ཤིང་བཟའ་པཎྚི་ཏ་བློ་བཟང་དར་རྒྱས་རྒྱ་མཚོའི་རྣམ་ཐར་མདོར་བསྡུས།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2020-10-24 15:02:41     རྩོམ་པ་པོ།   གློག་ཞགས་ཀྱིས་རྩོམ་སྒྲིག་བྱས།    ཀློག་ཐེངས།  

ཐོག་མར་གངས་ལྗོངས་ཀྱི་པཎྚི་ཏ་ཆེན་པོ་ཤིང་བཟའ་པཎྚི་ཏ་བློ་བཟང་དར་རྒྱས་རྒྱ་མཚོ་མཆོག་ནི་དུས་རབས་བཅོ་བརྒྱད་པའི་སྨད་ཀྱི་ཆ་རུ་བོད་གངས་ཅན་གྱི་ལྗོངས་སུ་བྱོན་པའི་ངེས་པ་དོན་གྱི་པཎྚི་ཏ་ཆེན་པོ་ཞིག་ཡིན་འདུག་པ་སྟེ། དེ་ཡང་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བདུན་པ་མཆོག་གི་ཞལ་ནས།

གངས་རི་ར་བས་སྐོར་བའི་ཞིང་ཁམས་ཀུན། །

གསལ་བྱེད་སྨྲ་བའི་ཉི་མ་ཁྱོད་ཤར་ཚེ། །

རིས་མེད་སྐལ་བཟང་གདུལ་བྱའི་ཕན་བདེ་དཔྱིད། །

ཐུབ་བསྟན་འདབ་བརྒྱ་རབ་བཞད་གཉེན་དུ་གྱུར། །

ཅེས་སོགས་སུ་བསྔགས་པ་ལྟར། སྐབས་དེའི་མཁས་དགུའི་གཙུག་རྒྱན་དུ་བཀུར་བའི་པཎྚི་ཏ་ཆེན་པོ་དེ་ནི། ཐུབ་པ་གཉིས་པ་རྗེ་བདག་ཉིད་ཆེན་པོའི་མ་ཡུམ་མམ། མཁས་དགུའི་ཞལ་ནས་རྒྱལ་བའི་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མིའི་གར་མཁན་ཤིང་བཟའ་ཨ་ཆོས་མཆོག་གི་སྐུ་ཕྲེང་རིམ་བྱོན་ལས། ༧ གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་ཆེན་མོའི་ཡེ་ཤེས་དབྱངས་དཔྱད་ལས་ཐུགས་ཐག་བཅད་པའི་ད་ལྟའི་ཤིང་བཟའ་སྤྲུལ་སྐུ་བློ་བཟང་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་རིན་པོ་ཆེའི་བར་དུ། སྐུའི་འཁྲུངས་རབས་ལྟར་ན་ཉི་ཤུ་བ་དང་། ཡུམ་ཤིང་བཟའ་ཨ་ཆོས་ནས་བརྩིས་ན་སྐུ་ཕྲེང་བཅུ་གཅིག་པ་ཆགས་ཀྱིན་ཡོད་ལ། དེ་ཡང་འདིར་སྐུའི་འཁྲུངས་རབས་ཀྱི་ཕྲེང་བ་མདོར་བསྡུས་སུ་འདྲེན་ན། ཀིརྟི་བློ་བཟང་འཕྲིན་ལས་ཀྱིས་བརྩམས་གནང་པའི་འཁྲུངས་རབས་གསོལ་འདེབས་དགེ་ལེགས་སྣང་པའི་མཆོད་སྦྱིན་ལྟར་ན།

༡༽ སྤྱན་རས་གཟིགས། ༢༽ གཡུ་ཡི་ནེ་ཙོ། ༣༽ གནས་བརྟན་གསེར་བུ། ༤༽ པཎ་ཆེན་ངག་གི་དབང་ཕྱུག (རྒྱ་གར་པཎ་གྲུབ) ༥༽ ལྷ་བླ་མ་ཡེ་ཤེས་འོད། ༦༽ བསོད་ནམས་རྒྱན་དུ་གྲགས། (མ་ཅིག་སྲས་མོ) ༧༽ མཁས་གྲུབ་ཁྱུང་པོ། (ཤིང་པ་བཀའ་རྒྱུད་སྲོལ་འབྱེད་མཁན།) ༨༽ པཎ་ཆེན་ཤཱཀྱ་ཤྲི། (རྒྱ་གར་པཎ་གྲུབ།) ༩༽ མཉམ་མེད་སྒྲེ་བ་ཆེན་པོ། ༡༠༽ ཡུམ་ཤིང་བཟའ་ཨ་ཆོས། (རྗེ་རིན་པོ་ཆེའི་མ་ཡུམ) ༡༡༽ ཐར་པའི་རྒྱལ་མཚན། ༡༢༽ བློ་གསལ་རྒྱ་མཚོ། (རྣལ་འབྱོར་མའི་གྲུབ་དབང་ཞིག་ཡིན་པར་མངོན།) ༡༣༽ མཁན་ཆེན་བྱམས་པ་གླིང་། ༡༤༽ མཁན་ཆེན་སྨྲ་བའི་ཟླ་བ། ༡༥༽ སྒོམ་ཆེན་དབང་པར་གྲགས་པ། (ཤིང་བཟའ་སྒོམ་ཆེན་པ་ཡང་ཟེར།) ༡༦༽ བློ་བཟང་དར་རྒྱས་རྒྱ་མཚོ། (ཤིང་བཟའ་པཎྚི་ཏ།) ༡༧༽ བསྟན་པའི་དབང་ཕྱུག་ཚུལ་ཁྲིམས་ཕུན་ཚོགས། (ཤིང་བཟའ་རྡོ་རྗེ་འཆང་།) ༡༨༽ བཤད་སྒྲུབ་དམ་ཆོས་རྒྱ་མཚོ། (ཤིང་བཟའ་འཇམ་པའི་དབྱངས།) ༡༩༽ ལུང་རྟོགས་བསྟན་པའི་རྒྱལ་མཚན། ༢༠༽ བློ་བཟང་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་བཅས་ཡིན་ལ།

ཤིང་བཟའ་རིན་པོ་ཆེའི་སྐུའི་ཕྲེང་བ་རིམ་བྱོན་ལས། གངས་ལྗོངས་ཀྱི་པཎྚི་ཏ་ཆེན་པོ་ཤིང་བཟའ་པཎྚི་ཏ་བློ་བཟང་དར་རྒྱས་རྒྱ་མཚོ་མཆོག་ནི་རབ་བྱུང་བཅུ་གསུམ་པའི་ས་ཡོས་ཕྱི་ལོ་ ༡༧༥༢ ལོར་མདོ་སྨད་ཨ་རིག་ཅེས་པའི་ས་ཆར་ཡབ་མགོན་ཤུལ་ཕྱག་རྡོར་སྐྱབས་དང་ཡུམ་ཨ་རིག་བཟའ་ཚེ་དབང་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས་ཤིང་། མཚན་ལ་བཀྲ་ཤིས་ཕུན་ཚོགས་ཞེས་བཏགས། དགུང་ལོ་བརྒྱད་བཞེས་པའི་ཚེ་མཁན་པོ་བླ་མ་གཙང་བ་རིན་པོ་ཆེ་བློ་བཟང་ཆོས་འཕེལ་ལས་རབ་དུ་བྱུང་། དགུང་ལོ་བཅུ་ལོན་པའི་ཚེ་ཨ་རིག་དགེ་བཤེས་ཆེན་མོ་རྒྱལ་མཚན་འོད་ཟེར་མཆོག་གིས་བདག་གིར་མཛད་ཅིང་། དགུང་ལོ་བཅུ་གསུམ་བཞེས་པ་དང་མཉམ་དུ། ཡུམ་ཤིང་བཟའ་ཨ་ཆོས་ཀྱི་སྐུ་ཕྲེང་དྲུག་པ་རྒྱལ་ཡུམ་སྒྱུ་འཕྲུལ་ཤིང་བཟའ་སྒོམ་ཆེན་གྱི་སྤྲུལ་སྐུར་ངོས་འཛིན་གྱིས་མདོ་སྨད་རྭ་རྒྱ་དགོན་དུ་ཁྲི་འདོན་མཛད། དགུང་ལོ་བཅུ་བདུན་བཞེས་དུས་ཨ་རིག་དགེ་བཤེས་ཆེན་མོའི་ཐུགས་བཀོད་ལྟར་བོད་དབུས་ཕྱོགས་སུ་སློབ་གཉེར་ལ་ཕེབས་སུ་བཅུགས་ཏེ། སེར་བྱེས་བྱ་བྲལ་ཁམས་ཚན་དུ་འཆད་རྩོད་རྩོམ་གསུམ་གྱི་བྱ་བར་ཐུགས་ཀྱི་བརྩོན་པ་ཤུགས་དྲག་མཛད་དེ། དབུ་སེམས་ཀྱི་རང་གཞུང་གཙོ་བོར་གྱུར་པའི་ཤོག་ཆེན་སྟོང་ཕྲག་ལྷག་ཐུགས་སུ་བཟུང་དེ་ཐོགས་འདུག་མེད་པར་ཚོགས་རྒྱུགས་སྤྲད་པ་སོགས་བྱས་ནས་ཐུན་མོང་མ་ཡིན་པའི་རྣམ་དཔྱོད་དང་མཁས་བཙུན་བཟང་གསུམ་གྱི་སྙན་གྲགས་ཆེ་ཆེར་རྒྱས་ཤིང་། པཎ་ཆེན་ཐམས་ཅན་མཁྱེན་པ་བློ་བཟང་དཔལ་ལྡན་ཡེ་ཤེས་དང་། ཀློང་རྡོལ་བླ་མ་རིན་པོ་ཆེ། རྒྱལ་སྲས་མཆོག་སྤྲུལ་རིན་པོ་ཆེ་དང་ལྕགས་ར་སྤྲུལ་སྐུ་སོགས་དམ་པ་དུ་མའི་ཞབས་རྡུལ་སྤྱི་བོར་བླངས་ནས་དབང་བཤད་ཁྲིད་དང་ལུང་མན་ངག་གི་བདུད་རྩི་མ་ལུས་པར་གསན་སྦྱངས་མཐར་ཕྱིན་པ་གནང་ནས། རབ་བྱུང་བཅུ་གསུམ་པའི་མེ་མོ་ལུག་གི་ལོར། ལྷ་སའི་སྨོན་ལམ་གྱི་གྲྭ་སྐོར་མཛད་ནས་དགེ་བཤེས་ལྷ་རམས་པ་ཨང་དང་པོར་ཐོན་པས། སྐབས་དེའི་བོད་གཞུང་ནས་པཎྚི་ཏའི་བཀའ་ཤོག་དང་ན་བཟའ་ཆ་ཚང་། ལྷ་དར་ནང་མཛོད་སོགས་མཁོ་དངོས་གྱ་ནོམ་པ་ཕུལ། དེ་ནས་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་འགྲིམས་ཏེ་སྔགས་ཀྱི་དམ་བཅའ་ཆེན་མོ་སོགས་མཛད་ནས། བཀའ་དང་མདོ་སྔགས་ཀྱི་གདམས་ངག་མ་ལུས་པས་ཐུགས་རྒྱུད་ཕྱུག་སྟེ། དུས་རབས་བཅོ་བརྒྱད་པའི་སྨད་ཀྱི་ཆ་དང་དུས་རབས་བཅུ་དགུའི་སྟོད་ཀྱི་ཆ་ལ་མཚོན་ན། པཎ་ཆེན་སྐུ་ཕྲེང་བདུན་པ་བསྟན་པའི་ཉི་མ་མཆོག་གིས་མཛད་པའི་རྭ་རྒྱ་དགོན་པའི་བཀའ་འགྱུར་དཀར་ཆག་མདོ་རྒྱུད་ཆོས་ཀྱི་སྒོ་བརྒྱ་འབྱེད་པའི་ལྡེ་མིག་ལས།

མདོ་སྔགས་ལེགས་བཤད་ཆོས་ཀྱི་དགའ་སྟོན་གྱི༎

དཔལ་ལ་འདོད་དགུར་སྤྱོད་པའི་སློབ་བུའི་ཚོགས༎

དབུས་གཙང་རྒྱ་སོག་མདོ་སྨད་ཁམས་སོགས་ཀྱི༎

འཛིན་མའི་ཁྱོན་ཀུན་མ་ལུས་ཡོངས་སུ་བཀང་༎

ཞེས་གསུངས་པ་ལྟར་ཏུ། སྐབས་དེར་མདོ་དབུས་ཁམས་གསུམ་གྱིས་མཚོན་པའི་བོད་གངས་ཅན་གྱི་ལྗོངས་ཙམ་མ་ཡིན་པར། རྒྱ་ནག་དང་སོག་པོའི་ཡུལ་ཁམས་སུ་ཡང་སྙན་པའི་གྲགས་པ་ཡོངས་སུ་ཁྱབ་ནས། རིག་གནས་ཆེ་ཆུང་བཅུ་བྱང་ཆུབ་པའི་མཁས་པར་མ་ཧ་པཎྚི་ཏ་འམ་པཎྚི་ཏ་ཆེན་པོ་དང་སྣ་རེ་གཉིས་ལ་མཁས་པར་པཎ་ཆུང་ཞེས་པའི་ཆོ་ལོ་གནང་སྲོལ་ཡོད་པ་ལྟར། ཤིང་བཟའ་པཎྚི་ཏ་ལ་མ་ཧ་པཎྚི་ཏའི་ཆོ་ལོ་ཡོད་པ་མ་ཟད། ཨེར་ཏི་ནི་དང་ཧོ་ཐོག་ཐུ་བཅས་མཁས་པ་གཅིག་གི་སྟེང་དུ་ཆོ་ལོ་གསུམ་ལྡན་གྱི་མཁས་མིང་ཐོབ་མཁན་དེ་བོད་གངས་ཅན་གྱི་ལྗོངས་ན་ཤིན་ཏུ་མཐོང་དཀའ་བ་ལྟར་སྣང་ལ། སྐབས་དེའི་མཁས་ཐོབ་ཀྱི་ཆོ་ལོ་དེ་དག་ནི་ད་ལྟའི་རིན་པོ་ཆེ་དང་མཁས་དབང་སོགས་གང་འདོད་དུ་བཏགས་ཆོག་ཆོག་ལྟ་བུ་ཞིག་མིན་ལ། ལྷག་པར་དུ་བོད་ཀྱི་ཉི་ཟླ་ཟུང་དུ་གྲགས་པའི་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བདུན་པ་བློ་བཟང་དཔལ་ལྡན་བསྟན་པའི་ཉི་མ་ཕྱོགས་ལས་རྣམ་རྒྱལ་དཔལ་བཟང་བོ་མཆོག་གི་ཕྱག་རྩོམ་ལས། ཤིང་བཟའ་པཎྚི་ཏ་འདི་བར། ཐུབ་བསྟན་ཡོངས་རྫོགས་ཀྱི་གསལ་བཤད་དམ་པར་གྱུར་པ་ཨེར་ཏི་ནི་པཎྚི་ཏ་ཤིང་བཟའ་ཧོ་ཐོག་ཐུ་བློ་བཟང་དར་རྒྱས་རྒྱ་མཚོ་ཞེས་འཁོད་ཡོད་པ་ལས་ཀྱང་དམ་པ་འདིའི་བླ་མེད་ཀྱི་མཛད་རྗེས་དང་སྐབས་དེའི་ཁ་བ་རི་བའི་མཁས་དབང་དག་གི་གཙུག་རྒྱན་དང་ཅོད་པན་ལྟ་བུར་གྱུར་ཡོད་པའི་དངོས་དོན་ལ་ལུང་ཉོག་མང་བོ་ཞིག་འདྲེན་རྒྱུའི་ངལ་བ་བསྟེན་མི་དགོས་པར་གྱུར་ཡོད།

དེ་ནས་རབ་བྱུང་བཅུ་གསུམ་པའི་ཁྱི་བྱི་ལོར། དམ་པ་ཁོང་ཆུང་དུས་སུ་བྱམས་བརྩེའི་ཐུགས་ཀྱིས་བསྐྱངས་པའི་ཨ་རིག་དགེ་བཤེས་ཆེན་མོ་མཆོག་གིས་དབུས་ཕྱོགས་སུ་ཁོང་གི་དབུ་སྐྲ་བསྐུར་ནས་དགེ་བཤེས་མཆོག་དགུང་ལོ་བགྲེས་བོར་ཕེབས་ཟིན་པས། ཤིང་བཟའ་པཎྚི་ཏ་མཆོག་ཕྱིར་མདོ་སྨད་དུ་ཞབས་སོར་འཁོད་དགོས་པའི་ནན་སྐུལ་གནང་བ་ལྟར། པཎྚི་ཏ་མཆོག་དབུས་ཕྱོགས་ཀྱི་དགེ་བཤེས་ཉི་ཤུ་ལྷག་དང་མཉམ་དུ་ཁམས་ཕྱོགས་ཀྱི་དགོན་སྡེ་མང་བོ་བརྒྱུད་ནས་ཕྱིར་ཕེབས་སྐབས་སུ། དགོན་སྡེ་དེ་དག་གིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། གསུང་ཆོས་དང་བཀའ་ལུང་གི་ཆོས་འབྲེལ་གནང་བར་བརྟེན་ནས། ད་ལྟའི་ཆར་ཡང་ཁམས་ཕྱོགས་ཀྱི་དགོན་སྡེ་སྐོར་ཞིག་ཏུ་ཤིང་བཟའ་པཎྚི་ཏའི་ཞབས་བརྟན་གསོལ་འདེབས་ཆད་མེད་དུ་ཚོགས་འདོན་བྱེད་སྟངས་ཡོད་འདུག

འདི་ལྟར་ཤིང་བཟའ་པཎྚི་ཏ་མཆོག་ཁམས་ཕྱོགས་བརྒྱུད་ནས་མདོ་སྨད་རྭ་རྒྱ་དགོན་དགའ་ལྡན་བཀྲ་ཤིས་འབྱུང་གནས་བཤད་སྒྲུབ་དར་རྒྱས་གླིང་དུ་ཞབས་སོར་འཁོད་ནས། སྔར་ཡོད་ཀྱི་མཚན་ཉིད་གྲྭ་ཚང་གི་སྟེང་དུ་རྒྱུད་པ་གྲྭ་ཚང་དང་དུས་འཁོར་གྲྭ་ཚང་། སྨན་པ་གྲྭ་ཚང་དང་རྟ་མགྲིན་གྲྭ་ཚང་སོགས་མང་བོ་ཞིག་གསར་འཛུགས་གནང་ཡོད་པ་མ་ཟད། སྒྲུབ་མཆོད་ཀྱི་ཆོ་ག་ཕྱག་ལེན་སོགས་བགྲང་གིས་མི་ལངས་པའི་མཛད་རྗེས་གནང་ཡོད་ལ། དེ་ལས་རྭ་རྒྱའི་འདོན་རྟ་དབྱངས་ཞེས་མིང་དུ་གྲགས་པ་དེ་ཡང་དམ་པ་དེ་ཉིད་ཀྱིས་གསར་གཏོད་མཛད་པ་ཞིག་ཡིན་ཞིང་། ད་ལྟའི་ཆར་རྭ་རྒྱའི་དགོན་མ་ལག་ཙམ་མ་ཡིན་པར། མདོ་སྨད་ཕྱོགས་ཀྱི་དགོན་སྡེ་མང་ཆེ་བ་ཞིག་གིས་དུས་ད་ལྟ་ཡང་རྒྱུད་འཛིན་བྱེད་བཞིན་པ་འདི་བཞིན་ལགས། རབ་བྱུང་བཅུ་བཞི་པའི་ཆུ་མོ་བྱ་ལོ་སྟེ་ཕྱི་ལོ་ ༡༨༡༣ ལོར་སྐུ་འབུམ་དགོན་པའི་གདན་སའི་ཁྲི་ལ་ཕེབས་ཤིང་ལོ་ངོ་གསུམ་གྱི་རིང་དུ་གདན་ས་བསྐྱངས་ཤིང་དགོན་པ་ཡོངས་ཀྱི་ཀུན་སྤྱོད་དང་སློབ་གཉེར་བཅས་ལ་དོ་དམ་ལེགས་པར་མཛད་ཅིང་འཆད་ཉན་གྱི་བྱ་བ་སྒོ་ཀུན་ནས་དར་རྒྱས་སུ་བཏང་། ཁྲི་ཟུར་ནས་ཀྱང་རབ་བྱུང་བཅུ་བཞི་པའི་ས་ཕོ་སྟག་གི་ལོ་སྟེ་ཕྱི་ལོ་ ༡༨༡༨ ལོར་རོང་བོ་ཐོས་བསམ་གླིང་གི་གདན་སའི་ཁྲི་ལ་ཕེབས་ཏེ་འགྲིག་ལམ་ཀུན་སྤྱོད་དང་སློབ་གཉེར་བཅས་ལ་དོ་དམ་ནན་དུ་མཛད་ནས་ལོ་ལྔའི་རིང་དུ་ལུང་རྟོགས་ཀྱི་བསྟན་པ་གོང་ནས་གོང་དུ་འཕེལ་བར་མཛད།

གཞན་ཡང་དུས་རབས་བཅུ་དགུའི་སྟོད་དུ་ཤིང་བཟའ་པཎྚི་ཏ་མཆོག་གིས་རྭ་རྒྱ་འཀའ་འགྱུར་པར་ཤིང་ཆེན་མོ་ཞེས་མདོ་སྨད་དུ་ཆེས་སྔ་ཤོས་སུ་གྱུར་པའི་བཀའ་འགྱུར་པར་ཤིང་ཆེན་མོ་གསར་བཞེངས་མཛད་པ་དང་། དབང་ལུང་མན་ངག་གི་བཀའ་ཆོས་མང་བོ་གནང་བ་སོགས་བོད་གངས་ཅན་གྱི་རིག་གནས་སྤྱི་དང་ནང་དགོས་སུ་སངས་རྒྱས་ཀྱི་བསྟན་པར་མཛད་རྗེས་རླབས་ཆེན་པོ་བཞག་ཡོད་པའི་པཎྚི་ཏ་ཆེན་པོ་ཞིག་ཡིན་འདུག་ལ།

དམ་པ་འདིའི་གསུང་རྩོམ་ལ། འཕྲིན་ཡིག་ངང་བའི་རྒྱལ་བོ། <<དྲང་ངེས་རྣམ་འབྱེད་ཀྱི་ཟིན་བྲིས་དཀའ་གནས་གསལ་བར་བྱེད་པའི་སྒྲོན་མེ།>> རྗེ་བཙུན་མ་སེང་ལྡེང་ནགས་ཀྱི་སྒྲོལ་མ་ལ་བསྟོད་པ་གདོང་ལྔའི་སྒྲ་དབྱངས། ཨ་རིག་དགེ་བཤེས་ཆེན་མོའི་རྣམ་ཐར། སྲིད་ཞིའི་དགེ་མཚན་མ། ཤིང་བཟའ་པཎྚི་ཏའི་བསླབ་བྱ། བཀའ་གདམས་ཐིག་ལེ་བཅུ་དྲུག་གི་དབང་བཞི། ཤིང་བཟའི་དྲིས་ལན། མཐུ་སྟོབས་མངའ་བདག་མ། བསྔོ་བ་ཕན་བདེའི་དཔལ་སྟེར། སྒྲོལ་མའི་རླུང་རྟ་སོགས་ལས་གཞན། དམ་པ་ཁོང་ཆུང་དུས་ནས་བཀའ་དྲིན་གྱིས་བསྐྱངས་པའི་ཨ་རིག་དགེ་བཤེས་ཆེན་མོ་མཆོག་ལ་སངས་རྒྱས་ཀྱི་བཀའ་བསྟན་དང་རྗེ་ཡབ་སྲས་ཀྱི་གསུང་འབུམ་སོགས་ལས་གཞན་པའི་བརྩམས་ཆོས་མང་བོ་ཞིག་དགོས་མེད་ཀྱི་བཞེད་དགོངས་ཤིག་སྔོན་མ་ནས་ཡོད་པ་དང་བསྟུན་ནས་དམ་པ་ཁོང་གི་གསུང་རྩོམ་ཁ་ཤས་ཤིག་བཀའ་རྒྱ་མཛད་པ་སོགས་བྱས་ཏེ་གསུང་འབུམ་མང་བོ་ཞིག་རྩོམ་གནང་མཛད་མེད་ལ། ཕྱག་སྲོལ་འདི་ནི་རྗེས་ཕྱོགས་སུ་ཡང་རྭ་རྒྱའི་དགོན་མ་ལག་དང་བཅས་པའི་བཅའ་སྲོལ་ལྟར་གྱུར་དེ། མདོ་སྨད་ཀྱི་ཆོས་སྡེ་ཆེན་མོ་རྭ་རྒྱ་དགོན་ཆེན་ལས་ཐོན་པའི་གནའ་དེང་གི་མཁས་དབང་དང་དགེ་བཤེས་ཆེན་མོ་དག་གིས་གསུང་རྩོམ་གནང་སྲོལ་མེད་པ་ལྟ་བུར་གྱུར་པ་དེ་ནི། སྤྱིར་ངེས་པ་དོན་གྱི་སངས་རྒྱས་པའི་རྗེས་འཇུག་པ་དག་གི་ཆ་ནས་སློབ་གཉེར་དང་ཉམས་ལེན་གཙོར་བོར་འཛིན་པའི་ཕྱག་སྲོལ་རྨད་དུ་བྱུང་བ་ཞིག་ཡིན་ནའང་། བོད་གངས་ཅན་གྱི་སྣ་མང་རིག་གནས་ཀྱི་བང་མཛོད་ལ་ཆ་མཚོན་ན་པཎྚི་ཏ་ཆེན་པོ་འདི་ལྟ་བུ་ཞིག་གིས་གསུང་འབུམ་མང་བོ་ཞིག་མ་མཛད་པར། རབ་བྱུང་བཅུ་བཞི་ལོའི་ཤིང་སྤྲེལ་ལོར་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་པའི་ཚུལ་བསྟན་པ་དེ་ནི་ཤིན་ཏུ་ནས་བློ་ཕངས་དགོས་པའི་གནས་སུ་གྱུར་ཡོད།

རྗེ་འདི་ཉིད་ཀྱི་དངོས་སློབ་སྐར་ཚོགས་ལྟ་བུ་ལས་རེ་གཉིས་ཞིག་བཀོད་ན། ཡབ་རྗེ་གསེར་ཁང་བ་ཆེན་པོ་བློ་བཟང་བསྟན་འཛིན་རྒྱ་མཚོ། པཎྜི་ཏ་ཆེན་པོ་བིས་པ་ངག་དབང་མི་ཕམ་ཟླ་བ་དང༌། ཨ་ཀྱཱ་ཡོངས་འཛིན་བློ་བཟང་དོན་གྲུབ་བམ་དབྱངས་ཅན་དགའ་བའི་བློ་གྲོས།ཨ་རོལ་བློ་བཟང་ལུང་རིགས་རྒྱ་མཚོ། ཕྱག་མཛོད་བྱམས་པ་གསུང་རབ། བཀའ་བཅུ་དགེ་འདུན་ཤེས་རབ་སོགས་ཀྱི་བཀའ་དྲིན་དང་དམ་པ་དེ་དག་གི་སློབ་རྒྱུན་དུ་མ་གཏོགས་པ་ཡུལ་མདོ་སྨད་ཕྱོགས་སུ་ད་དུང་ཡང་མེད་པའི་ཚོད་དུ་གནས།

མཇུག་མཐར། པན་ཆེན་སྐུ་ཕྲེང་བདུན་པ་མཆོག་གི་ཞལ་ནས།

དམ་ཆོས་འཛིན་པའི་སྨོན་ལམ་མཐུ་གྲུབ་པས༎

ཞིང་འདིར་འཆད་རྩོད་རྩོམ་པའི་བྱ་བ་ཡིས༎

བྱང་ཕྱོགས་མཁས་པའི་གྲོང་ན་ལྷམ་མེ་བ༎

ཀུན་མཁྱེན་ཁྱོད་ལ་གཟུར་གནས་སུ་མི་དད།།

ཅེས་པའི་བསྟོད་ཚིག་གི་མེ་ཏོག་དང་མཉམ་དུ། ཨེར་ཏི་ནི་ཤིང་བཟའ་པཎྚི་ཏ་ཧོ་ཐོག་ཐུ་བློ་བཟང་དར་རྒྱས་རྒྱ་མཚོ་དཔལ་བཟང་བོ་མཆོག་གི་ལོ་རྒྱུས་ཀྱི་ཆ་ཕྲ་མོ་ཙམ་མདོར་བསྡུས་སུ་བཀོད་པ་དགེའོ།། ༎

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།