཞེས་གསོལ། སྡོམ་གསུམ་གྱི་བཅས་མཚམས་ལས་མ་འདས་པར་མདོ་རྒྱུད་རིག་གནས་སྤྱི་དང་ཐུན་མོང་རིག་པའི་གནས་ཐམས་ཅད་ལ་གཞན་དྲིང་མི་འཇོག་པའི་མཁས་གྲུབ་གཉིས་ལྡན་གྱི་དམ་པའི་མཛད་པ་ཁོ་ན་བགྱིས།  ད་སྔ་མཐོང་ཐོས་སུ་གྱུར་བའི་གསུང་འབུམ་པོད་གཅིག་བཞུགས།   མཐར་དགུང་ལོ་གྱ་བཞི་བ་རབ་བྱུང་བཅུ་གསུམ་པའི་ཆུ་ཕག་ལོ1803ལོར་སྐུ་གཤེགས།  

གཉིས་པ་དངུལ་ཆུ་ངྷརྨ་བྷ་དྲའམ་མཚན་གཞན་དངུལ་ཆུ་བླ་མ་ཆོས་བཟང་ཁོང་ནི་རབ་བྱུང་བཅུ་གསུམ་པའི་ཆུ་འབྲུག་སྟེ་སྤྱི་ལོ1772ལོར་གཙང་གཡས་རུའི་ཆ་རོང་སྟོད་ཅེས་པའི་ས་ཆར་སྐུ་འཁྲུངས།   འདི་བ་ཆུང་དུས་ནས་སློབ་སྦྱོང་ལ་ཐུགས་འདུན་ཧ་ཅང་ཆེ་སྐད།  ཕྱུགས་རྫིར་སོང་ནས་ས་དང་རྡོ་ངོས་སུ་ཡི་གེ་མང་བོ་བྲིས་ཏེ་རང་སྦྱོང་བྱས་པའི་ལོ་རྒྱུས་འདུག   རྐྱེན་སྣ་ཚོགས་པའི་དབང་གིས་འཁོར་བ་ལ་མི་རྟག་པ་དང་སྡུག་བསྔལ་གྱི་རང་བཞིན་དུ་གཟིགས་ནས་དགུང་ལོ་བཅུ་བཞི་བར་བཀྲ་ཤིས་དགེ་འཕེལ་དགོན་པར་རབ་ཏུ་བྱུང་སྟེ་ཐོས་བསམ་སློབ་གཉེར་མཛད།  དངུལ་ཆུ་ངག་དབང་རྡོ་རྗེ་སོགས་ལས་མདོ་སྔགས་རིག་གནས་རབ་འབྱམས་ཀུན་ལ་གསན་བསམ་བགྱིས་ཤིང་བཀའ་ཆོས་མང་དུ་གསན།  དངུལ་ཆུ་རི་ཁྲོད་དུ་ཕེབས་ཏེ་སྒོམ་དང་སྒྲུབ་པ་སྙོམས་པར་མཛད།      རབ་བྱུང་བཅུ་བཞི་བའི་ལྕགས་ཕག་ལོ1852ལོར་དགོངས་པ་རྫོགས།   གསུམ་འབུམ་པོད་དྲུག་བཞུགས།   

གསུམ་པ་དངུལ་ཆུ་དབྱངས་ཅན་གྲུབ་པའི་རྡོ་རྗེའམ་མཚན་གཞན་དངུལ་ཆུ་བློ་བཟང་ཆོས་འཕེལ་ནི་རབ་བྱུང་བཅུ་བཞི་བའི་ས་སྦྲུལ་ལོ1809ལོར་གཙང་གཡས་རུའི་ཆ་འཇང་ངམ་བཞད་ཅེས་གྲགས་པའི་གནས་དེར་སྐུ་འཁྲུངས།  བཀྲ་ཤིས་དགེ་འཕེལ་དགོན་པར་རབ་ཏུ་བྱུང་།  ཁུ་བོ་དངུལ་ཆུ་ངྷརྨ་བྷ་དྲ་སོགས་ཀྱི་མདུན་དུ་སུམ་རྟགས་དག་གསུམ་དང་།  སྒྲ་སྙན་ངག  རྩིས་ས་རིས་སོགས་ལ་སྦྱངས་པ་མཐར་ཕྱིན་མཛད་ཅིང་ཀུན་བཤད་ཀྱི་མཚན་ལ་དབྱངས་ཅན་གྲུབ་པའི་རྡོ་རྗེར་གསོལ།   མདོ་རྒྱུད་ཀུན་ལ་བསམ་སྦྱོང་གནད་སྨིད་མཛད་དེ་ངེས་དོན་མཁས་གྲུབ་དམ་པའི་གོ་འཕང་མཐོན་པོར་གཤེགས།  མཐར་དགུང་ལོ་དོན་དགུ་བ་རབ་བྱུང་བཅོ་ལྔ་བའི་མེ་ཕག་ལོ1887ལོར་སྐུ་གཤེགས།   གསུང་འབུམ་པོད་གསུམ་བཞུགས།  དེ་ལྟར་དངུལ་ཆུ་ཡབ་སྲས་གསུམ་ནི་རིམ་བཞིན་དངུལ་ཆུ་ངག་དབང་རྡོ་རྗེ།  དངུལ་ཆུ་ངྷརྨ་བྷ་དྲ།   དངུལ་ཆུ་དབྱངས་ཅན་གྲུབ་པའི་རྡོ་རྗེ་རྣམ་གསུམ་འདྲེན་པ་ཡིན་ལ། སྔ་མ་སྔ་མ་བླ་མ་དང་ཕྱི་མ་ཕྱི་མ་སློབ་མར་གྱུར་བའི་ཚུལ་འདི་ཡང་ཤེས་པར་བྱ་ལ།   དངུལ་ཆུ་ཡབ་སྲས་གཉིས་ཞེས་པའི་སྐབས་དངུལ་ཆུ་ངྷརྨ་བྷ་དྲ་དང་དངུལ་ཆུ་དབྱངས་ཅན་གྲུབ་པའི་རྡོ་རྗེ་ཁུ་དཔོན་རྣམ་གཉིས་འདྲེན་དགོས་པ་ཡིན་ནོ།།

2020/9/10/ཉིན་རང་ཤག་ཏུ་སྦྱར།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།