࿐མཁས་དབང་དཔའ་རིས་རབ་གསལ་མཆོག་གི་རྣམ་ཐར་དག་གཏུགས་མ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2020-09-27 07:30:46     རྩོམ་པ་པོ།   རྒན་རྒྱའི་དཀོན་མཆོག་རྒྱ་མཚོ།    ཀློག་ཐེངས།  

微信图片_20200927073425.jpg

བློ་ཆེན་མཁས་པ་ཀུན་ཀྱི་གཙུག་རྒྱན་དུ།།

བཟང་བོའི་འཆད་རྩོད་རྩོམ་པས་ཉེར་འཕགས་ཤིང་།།

རབ་དཀར་མཛད་འཕྲིན་འོད་ཀྱིས་ཡང་དག་ལམ།།

གསལ་མཛད་མཁས་པའི་ཁྱུ་མཆོག་རྗེས་སུ་དྲན།།

སྨྲ་བའི་ཁྱུ་མཆོག་དཔའ་རིས་རབ་གསལ་གང་།།

འདས་ནས་བགྲང་བྱ་བརྒྱ་ཕྲག་ལྷག་སོང་ཡང་།།

གང་གི་ལེགས་བཤད་རྣམ་དཔྱོད་འདྲ་འབག་གིས།།

བདེན་དོན་ཞལ་གསུང་འབྱོན་པའི་རྒྱུན་མ་ཆད།།

འོན་ཏེ་སུས་ཀྱང་གང་གི་མཛད་རྣམ་དག།

འཐོར་སྡུད་འཁྲུག་སྡེབ་བཤོལ་བ་མ་བཟོད་པས།།

ཅང་ཤེས་མཁས་པའི་མཛད་རྣམ་འདི་བསྒྲིགས་ནས།།

མ་བཅོལ་ཐང་གི་ལས་འདི་ཐོད་དུ་བླངས།།

དེ་ཡང་གངས་ཅན་ལྷ་གཅིག་ཕྱག་ན་པདྨོ་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་མོའི་རིག་གནས་ཀྱི་སློབ་དཔོན། བླ་བྲང་བཀྲ་ཤིས་འཁྱིལ་གྱི་རྡོ་རམས་པ། སྐུ་འབུམ་བྱམས་པ་གླིང་གི་དཀའ་བཞི་བ། ཡོངས་གྲགས་ལ་དགེ་བཤེས་ཆེན་མོ་དཔའ་རིས་རབ་གསལ་ཞེས་འབོད་པ།རབ་བྱུང་གི་མཚན་ལ་བློ་བཟང་རབ་གསལ།དགེ་སློང་གི་མཚན་ལ་བློ་བཟང་རྒྱ་མཚོ།དཔའ་རིས་ཕྱོགས་སུ་ཡར་ལུང་དགེ་བཤེས་ཆེན་མོར་འབོད་པ།ལེགས་སྦྱར་སྒྲ་རིག་སྦྱངས་པའི་ཀུན་བཤད་ཀྱི་མཚན་ལ་མཚོ་བྱུང་རོལ་པའི་བློ་གྲོས་སུ་གསོལ་བའི་མཁས་དབང་ཁོང་ནི།ང་ཚོ་ཕྱི་རབས་པས་བརྗེད་མི་རུང་བ་དང་བརྗེད་མི་སྲིད་པའི་མཁས་དབང་ཡོངས་གྲགས་ཤིག་ཡིན་ཡང་།ཁོང་གི་སྐུ་ཚེ་གང་བོའི་མཛད་རྣམ་གལ་ཆེན་དག་ཕྱོགས་གཅིག་ཏུ་བསྡུས་ནས་ཡིག་ཐོག་ཏུ་འཁོད་པ་ཉུང་ཞིང་།གལ་སྲིད་རེས་འགའ་ཡོད་ཀྱང་རྒྱུ་རྐྱེན་དུ་མའི་དབང་གིས་ནོར་འཕྱུགས་མང་གཤིས།དེ་འདྲ་ཁྱབ་སྤེལ་བྱས་ན་ཁེ་ལས་གྱོང་ཆེ་བ་མོན་གྱི་རྡོར་གཅོད་ཀྱི་དཔེ་ལྟར་འགྱུར་ཞིང་།མཁས་དབང་ཁོང་དང་འབྲེལ་ཡོད་ཀྱི་རྣམ་ཐར་ལོ་རྒྱུས་སོགས་དཔྱད་གཞིའི་རྒྱུ་ཆ་སྣ་མང་ལ་མིག་དང་བློ་ཡིས་མ་ཁྱབ་པ་ཡིན་ན།མཁས་མཆོག་དཔའ་རིས་རབ་གསལ་མཆོག་གི་སྐུ་ཚེའི་ལོ་རྒྱུས་དངོས་རྗེན་འཆར་དུ་མཐོང་བའི་གནས་མེད་པ་ལ་བསམས་ནས།ཕྲན་གྱིས་མ་བཅོལ་པའི་ལས་འདི་དང་དུ་བླངས་ཏེ་རང་གི་བློ་མིག་གི་སྤྱོད་ཡུལ་དུ་གྱུར་པའི་དཔྱད་གཞི་དག་ལས་མཁས་མཆོག་དཔའ་རིས་རབ་གསལ་མཆོག་དང་འབྲེལ་བའི་ལོ་རྒྱུས་རྣམས་གཅིག་ཏུ་བསྡུས་ཤིང་བསྡུམས་ཏེ་བསྡོམས་ནས་མཁས་དབང་ཁོང་གི་སྐུ་ཚེ་གང་བོའི་མཛད་རྣམ་ཅུང་ཟད་བརྗོད་ན། མདོ་སྔགས་རིག་གནས་སྨྲ་བའི་ཁྱུ་མཆོག་མཚུངས་མེད་མཁས་པའི་དབང་བོ་དཔའ་རིས་རབ་གསལ་ཁོང་ནི།འཛམ་གླིང་ཤར་ཕྱོགས་གངས་ཅན་བོད་ཡུལ་གྱི་ཆར་གཏོགས།ཨ་མདོ་དཔའ་རིས་ཞེས་བྱ་བའི་ས་ཆ།དཔའ་རིས་བོད་རིགས་རང་སྐྱོང་རྫོང་གི་ཁོངས་གཏོགས་རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་གདན་ས་ཡར་ལུང་ཐོས་བསམ་དར་རྒྱས་གླིང་གི་ལྟག་རྒྱབ་ཀྱི་དགོན་པ་ལུང་བའི་མཛོ་བུར་གོང་མ་བྱ་བའི་འབྲོག་ས་ཞིག་ནས་

སྦའི་རིགས་སུ་ཡབ་རིན་ཆེན་དང་ཡུམ་ནོར་འཛོམས་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་བའི་ལྕགས་གླང་(སྤྱི་ལོ༡༨༤༡)ལོར་འཁྲུངས་པ་དང་། དགུང་ལོ་ཉི་ཤུ་བ་ལྕགས་སྤྲེལ་(སྤྱི་ལོ༡༨༦༠)ཞེས་ཞྭ་དམར་བའི་རྣམ་ཐར་རྒྱལ་དབང་བཅུ་གསུམ་(སྤྱི་ལོ༡༨༧༦‑༡༩༣༣)པས་མཛད་པ་ལས་འབྱུང་བ་སྔ་ཕྱི་འགལ་བ་མེད་པར་མ་ཟད།རྗེ་ཉིད་དང་འགྲོགས་འདྲིས་ཟབ་པའི་ཞྭ་དམར་ཚང་(སྤྱི་ལོ༡༨༥༢‑༡༩༡༢)གི་ཟིན་བྲིས་ཤོག་དྲིལ་ལས་བཤུས་པས་ཁུངས་དག་པར་སྣང་ལ།མཁས་དབང་དོར་ཞི་ཚང་(སྤྱི་ལོ༡༩༣༥‑)གི་མུན་འཇོམས་ནོར་ཕྲེང་།དུང་དཀར་ཚིག་མཛོད།མཁས་དབང་ཁོང་ཉིད་ཀྱི་གསུང་འབུམ་དབུའི་རྩོམ་པ་བོའི་ལོ་རྒྱུས་བཅས་སུ་ལྕགས་བྱི་(སྤྱི་ལོ༡༨༤༠)ལོར་འཁྲུངས་པར་བཤད་པའི་ཁུངས་ནི་མཁས་དབང་ཚེ་ཏན་ཞབས་དྲུང་(སྤྱི་ལོ༡༩༡༠‑༡༩༨༥)གི་བསྟན་རྩིས་ཀུན་བཏུས་ཡིན་ཞིང་དེའི་ཁུངས་འཚོལ་དགོས།དེ་ལྟར་རིམ་གྱིས་སྐུའི་ལང་ཚོ་རིམ་གྱིས་ནར་སོན་ཏེ་དགུང་ལོ་བདུན་བརྒྱད་ཙམ་གྱི་དུས་ཁྱིམ་ཚང་གང་བོ་སྐོར་ཆེན་དུ་བསྐྱོད་རིང་ཁྱིམ་གྱི་འཚོ་རྟེན་གནག་ཕྱུགས་རྣམས་ཤི་ཚབས་ཆེ་བ་ཞིག་བྱུང་བར་བརྟེན།མ་ཡུམ་སེམས་སྡུག་གིས་གྲོངས་པས།རྗེ་ཉིད་ལོ་ཤས་རིང་ཞང་བོའི་སར་བཞུགས་དགོས་བྱུང་།དེ་ནས་སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་དང་ཚེ་འདིའི་རྐྱེན་དུ་མའི་དབང་གིས་དཔའ་རིས་སེམས་ཉིད་སྤྲུལ་སྐུ་བློ་བཟང་མཆོག་གྲུབ་ཉི་མ་(སྤྱི་ལོ༡༨༢༢‑)ཡར་ཀླུང་དགོན་པའི་ཁྲིར་བཞུགས་སྐབས་སུ།རྗེ་དེའི་དྲུང་དུ་རབ་བྱུང་བསྒྲུབས་ནས་མཚན་བློ་བཟང་རབ་གསལ་དུ་གསོལ།(ཆུ་གླང་སྤྱི་ལོ༡༨༥༣ལོར་རྗེ་ཤེས་རབ་རྒྱ་མཚོར་ལམ་རིམ་ཆེན་མོ་དང་འགྲེལ་བ་བཞི་སྦྲག་ཞུ་མཁན་སེམས་ཉིད་སྤྲུལ་སྐུ་བསྟན་འཛིན་མཆོག་གྲུབ་ཞུ་བ་དེ་གོང་གསལ་མཁན་པོ་འདི་བ་ཡིན་མིན་དཔྱད།)དེ་ནས་དགོན་སྡེ་དེར་དགེ་བའི་བཤེས་གཉེན་བསྟེན་ཏེ་སློབ་སྦྱོང་གནང་མགོ་ཚུགས་ནས་རྒྱན་འཇུག་དང་བཙན་པོའི་བསྡུས་གཞུང་ཐུགས་འཛིན་གནང་ཞིང་།

ཤེར་ཕྱིན་སྤྱི་དོན་དོན་བདུན་ཅུའི་རྣམ་བཞག་ལ་ཐུགས་འདྲིས་མཛད་པའི་སྐབས་ཤིག་ལ།རྗེ་ཉིད་ཀྱི་དགོངས་པར་གྲྭ་ས་ཆེན་པོ་ཞིག་ཏུ་སློབ་སྦྱོང་ལ་ཕེབས་འདོད་འཁྲུངས་ཏེ་ཧ་ལམ་ལྷ་སར་འབྱོན་དགོངས་པའི་ཚེ།དགེ་བཤེས་དཔལ་ལྡན་བཟང་བོ་ཞུ་བའི་ངག་ལས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བཤེས་དངུལ་རྭའི་ཁ་ཆེ་དང་།སྨད་སོག་གཞོན་ནུ།ཀ་མདོའི་ཞབས་དྲུང་སོགས་ཀྱི་སྐུ་ཡོན་རིམ་པར་གསན་པས་ཐུགས་འཕྲོག་སྟེ།དངུལ་སྲང་བཞི་ལྔ་ཙམ་གྱི་ཆ་རྐྱེན་ལས་མེད་ཀྱང་བསྣམས་ཏེ་དགུང་ལོ་ཉི་ཤུ་བ་ལྕགས་སྤྲེལ་(སྤྱི་ལོ༡༨༦༠)ལོར་ཤ་བོ་ལུང་དགེ་བཤེས་ཆོས་གྲགས་ཚང་དང་ལྷན་དུ་བླ་བྲང་བཀྲ་ཤིས་འཁྱིལ་དུ་སློབ་གཉེར་ལ་བྱོན།

དེའི་དུས་གུང་ཐང་སྐུ་ཕྲེང་བཞི་བ་(སྤྱི་ལོ༡༨༢༤‑༡༨༥༩)གཤེགས་ནས་བྲག་དགོན་བསྟན་པ་རབ་རྒྱས་(སྤྱི་ལོ༡༨༠༡‑༡༨༦༧)ཚང་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཁྲིར་བཞུགས་སྐབས་ཡིན་པས་མཇལ་ཁ་ཞུས་ནས་ཚོགས་ལ་ཞུགས།མཁས་དབང་ཞལ་ཤུལ་ངག་དབང་བསྟན་པའི་རྒྱ་མཚོར་(སྤྱི་ལོ༡༨༥༨‑༡༩༡༧)།ཞང་ཞུང་ཆོས་དབང་གྲགས་པའི་(སྤྱི་ལོ༡༤༠༤‑༡༤༦༩)ར་མ་ཎཱའི་རྟོགས་བརྗོད་ཀྱི་འགྲེལ་བ་རྩོམ་སྐུལ་གནང་མཁན་གཞུང་བརྒྱ་སྨྲ་བའི་དབང་ཕྱུག་དཔའ་རིས་བཀྲ་ཤིས་ཆོས་གླིང་བ་དགེ་བཤེས་བློ་བཟང་ཆོས་འཕེལ་ཞུ་བ་དགེ་རྒན་དུ་བསྟེན་ནས་བསྡུས་འབྲིང་ནས་བཟུང་མཛོད་ཀྱི་བར་ཞིབ་ཏུ་ཁྲིད་ཅིང་རྩོད་པའི་རིང་ལ།རྣམ་འགྲེལ་རྩ་བ།མཛོད་རྩ།འདུལ་བ་མདོ་རྩ།སུམ་བརྒྱ་བ།ཀ་རི་ཀ་ལྔ་བཅུ་བ།བྱམས་ཆོས་སྡེ་ལྔ།རིགས་ཚོགས་དྲུག མངོན་པ་ཀུན་བཏུས།དྲང་ངེས།འགྲེལ་བ་དོན་གསལ།གུང་ཐང་མཛོད་འདུལ་དང་སྐབས་བཞི་བའི་སྡོམ་བཅས་ཐུགས་འཛིན་གནང་ཞིང་།རྩོད་བཟློག་གི་འགྲེལ་བ་ཞིག་ཕྱག་ཏུ་མ་སོན་པ་ལས་གཞན་རྣམས་རྩ་འགྲེལ་སྦྲགས་ནས་གཟིགས་རྟོག་དང་ཡིག་ཆའི་ཐལ་ཕྲེང་སྐོར་ལའང་ཤིན་ཏུ་འདྲིས་པར་སྦྱངས།ཆུ་ཕག༡༨༦༣ལོར་ཆོས་གྲྭ་རུ་ཚོགས་ཆེན་ཁྲི་བ་མཁན་སྤྲུལ་ངག་དབང་ཐུབ་བསྟན་རྒྱ་མཚོར་འགྲེལ་བ་དོན་གསལ་དང་བྱམས་ཆོས་སྡེ་ལྔ་ཆིག་རྒྱུགས་ཕུལ་བར་ལྷ་དར་ཆེ་ལེགས་བཅས་བསྔགས་བརྗོད་ཚད་མེད་ཐོབ།མཛོད་ཀྱི་འཛིན་གྲྭར་བཞུགས་སྐབས་དཀའ་རམས་འཛིན་གྲྭ་དང་ཅུང་ཟད་མ་མཐུན་པས་ལོ་ཤས་ལ་དབལ་ཤུལ་གཅའ་རུ་བའི་ཕྱོགས་སུ་བཞུགས་སྐབས་གཅའ་དགོན་གྱི་ཁྲིར་ལོ་གསུམ་ལ་བཞུགས་ཤིང་།དེར་ཁོ་ཚོར་ཞྭ་བཟོ་སྟངས་དང་མཆོད་མེའི་སྡོང་ཤིང་བཟོ་ཚུལ་ཙམ་བསླབ་པ་ལས་གཞན་ཕན་ཐོགས་མ་བྱུང་གསུང་སྐད། ས་སྦྲུལ༡༨༦༩ལོར་ཐང་སྐོར་དུ་ཤིང་བཟའ་བསྟན་པའི་དབང་ཕྱུག་ལས་མི་ཏྲ་བརྒྱ་རྩའི་དབང་དང་། དཔའ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་བསྙེན་སྒྲུབ་དང་བཅུ་ཆའི་སྦྱིན་སྲེག་གི་ཁྲིད་ལུང་གསན། དེ་ནས་སླར་བཀྲ་ཤིས་འཁྱིལ་དུ་བྱོན་ནས་གཞུང་ཆེན་བཀའ་པོཏ་ལྔའི་སློབ་གཉེར་གྱི་འཕྲོ་སྐྱོང་བཞིན་པར་བྲག་དགོན་བསྟན་པ་རབ་རྒྱས་དང་རྗེ་ཤེར་རྒྱམ་པ་གཉིས་ཀྱི་དངོས་སློབ་རིག་གནས་པ་དངུལ་རྭའི་སྙན་གྲགས་ལས་དབྱངས་ཅན་སྒྲ་མདོ་ཨུསྨད་བར་དང་།དུས་འཁོར་བ་འཇམ་དབྱངས་རཏྣ་ལས་སྙན་ངག་ལེའུ་གཉིས་པ་སྦྱངས།རྗེས་སུ་ཇེ་སང་ངག་དབང་རྒྱ་མཚོ་ལས་རྩིས་དང་སྙན་ངག་གསན་པའི་སྡེ་ཁྲིའི་དྲུང་ཡིག་ཐུབ་བསྟན་རྒྱ་མཚོ་ལས་སྒྲ་ཡོངས་རྫོགས་དང་།སྙན་ངག་ཆ་ཚང་གསན་སྦྱངས་གནང་ཞིང་།ཀུན་བཤད་ཀྱི་མཚན་ལ།མཚོ་བྱུང་རོལ་པའི་བློ་གྲོས་སུ་གསོལ།ཞར་བྱུང་གི་སྐོར་ཅུང་ཟད་འཕྲོས་ན། སྡེ་ཁྲིའི་དྲུང་ཡིག་ཐུབ་རྒྱམ་པ་འདི་བས་ཤིང་བྱི་(སྤྱི་ལོ༡༨༦༤)ལོར་རྩིས་གཞུང་འཇམ་དབྱངས་མཆོད་པའི་མེ་ཏོག་དང་འཇམ་དབྱངས་འཛུམ་ཟེར་གཉིས་མཛད་ཅིང་།དེས་སྐར་རྩིས་གསན་ཡུལ་དབལ་མང་དབོན་པོ་ཇེ་སང་ངག་དབང་རྒྱ་མཚོ་ཡིན་པ་དབལ་མང་རྣམ་ཐར་དུ་གསལ་ལ།རྒྱ་རྩིས་གསན་ཡུལ་བླ་བྲང་མཐའ་བ་རུ་ཡོད་པའི་རྒྱ་ནག་གི་རྩིས་པ་ཞིག་ལས་གསན་པར་མཁས་དབང་དམུ་དགེ་བསམ་གཏན་གྱིས་གསུངས་ཤིང་།ཞྭ་དམར་དགེ་འདུན་བསྟན་འཛིན་རྒྱ་མཚོས་སྙན་ངག་གསན་ཡུལ་ཡང་དྲུང་ཡིག་ཐུབ་རྒྱམ་པ་འདི་བ་ཡིན་སྟབས། ཞྭ་དམར་བའི་གསུང་འབུམ་དུ་ཡོད་པའི་མེ་ལོང་མའི་ལེའུ་གཉིས་པའི་རྒྱན་རྣམས་ཀྱི་དོགས་གཅོད་ཅེས་བྱ་བའི་སྙན་ངག་ཟིན་བྲིས་དང་།རྒྱལ་དབང་བཅུ་གསུམ་པའི་གསུང་འབུམ་དུ་བཞུགས་པའི་ཁ་བྱང་ལ།གནས་ལྔ་རིག་པའི་པཎྜི་ཏ་ཆེན་མོ་སྐྱབས་རྗེ་དཔའ་རིས་པ་བློ་གྲོས་རབ་གསལ་མཆོག་གི་ཞལ་སྔ་ནས་སྙན་ངག་གི་བསྟན་བཅོས་མེ་ལོང་མའི་སྟེང་ནས་བཀའ་ཁྲིད་ནོད་སྐབས་ལེའུ་བར་བའི་དཀའ་གནད་བརྗེད་བྱང་དུ་བཀོད་པ་བཞུགས་སོ།།ཞེས་བྱ་བའི་སྙན་ངག་ཟིན་བྲིས་གཉིས་རིང་ཐུང་ཙམ་ལས་ཚིག་དོན་གཉིས་ཀ་གཅིག་ཡིན་འདུག་ཀྱང་།རྒྱལ་དབང་གསུང་གི་སྙན་ངག་ཟིན་བྲིས་དེར་བསྡུས་བརྗོད་མན་ཆད་མེད་ལ།ཞྭ་དམར་བའི་དེར།དགའ་བའི་རྒྱན་ཡན་ཆད་ཡོད་པ་ཙམ་ཁྱད་པར་ཏེ།ཞྭ་དམར་བའི་སྙན་ངག་ཟིན་བྲིས་རྒྱལ་དབང་གི་ཕྱག་དཔེའི་ཁྲོད་ན་ཡོད་སྟབས།རྒྱལ་དབང་གིས་མཛད་པར་གཞིར་བཞག་གིས་ཁ་བྱང་བཏབ་སྟེ་གསུང་འབུམ་གྲས་སུ་བཞག་པ་ཡིན་འདུག་སྟེ།དཔེ་རྒྱན་ལས་འགལ་བའི་དཔེའི་དཔེར་བརྗོད་དུ།ཟིན་བྲིས་དེར།འདི་ལ་བསམ་ནས་ཁོ་བོའི་དཔེར་བརྗོད་དུ།

ཡིད་འོང་མཚམས་སྤྲིན་གསར་བའི་ཕུང་བོ་དང་།།

པདྨ་རཱ་གའི་རྡུལ་མང་བརྩེགས་པའི་རི།།

རྣལ་འབྱོར་དབང་མོ་ཁྱོད་ཀྱི་མཛེས་སྐུ་རྣམས།།

ཕན་ཚུན་རྣམ་པ་འགལ་བ་ཙམ་དུ་ཟད།།ཅེས་སྨྲས་སོ།།ཞེས་ཞྭ་དམར་བའི་བདུད་རྩིའི་མཆོད་ཡོན་གྱི་ཚིག་དྲངས་སྐབས།ཁོ་བོའི་དཔེར་བརྗོད་ཅེས་པས་ཤེས་ལ།རྒྱལ་དབང་བཅུ་གསུམ་པའི་དཔེར་བརྗོད་ལས་འགལ་བའི་དཔེར།

སྙན་དང་ལེགས་པར་སྨྲ་བའི་རྗེས་མཐུན་ལས།།

དཔུང་མགོ་ཟླུམ་ཞིང་ལེགས་པར་འབྲེལ་བ་དང་།།

རབ་མཛེས་གསེར་གྱི་བུམ་པའི་མགྲིན་པ་དག།

མཚུངས་ཀྱང་ཕན་ཚུན་རྣམ་པར་འགལ་བ་ཉིད།།

ཅེས་དེ་དང་མི་འདྲ་བར་འབྱུང་བས་སོ།།དེ་བཞིན་དུ་གཟུགས་བརྙན་གྱི་དགའ་བའི་དཔེར་བརྗོད་ཐད་དུ།ཟིན་བྲིས་དེར།འདི་ལ་བསམ་ནས་ཁོ་བོའི་དཔེར་བརྗོད་དུའང་།

མཐའ་ཀླས་ཞིང་ཁམས་ཡངས་པོར་འཚོ་གཞེས་པའི།།

རྒྱལ་ཀུན་རང་གཟུགས་དྲིན་ཅན་བླ་མའི་ཞལ།།

དེང་འདིར་མཇལ་བ་ལས་ལྷག་སྤངས་རྟོགས་ཆ།།

རྫོགས་པའི་སངས་རྒྱས་གཞན་དགའ་ལྟར་ཅི་འཚལ།།

ཞེས་སྨྲས་པ་ཡིན་ནོ།།ཞེས་གསུངས་པ་འདི་ཡང་།ཞྭ་དམར་བའི་བདུད་རྩིའི་མཆོད་ཡོན་ལས་འབྱུང་གི རྒྱལ་དབང་བཅུ་གསུམ་པའི་དཔེར་བརྗོད་ལས།གཟུགས་བརྙན་གྱིས་དགའ་བའི་དཔེར་བརྗོད་དུ།

གཟུང་འོས་གདེང་ཅན་དབང་བོའི་སྙན་འགྱུར་གྱིས།།

ལེགས་པར་བཤད་པའི་བརྡ་སྤྲོད་བརྩོན་པ་ཡིས།།

སྐྱོ་ངལ་མེད་པར་རྣམ་པར་དཔྱོད་པའི་མཐུས།།

ཚད་མེད་བདེ་བ་མཆོག་གི་རྣམ་པར་རོལ།།

ཅེས་གསུངས་པ་ལྟར་རོ།།དེས་སྙན་འགྲེལ་ཡང་གསལ་སྣང་མཛོད་དུ་མཚུངས་གསལ་སྐབས་ཆ་ལ་སོགས་པ་བཅུ་གཅིག་གི་དཔེར་བརྗོད་འཇོག་སྐབས།རྒྱལ་དབང་བཅུ་གསུམ་པའི་དཔེར་བརྗོད་ལས།ཞེས་དྲངས་པའང་སྒྲ་ཇི་བཞིན་པ་མིན་པར་ཤེས་དགོས་པ་སོགས་ཐ་སྙད་རིག་གནས་སྨྲ་བ་རྣམས་ལ་ཟུར་ཙམ་ཞར་ལ་ཐལ་བའོ།།ད་ནི་དཀྱུས་ལ་འཇུག་པར་བྱ་སྟེ།མཁས་དབང་དཔའ་རིས་རབ་གསལ་འདི་ཉིད་ཀྱིས་རྩིས་རམས་པ་འབོ་རའི་ཛམ་ཕྲུག་ལས་སྐར་རྩིས་ཆ་ཚང་སྦྱངས་གནང་མཛད་པར་གསུངས་ལ།མཁས་དབང་ཞལ་ཤུལ་ངག་དབང་བསྟན་པའི་རྒྱ་མཚོས་རྒྱ་རྩིས་གསན་ཡུལ་འབོ་རའི་སྒོག་ཕྲུག་ཞུ་བ་དང་འདི་གཉིས་གཅིག་ཡིན་མིན་ཡང་དཔྱད་དགོས་པ་ཡིན།སྔ་ཕྱི་ཅི་རིགས་སུ་དཔའ་རིས་དགེ་བཤེས་ཆོས་འཕེལ་ལས་གཞུང་ཆེན་གྱི་དཔེ་ཁྲིད་གསན་པ་དང་། དགེ་བཤེས་དཀོན་མཆོག་སེང་གེ་ལས་བླ་མ་ལྔ་བཅུ་བའི་བཤད་ལུང་སོགས་གསན་ཏེ་ཕྱིས་སུ་སྐུ་འབུམ་དུ་ཧོར་ཆེན་ཡེ་ཤེས་རྒྱ་མཚོ་སོགས་ལ་གནང་བས་དར་ཁྱབ་བྱུང་། ཨ་ཀྱ་བསྟན་པའི་རྒྱལ་མཚན་གྱི་གསུང་འབུམ་སྨད་ཆར་བཞུགས་པའི་འཇམ་དབྱངས་ཆོས་སྐོར་གྱི་རྗེས་གནང་གི་ཟིན་ཐོ་ལས། ཨ་ཁུ་དཔའ་རིས་རབ་གསལ་ཚང་ཆུང་དུས་དཀོན་མཆོག་སེང་གེ་ཚང་ལས་དཔེ་ཁྲིད་ཞུས་ཞེས་གསུངས་པ་ལྟར། གཞུང་ཆེན་གྱི་དཔེ་ཁྲིད་ཀྱང་གསན་པར་སྣང་།རྗེ་ཤེས་རབ་རྒྱ་མཚོ(སྤྱི་ལོ༡༨༠༣‑༡༨༧༥)འི་དྲུང་ནས་བསྙེན་རྫོགས་ཞུས་པས། མཚན་ལ་བློ་བཟང་རྒྱ་མཚོར་གསོལ་ཞིང་གསུང་རྩོམ་འགར་སུ་དྷི་ས་ར་ཞེས་པ་དེའོ།། སྒོ་མང་ཆོས་དར་གྱི་སྤྲུལ་སྐུ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་(སྤྱི་ལོ༡༨༤༡‑༡༩༠༧)ལས་མངོན་རྟོགས་རྒྱན་གྱི་བཤད་ལུང་སོགས་གསན་ཏེ་ཕྱིས་སྐུ་འབུམ་དུ་ཧོར་ཆེན་ཡེ་ཤེས་རྒྱ་མཚོ་སོགས་ལ་གནང་བས་དར་ཁྱབ་བྱུང་འདུག་ཅིང་།གཞན་ཡང་།བདེ་མཆོག་ཕྱི་དཀྱིལ་དྲིལ་བུ་ལྷ་ལྔའི་དབང་སོགས་གསན་པར་མ་ཟད།སྒོ་མང་སྤྲུལ་སྐུ་འདི་ཉིད་ལ་རྗེ་འདིས་རྗེ་བླ་མ་དང་རྒྱན་དྲུག་མཆོག་གཉིས་ཀྱི་སྟོང་མཆོད་འབུལ་ཚུལ་གྱི་ཆོ་ག་རྩོམ་སྐུལ་ཞུས་པ་རྗེ་འདིའི་གསུང་འབུམ་དུ་བཞུགས་ཡོད།རོང་བོའི་མཁན་ཆེན་ཚང་སྐུ་ཕྲེང་ལྔ་བ་བློ་བཟང་དཔལ་ལྡན་རྒྱ་མཚོ་(སྤྱི་ལོ༡༨༢༦‑༡༨༧༩)དང་། རྗེ་ཞང་སྟོན་བསྟན་པ་རྒྱ་མཚོ་(སྤྱི་ལོ༡༨༢༧‑༡༨༩༧)སོགས་ལས་དུས་འཁོར།མི་ཏྲ།རྡོར་ཕྲེང་སོགས་གསུང་ཆོས་མང་དུ་ཞུས།ཆུ་ལུག་(སྤྱི་ལོ༡༨༨༣)ལོར་མཁས་དབང་འདི་ཉིད་ཀྱིས་ལྷ་མོའི་རྟེན་ཐང་བྱིན་ཅན་ཞིག་ལྷ་བཟོར་བཞེངས་བཅུག་སྟེ་དེའི་རྟེན་བཤད་མཁས་དབང་རང་ཉིད་སྐུ་དངོས་ཀྱི་ཕྱག་བྲིས་གནང་བ་ཉེ་སྔོན་བར་དུ་ཡར་ལུང་དགོན་དུ་བཞུགས་ཤིང་།རབ་བྱུང་བཅོ་ལྔ་བའི་ཆུ་ལུག་(སྤྱི་ལོ༡༨༨༣)ལོའི་ཟླ༦ཚེས༦ཉིན།མངོན་པ་གོང་མའི་ལུགས་བཞིན་སེམས་སེམས་བྱུང་གི་རྣམ་པར་བཞག་པ་བློ་གྲོས་པདྨོ་བཞད་པའི་ཉིན་བྱེད་ཅེས་བྱ་བའི་བསྟན་བཅོས་བརྩམས་གྲུབ་པར་མཛད།ཙ་ཡུས་ཐོག་ག་སྐུ་ཕྲེང་བཞི་བ་བློ་བཟང་བསྟན་འཛིན་འཕྲིན་ལས་རྒྱ་མཚོ་(སྤྱི་ལོ༡༨༦༢‑༡༩༡༤)དང་།དཔའ་རིས་སྤྲུལ་སྐུ་འཇིགས་མེད་མཁྱེན་རབ་རྒྱ་མཚོའི་ཡོངས་འཛིན་གནང་ཞིང་།སྤྲུལ་སྐུ་འདི་ཉིད་སོགས་ཀྱི་སློབ་སྦྱོང་གི་ཆེད་དུ་རྗེ་ཉིད་ཀྱིས་གནས་སྐབས་པའི་རྟེན་འབྲེལ་ཤེལ་དཀར་མེ་ལོང་ཞེས་བྱ་བའི་ལེགས་བཤད་ཁྱད་འཕགས་དེ་ཉིད།རབ་བྱུང་བཅོ་ལྔ་བའི་ཤིང་སྤྲེལ་(སྤྱི་ལོ༡༨༨༤)ལོའི་ཟླ༧ཚེས༦ཉིན་བརྩམས་གྲུབ་པར་མཛད།རབ་བྱུང་བཅོ་ལྔ་བའི་ལྕགས་སྦྲུལ་(སྤྱི་ལོ༡༨༨༡)ལོར་ཟམ་ཚ་ཁྲི་སྤྲུལ་ལྔ་བ་སྐལ་བཟང་འཇིགས་མེད་ནམ་མཁའི་(སྤྱི་ལོ༡༨༧༥‑༡༨༩༩)ཡོངས་འཛིན་གནང་།སྤྲུལ་སྐུ་འདི་ཉིད་ལ།རྗེ་ཉིད་ཀྱིས།

དམ་པའི་སྐྱེས་སྤྲུལ་པད་དཀར་གཞོན་ནུ་ཁྱོད།།

ཡོན་ཏན་འདབ་བརྒྱས་སྙན་པའི་དྲི་བསུང་དག།

རིས་མེད་སྤྲོ་ཕྱིར་ལྷག་བསམ་སྤྲིན་རུམ་ནས།།

དྲི་མེད་རིགས་ལམ་བདུད་རྩིའི་གྲུ་ཆར་ཕབ།།

ཅེས་ཐུགས་རེ་ཆེན་པོ་བཅངས་ཏེ་གུང་ཐང་ཚང་གི་སྐབས་བཞི་བའི་བསྡུས་དོན་གྱི་ཟུར་རྒྱན་པད་དཀར་ཕྲེང་བ་ཞེས་བྱ་བའི་ལེགས་བཤད་རྨད་དུ་བྱུང་བ་ཡང་རབ་བྱུང་བཅོ་ལྔ་བའི་ཤིང་བྱ་(སྤྱི་ལོ༡༨༨༥)ལོའི་ཟླ༡༡ཚེས༡ལ་བརྩམས་གྲུབ་པར་མཛད།ཟམ་ཚ་ཁྲི་སྤྲུལ་དེ་ལ་རྗེ་ཉིད་ཀྱིས་ཕན་རེའི་ཞི་དྲག་གི་ཐབས་སྣ་ཚོགས་གནང་སྟེ་བསྐྱངས་པར།འགའ་ཞིག་གིས་རྒྱ་ནག་གོང་མའི་ཧོ་ཐོག་ཐུའི་གདན་ཐོབ་ཅན་ལ་དེ་ལྟར་གནང་ན་རྒྱ་ནག་གོང་མར་ཕོག་ཐུག་འགྲོ་ཚུལ་ཀུན་མཁྱེན་བཞི་བ་མཆོག་ལ་ཞུས་པས།རྗེ་ཉིད་ཟམ་ཚའི་ཡོངས་འཛིན་ལས་དགོངས་ཞུ་གནང་དགོས་བྱུང་སྟེ་རབ་བྱུང་བཅོ་ལྔ་བའི་མེ་ཁྱི་(སྤྱི་ལོ་༡༨༨༦)ལོའི་ཟླ་བཅུ་གཉིས་པར་ཟམ་ཚའི་ཡོངས་འཛིན་དུ་སྔགས་རིམ་ལྟ་བའི་མིག་འབྱེད་ཅེས་པའི་བསྟན་བཅོས་མཛད་མཁན་དགེ་བཤེས་འདན་ཕྲུག་གསར་དུ་བསྐོ་བཞག་བགྱིས་པར་ཀུན་མཁྱེན་བཞི་བའི་རང་རྣམ་དུ་གསལ་ཞིང་།ཤིང་བྱ་(སྤྱི་ལོ༡༨༨༦)ལོར་ཞང་སྟོན་བསྟན་པ་རྒྱ་མཚོའི་མདུན་ནས་རིམ་ལྔ་གསལ་སྒྲོན་དང་བསྐྱེད་རིམ་དངོས་གྲུབ་རྒྱ་མཚོའི་བཤད་ལུང་ཡང་ཆེད་དུ་ཞུས།རྗེ་ཞང་སྟོན་པའི་རྣམ་ཐར་ལས་དངོས་སློབ་དགེ་བཤེས་རྣམས་བགྲང་སྐབས།དཔའ་རིས་དགེ་བཤེས་རབ་གསལ།ཞེས་ཆེས་ཐོག་མར་བགྲང་ཡོད།རབ་བྱུང་བཅོ་ལྔ་བའི་མེ་ཁྱི་(སྤྱི་ལོ༡༨༨༦)ལོའི་ཟླ༨ཚེས༡༥ལ་དྲང་ངེས་མུ་བཞི་བློ་གསལ་རོལ་པའི་དགའ་སྟོན་ཞེས་བྱ་བའི་བསྟན་བཅོས་ཁྱད་འཕགས་བརྩམས་གྲུབ་པར་མཛད།རབ་བྱུང་བཅོ་ལྔ་བའི་མེ་ཁྱི་(སྤྱི་ལོ༡༨༨༦)ལོའི་ཟླ་བཅུ་གཅིག་པའི་ནང་དུ་མཛོད་ཀྱི་དྲིས་ལན་འཁོར་ལོའི་རྩིབས་ཀྱི་བགྲོད་པ་ཞེས་བྱ་བ་བརྩམས་གནང་མཛད། རྐྱེན་སྣ་ཚོགས་ཀྱི་དབང་གིས་བླ་བྲང་བཀྲ་ཤིས་འཁྱིལ་དུ་བཞུགས་བཟོད་མ་བདེ་བར་སྐུ་འབུམ་བྱམས་པ་གླིང་དུ་བྱོན་དགོས་བྱུང་ཞིང་།

མེ་ཕག་(སྤྱི་ལོ༡༨༨༧)ལོའི་ཟླ༨ཚེས༡༡ཉིན་སྐུ་འབུམ་དུ་མཛོད་ཀྱི་ཐོབ་པའི་རྣམ་བཞག་དོན་ཟབ་དགོངས་པ་གསལ་བའི་སྒྲོན་མེ་ཞེས་བྱ་བའི་བསྟན་བཅོས་བརྩམས་གྲུབ་པར་མཛད། ས་བྱི་༡༨༨༨ལོར་སྐུ་འབུམ་དུ་ཆོས་ཞུགས་གནང་ཚུལ་ནི། ཆེ་ཤོས་རང་རྣམ་ལས། སྐབས་དེར་ཡོངས་ཀྱི་དགེ་བའི་བཤེས་གཉེན་དཔའ་རིས་རབ་གསལ་བླ་བྲང་ནས་ཚུར་ཕེབས་ཏེ་སྐུ་འབུམ་དུ་ཆོས་ཞུགས་མཛད་རྒྱུའི་རྒྱུ་མཚན་གསུངས་པར་ལེགས་སོ་ཕུལ། དཀའ་རམས་བར་དམ་བཅའ་བཟུང་ནས་ཕེབས་ཆོག་པ་ཞེས་གསུངས་པར་དེ་འདྲའི་འགྲིག་ལམ་མེད་ཚུལ་བཤད་ནས་བཀག། རིམ་ཕེབས་བྱས་ན་དམིགས་བསལ་ཡོད་ཚུལ་ཞུས། ཕྱིས་སུ་ཆོས་འབྲེལ་ཞུས་པར་ཐུགས་འདོད་རྣམས་བསྐངས།ཞེས་གསུངས་སོ།། རབ་བྱུང་བཅོ་ལྔ་བའི་ས་གླང་(སྤྱི་ལོ༡༨༨༩)ལོར་སྐུ་འབུམ་དུ་ལུང་བསྟན་གསལ་བའི་མེ་ལོང་ཞེས་བྱ་བའི་བསྟན་བཅོས་བརྩམས་གནང་མཛད།རབ་བྱུང་བཅོ་ལྔ་བའི་ལྕགས་སྟག་(སྤྱི་ལོ༡༨༩༠)ལོའི་ཟླ༡༡ཚེས༡༥ཉིན་གུང་ཐང་ལྔ་བའི་ཡོངས་འཛིན་ཅོ་ནེ་དགེ་འདུན་དཔལ་བཟང་སོགས་ཀྱི་བཞེད་ཚུལ་ལས་འཕྲོས་ཏེ་འདུལ་བའི་གཞི་གསུམ་གྱི་ཚུལ་ལ་རྩོད་པ་སྤོང་བ་འཁྲུལ་བྲལ་འཇམ་དབྱངས་དགོངས་རྒྱན་ཞེས་བྱ་བའི་བསྟན་བཅོས་བརྩམས་གྲུབ་པར་མཛད།རབ་བྱུང་བཅོ་ལྔ་བའི་ལྕགས་ཡོས་(སྤྱི་ལོ༡༨༩༡)ལོའི་ཟླ༣ཚེས༢༥ཉིན་བློ་རིག་ཟུར་རྒྱན་ཨུཏྤལ་ཕྲེང་བ་ཞེས་བྱ་བའི་བསྟན་བཅོས་བརྩམས་གྲུབ་པར་མཛད།ཆུ་འབྲུག་(སྤྱི་ལོ༡༨༩༢)ལོའི་ཟླ་བ་བརྒྱད་པའི་ཚེས་དགུ་ཉིན་ནས་ཞྭ་དམར་ཚང་གི་མདུན་ནས་བཀའ་གདམས་གླེགས་བམ་གྱི་ལུང་ཉིན་བདུན་ལ་གསན་ཞིང་།ཉིན་བཞིན་ཚ་བཞེས་དང་གསོལ་ཚིགས་ལྷན་ཅིག་གནང་ཞིང་གཞུང་ཆེན་དུ་མའི་དཀའ་གནད་ལས་བརྩམས་པའི་འདྲི་རྨེད་མཛད་པར།རྗེ་འདིའི་མཁྱེན་རབ་ཀྱིས་ཐུགས་འཕྲོག་སྟེ་གཞུང་ཆེན་པོ་ལ་བྱང་བའི་དགེ་བའི་བཤེས་གཉེན་ཆེན་པོའི་རྣམ་དཔྱོད་ཀྱི་རྩལ་དེ་ངེས་པར་ཡ་མཚན་པོ་རེད་ཅེས་ཕྱིས་སུ་ཡང་ཡང་གསུངས་འདུག་ལ།རྗེ་འདིས་ཞྭ་དམར་བས་མཛད་པའི་ཨ་རོལ་རྣམ་ཐར་ལ་གཟིགས་ཏེ་ཁྱེད་རྣམ་པ་གཞུང་ཆེན་མོའི་བརྡ་ཆད་ལ་བྱང་ཆ་སོང་འདུག་པས་ཅི་བྱེད་ཀྱང་ལས་སླ་བོ་རེད་གསུངས་ནས་རྗེས་སུ་ཡི་རང་མཛད།དེ་སྐབས་ཞྭ་དམར་ཚང་གིས་སྐུ་འབུམ་སོག་པོའི་དགེ་བཤེས་སངས་རྒྱས་ཆོས་གྲགས་ཚང་(སྤྱི་ལོ༡༨༣༤‑༡༩༠༣)ལ་སྐུ་གཟན་རྩ་ཆེན་ཞིག་ཕུལ་པ་གཟིགས་པས།རྗེ་འདིས་དེང་སང་ཡོན་ཏན་ཅན་ཚོ་ངོ་སོ་ཆུང་བའི་དུས་འདིར་ཁྱེད་ནས་དགེ་བཤེས་ཚོར་གཟེངས་བསྟོད་གནང་བ་བཀའ་དྲིན་ཆེ་ཞུ་གནང་མཛད།ཆུ་འབྲུག་(སྤྱི་ལོ༡༨༩༢)ལོར་བླ་བྲང་བཀྲ་ཤིས་འཁྱིལ་ནས་རྗེ་ཉིད་ཀྱི་དངོས་སློབ་བསྟན་པའི་མཚན་ཅན་གྱིས་རྗེ་ཉིད་ལ་གཞུང་ལུགས་ཀྱི་དཀའ་གནད་ལས་བརྩམས་པའི་དྲི་བ་ཕུལ་པའི་དྲིས་ལན་ལེགས་པར་བཤད་པ་རིགས་པའི་རྨ་བྱ་མྱོས་པའི་ཟློས་གར་ཞེས་བྱ་བ་སྐུ་འབུམ་དུ་རྩོམ་སྐབས།རྗེ་ཉིད་ཀྱིས་གདན་ས་བླ་བྲང་བཀྲ་ཤིས་འཁྱིལ་དྲན་ཚུལ་མགུར་དུ་བཞེས་པ་ནི།

ཡབ་རྗེ་ཀུན་མཁྱེན་ངག་གི་དབང་བོའི་མཐུས།།

བློ་གྲོས་ལུས་སྟོབས་སྨིན་པའི་བཀའ་དྲིན་དྲན།།

སངས་རྒྱས་ལག་བཏོད་མན་ངག་རྗེས་གནང་ཞིང་།།

མ་བཞིན་བྱམས་པ་དམ་པའི་མགོན་ཀྱང་དྲན།།

དམ་ཆོས་འོ་མས་རིང་དུ་བསྐྱངས་པ་ཡི།།

མ་དང་ཕྲལ་བའི་བུ་ཆུང་དག་ཀྱང་དྲན།།

སྨྲ་མཁས་བཤེས་གཉེན་འདུས་པའི་ཆོས་ཀྱི་གྲྭར།།

ཡུན་རིང་བརྒལ་བརྟག་གར་གྱིས་རྩེན་པ་དྲན།།

མདོ་སྔགས་ཆོས་ཀྱི་སྒྲ་དབྱངས་སྒྲོག་པ་ཡི།།

ཁྲིམས་ལྡན་ངུར་སྨྲིག་འཆང་བའི་སྡེ་ཚོགས་དྲན།།

དྲན་པའི་མོད་ལ་ཞལ་བཟང་མཇལ་འདོད་ཀྱང་།།

འདིར་ཡང་སྣ་ཚོགས་ལས་ཀྱིས་ཀུན་ནས་བཤུང་།།

ཞེས་གདོང་སྨད་དེ་ཡུན་རིང་དུ་བཤུམ་མོ།།ཞེས་དང་།རྐྱེན་ངན་ལམ་དུ་སློང་བའི་བླ་མ་དཀོན་མཆོག་གི་བཀའ་དྲིན་རྗེས་སུ་དྲན་པའི་དགའ་སྤྲོ་ཅུང་ཟད་དང་བཅས་བསམ་གཏན་གྱི་ཁང་ཆུང་དུ་ཞུགས་སོ།།ཞེས་སྩལ་ཏོ།།ཆུ་འབྲུག་(སྤྱི་ལོ༡༨༩༢)ལོར་སྐུ་འབུམ་ཁྲི་རབས་དོན་དྲུག་པ་གྲོ་ཚང་བྲག་མཁན་ཆེན་བློ་བཟང་སྐལ་བཟང་རྒྱ་མཚོའི་(སྤྱི་ལོ༡༨༧༦‑)ཡོངས་འཛིན་དུ་བཞུགས་ནས་དཔེ་ཁྲིད་སོགས་རྒྱ་ཆེར་གནང་།ཆུ་འབྲུག་(སྤྱི་ལོ༡༨༩༢)ལོའི་ཟླ༡༢ཚེས༡༥ཉིན་སྐུ་འབུམ་དུ་རྡོ་རྗེ་འཇིགས་བྱེད་ཀྱི་རིམ་གཉིས་སྒོམ་ཚུལ་སྟོང་ཐུན་མུ་ཏིག་ཕྲེང་མཛེས་ཞེས་བྱ་བ་བརྩམས།ཆུ་སྦྲུལ་(སྤྱི་ལོ༡༨༩༣)ལོའི་ཟླ་བདུན་པའི་ཉི་ཤུའི་ནང་བྱ་ཁྱུང་དུ་དམ་བཅའ་བཞག་ནས་བརྒྱད་པའི་ཚེས་མགོར་ཞྭ་དམར་ཚང་གི་མདུན་དུ་བྱོན་སྐབས།ཞྭ་དམར་ཚང་གིས་དགེ་བཤེས་ཚང་ལ་ལྷ་དར་དང་དངུལ་སྲང་གཉིས་བཅས་ཕུལ་ཏེ།མདོ་སྨད་ཕྱོགས་འདིར་གྲྭ་སྐོར་གྱི་སྲོལ་ནུབ་ནས་ལོ་དྲུག་ཅུ་ཙམ་སོང་འདུག་པས།ཁྱེད་ནས་ད་རེས་སྲོལ་སོར་ཆུད་པར་མཛད་པ་ནི་ངེས་པར་བསྟན་པ་ལ་བྱ་བ་རྒྱ་ཆེན་བྱས་པ་ལགས་པས་བཀའ་དྲིན་ཆེ་ཞེས་གཟེངས་བསྟོད་ཕུལ།རྗེ་འདི་བས་ཞྭ་དམར་ཚང་ལ།རོང་བོ་དགོན་ཆེན་ལ་དམ་བཅའ་འཇོག་ཏུ་ཕེབས་བཞེད་ཆེ་ཡང་བླ་བྲང་བཀྲ་ཤིས་འཁྱིལ་དང་རེབ་གོང་ནང་མི་མཐུན་པ་ལ་ཐུགས་དོགས་ཆེ་བའི་རྒྱུ་མཚན་ཞུས་པར།ཞྭ་དམར་ཚང་གིས།རོང་བོའི་ཤར་ཚང་ལ་སྔོན་མདོ་དབུས་གཉིས་ཀར་དགེ་བའི་བཤེས་གཉེན་གྲྭ་སྐོར་ལ་ཕེབས་སྲོལ་དར་ཆེ་ཡང་ད་ལྟ་མདོ་སྨད་འདིར་གྲྭ་སྐོར་ལ་ཕེབས་པའི་སྲོལ་ཆད་འདུག་གཤིས།གཞུང་བརྒྱའི་མངའ་བདག་ཆེན་པོ་དཔའ་རིས་རབ་གསལ་ཚང་འདི་བས་བསྟན་པའི་སྙིང་བོ་བཀའ་པོཏ་ལྔའི་འཆད་ཉན་ཉམས་གསོ་དང་གོང་འཕེལ་གྱི་ཕྱིར་མདོ་སྨད་ཀྱི་བཤད་གྲྭ་རྣམས་སུ་གྲྭ་སྐོར་མཛད་དེ་འདི་ལྟར་ཕེབས་པ་ལགས་གཤིས།དེ་ཕྱོགས་སུ་ཡང་ཆགས་སྡང་གི་རྒྱུར་མ་སོང་བར་འཆད་ཉན་འཕེལ་བའི་ཐབས་སུ་འགྲོ་བ་ཞིག་བྱུང་ན་ངེས་པར་དོན་ཆེ་བས།རྗེ་ཉིད་ནས་གང་ཅིར་ལྗགས་བཀོད་ཞིབ་སྩལ་དགོས་ཚུལ་སོགས་རྒྱུ་མཚན་ཞིབ་འཁོད་ཀྱི་ཞུ་ཡིག་ནན་ཅན་ཕུལ་པ་བཞིན།ཤར་སྐུ་ཞབས་མཆོག་ནས་ཐུགས་ཁུར་ཆེ་བཞེས་མཛད་དེ་བླ་མ་ལས་སྣེ་འཛིན་གྲྭ་བཅས་ལ་དགེ་བའི་བཤེས་གཉེན་ཆེན་པོ་འདི་ལྟ་བུ་གྲྭ་སྐོར་དུ་ཕེབས་པ་བཀའ་དྲིན་ཆེ་གཤིས།རྒན་གཞོན་སུ་ཡིན་ཡང་རང་རང་གི་ནུས་པ་རྩལ་སྤྲུག་གིས་རྟགས་གསལ་གང་རྣོ་གཏོང་བ་ལས།ཕྱོགས་ཞེན་དང་ཆགས་སྡང་གིས་བརྙས་སྨོད་སོགས་གཏན་ནས་བྱས་མི་ཆོག་པའི་བཀའ་ནན་ལྕི་བ་སྩལ་པས།དམ་བཅའི་སྐབས་སུ་ཡང་ཐམས་ཅད་ཀྱིས་མཐོང་རྩིས་ཆེན་པོས་གུས་འདུད་ལྷུར་ལེན་དང་།མཇུག་ཏུ་ནང་ཆེན་ཁག་དང་འཛིན་གྲྭ་སོ་སོས་གསོལ་ཇ་ཞུས་ཤིང་ལེགས་དར་འབུལ་བ་དང་།ཤར་སྐུ་ཞབས་མཆོག་ནས་ཀྱང་བཀའ་དྲིན་ཆེ་ཚུལ་གྱི་བསྔགས་བརྗོད་ལེགས་དར་གནང་སྐྱེས་མཛད་པ་སོགས་གྲ་གང་འགྲིག་བྱུང་ཚུལ་ཞྭ་དམར་རྣམ་ཐར་དུ་གསལ་བ་ལྟར།ཤིང་རྟ་(སྤྱི་ལོ༡༨༩༤)ལོའི་ཟླ་གཉིས་པའི་ཉི་ཤུ་ནས་རེབ་གོང་རོང་བོ་དགོན་ཆེན་དུ་དཀའ་པོཏ་ལྔའི་དམ་བཅའ་བསྟན་པའི་རྒྱན་དུ་ཆེ་བ་བཞག་ཚུལ་རོང་བོའི་ལྕང་ལུང་ཁྲི་རྒན་ཚང་གི་རྣམ་ཐར་རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོས་མཛད་པ་ལས།དུས་མཐར་འཛམ་གླིང་རྒྱན་གྱི་རིགས་པའི་དབང་ཕྱུག་ཏུ་གྲུབ་པ།མདོ་སྨད་ལྷོ་བྱང་གི་རྒྱུད་དུ་ཕྱོགས་ལས་རྣམ་པར་རྒྱལ་བའི་དཔལ་ཐོབ་པ།ཕྱིས་གངས་ཅན་རྒྱལ་བའི་དབང་བོ་ཐུབ་བསྟན་རྒྱ་མཚོའི་ཡོངས་འཛིན་དུ་གྱུར་པ།བླ་བྲང་བཀྲ་ཤིས་འཁྱིལ་གྱི་མཁས་དབང་དཔའ་རིས་གྲྭ་སྐོར་བ་བློ་བཟང་རབ་གསལ་ནས་མདོ་སྨད་ཀྱི་བཤད་གྲྭ་ཕལ་མོ་ཆེར་གྲྭ་སྐོར་མཛད་པས་པཎྜི་ཏའི་གྲགས་པ་རྒྱ་ཆེ་བ་བཅས་རོང་བོའི་གདན་སར་ཕེབས་ནས་རྗེ་འདི་ལ་མཇལ་ཕྱག་མཛད་དེ་བཀའ་པོཏ་ལྔ་ཆར་གྱི་དམ་བཅའ་བསྟན་པའི་རྒྱན་དུ་ཆེ་བ་བཞགབཤེས་གཉེན་ཆེན་པོ་འདིས་རང་ཉིད་གྲགས་འདོད་ཙམ་མ་ཡིན་པར་བསྟན་དོན་གྱི་ཐུགས་བསམ་རྣམ་པར་དག་པས་སྔ་མོ་ཞིག་ནས་དམ་བཅའ་འཇོག་པར་ཕེབས་རྒྱུའི་འཕྲིན་ཡང་ཡང་གནང་ཞེས་དང་།རྗེ་འདིའི་ཞལ་ནས་ཁོ་བོ་ཁྲི་ཡིན་དུས་ལོ་དང་བོ་ལ་དཔའ་རིས་དགེ་བཤེས་ཀྱི་དམ་བཅའི་ཡི་གེ་བྱུང་བ་དང་།ལོ་གཉིས་པར་དམ་བཅའ་དངོས་བཞག་པ་དང་།ལོ་ཐ་མར་དེའི་བཟང་ཤུགས་མ་ཡལ་བས་ཆོས་འཆད་ཉན་དུས་ཐོག་དེར་ཟླ་མེད་པ་བྱུང་གསུང་།ཞེས་རོང་བོར་དམ་བཅའ་བཞག་པའི་ལོ་ནི་ཤིང་རྟ་(སྤྱི་ལོ༡༨༩༤)ལོ་ཡིན་པར་ཁྲི་རྒན་རྣམ་ཐར་དང་ཞྭ་དམར་རྣམ་ཐར་སོགས་གཅིག་མཐུན་ཡིན་འདུག་པས།ལྕགས་ལུག་(སྤྱི་ལོ༡༨༧༡)ལོར་འཁྲུངས་པའི་བཟང་བོ་བསྟན་པའི་ཉི་མའི་རང་རྣམ་ལས།

ཉེར་གཅིག་ལོ་ལ་སྐབས་བཞི་རྩོད་པའི་དུས།།

མཁས་པ་ཆེན་པོ་དཔའ་རིས་རབ་གསལ་གྱིས།།

བྱང་གི་དགོན་ཆེན་རེ་རེར་དམ་བཅའ་བཞག།

དཔྱིད་ཟླར་རོང་བོར་དམ་བཅའ་འཕྲལ་དུ་ཕེབས།།

སྐུ་མདུན་བསྐོས་བཞག་འཛིན་གྲྭའི་ཐོག་མར་བབ།།

བྱེད་མཚན་ཁྱད་མཚན་རྩོད་གཞི་བྱས་ནས་སུ།།

རྩོད་པ་ཐོབ་པས་བགྲོ་གླེང་དགའ་མོ་བྱུང་།།

འཛིན་གྲྭ་མང་མར་ཐུགས་དགྱེས་ལགས་སོ་བརྗོད།།

ཅེས་འབྱུང་བའི་ཉེར་གཅིག་མ་དག་པས་ཉེར་བཞི་ཡིན་དགོས་པ་སོགས་ཞར་བྱུང་ངོ་།།ཤར་ཚང་སྐུ་ཕྲེང་བརྒྱད་པའི་ཡོངས་འཛིན་ལྷ་སྡེ་དགེ་འདུན་༡༩༢༠‑༢༠༠༦བསྟན་འཛིན་གྱི་རྣམ་ཐར་ལས། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་དཔའ་རིས་རབ་གསལ་གྱིས་སྐྱབས་མགོན་སྐུ་ཕྲེང་དྲུག་པ་ཆེན་མོ་བློ་བཟང་སྐལ་ལྡན་བསྟན་པའི་རྒྱལ་མཚན་གྱི་དྲུང་དུ་ཕྱག་འཕྲིན་ཕུལ་ཏེ་རོང་བོར་གྲྭ་སྐོར་འཇོག་རྒྱུའི་ཐུགས་རེ་བཏོན་པར། ཕྱི་ལོར་ཕེབས་གནང་ཆོག་པའི་འཕྲིན་ལན་གནང་སྟེ་རོང་བོའི་གསེར་ཁྲི་ལས་ཐོག་པ་ཁྲི་རྒན་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོའི་ཞལ་བཀོད་ལྟར། སྐྱབས་རྗེ་ཨ་རོལ་བློ་བཟང་ལུང་རིགས་རྒྱ་མཚོའི་དངོས་སློབ་ཏུ་བཞུགས་པའི་རེབ་གོང་ཡུལ་གྱི་ཚེ་བློས་བཏང་གི་རི་ཁྲོད་པ་རྫི་རྒྱའི་ལྷ་རམས་པ་དགེ་འདུན་གྲགས་པའམ་དགེ་བཤེས་མ་ཁྱབ་ཅེས་གྲགས་པ་དང་། གླིང་རྒྱའི་ལྷ་རམས་པ་བློ་བཟང་ཆོས་གྲགས། སྡོང་སྐམ་ལྷ་རམས་པ་བློ་བཟང་བསྟན་འཛིན་སོགས་རེབ་གོང་རི་ཁྲོད་དུ་བཞུགས་པའི་ལྷ་རམས་པ་མང་བོ་ཆེད་མངགས་ཀྱིས་འབོད་པ་གནང་སྟེ་རོང་བོའི་གདན་སར་བཀའ་པོད་ལྔའི་དཔེ་ཁྲིད་གནང་དུ་བཅུག་ནས་རྩོད་པ་ཇེ་རྒྱས་སུ་ཕྱིན། ཕྱི་ལོར་དགེ་བཤེས་རིན་པོ་ཆེ་རོང་བོར་ཕེབས་ཏེ་འདན་ཚང་གི་བླ་བྲང་དུ་བཞུགས་སུ་གསོལ་ཞིང་། གསོལ་ཐབ་པར་ཅང་མི་ཤེས་པའི་བླ་རྒྱུད་པ་གཞུང་དྲང་ཞིག་ཆེད་དུ་བཞག་པས་དཔེ་ཆ་བ་བཟང་བོ་མི་འདུག་སྙམ་པ་ཐུགས་ལ་འཆར། ཕྱིས་སུ་ཐོས་བསམ་རྣམ་པར་རྒྱལ་བའི་གླིང་གི་ཆོས་གྲྭར་དམ་བཅའ་བཞག་པར་རྒྱལ་བོ་སྒང་གི་དགེ་བཤེས་ཨ་ལགས་མཁན་པོ་ཞུ་བ་དང་། རྒྱ་ཚང་མའི་དགེ་བཤེས་དགེ་འདུན་རྒྱ་མཚོ། ཨ་རོལ་ཡོངས་འཛིན་བློ་བཟང་དར་རྒྱས། དགེ་བཤེས་མགོན་པོ་སྐྱབས། དྲང་ངེས་ལེགས་བཤད་སྙིང་བོ་དང་འགྲེལ་བ་དོན་གསལ་ཚོགས་རྒྱུགས་སུ་ཕུལ་བ་ཆུ་མའི་དགེ་བཤེས་པདྨ་བཀྲ་ཤིས་སོགས་དགེ་བཤེས་བགྲེས་གཞོན་མང་བོས་ལུང་རིགས་རྣོ་ངར་ཚ་ཐག་ཆོད་པ་མང་དུ་བཏང་བས་ཐུགས་དགྱེས་ཚོར་མཛད་ཅིང་། ཕྱིས་པཎ་ཆེན་ཆོས་ཀྱི་ཉི་མ་སྐུ་འབུམ་དུ་བཞུགས་སྐབས་རོང་བོའི་གདན་ཞུས་འབྱོར་བར། དགེ་བཤེས་རིན་པོ་ཆེས་ཐམས་ཅད་མཁྱེན་པ་རང་རོང་བོར་ཕེབས་དང་། དེ་གར་བཀའ་པོད་ལྔའི་འཆད་ཉན་དང་རྗེ་བླ་མའི་བསྟན་པ་ཡང་དག་པར་གནས་ཞེས་སྙན་བསྐུལ་ཞུ་བ་མཛད། ཨ་རོལ་ཡོངས་འཛིན་བློ་བཟང་དར་རྒྱས་ཞུ་བ་ཨ་རོལ་རིན་པོ་ཆེ་སྐུ་གོང་མའི་ཕྱག་མཛོད་དང་། སྤྲུལ་སྐུ་ཕྱི་མའི་ཡོངས་འཛིན་དུ་བཞུགས་པ་དམ་བཅར་བཞེངས་ཏེ་ལུང་རིགས་ཀྱི་དགག་སྒྲུབ་རྒྱ་ཆེར་མཛད་པས་དགེ་བཤེས་རིན་པོ་ཆེའི་ཁས་ལེན་ཤོར་ཐལ་ཆེས་པར། ཡོངས་འཛིན་རིན་པོ་ཆེ་ཐུགས་རྒྱལ་བའི་ཉམས་མཛད་དེ་གཉའ་ལྟག་ཏུ་ཞོན་ནས་ལྗིད་མོ་ཨེ་རེད་ཞུས་པར། དགེ་བཤེས་རིན་པོ་ཆེ་ནས་ཁྱེད་ཀྱིས་སྐུ་རིང་གཉིས་ཀྱི་དཀོར་ཟོས་པའི་ཚོད་ཀྱིས་ཡང་གི་ཞེས་སོགས་ཞལ་རྩེད་མཛད་པ་དང་། འདི་དུས་ཁ་ཤས་ཀྱིས་ཁ་དོག་དཀར་དམར་ནས་ལུང་རིགས་ཕུལ་ཏེ། ཁ་དོག་ཡིན་ན་དམར་བ་ཡིན་པས་ཁྱབ་པའི་ཕྱིར། ཞེས་འཕངས་པར། མ་ཁྱབ་བྱས། སྐྱོན་ཞོག་བྱས་པར། ཆོས་དུང་དཀར་བོའི་ཁ་དོག་ཆོས་ཅན་གསུངས། དེ་ལ་ཁྱབ་པ་གཤོགས་བྱས་པར། ཅི་ཡང་མ་གོ་བ་ལྟར་བཞུགས་པར་མཛད་པས་ཐམས་ཅད་བཞད་གད་མཛད་པས་དགེ་བཤེས་རིན་པོ་ཆེ་ཞལ་སྐྱེངས་པ་བྱུང་། དོན་ལ་ཁྱབ་པ་གཤགས་སྐབས། ཆོས་དུང་ཁ་དོག་ཆོས་ཅན། དམར་བོ་ཡིན་པར་ཐལ། ཁ་དོག་ཡིན་པའི་ཕྱིར་ཞེས་གསུངས་དགོས་འདུག། ཕྱིས་དམ་བཅའ་ཡག་པོ་བཞག་པས་འཛིན་གྲྭ་སོ་སོས་བསྙེན་བཀུར་ཞུས་པར་དབང་བོ་རྣོན་པོས་བསྙེན་བཀུར་ཞུ་སྟངས་རེད་ཅེས་ཐུགས་དགྱེས་ཚོར་དཔེ་མེད་པ་མཛད། འདི་དུས། རྟ་ནག་རྣམ་འགྲེལ་མིན་རྒྱུ་ན་རོང་བོ་དགོན་པ་འདུག་སྲོལ་མེད་ལ། ལེགས་བཤད་གསེར་ཕྲེང་མིན་རྒྱུ་ན་དཔའ་རིས་རབ་གསལ་འགྲོ་སྲོལ་མེད་ཅེས་བཤད་རྒྱུན་ཞིག་སྣང་། ཞེས་གསུངས་སོ།། དེའི་དོན་ཡང་རོང་བོ་དགོན་ཆེན་གྱིས་རྟ་ནག་རྣམ་འགྲེལ་གྱི་དྲིན་གྱིས་རྩོད་པ་བྱེད་ཐུབ་པ་བྱུང་ལ། དཔའ་རིས་རབ་གསལ་གྱིས་ལེགས་བཤད་གསེར་ཕྲེང་གི་དྲིན་ལས་ལན་བཏབ་ཐུབ་པ་བྱུང་བའི་དོན་ནོ།། འོན་ཀྱང་། ངག་རྒྱུན་དེར་མ་དག་པའི་ཆ་མངོན་གསལ་ཞིག་ཡོད་པ་ནི། པཎ་ཆེན་ཆོས་ཀྱི་ཉི་མ་སྐུ་འབུམ་དུ་༡༩༢༤ལོར་ཐོག་མར་བྱོན་སྐབས་ཀྱང་རྗེ་རབ་གསལ་ཚང་སྐུ་འདས་ནས་ལོ་བཅུ་དྲུག་ཙམ་སོང་འདུག་པས་དཔྱད་གཞི་སྣང་། གཞན་ཡང་། དམེ་ཤུལ་གྱི་ལོ་རྒྱུས་ངོ་མཚར་རྒན་པོའི་འབེལ་གཏམ་ཞེས་བྱ་བ་ལས། དཔའ་རིས་རབ་གསལ་རིན་པོ་ཆེ་ཚང་རེབ་གོང་རོང་བོའི་དགོན་ཆེན་ལ་རྩོད་པ་བྱེད་དུ་ཕེབས་རྒྱུ་རེད། དགོན་ཆེན་གྱིས་ཆོས་སྐྱོང་རྣམས་ལ་སྙན་ཤལ་གསར་དུ་འཐེན་ཏེ་གཏད་གཉེར་བྱེད་བཞིན་ཡོད་ཟེར་བ་ཐོས་ནས་དགོན་ཆེན་ལ་སྐད་བཏང་སྟེ་དཔའ་རིས་རབ་གསལ་ཚང་དང་ངེད་གཉིས་ཀྱང་བགྲོ་གླེང་རེ་བྱེད་མྱོང་བས། གཞུང་ཆེན་པོ་ནས་བརྩད་ན་མི་ཐུབ་པས་ཐོག་མར་བསྡུས་གྲྭ་ལས་རྩོད་མགོ་རྩོམས་དང་ཁོང་ལ་ཐུགས་བརྗེད་རེ་ཨེ་ཡོད་སྙམ། ཞེས་གཏེར་སྟོན་དགེ་འདུན་རྡོ་རྗེས་རོང་བོ་དགོན་ཆེན་ལ་འཕྲིན་དེ་ལྟར་ཕུལ་བར་ལོ་རྒྱུས་དེར་གསལ་ལོ།།ཤིང་རྟ་(སྤྱི་ལོ༡༨༩༤)ལོའི་ཟླ༦ཚེས༦ཉིན་དབུ་མའི་སྟོང་ཐུན་བློ་གྲོས་མིག་སྨན་ཞེས་བྱ་བའི་བསྟན་བཅོས་ཁྱད་འཕགས་དེ་ཉིད་རྗེ་ཉིད་ཀྱི་རྩ་བའི་དགོན་པ་དཔའ་རིས་ཡར་ལུང་ཐོས་བསམ་དར་རྒྱས་གླིང་དུ་མཇུག་རྫོགས་པར་བརྩམས།ཕྱིས་སུ་ལྷ་སར་ཨ་མདོ་དགེ་བཤེས་འཇམ་རོལ་(སྤྱི་ལོ༡༨༨༨‑༡༩༣༢)ཏུ་གྲགས་པ་མགོ་ལོག་དར་ལེགས་སྙན་དགོན་འདེབས་མཁན་སོགས་ལ་འགྲེལ་ཆུང་དོན་གསལ་གནང་བས་ཕར་ཕྱིན་གྱི་གཞུང་མཆོག་གདམས་པར་ཤར་ཚུལ་གསལ། ཤིང་ལུག་(སྤྱི་ལོ༡༨༩༥)ལོའི་དཔྱིད་ཀར་དཔའ་རིས་རབ་གསལ་ཚང་ལ་མོའི་བདེ་ཆེན་དུ་བྱོན་སྐབས་སྒར་གཞུང་ནས་བཞུགས་མལ་དང་གསོལ་སྟོན་གཟབ་རྒྱས་ཞུས་ཐོག་ཤངས་ལེན་དང་བཀུར་བཟོས་ཚད་མེད་ཞུས། དེ་རྗེས་ཉིན་གསུམ་ལ་དམ་བཅའ་བཞག་གནང་མཛད་སྐབས། ལ་མོའི་ཞབས་དྲུང་དཀར་བོ་སྐུ་ཕྲེང་བཅུ་བཞི་བ་དགེ་འདུན་བསྟན་འཛིན་ནོར་བུས་(སྤྱི་ལོ༡༨༧༣‑༡༩༢༧)རྣམ་འགྲེལ་གྱི་རྟགས་གསལ་བཏང་ཞིང་། ཞབས་དྲུང་དཀར་བོས་འཛིན་གྲྭ་ཡོངས་ལ། ཁོང་བ་དགེ་བཤེས་ཟླ་མེད་ཡིན་ཕྱིར་གུས་པ་དང་བཅས་པས། སྐབས་སུ་བབ་པའི་ལུང་རིགས་གཙང་མ་རེ་འབུལ་བ་མ་གཏོགས། མ་གུས་པའི་རྣམ་འགྱུར་དང་ཚིག་ངན་སོགས་གཏན་ནས་བྱེད་མི་ཆོག་པའི་བཀའ་གནང་ཞིང་། དམ་བཅའ་ཚར་བསྟུན་བླ་གཞུང་གཉིས་ནས་དགེ་བཤེས་རིན་པོ་ཆེར་གསོལ་སྟོན་དང་། ལེགས་འབུལ་བསྟར་ཞིང་། ཆོས་གྲྭ་ཡོངས་ཀྱིས་ལེགས་དར་ཕུལ་ཏེ་དགོན་འདིར་སྔོན་ཡིན་ན་དགེ་བཤེས་མང་མོད།ད་ལྟ་ཉག་ཕྲ་ཚུལ་དང་། ཁོང་བ་སྐུ་ཡོན་དང་ཐུགས་བསྐྱེད་གཞན་འགྲན་མ་མཆིས་གཤིས། སླད་ཆར་དགོན་འདིའི་འཆད་ཉན་སོགས་ལ་བརྩེ་གཟིགས་དགོས་ཚུལ་ཞུས་ཤིང་། དཔའ་རིས་རབ་གསལ་ཚང་གིས་ཀྱང་ངས་སྔ་སོར་སྐུ་འབུམ་གསེར་སྡོང་མདུན་དུ་དམ་བཅའ་འཇོག་ཡུལ་དགོན་ཆེན་མང་བོར་བརྟག་པ་ཕུལ་པར་བདེ་ཆེན་ལའང་བརྟག་པ་ལེགས་རབ་བབ་ཚུལ་གསུངས་ཤིང་། བདེ་ཆེན་ནས་དགེ་བཤེས་ཚང་ཕེབས་སྐྱེལ་ཞུས། ཕྱིས་སུ་ལ་མོའི་ཞབས་དྲུང་དཀར་བོ་ཡོངས་འཛིན་ཤེས་རབ་རྒྱ་མཚོ་(སྤྱི་ལོ‑༡༩༠༧)དང་བཅས་པ་སྐུ་འབུམ་དུ་བྱོན་ནས་དཔའ་རིས་རབ་གསལ་ཚང་གི་མདུན་ནས་སྒོ་མང་ཕར་ཕྱིན་མཐའ་དཔྱོད་ཡོངས་རྫོགས་དགེ་འདུན་ཉི་ཤུ་སོགས་ཟུར་བཀོད་བཅས་པར་ཞིབ་སྦྱངས་གནང་ཞིང་། ཞབས་དྲུང་དཀར་བོས། དགེ་བཤེས་ཤིག་ལ་དཔའ་རིས་དགེ་རྒན་ཚང་འདི་བ་འགྲན་ཟླ་དང་བྲལ། གཞུང་གང་ཡིན་ཡང་མཁྱེན་རབ་ཀྱི་སྟོབས་ཀྱིས་བཀླགས་པ་ཙམ་གྱིས་ཚིག་དོན་ཕལ་ཆེར་ཐུགས་ལ་འཆར། དགོས་མེད་ཀྱི་ཚིག་འཁྲི་རྡོ་ལེབ་ཕར་བསྒྱུར་ཚུར་བསྒྱུར་དེང་དུས་ཀྱི་རིགས་སྨྲའི་ཡང་རྩེར་བྱེད་སྤྱད་དེ་མ་ཡིན་པར། རྟོག་གེའི་གསང་ཚིག་རྣོན་པོས་མ་རྟོགས་ལོག་རྟོག་ཐེ་ཚོམ་གྱི་ཆིངས་རྒྱ་ཅིག་ཅར་གཅོད་པའི་རིགས་པའི་འཕྲུལ་སྐྱེན་པ་སོགས་སྨྲ་མི་ཤེས་པའི་ཡོན་ཏན་གྱི་མཛོད་དུ་བཞུགས་པས་ངོ་མཚར་བར་ཡོད། ཅེས་གསུངས་འདུགམཁས་པའི་གསུང་རྒྱུན་ཞིག་ཏུ་དགེ་བཤེས་ཁོང་གིས་གྲྭ་ས་སོ་སོར་དམ་བཅའ་བཞག་སྟེ་ཁས་ལེན་ཤོར་ས་ཞིག་ཏུ་གཏན་བཞུགས་གནང་རྒྱུར་དམ་བཅས་ཤིང་།སྐུ་འབུམ་དུ་དམ་བཅའ་འཇོག་སྐབས་སོག་པོའི་དགེ་བཤེས་བློ་བཟང་ཡོན་ཏན་ནམ།དགེ་བཤེས་པ་ཐུར་ཟེར་བས་དབུ་མའི་གཞུང་ནས་རྟགས་གསལ་བཏང་བས་ཁས་ལེན་ཤོར་བར་བརྟེན།སྐུ་འབུམ་དུ་གཏན་བཞུགས་གནང་བར་བཤད་ཀྱང་།རབ་བྱུང་བཅོ་ལྔ་བའི་མེ་ཕག་(སྤྱི་ལོ༡༨༨༧)ལོའི་ལོ་སྨད་ནས་སྐུ་འབུམ་དུ་བཞུགས་ཡོད་པར་གསུང་རྩོམ་དག་ཏུ་གསལ་ཞིང་།བྱང་གི་གྲྭ་ས་སོ་སོར་དམ་བཅར་བྱོན་ལོ་ཤིང་རྟ་(སྤྱི་ལོ༡༨༩༤)ཡས་མས་ཡིན་པ་ཞྭ་དམར་ཚང་དང་།དཔལ་ཆོས་མཁན་ཆེན།སྤྱང་ལུང་ཁྲི་རྒན་སོགས་ཀྱི་རྣམ་ཐར་དུ་གསལ་ལོ།།གང་ལྟར་སྐུ་འབུམ་དུ་དཀའ་ཆེན་བཞིའི་དམ་བཅའ་བཞག་པས།དགེ་བཤེས་དཀའ་བཞི་བའི་མཚན་བཏགས་བཞེས།ཤིང་ལུག་(སྤྱི་ལོ༡༨༩༥)ལོའི་ཟླ་གཉིས་པའི་ཡར་ཚེས་ལ་གྲུབ་དབང་འཇིགས་མེད་བསམ་གཏན་རིན་པོ་ཆེར(སྤྱི་ལོ༡༨༡༤‑༡༨༩༧)སྔ་ལོ་རོང་བོ་ནས་གསོལ་བ་བཏབ་པ་བཞིན་གྲུབ་དབང་དེའི་མདུན་ནས་རི་བོ་དགེ་ལྡན་པའི་མན་ངག་རྣམ་གསུམ་སྟེ་འཁྲུལ་འཁོར།ལྕགས་མཁར།སྦྱིན་སྲེག་བཅས་ཀྱི་ཁྲིད་རྩ་འགྲེལ་སྦྲག་པའི་གཟབ་བཤད།ཕྱག་ཁྲིད་ཀྱི་ཐིག་རིས།རྒྱབ་རྟེན་ལུང་གི་སྐོར་བཅས་གསན་གནང་མཛད།ལ་མོའི་གསེར་ཁྲིའི་སྤྲུལ་སྐུ་བློ་བཟང་ཐུབ་བསྟན་རྒྱ་མཚོས་(སྤྱི་ལོ༡༨༤༧‑༡༩༠༢)བསྐུལ་ངོར་ཤིང་ལུག་(སྤྱི་ལོ༡༨༩༥)ལོའི་ཟླ༦ཚེས༦ལ་ཕར་ཕྱིན་རྣམ་བཤད་སྙིང་བོའི་རྒྱན་གྱི་མཆན་ཡང་གསལ་སྒྲོན་མེ་ཞེས་བྱ་བ་མཇུག་རྫོགས་པར་བརྩམས། ལོ་འདིའི་ཟླ་བཅུ་བའི་ཚེས་ཉེར་གསུམ་ཉིན་ཆུ་བཟང་དགོན་དུ་བླ་བྲང་སྒོ་མང་ཚང་ལ་སེམས་བསྐྱེད་མཆོད་པ་ཞུས་པར་ཆུ་བཟང་ཚང་ནས་ཀྱང་ཞུས་ཡོད་པས་རྗེས་སོར་གནང་གསུངས། ཤིང་ལུག་(སྤྱི་ལོ༡༨༩༥)ལོའི་ཟླ༡༡ཚེས༡ཉིན་གྲོ་ཚང་རྡོ་རྗེ་འཆང་གི་ཉེ་འདབས་སུ།རྟགས་རིགས་ཟུར་རྒྱན་ཀུནྡའི་ཕྲེང་མཛེས་ཞེས་བྱ་བ་བརྩམས་གྲུབ་པར་མཛད།ཀིརྟི་བློ་བཟང་འཕྲིན་ལས་(སྤྱི་ལོ༡༨༤༩‑༡༩༠༥)མཆོག་གིས་རྗེ་འདི་ལ་བསྐུར་བའི་འཕྲིན་ཡིག་ལས།

བཅུ་ཕྲག་རིག་གནས་དོ་ཤལ་མགུལ་བར་འཕྱང་།།

ལེགས་བཤད་སྨྲ་བའི་སྤོབས་པ་གཟེངས་མཐོ་བ།།

ཕུན་ཚོགས་མཁས་པའི་མདུན་སར་བརྗིད་པ་ཁྱོད།།

ཅེས་དང་།

སྡེབ་ལེགས་འཕྲིན་གྱི་ཕོ་ཉ་འདིར་སོན་པས།།

ངོ་མཚར་སྤྲོ་བའི་རླབས་ཀྱིས་ཡིད་མཚོ་གང་།།

ཞེས་དང་།

རིང་མིན་དངོས་མཇལ་དགའ་སྟོན་ཉམས་མྱོང་བར།།

རྩེ་གཅིག་རེ་བའི་ཚུལ་འདི་དགོངས་པར་མཛོད།།

ཅེས་མཁས་དབང་རྣམ་གཉིས་ལའང་འཕྲིན་ལམ་ནས་འབྲེལ་བ་ཡོད་པ་དང་ཀིརྟིས་དངོས་མཇལ་གནང་བའི་ཐུགས་རེ་ཆེ་ཚུལ་སོགས་གསལ།མེ་བྱ་(སྤྱི་ལོ༡༨༩༧)ལོར་དབུ་མའི་སྡོམ་མཆན་བློ་གྲོས་པད་མོ་བཞད་པའི་ཉིན་བྱེད་ཅེས་བྱ་བ་དང་།མཁས་པ་འཇུ་མི་ཕམ་(སྤྱི་ལོ༡༨༤༦‑༡༩༡༡)པར་ཐོག་མར་རྩོད་པའི་སྦྱོར་བ་རྩོམ་པའི་རིགས་འཕྲུལ་དཔྱིད་ཀྱི་ཕོ་ཉ་ཞེས་བྱ་བ་དང་།རྩོད་ཡིག་དངོས་གཞི་འཇམ་དཔལ་དབྱངས་ཀྱི་དགོངས་རྒྱན་རིགས་པའི་གཟི་འབར་འཇིགས་མེད་གདོང་ལྔའི་སྒྲ་དབྱངས་ཞེས་བྱ་བའི་འགྲན་ཟླ་བྲལ་བའི་ལེགས་བཤད་བརྩམས་གནང་མཛད་དེ་བསྐུར་མོད།རྐྱེན་ཅི་རིགས་ཀྱི་དབང་གིས་ཆུ་སྟག་(སྤྱི་ལོ༡༩༠༢)ལོའི་ལོ་མཇུག་བར་དུ་འཇུ་མི་ཕམ་པའི་ཕྱག་ཏུ་མ་འབྱོར་བར་སྣང་ཞིང་།མེ་བྱ་(སྤྱི་ལོ༡༨༩༧)ལོའི་ཟླ་དགུ་བའི་ཉེར་གཉིས་ཉིན་གྲོ་ཚང་བྲག་མཁན་ཆེན་བློ་བཟང་སྐལ་བཟང་རྒྱ་མཚོར་བསྙེན་རྫོགས་ཀྱི་སྡོམ་པ་གནང་། དེར་མ་ཟད་ལོ་འདིར་ཆུ་བཟང་དགོན་དུ་བླ་བྲང་སྒོ་མང་རིན་པོ་ཆེ་ལས་བཀའ་ཆོས་མང་བོ་གསན་པར་མ་ཟད་ཉིད་ཀྱིས་སྦྱིན་བདག་གནང་སྟེ་སེམས་བསྐྱེད་མཆོད་པ་ཞུས། ལྕགས་བྱི་(སྤྱི་ལོ༡༩༠༠)ལོའི་ཤོལ་ཟླ་བརྒྱད་པའི་ནང་དུ་ཞྭ་དམར་ཚང་དང་མཇལ་འཕྲད་མཛད་དེ་ཞྭ་དམར་ཚང་གིས་རྗེ་འདི་ཉིད་ལ་སྒྲོལ་དཀར་གྱི་བྲིས་སྐུ།གོས་སེར་གྱོན་འདང་།བཞུགས་གདན་རྒྱབ་ཡོལ་བཅས་ཕུལ་ཏེ་ཞབས་པད་ཡུན་བརྟན་གྱི་རྟེན་འབྲེལ་བསྒྲིག་གནང་མཛད།ཆུ་སྟག་(སྤྱི་ལོ༡༩༠༢)ལོའི་ཟླ༢ཚེས༡༥ཉིན་བསེ་བསྡུས་སྡོམ་ཚིག་དྭངས་གསལ་མེ་ལོང་ཞེས་བྱ་བའི་བསྟན་བཅོས་བརྩམས་གྲུབ་པར་མཛད།གསེར་ལྗོངས་བཀའ་འགྱུར་བ་རྗེ་བསྟན་པའི་རྒྱལ་མཚན་(སྤྱི་ལོ༡༩༣༡‑༢༠༡༡)ཚང་བཀྲ་ཤིས་འཁྱིལ་དུ་སློབ་གཉེར་གནང་ནས་བཞུགས་ཡོད་སྐབས།མཁས་དབང་དཔྱི་ས་བློ་གྲོས་ཚང་(སྤྱི་ལོ༡༨༩༠‑༡༩༥༩)གིས་དཔའ་རིས་རབ་གསལ་གྱི་བསེ་བསྡུས་སྡོམ་ལ་བལྟས་ན་བློ་སྐྱེད་ཆེ་ཚུལ་འཕྲིན་ཡིག་བསྐུར་ཚུལ་ལ་དཔགས་ནའང་།ཇི་སྐད་དུ།

ལེགས་བཤད་མཁས་པའི་བློ་གྲོས་ཀྱིས།།གོ་ཡི་བླུན་པོས་དེ་ལྟ་མིན།།

ཞེས་པ་ལྟར་གོ་དགོས་པ་ཞིག་གོ།ཆུ་སྟག་(སྤྱི་ལོ༡༩༠༢)ལོའི་ཟླ་བཞི་བའི་ནང་ཞྭ་དམར་ཚང་དང་མཇལ་འཕྲད་གནང་སྟེ་ཞྭ་དམར་ལམ་རིམ་ལ་ཞུས་དག་ཞུས་པར།སོ་རིག་བཞི་ས་དགུ་བར་བཞག་པ་སོགས་ལ་སྒོ་མང་ཡིག་ཆ་དང་བསྟུན་ནས་དོགས་པ་གནང་ཞིང་།ད་དུང་ལོ་འདིར་ཨ་རིག་དགོན་ཆེན་དུ་གྲགས་པ་འབྲོང་ཏིའི་དགོན་དགའ་ལྡན་ཆོས་འཕེལ་གླིང་དུ་དུས་འཁོར་དབང་ཆེན་སྩལ། ཆེ་ཤོས་ཚང་ལས།སྨན་བླའི་མདོ་ཆོག་ཆེན་མོ། ལྕམ་སྲིང་བེའུ་བུམ། རྭ་པོཏ། དཔལ་པོཏ། ཐུའུ་བཀྭན་རྟ་པོཏ་བཅས་ཀྱི་ལུང་གསན། ཆུ་ཡོས་(སྤྱི་ལོ༡༩༠༣)ལོའི་ཟླ་དང་བོའི་ནང་དུ།དྲིས་ལན་མཆོད་སྦྱིན་བརྒྱ་བའི་གླུ་དབྱངས་ཞེས་བྱ་བའི་བསྟན་བཅོས་བརྩམས།ཆུ་ཡོས་(སྤྱི་ལོ༡༩༠༣)ལོའི་ཟླ༢ཚེས༡༥ཉིན་དྲིས་པའི་ཚིག་གི་འདབ་མ་གྲོལ་བའི་མན་ངག་ཉིན་བྱེད་དབང་བོ་ཞེས་བྱ་བ་བརྩམས་གྲུབ་པར་མཛད།རྗེ་འདིས་གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོར་(སྤྱི་ལོ༡༨༤༥‑༡༩༡༥)སྐུ་འབུམ་གདན་རབས་རྩོམ་སྐུལ་ཞུས་པར།གདན་རབས་མཇུག་བྱང་དུ།མདོ་དང་སྔགས་ཀྱིས་བསྡུས་པའི་བཅུ་ཕྲག་རིག་པའི་གནས་ཀྱི་བང་མཛོད་ལ་དབང་བསྒྱུར་པའི་དགེ་བའི་བཤེས་གཉེན་ཆེན་པོ་དཔའ་རིས་བློ་བཟང་རྒྱ་མཚོ་ཞེས་གསེར་ཏོག་ཚང་གིས་ཀྱང་གཟིགས་མཐོང་བླ་མེད་གནང་ཡོད།ཆུ་ཡོས་(སྤྱི་ལོ༡༩༠༣)ལོར་དཔོན་པོ་ཀླུ་སྐྱབས་ཀྱིས་འཇུ་ལག་ཆའི་རྒྱ་མིང་ཏ་ཐུང་ཧོ་ཟུར་ཆགས་པ་ཏེ་ཐུང་རྡོ་རྗེ་འཆང་དུ་

གདན་དྲངས་པ་ལྟར་བྱོན་ནས་དུས་འཁོར་དབང་ཆེན་སྩལ་ཅིང་།དེང་སང་བཞུགས་པའི་མཁས་དབང་ཁོང་གི་སྐུ་པར་དེ་ཡང་འདི་དུས་བླངས་པ་ཡིན།ཆུ་ཡོས་(སྤྱི་ལོ༡༩༠༣)ལོའི་ཟླ་བཞི་བའི་ཚེས་བདུན་ཉིན་བརྩམས་པའི་རྡོ་རྗེ་འཇིགས་བྱེད་ཀྱི་སྐུ་བརྙན་དཀར་ཆག་ནི་འདི་ལྟར།འཇིགས་མཛད་རྡོ་རྗེའི་སྐུ་བརྙན་གྱི་རང་བཞིན་བརྗོད་པ་ཤེལ་དཀར་མེ་ལོང་ཞེས་བྱ་བ་བཞུགས་སོ།།

ཟབ་ཡངས་མཁྱེན་པ་ལི་ཁྲིའི་རྒྱ་མཚོར་ནི།།

བྱམས་བརྩེའི་དྲི་ཡི་བཞོན་པས་ཉེར་བསྐུལ་བས།།

འཇིགས་མཛད་ཁྲོ་བོའི་རྒྱལ་བོ་གཤིན་རྗེའི་གཤེད།།

བླ་མ་དུས་དགྲའི་དབང་བོས་དགེ་ལེགས་སྩོལ།།

ལྷ་མཆོག་དེ་ཡི་ཡིད་འཕྲོག་སྣང་བརྙན་སྐུ།།

བསྒྲུབས་པའི་ངང་ཚུལ་མཚོན་པའི་མེ་ལོང་གིས།།

མོས་ལྡན་དད་པའི་ཡིད་ཀྱི་རང་ཆོས་དག།

གསལ་ཕྱིར་རྣམ་དཔྱོད་འཕྲུལ་གྱིས་བྱི་དོར་བྱ།།

དེ་ཡང་ཇི་སྐད་དུ། གཏམ་རྒྱུད་ཀྱི་རྟོག་པ་ལས།

ལྔ་བརྒྱ་དུས་ཀྱི་ཐ་མ་ལ།།

ང་ཡི་བསྟན་པ་བྱུང་བའི་ཚེ།།

བཀའ་བསྒོས་ལས་རྣམས་ཚུལ་བཞིན་གྱིས།།

ཞེས་གསུངས་པ་ལྟར།དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་རིང་ལུགས་འཇམ་དཔལ་དབྱངས་ཀྱི་ཐུགས་བཅུད་དྲི་མ་མེད་པའི་བཀའ་སྲོལ་འདི་ལ།བླ་མ་ཡི་དམ་ཆོས་སྐྱོང་མཐའ་དག་འཇམ་དཔལ་ཞི་ཁྲོ་ལ་བརྟེན་པ་གནད་ཟབ་པས།ལྷ་མཆོག་འདི་ཉིད་རིང་ནས་བསྙེན་ཅིང་བསླབ་པའི་མོས་ལྡན་དད་པའི་རྟེན་དུ།འཇིགས་མཛད་དཔའ་བོ་གཅིག་པའི་སྐུ་བརྙན་ཁྲུ་གང་ལས་ལྷག་པ།བཟོ་མཁན་རབ་ཏུ་བྱུང་བའི་རྟེན་མཚན་ཉིད་ལྡན་པ།དུས་ནི་རབ་ཚེས་ཆུ་འབྲུག་ལོ་དགའ་བ་ཅན་དུ་གྲགས་ཤིང་རྒྱའི་གོང་མ་བཀྭང་ཞུ་ཁྲི་ལོ་བཅོ་བརྒྱད་པའི་ཉིན་བྱེད་དབང་བོ་ཀརྐ་ཊའི་ཁྱིམ་དུ་བཞུགས་པའི་ཆུ་སྟོད་ཟླ་བའི་དུས་ཆེན་ཁྱད་པར་ཅན་ལ།སྨན་འདམ་རྣམས་དམ་པའི་ཕྱག་རྗེས་ལྟར་སྔགས་མང་དུ་བཏབ་སྟེ་ལེགས་པར་བསྒྲུབས་པའི་ནང་རྟེན་ལ་གསུམ།དང་བོ་སྐུའི་རྟེན་ཐུབ་དབང་གི་སྐུ་ཐོག་ཐུབ་མ།མཁས་གྲུབ་རྗེའི་ཕྱག་བཟོ་འཇིགས་བྱེད་རྭ་དཔར།རྗེ་བདག་ཉིད་ཆེན་པོའི་ཕྱག་ནས་བྱིན་ཅན།གཉིས་པ་སྐུ་བལ་གྱི་རིང་བསྲེལ།རྗེ་རིན་པོ་ཆེའི་དབུ་ལོ།གོང་ས་རྒྱལ་བའི་དབང་བོའི་སྐུ་ཕྲེང་རྣམས་དང་།སྣང་བ་མཐའ་ཡས་ཟློས་གར་པཎ་ཆེན་ན་རིམ།གྲུབ་པའི་དབང་ཕྱུག་སློབ་དཔོན་མཚོ་སྐྱེས་རྡོ་རྗེ།འཇམ་མགོན་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་(སྤྱི་ལོ༡༡༨༢‑༡༢༥༡)སོགས་སྐྱེས་མཆོག་དམ་པ་དུ་མའི་ན་བཟའ།གསུམ་པ་དེ་དག་ལས་གཞན་པ་མཆོད་རྟེན་བྱ་རུང་ཁ་ཤོར།མཆོད་རྟེན་ས་ལ་གནྟ།སྟག་མོ་ལུས་སྦྱིན།གངས་ཏི་སེ།རྒྱལ་ཁབ་ཆེན་པོ་པེ་ཅིང་།རི་བོ་རྩེ་ལྔ་སོགས་ཀྱི་ས་སྣ།ཆུ་བོ་གངྒཱ།མ་ཕམ་གཡུ་མཚོ་སོགས་ཀྱི་ཆུ་སྣ།འཇམ་དབྱངས་དཀར་བོའི་བླ་རྡོ།རྟེན་དང་རིན་པོ་ཆེ་དར་ཁྱད་པར་ཅན་རྣམས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་ནས་དགེ་ལེགས་ཆར་འབེབས་ཀྱི་སྒོ་ནས་སྤྱན་དབྱེ་ལེགས་པར་བགྱིས་ཏེ་བྱིན་རླབས་ཀྱི་ལྷུན་པོར་གྲུབ་བོ།།འདིར་སྨྲས་པ།

རྣམ་དག་གསེར་སྦྱངས་བཙོ་མའི་འོད་འབར་བའི།།

ལྟ་སྒོམ་སྤྱོད་པ་དྲི་མ་མེད་པའི་ཆབ།།

ཡིད་ཀྱི་ཀློང་དུ་འཕྱུར་བའི་རྩེ་དགའ་ཡིས།།

བཀའ་གདམས་མེས་པོའི་རྗེས་འགྲོར་རྟག་ཏུ་སྨོན།།

མ་འོངས་ཚེ་རབས་པད་མོའི་ཕྲེང་བར་ཡང་།།

མཚན་ལྡན་སྲིད་པའི་མིག་གིས་མི་གཏོང་བར།།

ངོ་མཚར་ཡོན་ཏན་འདབ་སྟོང་བཞད་པ་ལས།།

སྐལ་བཟང་བུང་བའི་དུས་སྟོན་རྒྱས་གྱུར་ཅིག།

ཅེས་འཇིགས་མཛད་རྡོ་རྗེའི་སྐུ་བརྙན་གྱི་རང་བཞིན་བརྗོད་པ་ཤེལ་དཀར་མེ་ལོང་ཞེས་བྱ་བ་འདི་ནི།ལྷ་མཆོག་འདི་ལ་བསྙེན་སྒྲུབ་ལྷུར་ལེན་པའི་རབ་འབྱམས་པ་དོན་གྲུབ་བསོད་ནམས་ཀྱིས་བསྐུལ་ངོར།མཚོ་བྱུང་རོལ་པའི་བློ་གྲོས་ཀྱིས་རབ་ཚེས་ཆུ་སྦྲུལ་རྣམ་པར་རྒྱལ་བའི་ཟླ་བ་བཞི་བའི་ཚེས་བདུན་ལ་མཁའ་སྤྱོད་ཆོས་འཛིན་གླིང་དུ་སྦྱར་བའོ།།ཞེས་པ་འདི་ཡང་གསུང་འབུམ་པར་མར་མེད་སྟབས་འདིར་བཀོད་པ་ལགས།ཆུ་ཡོས་(སྤྱི་ལོ༡༩༠༣)ལོའི་ཟླ་བརྒྱད་པར་ཞྭ་དམར་བ་དང་མཇལ་འཕྲད་གནང་།ཆུ་ཡོས་(སྤྱི་ལོ༡༩༠༣)ལོའི་ཟླ་ལྔ་བར་འཇུ་མི་ཕམ་པས་རབ་ལན་བརྩམས་གྲུབ་སྟེ་བསྐུར་བ།ཆུ་ཡོས་(སྤྱི་ལོ༡༩༠༣)ལོའི་ཟླ༩ཚེས༨ཉིན་རྗེ་ཉིད་ཀྱི་ཕྱག་ཏུ་འབྱོར་ཞིང་།དེའི་ནང་དུ།ལྷ་ལྡན་ཕྱོགས་ནས་རྩོད་པ་ཚན་གཉིས་དང་།བྱང་ཁ་ནས་གཅིག་བཅས་འབྱོར་མོད་སྔ་མ་རྣམས་ལུང་ཙམ་གཙོ་བོར་བྱས་ཤིང་རིགས་པ་ལྟར་སྣང་མང་བས་རེ་ཞིག་ལན་གྱི་སྤྲོས་པ་དགོས་པ་མེད་པར་མཐོང་ནས་མ་བྱས་ལ།དེ་དག་གི་ནང་ན་རབ་གསལ་གྱི་རྩོད་ལན་འདི་ཕལ་ཆེར་རིགས་པས་དཔྱད་པ་བྱས་ཤིང་ཞེས་འབྱུང་ལ།ལྷ་ལྡན་ནས་བསྐུར་བ་བྲག་དཀར་སྤྲུལ་སྐུ་(སྤྱི་ལོ ༡༨༦༦‑༡༩༢༩)དང་ལྡན་མ་བློ་བཟང་ཆོས་དབྱིངས་(སྤྱི་ལོ༠‑༡༩༢༥)གཉིས་ཡིན་ལ།བྱང་ནས་སླེབས་པ་དེ་ཉིད་ཤར་འོད་གྲགས་པ་བཟང་བོའི་(སྤྱི་ལོ༡༨༤༢‑༡༨༩༧)མི་ཕམ་བརྒལ་ལན་དང་།ལྷ་མོའི་ཀིརྟིའི་མཁན་པོ་དམ་ཆོས་ཕུན་ཚོགས་ཀྱི་མི་ཕམ་བརྒལ་ལན་གང་ཡིན་དཔྱད་དགོས་ལ།འོན་ཀྱང་བྲག་སྤྲུལ་ལ་མི་ཕམ་པས་ས་གླང་(སྤྱི་ལོ༡༨༨༩)ལོར་ལན་བཏབ་ཡོད་པས་དཔྱོད།

ཆུ་ཡོས་(སྤྱི་ལོ༡༩༠༣)ལོའི་ཟླ༡༢ཚེས༣ལ་མི་ཕམ་དགག་ལན་ཤེས་ལྡན་ཡིད་ཀྱི་གདུང་སེལ་རིགས་ལམ་ག་བུར་ཆུ་རྒྱུན་ཞེས་བྱ་བའི་བསྟན་བཅོས་ཁྱད་འཕགས་བརྩམས་ཏེ་བསྐུར་གནང་མཛད་པར།མཁས་པ་འཇུ་མི་ཕམ་པའི་ཕྱག་ཏུ་ཤིང་སྦྲུལ་(སྤྱི་ལོ༡༩༠༥)ལོར་གསར་དུ་འབྱོར་ཏེ་སླར་ལན་བསྐུར་བའི་ནང་དུ།

སྨྲ་བའི་གླང་ཆེན་རིགས་པའི་ལུས་སྟོབས་རྒྱས།།

མང་ཐོས་སྣ་ཞགས་རིང་དུ་རྐྱོང་བ་ལ།།

ཉམ་ཆུང་བློ་དམན་སྤྲེའུ་ལྟ་བུ་ཡིས།།

རྩོད་པ་བྱས་པའི་ནོངས་པ་མཐོལ་ལོ་བཤགས།།

ཞེས་དང་།

མཁྱེན་རབ་འོད་ཟེར་དྲ་བས་རབ་མཛེས་པ།།

ཁྱེད་ཐུགས་དྭངས་གསལ་ནམ་མཁའ་རྙོག་མེད་ལ།།

བཟོད་པར་གསོལ་ཞེས་ཞུ་བ་མ་དགོས་ཀྱང་།།

དུས་ཀྱི་མཐར་སྐྱེས་བྱིས་པ་བདག་ལྟ་བུས།།

མ་བརྟགས་སྨྲ་བ་གཞན་པ་མང་བོའི་རྒྱུད།།

འཁྲུགས་བཅས་གྱུར་གང་དེ་དག་ཐམས་ཅད་ཀུན།།

སྒྲིབ་མེད་བྱང་ཆུབ་མཆོག་གི་རྒྱུར་གྱུར་ཅིག།

ཅེས་ལན་ཕུལ་འདུག་ཅིང་།ཕར་ཡང་བསྔགས་བརྗོད་དང་ཆེ་མཐོང་མང་དུ་གནང་ཞིང་ཁོང་གཉིས་ཀྱི་བར་གྱི་ལྟ་གྲུབ་ཀྱི་རྩོད་པ་དེ་དག་མཐར་ཆོས་ཕྱོགས་སུ་རང་ཞིར་སོང་བ་ཕྱི་རབས་པའི་མིག་དཔེར་འོས་པ་ཞིག་གོ།ད་དུང་ལོ་འདིར་ཨ་ལག་ཤའི་དགའ་ལྡན་ཕུན་ཚོགས་གླིང་དུ་

གདན་དྲངས་ནས་མཁན་ཁྲི་མཛད་པར་བཤད་ལ། སྐུ་འབུམ་དུ་བཞུགས་རིང་དགེ་བའི་བཤེས་གཉེན་ཧོར་ཆེན་ཡེ་ཤེས་རྒྱ་མཚོ་ དང་དན་ཏིག་དགེ་བཤེས་ངག་དབང་ཚུལ་ཁྲིམས་(སྤྱི་ལོ༡༨༦༠‑༡༩༢༡)སོགས་ལ་དབུ་ཕར་གྱི་དཔེ་ཁྲིད་དང་། རྗེ་ཡབ་སྲས་གསུམ་གའི་བཀའ་འབུམ་གྱི་ལུང་དང་།དེ་དག་གི་ནང་ནས་བཤད་ལུང་བཞུགས་པ་རྣམས་ཀྱི་བཤད་ལུང་།བདེ་མཆོག་དྲིལ་བུ་ལྷ་ལྔའི་དབང་།རྗེ་གུང་ཐང་བའི་གསུང་འབུམ་གྱི་ལུང་།བདེ་གསང་འཇིགས་གསུམ་གྱི་བསྐྱེད་རྫོགས་ཀྱི་ཁྲིད།ཐོག་མའི་བློ་སྦྱོང་དང་བློ་སྦྱོང་མཚོན་ཆའི་འཁོར་ལོ་གཉིས་ཀྱི་བཤད་ལུང་།རིགས་གསུམ་སྤྱི་སྒྲུབ་ཀྱི་རྗེས་གནང་།དྲག་པོ་སུམ་སྒྲིལ།ཆོས་རྒྱལ་ཕྱི་ནང་གསང་གསུམ་གྱི་རྗེས་གནང་སོགས་མང་དུ་སྩལ་ཅིང་།མཁས་དབང་ཧོར་ཆེན་པའི་ཞལ་ནས།མདོ་རྒྱུད་རྒྱ་མཚོའི་མངའ་བདག་ཡོངས་ཀྱི་བཤེས་གཉེན་ཆེན་པོ་བཀའ་དྲིན་མཚུངས་མེད་དཔའ་རིས་དགེ་བཤེས་བློ་བཟང་རབ་གསལ་དཔལ་བཟང་བོ་ཞེས་བཀའ་དྲིན་རྗེས་དྲན་གྱི་དོན་མཐུན་གྱི་ཆེ་བསྟོད་མང་དུ་ཞུས་འདུག་ཅིང་།རྗེ་ཉིད་ལ་འཇིགས་བྱེད་རིམ་གཉིས་སྒོམ་ཚུལ་རྩོམ་སྐུལ་ཞུ་མཁན་དཔྱོད་ལྡན་ཡེ་ཤེས་རྒྱ་མཚོ་བྱ་བའང་ཧོར་ཆེན་ཡེ་ཤེས་རྒྱ་མཚོ་ཡིན་ནམ་སྙམ་མོ།།སྐུ་འབུམ་རྒྱུད་པའི་ཁྲི་རབས་རེ་དྲུག་པ་པཱ་གྲུ་ཞབས་དྲུང་ཡེ་ཤེས་བསྟན་འཛིན་ཉི་མ(སྤྱི་ལོ༡༨༦༦‑)སོགས་ལ་སྔགས་ཀྱི་ས་ལམ།གཞི་གསུམ་ཆོ་ག ཀློང་རྡོལ་(སྤྱི་ལོ༡༧༡༩‑༡༧༩༤)གསུང་གི་སྔགས་ཀྱི་རྣམ་གྲངས་སོགས་ཀྱི་མཛུབ་ཁྲིད།ཀུན་མཁྱེན་བླ་མ་དང་།གུང་ཐང་འཇམ་པའི་དབྱངས་ཀྱི་གསུང་འབུམ་གྱི་ལུང་།གཞུང་གི་དཔེ་ཁྲིད་སོགས་ཅི་རིགས་སྩལ་ཅིང་།སྤྲུལ་སྐུ་འདི་ཉིད་ཀྱི་སྐྱེ་ཕྲེང་རྟོགས་བརྗོད་དཔག་བསམ་ལྗོན་པ་ཞེས་པ་ཡལ་འདབ་བདུན་གྱི་བདག་ཉིད་ཅན་ཞིག་རྗེ་འདིས་མཛད་ཡོད་པར་གསེར་ཏོག་ཚང་གི་སྐུ་འབུམ་གདན་རབས་སུ་གསལ་ལ།སྐུ་འབུམ་ཆོས་གྲྭ

་གོང་མར་མཁས་དབང་དཔའ་རིས་རབ་གསལ་འདི་ཉིད་ཀྱིས་དངོས་སུ་བྲིས་པའི་འཇམ་དཔལ་མཚན་བརྗོད་ལཉྫུའི་ཡིག་གཟུགས་ད་ལྟའང་ཡོད་ཅིང་། ཨ་རིག་དགོན་ཆེན་

མཁས་དབང་དཔའ་རིས་རབ་གསལ་གྱིས་དུས་དབང་གནང་ཡུལ་ཨ་རིག་དགོན་ཆེན།

དུ་དུས་འཁོར་དབང་ཆེན་སྩལ་སྐབས།ཨ་རིག་དགོན་ཆེན་གྱིས་དངོས་འབུལ་བཏེགས་པའི་ཁྲོད་ཀྱི་བ་སོ་ལས་གྲུབ་པའི་སྤྱན་རས་གཟིགས་བཅུ་གཅིག་ཞལ་བྱོན་ལེགས་མཐོ་གང་ཅན་རྒྱལ་དབང་བདུན་པའི་ཕྱག་བཟོར་གྲགས་པ་རྗེ་ཉིད་ཀྱི་རྩ་བའི་གདན་ས་ཡར་ལུང་དགོན་དུ་ཉེ་སྔོན་བར་དུ་བཞུགས་སྐད། རྗེ་ཉིད་ཀྱིས་སྟོན་པ་གཙོ་འཁོར་གསུམ་གྱི་སྐུ་བརྙན་ཞིག་བཞེངས་ཏེ་རབ་གནས་གནང་བཞིན་པའི་སྐབས་ཤིག་ལ།བྱམས་མེ་འབྲས་སྤུངས་དགོན་ནས་བྱམས་པ་ཀུན་བཟང་དང་བློ་བཟང་སེང་གེ་གཉིས་སློབ་གཉེར་དུ་ཐག་རིང་ནས་སླེབས་ཏེ་མཇལ་བར། རྗེ་ཉིད་ཀྱི་ཞལ་ནས། ངས་གྲོགས་འདི་འདྲ་རེ་དང་ཨེ་མཇལ་སྙམ་ནས་རྟེན་འདི་བཞེངས་པ་ཡིན།མཛོད་དགེ་གཉིས་དང་ངེད་ཀྱི་ལས་འབྲེལ་ཕྲེང་བ་ཕྲེང་ཐག་ཡིན་གསུངས་ནས་དགྱེས་པའི་གསུང་གླེང་མཛད་ཅིང་། སྐུ་དྲུང་ནས་མདོ་སྔགས་རིག་གནས་ཀྱི་དཔེ་ཁྲིད་རྒྱ་ཆེར་ཞུས་མཐར། ཁྱེད་གཉིས་བཀྲ་ཤིས་འཁྱིལ་དུ་སོང་ནས་གསར་རྩོད་གསུམ་རྫོགས་པར་རྩོད་གསུངས་ནས་དེར་མངགས། རྗེ་ཉིད་ཆུ་མིག་བརྒྱ་རྩར་བྱོན་སྐབས་ཀྱང་སྐུ་འབུམ་བཤད་སྒྲུབ་གླིང་གི་དཔེ་ཆ་བ་མང་བོ་ཞིག་ཕྱི་བཞིན་འབྲངས་ཏེ་དཔེ་ཁྲིད་ཞུས་པར་ཕར་ཕྱིན་འགྲེལ་བ་དོན་གསལ་གྱི་བཤད་པ་རྒྱས་པ་གནང་བས་ཕར་ཕྱིན་ལ་གོ་བ་ཕུལ་དུ་ཕྱིན་པ་ཐོབ་པར་ཨ་མདོ་དགེ་བཤེས་འཇམ་རོལ་གྱི་རྣམ་ཐར་དུ་གསལ།ཤིང་འབྲུག༡༩༠༤ལོར་ཆུ་བཟང་དགོན་དུ་བླ་བྲང་སྒོ་མང་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་ལས་མི་ཏྲའི་དབང་དང་སྣར་ཐང་བརྒྱ་རྩའི་རྗེས་གནང་གསན་ཞིང་། སྒོ་མང་ཚང་གི་རྣམ་ཐར་ལས། དཔའ་རིས་རབ་གསལ་ཚང་དང་རྣམ་གཉིས་ནས་མདོ་སྔགས་རིག་གནས་ཀྱི་སྐོར་ལས་བརྩམས་པའི་གསུང་འཕྲོས་འཕེལ། ཞེས་དང་། རབ་གསལ་ཚང་ནས་དམར་གཙང་གི་ལྷ་ཁང་དང་བླ་ཆེན་གྱི་སྐུ་བརྙན་བཞེངས་རྒྱུ་སོགས་ལ་གེགས་མེད་ཀྱི་སྐྱབས་ཞུ་དང་། དེར་ཕེབས་དུས་ཐུགས་སྨོན་རེ་གནང་རྒྱུའི་ཞུ་བ་ཕུལ། ཞེས་གསུངས། མེ་རྟ་༡༩༠༦ལོའི་ཟླ་དགུ་བའི་ཉི་ཤུའི་ཉིན་ཆེ་ཤོས་བྱང་ཆུབ་བསྟན་སྒྲོན་བརྒྱུད་ནས་མཁས་དབང་རབ་གསལ་ཚང་གིས་རྒྱལ་དབང་མཆོག་ལ་གནའ་དཀར་རྙིང་བ་རྒུན་འབྲུམ་གྱིས་བཀང་བ་དང་ཐུད་གཙང་བཅས་མཇལ་ཁ་ཞུས་པར། རྒྱལ་དབང་མཆོག་གིས་གསོལ་ཇ་གནང་སྟེ་འཚམས་འདྲི་དང་སྦྲགས་འཇུ་མི་ཕམ་དགག་ལན་གཉིས་ཀ་ང་ལ་བསྐུར་གསུངས་ནས་སོག་དར་ཞིག་དང་དངུལ་སྲང་བཅུ་རྡོ་ཞིག་སྩལ་ཏེ་སྐུ་འབུམ་གནས་བསྟོད་སྙན་ངག་གི་ལམ་ནས་དྲངས་པ་གསར་རྩོམ་གནང་དགོས་ཞེས་གསུངས་པ་དང་སྦྲགས་དགེ་བཤེས་ཁམས་ཡངས་པོ་ཞིག་འདུག། བར་བར་དུ་ཕེབས་ཤོག་གསུངས་ཤིང་དེ་ཉིན་སླར་ཉིད་ཀྱི་བཞུགས་གནས་སུ་ཕེབས་ཤིང་འདི་ནི་རྣམ་གཉིས་མཇལ་འཕྲད་ཐེངས་དང་བོ་ཡིན། བླ་བྲང་སྒོ་མང་ཚང་ལ་དུས་འཁོར་སོགས་ལས་བརྩམས་པའི་དྲི་བ་འགའ་ཞུས་པར་སྒོ་མང་ཚང་གིས་ལན་མཛད།མེ་ལུག་(སྤྱི་ལོ༡༩༠༧)ལོའི་ལོ་གསར་ཚེས་གཅིག་ཉིན་སྐུ་འབུམ་ཚོགས་ཆེན་འདུ་ཁང་དུ་རྒྱལ་བ་བཅུ་གསུམ་པ་ཚོགས་མགོན་དུ་བཞུགས་པའི་སྤྱན་སྔར།རྗེ་འདི་ཉིད་དང་འབྲས་སྤུངས་འདུལ་བ་མཁན་པོ་གཉིས་ཀྱིས་བགྲོ་གླེང་གནང་། བླ་བྲང་སྒོ་མང་ཚང་གི་སྤྱན་སྔར་ལོ་གསར་འཚམས་སྐྱེས་དང་བརྟན་བཞུགས་གཅིག་འཐུས་སུ་ཚེ་དཔག་མེད་ཀྱི་སྐུ་ཁྲུ་ཚད་མ་བསྐུར་གནང་མཛད། ལོ་འདིར་ཀུན་མཁྱེན་བཞི་བ་(སྤྱི་ལོ༡༨༥༦‑༡༩༡༦)སྐུ་འབུམ་དུ་བྱོན་སྐབས།དཀར་སྤྲོ་དམར་སྤྲོའི་གསོལ་སྟོན་གཟབ་རྒྱས་ཕུལ།ཆེ་ཤོས་བྱང་ཆུབ་བསྟན་པའི་སྒྲོན་མེས་(སྤྱི་ལོ༡༨༦༡‑༡༩༣༣)མཚམས་སྦྱོར་གནང་བ་ལ་བརྟེན་ནས་བླ་བྲང་བཀྲ་ཤིས་ཁང་གསར་དུ་རྒྱལ་དབང་བཅུ་གསུམ་པ་ཆེན་པོ་དང་རྗེ་འདི་གཉིས་མཇལ་འཛོམས་གནང་ཞིང་བཀའ་མོལ་ཞིབ་རྒྱས་གནང་བས།མཁས་དབང་འདི་བའི་སྐུ་ཡོན་གྱིས་ཐུགས་འཕྲོག་སྟེ་ལོ་འདིར་རྒྱལ་དབང་བཅུ་གསུམ་པས་རིག་གནས་ཀྱི་ཡོངས་འཛིན་དུ་བཀུར་ཚུལ་ནི།རྒྱལ་དབང་རྣམ་ཐར་ལས།དེ་སྐབས་དཔའ་རིས་བློ་གྲོས་རབ་གསལ་ཞེས་པ་མཚན་ཉིད་ཀྱི་ཕྱོགས་དང་།ཁྱད་པར་རིག་གནས་ཀྱི་སྐོར་ལ་དོན་ལྡན་མཁས་གྲགས་ཤིན་ཏུ་ཆེ་བ་ཉེ་སྐོར་ན་བཞུགས་སྟབས།ལེགས་བཤད་ལས།

གང་ཞིག་མཁས་པ་ཡོད་བཞིན་དུ།།

དེ་ལས་ཡོན་ཏན་མི་ལེན་ན།།

མི་དེ་ནད་ཀྱིས་བཏབ་པ་འམ།།

ཡང་ན་ལས་ཀྱིས་མནར་བ་ཡིན།།

ཞེས་པའི་དོན་ཉེ་བར་དགོངས་ཏེ་དེ་ཉིད་ཀྱི་ཞབས་དྲུང་ལ་འཕྲལ་དུ་གཏུགས་ནས་དཎྜིའི་ཞབས་ཀྱི་སྙན་དངགས་མེ་ལོང་མ་ཡོངས་སུ་བཅད་པ་གསུམ་གྱི་བཀའ་ཁྲིད་ཞིབ་ཏུ་མནོས་ཏེ་སོ་སོའི་དཔེར་བརྗོད་ཀྱང་ཆ་ཚང་བ་འགོད་པར་མཛད་ཅིང་།ལེའུ་གཉིས་པའི་དཀའ་གནད་ཕལ་ཆེ་བ་རྣམས་ལ་དོགས་གཅོད་བསྐྱངས་པའི་བསྙེལ་བྱང་ཟིན་བྲིས་མཛད་པའང་ཡོད།(འདི་དོན་ལ་ཞྭ་དམར་བའི་ཟིན་བྲིས་ཡིན་པ་གོང་དུ་གསལ་བ་ལྟར་རོ།།)དེ་དག་ནི་བློ་གསལ་རིག་གནས་དོན་གཉེར་བ་གཞུང་བཟང་མེ་ལོང་གི་ངོ་མཚར་ལྟ་འདོད་རྣམས་ལ་མིག་དང་སྒྲོན་མེ་ལྟ་བུར་ཤིན་ཏུ་ཉེ་བར་མཁོ་བ་མཆིས་སོ།།ཡང་།དབྱངས་ཅན་མགྲིན་པར་རོལ་པ་དེའི་དྲུང་ནས་སྒྲ་མཚམས་སྦྱོར་ལྔ་བ་ཡོངས་རྫོགས་དང་།དབྱངས་ཅན་སྒྲ་མདོའི་སྟེང་ནས་ས་རིས་དབུ་འཛུགས་ཙམ་བཅས་གསན་པ་གནང་།ཞེས་འབྱུང་བ་ལྟར་ལ།རྒྱལ་དབང་གིས་སྙན་ངག་དཔེར་བརྗོད་རྩོམ་རྒྱུག་ཕུལ་པ་རྫོགས་རྗེས་སུ།རྗེ་འདི་ཉིད་ཀྱིས།

ཨོཾ་སྭ་སྟི།

དུས་གསུམ་རྒྱལ་བའི་ཐུགས་ཀྱི་གསང་བའི་མཛོད།།

བཀའ་པོཏ་གཞུང་བརྒྱའི་འདབ་སྟོང་དགའ་བའི་ཚལ།།

བཞད་པའི་མཁྱེན་དཔྱོད་ཉི་མ་འབུམ་ཕྲག་གིས།།

མཐའ་དག་ཤེས་བྱའི་ཀུན་གསལ་ཁྱོན་ཡངས་གཞལ།།

རིག་གནས་ཆུ་གཏེར་ཟབ་ཡངས་རླབས་ཕྲེང་ཅན།།

སྐྱེས་སྦྱངས་རྩལ་གྱིས་སྐད་ཅིག་དབང་བསྒྱུར་བས།།

རིག་བྱེད་བདག་པོ་མི་སྨྲའི་བརྟུལ་ཞུགས་ཀྱིས།།

ངོ་མཚར་རིགས་ལམ་སྒྱུ་མའི་འཕྲུལ་ལ་གཡེང་།།

ཕྲ་ཞིབ་བློ་གྲོས་ལུས་ཀྱིས་ཅིར་ཡང་རྩེན།།

དཀའ་བའི་གནད་ལ་རེག་པའི་མཁྱེན་རབ་རྣོ།།

ཐོས་དོན་སྒྲུབ་པའི་སྲོག་གི་ཀ་བ་བརྟན།།

ཁྱོད་ནི་མཁས་གྲུབ་བྱེ་བའི་གཙུག་གི་རྒྱན།།

དྲན་དབང་གསེར་རིའི་ཕྲེང་བ་རབ་མཛེས་པར།།

ཟླ་མེད་མགོན་དུ་དབང་བསྐུར་ཆོས་ཀྱི་རྒྱལ།།

རང་བྱུང་ཀུན་ཏུ་བཟང་བོའི་འཁོར་ལོ་ཡི།།

རྟེན་འབྲེལ་ཇི་བཞིན་རྒྱལ་རྣམས་དགོངས་པ་སྒྲིམས།།

ངོ་མཚར་ཟློས་པའི་རི་མོ་ཡིས།།

ཡིད་ཀྱི་མེ་ལོང་མཛེས་གྱུར་ཀྱང་།།

དྲན་ཤེས་བསྲུང་བའི་མེལ་ཚེ་ལ།།

གཡེལ་བས་འབྲས་བུ་མངོན་མ་གྱུར།།

ཕན་བདེའི་རྩ་ལག་ཐུབ་དབང་བསྟན་པའི་གཞི།།

རྣམ་དག་ཚུལ་ཁྲིམས་རྩ་བ་བརྟན་པའི་ཕྱིར།།

རླབས་ཆེན་མཛད་པའི་ཁུར་གྱིས་མི་ངལ་བ།།

རྒྱལ་བའི་གདུང་འཚོབ་དམ་པ་ཁྱེད་ལས་སུ།།

དེ་ལྟར་རྨད་བྱུང་མཛད་པའི་ཆ་ཤས་ཀྱང་།།

སྙིང་ལ་སིམ་པའི་དད་གུས་འོ་མའི་མཚོ།།

འཁྲི་ཤིང་དགུང་དུ་འཕྱུར་བའི་སྤྲིན་རུམ་ནས།།

ཆེད་བརྗོད་དབྱར་གྱི་རྔ་གསང་འདི་བསྒྲགས་སོ།།

ཞེས་ཆེད་དུ་བརྗོད་པའི་རབ་ཏུ་བྱེད་པ་མུ་ཏིག་ཕྲེང་མཛེས་ཞེས་བྱ་བ་འདི་ནི།གོང་ས་རྒྱལ་བའི་དབང་བོ་རྗེ་བཙུན་ངག་དབང་བློ་བཟང་ཐུབ་བསྟན་རྒྱ་མཚོ་དཔལ་བཟང་བོའི་སྤྱན་སྔར། སུ་དྷི་པྲ་ཤ་ཀའམ་མིང་གཞན་མཚོ་བྱུང་རོལ་པའི་བློ་གྲོས་སུ་འབོད་པས་རབ་ཚེས་མེ་ལུག་(སྤྱི་ལོ༡༩༠༧)མཁའ་སྤྲིན་ཅན་གྱི་དགའ་བ་གསུམ་པར་གུས་པ་ཆེན་པོས་ཕུལ།ཅེས་པ་འདི་བརྩམས་ཤིང་གསུང་འབུམ་ཕྱོགས་བསྒྲིགས་སུ་འདི་འཁོད་མེད་སྟབས་འདིར་བཀོད་པ་ཡིན་ཞིང་།བརྩམས་ལོ་མི་གསལ་བ་དང་རྩོམ་འཕྲོར་ལུས་པའི་གསུང་རྩོམ་དག་ནི།ཆོ་འཕྲུལ་ཆེན་མོའི་རྟོགས་བརྗོད་པད་དཀར་ཕྲེང་བ་དང་།ལེགས་བཤད་གསེར་ཕྲེང་གི་མཆན་འགྲེལ་ནོར་བུའི་དོ་ཤལ།དཔའ་རིས་བཀྲ་ཤིས་ཆོས་གླིང་དུ་མཛད་པའི་དོན་བདུན་ཅུའི་མུ་བཞི་བན་ཛི་ཀའི་དོ་ཤལ།སྲིད་པའི་ཡན་ལག་བཅུ་གཉིས་ཀྱི་ཁྱད་པར་མདོ་ཙམ་གསལ་བར་བྱེད་པའི་རིན་ཆེན་སྒྲོན་མེ།དགེ་འདུན་ཉི་ཤུའི་ཟུར་རྒྱན་ཉི་མའི་འོད་ཟེར།རྟགས་རིགས་མཐའ་དཔྱོད་ཀྱི་ཁ་སྐོང་རིན་ཆེན་མཛེས་པའི་དོ་ཤལ།དྲིས་ལན་མུ་ཏིག་ཕྲེང་མཛེས།བསྟན་དར་ལྷ་རམས་པའི་ཡི་གེའི་མཐའ་དཔྱོད་ཀྱི་དགག་པ་སྣ་ཚོགས་རིགས་པའི་དྭངས་བྱེད་ནོར་བུའི་ཕྲེང་མཛེས་སོགས་གསུང་འབུམ་གྲས་སུ་ཡོད་ལ།ད་དུང་མཁས་དབང་འདི་བས་མཛད་པའི་སྐུ་འབུམ་གདན་རབས་དཀར་ཆག་རབ་གསལ་མེ་ལོང་ཞེས་བྱ་བ་ཞིག་ཡོད་སྣང་ཡང་ད་ལྟ་ལག་ཏུ་མ་ཆུད་པས་འཚོལ་བར་རིགས་སོ།། རྒྱལ་དབང་བཅུ་གསུམ་པར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཐོས་བསམ་གླིང་བས་ཡི་གེ་ཕུལ་སྐབས་ཕྱག་ཡིག་ཕུལ་པའི་ནང་དུ་དཔའ་རིས་རབ་གསལ་མཆོག་ལ་ཤེས་བྱའི་ཆོམ་རྐུན་ཞེས་པའི་ཚིག་མཆིས་སྟབས། རྒྱལ་དབང་གིས་ཆོམ་རྐུན་དངོས་ལ་ཟེར་བར་དགོངས་ཏེ་ཐོས་བསམ་གླིང་ལ་བསྐུར་བའི་ཆབ་ཤོག་ཏུ།

སྔོན་ཡང་འཕགས་པ་དགྲ་བཅོམ་སྒུར་ཆུང་སོགས་ལ་གནས་ངན་ལེན་གྱི་འབྲས་བུ་འབྱུང་སྲིད་ན།།

ཚུར་མཐོང་བྱིས་པས་ཆོམ་རྐུན་སྐུར་འདེབས་མིག་ལྡན་དམྱལ་བའི་གཡང་སར་མཆོང་ལ་ལྟ་ཅི་སྨོས།།

དུག་གསུམ་མཁྲིས་ནད་དབང་གིས་གངས་རི་སེར་བོར་མཐོང་བས་ལེགས་བཤད་ལག་རྡུམ་བྲག་འཛེགས་འདྲ།།

བུ་རྒྱུད་ཁོ་བོའང་གང་གི་དྲིན་ལས་སྙན་ཚིག་སྨྲ་ལ་སྤོབས་པའི་མགྲིན་པ་ཅུང་ཟད་བཏེག།

ཅེས་བསྐུར་གནང་མཛད་འདུག་ཅིང་།

ས་སྤྲེལ་(སྤྱི་ལོ༡༩༠༨)ལོར་རྒྱལ་དབང་བཅུ་གསུམ་པ་མཆོག་ལ་རིག་གནས་ཀྱི་དཔེ་ཁྲིད་གནང་ཞོར་སྐུ་རྗེས་སུ་འབྲང་སྟེ་རྒྱ་ནག་རི་བོ་རྩེ་ལྔར་བྱོན་ཞིང་།རི་བོ་རྩེ་ལྔ་ནས་ཨོ་རོད་བླ་མ་དཀོན་མཆོག་བསྟན་པའི་རྒྱལ་མཚན་དང་དཀའ་བཅུ་ངག་དབང་དཔལ་འབྱོར་སོགས་ལ་མཁས་དབང་ཉིད་ཀྱི་གསུང་འབུམ་གྱི་ལུང་དང་། བཟང་བོ་སྤྲུལ་སྐུ་བསྟན་པའི་ཉི་མ་(སྤྱི་ལོ༡༨༧༡‑༡༩༣༡)ལ་འདུལ་སྡོམ་གྱི་དཔེ་ཁྲིད་གནང་ཞིང་འཕགས་པའི་ཞལ་ཐང་ཚེམ་གྲུབ་མའི་སྐོར་ཚད་བཟང་བོ་སྤྲུལ་སྐུས་ཞུས་ངོར་བརྩམས།བཟང་བོ་སྤྲུལ་སྐུས་རྒྱལ་དབང་མཆོག་ལ་རྗེ་འདི་ཉིད་ཀྱི་གསོལ་འདེབས་ཞུས་པར།

རྨད་བྱུང་བློ་བཟང་རྣམ་དཔྱོད་གདུགས་དཀར་བོ།།

མདོ་སྔགས་རབ་གསལ་བཤད་སྒྲུབ་ཏོག་འབར་ཞིང་།།

གསུམ་ལྡན་ལུང་རྟོགས་རྒྱས་མཛད་གསེར་ཡུས་མཚན།།

བསྟན་འགྲོའི་རྩ་ལག་མཆོག་དེར་གསོལ་བ་འདེབས།།

ཞེས་པ་འདི་ནི་འདུལ་འཛིན་བཤེས་གཉེན་ཆེན་པོ་དཔའ་རིས་བླ་ཆེན་དགོངས་པ་རབ་གསལ་གྱི་སྤྲུལ་སྐུ་མཆོག་ལ་གསོལ་འདེབས་འདི་ཡང་གླིང་རྒྱའི་བླ་མ་བཟང་བོ་སྤྲུལ་སྐུས་བསྐུལ་ངོར། ཤཱཀྱའི་དགེ་སྦྱོང་ཐུབ་བསྟན་རྒྱ་མཚོས་སྨྲས་པའོ་ཞེས་པ་སྩལ།ད་དུང་། རྒྱལ་དབང་མཆོག་གིས་ཆེ་ཤོས་སྤྲུལ་སྐུར། དགེ་བཤེས་རིན་པོ་ཆེ་འདི་བླ་ཆེན་དགོངས་པ་རབ་གསལ་གྱི་ཡང་སྲིད་འཁྲུལ་བྲལ་དུ་གདའ། ངས་ཁོང་ལ་དེ་ལུགས་ཀྱི་གསོལ་འདེབས་ཤིག་ཀྱང་ཕུལ་ཡོད་ཅེས་བཀའ་ཕེབས་ཚུལ་ཆེ་ཤོས་སྤྲུལ་སྐུའི་རང་རྣམ་དུ་གསལ། ས་སྤྲེལ་(སྤྱི་ལོ་༡༩༠༨)ལོའི་ཟླ་གསུམ་པའི་ཟླ་སྨད་དུ་རྒྱ་ནག་རི་བོའི་རྩེ་ལྔ་ནས་རྒྱལ་དབང་མཆོག་གཙོས་དགེ་བཤེས་མང་བོས་བགྲོ་གླེང་དམ་བཅའ་ཉིན་བཞིན་ཚུགས་སྐབས་དགེ་བཤེས་འདི་ཉིད་ཉིན་དང་བོར་དམ་བཅར་བཞུགས་ཚུལ་རྒྱལ་དབང་རྣམ་ཐར་ལས།རྒྱལ་ཁམས་ཆེན་པོ་ཙི་ནའི་ཡུལ་དུ་འཇམ་མགོན་བླ་མའི་བཤད་སྒྲུབ་ཀྱི་བསྟན་པ་རིང་དུ་དར་བའི་རྟེན་འབྲེལ་དང་།ཕྱོགས་དེའི་ལོག་པར་སྨྲ་བ་མཐའ་དག་སྤ་བཀོང་ཞིང་།བློ་གསལ་མཁས་པའི་ཚོགས་རྣམས་མགུ་བ་བསྐྱེད་ཕྱིར་སྤྲུལ་བའི་གནས་མཆོག་རི་བོ་རྩེ་ལྔའི་གཟིམས་ཆུང་འགག་སྲ་མཁྲེགས་གོར་མ་གཅལ་དུ་བཀྲམ་པའི་སྟེང་དུ།

མཁས་དབང་དཔའ་རིས་རབ་གསལ་མཆོག་དམ་བཅར་བཞུགས་གནས་རི་བོ་རྩེ་ལྔའི་ཕུ་གསར་སྟེང་།

གོང་ས་ཕྱག་ན་པད་དཀར་འཛིན་པ་ཉིད་དང་།སྟོང་འཁོར་ཧུ་ཐོག་ཐུ།ཆེ་ཤོས་སྤྲུལ་སྐུ།བོད་སོག་ཨ་མདོའི་དགེ་བའི་བཤེས་གཉེན་ཆེ་ལ་རགས་པ་མང་བོ་བཅས་གདན་འཛོམས་ནས་ཉིན་ཞག་དུ་མའི་བར་དུ་འཕགས་བོད་གཞུང་ལུགས་ཆེན་མོ་རྣམས་ཀྱི་དཀའ་བའི་གནད་ལ་འབེལ་གཏམ་བགྲོ་གླེང་གི་བཤད་གྲྭ་རྒྱ་ཆེན་པོ་ཚུགས་པར་མཛད་ཅིང་།དེ་ཡང་ཉིན་དང་བོར་སྐུ་འབུམ་དགེ་བཤེས་མཁས་པ་ཆེན་པོ་དཔའ་རིས་རབ་གསལ།གཉིས་པར་འབྲས་སྤུངས་འདུལ་བ་མཁན་པོ།གསུམ་པར་མི་ཉག་དགེ་བཤེས་ཡོན་ཏན་སོགས་དྲག་རིམ་ནས་དམ་བཅར་བཞུགས་ཏེ་བརྒལ་བརྟག་གི་མཆོད་སྤྲིན་མཐའ་ཀླས་པ་སྤྲོ་བར་མཛད་པས་དབུས་གཙང་གི་ཆོས་གྲྭ་ཆེན་པོ་དག་རེ་ཞིག་དབང་ཕྱོགས་སུ་འཕོས་སམ་སྙམ་དུ་ཀུན་ཡ་མཚན་ཞིང་།ཞེས་འབྱུང་བ་ལྟར་ལ།ཟླ་ལྔ་བར་རྗེ་འདི་ཉིད་ཀྱིས་རྒྱལ་དབང་མཆོག་ལ་སྒྲ་དབྱངས་ཅན་མའི་བཀའ་ཁྲིད་གནང་བ་རྫོགས་ཏེ་ཀུན་བཤད་ཀྱི་མཚན་གསོལ་ཚུལ་ནི་རྒྱལ་དབང་རྣམ་ཐར་ལས།ཟླ་བ་ལྔ་བའི་ནང་གནས་ཆེན་རི་བོ་དྭངས་གསལ་གྱི་འཇམ་དཔལ་སྡེ་ཆེན་ཕུ་གསར་སྟེང་གཟིམས་ཆུང་བདེ་སྐྱིད་ཀུན་གསལ་དུ་དགེ་བའི་བཤེས་གཉེན་ཆེན་པོ་མཚོ་བྱུང་རོལ་པའི་བློ་གྲོས་ཀྱི་དྲུང་ནས་སྒྲ་མདོའི་ས་རིས་ཡོངས་སུ་རྫོགས་པ་གསན་བཞེས་ལེགས་པར་གྲུབ་ནས་དབྱངས་ཅན་ཞལ་ལུང་བདུད་རྩིའི་དགའ་སྟོན་ཀུན་བཤད་མཚན་ངག་གི་དབང་ཕྱུག་དབྱངས་ཅན་དགའ་བའི་བཤེས་གཉེན་ཞེས་དོན་ལྡན་བསྔགས་བརྗོད་ཨུཏྤལ་མགུལ་རྒྱན་གསོལ་བ་དང་དུ་བཞེས་ཏེ་དགེ་བའི་བཤེས་གཉེན་གཏང་རག་གི་མཆོད་སྤྲིན་རྒྱ་ཆེན་པོས་མཉེས་པར་མཛད་ཅིང་།རྟེན་འབྱུང་དགྱེས་སྟོན་གྱི་རིམ་པ་ཡང་ཉམས་སུ་བསྟར་རོ།།ཞེས་འབྱུང་བ་ལྟར།ཟླ་དྲུག་པའི་ཚེས་གསུམ་ལ་ཀུན་བཤད་ཀྱི་མཚན་གསོལ་སྐབས།

རྒྱལ་ཀུན་ཡེ་ཤེས་དྲི་མེད་བདུད་རྩིའི་མཚོར།།

རྗེས་ཆགས་རྡོ་རྗེ་དབྱངས་ཀྱི་དབང་མོ་ཡིས།།

ལོངས་སྤྱོད་འཁོར་ལོའི་འདབ་མར་རྩེན་པའི་གར།།

དགེ་ལེགས་ཚིག་གིས་ཤིས་པ་བརྗོད་པས་སྲུངས།།

གང་ཐུགས་བདུད་རྩིའི་སྙིང་བོ་ཟླ་ཤེལ་དབང་།།

མཁྱེན་ཡངས་ཀུནྡ་བཞད་པའི་རྩེ་དགའ་ནས།།

ཀུན་བཤད་མིང་གི་དབང་སྐུར་ནོད་པའི་གཏམ།།

ཆེད་བརྗོད་ཨུཏྤལ་སྙན་གོང་རྒྱན་གོང་འཛུགས།།

སྔོན་རབས་དམ་པའི་མན་ངག་གི།

བྱིན་རླབས་དྲོད་ཀྱིས་བཟུང་བའི་རྒྱན།།

བཟང་བོའི་དྲི་ངད་འབུམ་སྤྲོ་བའི།།

མཆོད་ཡོན་ཀུན་བཟང་རྣམ་པར་འཕྲུལ།།

ཟབ་ཡངས་བློ་གྲོས་དུས་ཀྱི་སྤྲིན་ཆེན་བདུད་རྩིའི་གཏེར།།

ངག་ཚིག་དྲི་མེད་སྒྲ་བརྒྱ་དགོད་པའི་དཀྱིལ་འཁོར་ནས།།

ངག་གི་དབང་བོ་དབྱངས་ཅན་དགའ་བའི་བཤེས་གཉེན་ཞེས།།

ཟབ་ཡངས་ཆོས་ཚུལ་ཀུན་གསལ་མཛེས་པའི་ཀློང་ནས་བསྒྲགས།།

མང་ཐོས་གངྒཱའི་ཀླུང་ཆེན་འཁྱིལ།།

རིགས་ལམ་འཁྲི་ཤིང་ཕྱོགས་སུ་རྩེན།།

རྨད་བྱུང་རྟོགས་པའི་ནོར་གྱི་མཛོད།།

གདེངས་ཅན་བྱེ་བ་རོལ་པའི་མཚོ།།

བློ་གྲོས་མདོངས་ལྡན་དགའ་བའི་དབྱངས་ཀྱིས་དྲུག་ལྡན་གླུ་ལེན་ཞིང་།།

སྣ་ཚོགས་འཇའ་ཚོན་འཁྲིགས་པའི་འོག་པག་གུར་ཁྱིམ་རྣམ་པར་བཀྲ།།

ཡིད་འཕྲོག་པད་མོའི་དོ་རར་ཅིར་ཡང་རྩེན་པའི་ཟློས་གར་གྱིས།།

དྲི་ཟའི་འཇིག་རྟེན་མགྲོན་དུ་བཀུག་པའི་རྨི་ལམ་རོལ་པར་དྲན།།

དེ་ལྟར་རྒྱ་ཆེན་གསུང་རབ་ནམ་མཁའི་དབྱིངས།།

སྐད་ཅིག་ཉིད་ལ་བདེ་བླག་འཇུག་པའི་འཕྲུལ།།

སྒྲ་ཚད་རིགས་པའི་འདབ་བཟང་དབང་བོ་ཁྱོད།།

བློ་བཟང་རིང་ལུགས་ཆོས་ཀྱི་རྒྱལ་སྲིད་སྐྱོངས།།

འདི་སྣང་ཡོ་ལང་དྲི་བཞོན་འཁྲིགས་པའི་ཚོགས།།

ནགས་ཀྱི་མེ་བཞིན་ཐབས་མཁས་འཕྲུལ་འདེགས་ཀྱིས།།

ཉམས་རྟོགས་ཀློང་དུ་བརྡོལ་བ་མཐུན་པའི་རྐྱེན།།

མཐུ་ཆེན་རྒྱལ་སྲས་དཔའ་བོའི་ཟློས་གར་མཛོད།།

གངས་ཅན་ནོར་འཛིན་མ་ག་དྷ་ཡི་གྲུ་འཛིན་དབང་བོའི་ཕོ་བྲང་ཆེར།།

ཐུགས་རྗེ་སྤྱན་སྟོང་རྟག་ཏུ་གཡོ་བའི་འཇིག་རྟེན་དབང་ཕྱུག་ངུར་སྨྲིག་གར།།

ཡོངས་དག་འཁོར་གྱི་ཉེ་དབང་ཚོགས་བཅས་དཀྱིལ་འཁོར་བདག་པོ་སྲིད་པའི་མཐར།།

དྲང་སྲོང་ཚེ་དཔག་མེད་པའི་སྐུ་མཆོག་རྟག་བརྟན་གཡུང་དྲུང་ཉིད་གྱུར་ཅིག།

ཅེས་པ་འདི་ནི་གོང་ས་རྒྱལ་བའི་དབང་བོ་བཅུ་གསུམ་པ་རྗེ་བཙུན་ངག་དབང་བློ་བཟང་ཐུབ་བསྟན་རྒྱ་མཚོའི་སྤྱན་སྔ་ལ།གུས་ཕྲན་རིག་བྱེད་སྨྲ་བ་མཚོ་བྱུང་རོལ་པའི་བློ་གྲོས་ཀྱིས་འདར་ཊཱིཀ་སྟེང་ནས་མཛུབ་ཁྲིད་ཞིབ་ཏུ་ཕུལ་ཏེ་རྫོགས་པར་གྲུབ་པའི་ཀུན་བཤད་མཚན་གྱི་མེ་ཏོག་ཨུཏྤལ་ཕྲེང་བ་ཞེས་བྱ་བ།རབ་ཚེས་ཞེ་གཉིས་པ་ས་སྤྲེལ་ཕུར་བུ།བཀྭང་ཞི་ཁྲི་ལོ་སོ་བཞི་བའི་ཉིན་བྱེད་དབང་བོ་ཀརྐ་ཊའི་ཁྱིམ་དུ་རྩེན་པའི་དཀར་ཕྱོགས་ཀྱི་རྒྱལ་བ་དང་བོར་དུས་སྦྱོར་དང་མཐུན་པར་འཛམ་གླིང་གནས་ཆེན་རི་བོ་དྭངས་བསིལ་གྱི་འཇམ་དཔལ་སྡེ་ཆེན་ནས་ཕུལ་པའོ།།ཞེས་སོ།།འོན་ཀྱང་།རྒྱལ་དབང་བཅུ་གསུམ་པར་ངག་དབང་དབྱངས་ཅན་དགའ་བའི་བཤེས་གཉེན་ཞེས་བྱ་བའི་ཀུན་བཤད་ཀྱི་མཚན་ནི་འདི་དུས་གསར་དུ་བཏགས་པ་ཡིན་མིན་དཔྱད་དགོས་ཏེ།མེ་ལུག་(སྤྱི་ལོ༡༩༠༧)ལོའི་ཟླ་བདུན་པར་རྒྱལ་དབང་མཆོག་གིས་བརྩམས་པའི་སྙན་ངག་དཔེར་བརྗོད་ཀྱི་མཇུག་ཏུ་ཡང་མཚན་དེ་གསལ་བས་སོ།།ཡང་ན།ཕྱིས་སུ་སྙན་ངག་དཔེར་བརྗོད་ཀྱི་བར་དུ་མཚན་དེ་བཅུག་པ་ཡིན་ཡང་སྲིད་པས་དཔྱད་པར་བྱའོ།།རྒྱལ་དབང་ཚངས་དབྱངས་རྒྱ་མཚོའི་བཞུགས་གནས་བཀྭན་ཡུན་ཏུང་དུ་རྒྱལ་དབང་བཅུ་གསུམ་པ་མཆོག་གིས་རྗེ་རབ་གསལ་ཚང་གི་དྲུང་ནས་ལཉྫ། ཤ་ཆེན། ཁོང་སང་། ཝརྟུ། བརྩེགས་མ་སོགས་ཡིག་རིགས་སྣ་ཚོགས་ལ་གསན་སྦྱངས་གནང་། དེ་ནས་ཕྱི་སོག་པུ་རཏ་ཡུལ་དུ་འབྱོན་པའི་ལམ་བར་གྱི་མེ་འཁོར་གྱི་དུད་པས་སྐུ་གཟུགས་ལ་འཕྲོད་མིན་བྱུང་བར་བརྟེན།ལམ་བར་གྱི་དགོན་ཆུང་ཞིག་ནས་ས་སྤྲེལ་(སྤྱི་ལོ༡༩༠༨)ལོའི་བོད་ཟླ༡༠ཚེས༣༠ཉིན་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན་ཅིང་།གསུང་འབུམ་དེབ་གཟུགས་ཅན་གྱི་དབུར་རྩོམ་པ་བོའི་ལོ་རྒྱུས་སུ་ཆུ་བྱི་(སྤྱི་ལོ༡༩༡༢)ལོར་སྐུ་འདས་པར་བཀོད་པ་སྐབས་དེར་ཕྱི་ནང་གི་རྐྱེན་དུ་མའི་དབང་གིས་དཔྱད་གཞིའི་རྒྱུ་ཆ་ཚད་ལྡན་མ་འཛོམས་པའི་དབང་གིས་ཡིན་འདུག་སྟེ།རྒྱལ་དབང་བཅུ་གསུམ་པ་པེ་ཅིང་དུ་བྱོན་སྐབས་སྐུ་འཁོར་ན་མཁས་དབང་རབ་གསལ་ཚང་འདི་བ་མི་འདུག་པ་རྣམ་ཐར་ན་གསལ་བས།དེའི་གོང་ཙམ་ནས་ཕྱི་སོག་པུ་རཏ་ཀྱི་ལམ་ལ་ཆས་པར་གསལ་ལ།པུ་རཏ་དགོན་ཆེན་དངོས་ལ་མ་སླེབས་པར་ལམ་ནས་དགོངས་པ་རྫོགས་པར་མཁས་དབང་དམུ་དགེ་བསམ་གཏན་གྱི་སྙན་ངག་ཡང་གསལ་སྣང་མཛོད་དང་འདུལ་སྡོམ་དཔེ་ཁྲིད་སྒྲ་འཇུག་བྱས་པ་ལས་དངོས་སུ་གསུང་བཞིན་པ་ལྟར་རོ།། ད་དུང་སྒྲུབ་བྱེད་ཁུངས་ལྡན་ཞིག་ནི། སྐབས་ཐོག་དེའི་ཕྱག་རོགས་སྐུ་འབུམ་ཆེ་ཤོས་ཚང་གི་རང་རྣམ་ལས། སྐབས་དེར་དགེ་བཤེས་ཆེན་མོ་རབ་གསལ་ཚང་སྦོ་རོད་ཕྱོགས་སུ་འགྲོ་དོན་ལ་མེ་འཁོར་སྟེང་ནས་བྱོན། མ་འགྱང་བར་སྐུ་ཚེ་འདུ་བྱས་སོ།། ཞེས་ས་སྤྲེལ་སྤྱི་ལོ༡༩༠༨ལོའི་མཛད་རྣམ་ཐད་དུ་གསལ་བ་འདི་ཡིན་ཞིང་།དུང་དཀར་ཚིག་མཛོད་དུ་རྗེ་འདི་ཉིད་དང་རྒྱལ་དབང་བཅུ་གསུམ་པ་ལྷན་དུ་པེ་ཅིང་དང་སོག་ཡུལ་ལ་བྱོན་པར་བཤད་པ་ལ་རྒྱལ་དབང་རྣམ་ཐར་དང་བསྡུར་ནས་ཞིབ་དཔྱད་དགོས་ཤིང་།རྒྱལ་དབང་བཅུ་གསུམ་པ་སླར་སྐུ་འབུམ་ཕྱོགས་སུ་བྱོན་སྐབས་མཁས་དབང་དཔའ་རིས་རབ་གསལ་མཆོག་གི་སྐུའི་གདུང་རུས་ལ་འཇམ་པའི་དབྱངས་ཀྱི་སྐུ་དཔར་ཏེ་གདན་འདྲེན་ཞུས་ཤིང་རིམ་གྱིས་མཁས་དབང་མཆོག་གི་རྩ་བའི་གདན་ས་དཔའ་རིས་ཡར་ལུང་དགོན་དུ་འབྱོར་བ་དམངས་གཙོ་བཅོས་བསྒྱུར་དང་རིག་གནས་གསར་བརྗེས་སོགས་དུས་འགྱུར་ནང་དུ་ཡང་དད་ལྡན་རྣམས་ཀྱིས་ལུས་སྲོག་དང་བསྡོས་ཏེ་སྦེད་སྐུང་གནང་ཐུབ་འདུག་པ་ད་ལྟའང་ཡར་ལུང་དགོན་དུ་སྐུ་གདུང་མཆོད་རྟེན་ནང་བཞུགས་ཡོད།

ད་དུང་དགེ་བཤེས་བློ་བཟང་རབ་གསལ་ཁོང་གཞོན་དུས་ནས་གསང་སྔགས་ཉམས་བཞེས་ལ་ཐུགས་བརྩོན་གནང་མཁན་ཞིག་ཡིན་སྟབས། ཉམས་རྟོགས་ཚད་མཐོར་སླེབས་ཏེ་སྲ་མཁྲེགས་གོར་མོའི་རྡོ་ལ་ཞབས་ལྷམ་གྱི་རྗེས་འདམ་ལ་ཟུག་པ་ལྟ་བུ་བཞག་གནང་མཛད་པ་ད་ལྟའང་མིག་གི་སྤྱོད་ཡུལ་དུ་བཤམས་ཡོད་ཅིང་།མཁས་དབང་དཔའ་རིས་རབ་གསལ་ཚང་གི་ཞབས་ལྷམ་དང་བཅས་པའི་ཞབས་རྗེ།རྗེ་ཉིད་ཀྱིས་ཡུན་རིང་སྤྱད་མྱོང་བའི་གསོལ་དཀར་གྱི་སྣོད་ཀྱང་འདིར་པར་རིས་སུ་བཀོད་ཡོད།

མཁས་དབང་དཔའ་རིས་རབ་གསལ་ཚང་འདིས་གཞུང་ལུགས་འཆད་ཁྲིད་གནང་སྟངས་ནི།དགོས་མེད་ཀྱི་ཚིག་འཁྲི་རྡོ་ལེབ་ཕར་བསྒྱུར་ཚུར་བསྒྱུར་དེང་དུས་ཀྱི་རིགས་སྨྲའི་ཡང་རྩེར་བྱེད་སྤྱད་དེ་མ་ཡིན་པར། རྟོག་གེའི་གསང་ཚིག་རྣོན་པོས་མ་རྟོགས་ལོག་རྟོག་ཐེ་ཚོམ་གྱི་ཆིངས་རྒྱ་ཅིག་ཅར་གཅོད་པའི་རིགས་པའི་འཕྲུལ་སྐྱེན་པ་སོགས་སྨྲ་མི་ཤེས་པའི་ཡོན་ཏན་གྱི་མཛོད་དུ་བཞུགས་པས་ངོ་མཚར་བར་ཡོད།ཅེས་རྗེ་ཉིད་ལས་དཔེ་ཁྲིད་དངོས་སུ་ཞུས་མྱོང་བའི་ལ་མོའི་ཞབས་དྲུང་དཀར་བོས་གསུངས་པ་ལྟར་ལ། རྩོད་པའི་ཕྱོགས་ནས་མདོ་སྨད་ཀྱི་བཤད་གྲྭ་ཕལ་ཆེ་བར་གཞུང་བཀའ་པོཏ་ལྔའི་དམ་བཅའ་རང་རྐྱ་འཕེར་བ་བཞག་གནང་སྟེ་ཕྱོགས་ལས་རྣམ་པར་རྒྱལ་ཚུལ་གོང་དུ་མཁས་དབང་རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོས་གདེངས་འཇོག་ཚད་མཐོར་གནང་ཚུལ་ཞུས་ཟིན་པ་བཞིན་དང་། རྙིང་ཕྱོགས་ཀྱི་མཁས་པའི་དབང་བོ་འཇུ་མི་ཕམ་པས་ཀྱང་རྗེ་རབ་གསལ་ཚང་འདི་བ་རིགས་ལམ་མྱུར་ཞིང་རྣོ་བའི་ཚུལ་ལ་ཡི་རང་ཤོར་ནས་རྩོད་ཡིག་བསྐུར་ཚུལ་རབ་ལན་དུ་གྲགས་པ་དག་ན་གསལ་བ་ལྟར་རོ།། རྩོམ་པའི་ཕྱོགས་ནས་ནང་རིག་གཞུང་ཆེན་སྐོར་རྣམས་ཚིག་དོན་གཉིས་ཀ་འུབས་སུ་ཆུབ་པའི་རྟགས་སུ་ཚིག་ཚོགས་ཉུང་ཞིང་གནད་འདྲིལ་བ། གཅིག་ཤེས་ཀུན་གྲོལ་གྱི་རིགས་པའི་གསང་ཚིག་དང་མཛུབ་མོ་རི་སྟོན་མང་སྟབས། མཁས་པ་དགེ་འདུན་ཆོས་འཕེལ་གྱིས་ཀྱང་། མཁས་དབང་དཔའ་རིས་རབ་གསལ་ཚང་གི་གསུང་འདི་རྣམས་དབང་རྟུལ་གྱིས་མི་གོ་ཞིང་། དབང་རྣོན་ལ་མི་དགོས་པ་ཞིག་རེད་ཅེས་ཀྱལ་ཀའང་ཞུས་པར་གྲགས། བར་སྐབས་ཚིགས་བཅད་དག་སྙན་ཞིང་རྣོ་ལ་གྲིམ་ཤ་དོད་པ། ལྷག་པར་ཞལ་རྩེད་དང་ཤགས་འདེབས་ལ་དགྱེས་པའང་ཁོང་གི་ཐུགས་གཤིས་སུ་ལྷན་སྐྱེས་སུ་གྲུབ་ཡོད་པ་གསུང་རྩོམ་དག་ལས་རྟོགས་ཐུབ། ཁོང་གི་ཐུགས་གཤིས་ནི་བརྩོན་འགྲུས་གཞན་ལས་ཆེ་ཞིང་བླ་མ་རྣམས་དང་སློབ་མ་དག་ལ་བཀའ་དྲིན་དྲན་པའི་དད་གུས་དང་བརྩེ་གདུང་ཆེ་བ། གཞན་ལ་ལྷག་བསམ་བཅོས་མིན་འཆང་བ། མཐའ་གཅིག་ཏུ་རང་ཚུགས་དང་དྲང་བདེན་གནས་ལུགས་བཅས་ལ་བརྩི་མཐོང་གནང་བ་ལས། གཞན་གྱི་ངོ་འཛིན་དང་སྐབས་བསྟུན་ལ་མི་དགྱེས་པར་མ་ཟད། ཐུགས་གཤིས་ལག་ལེན་ཐོག་ནས་གསལ་འདོན་གནང་མཁན་ཞིག་ཡིན་པ་གོང་དུ་གསལ་བ་ལྟར་དཀའ་རམས་འཛིན་གྲྭ་དང་མ་འཆམ་པ། བསམ་ཚ་ཁྲི་སྤྲུལ་གྱི་ཡོངས་འཛིན་ལས་དགོངས་ཞུ་གནང་དགོས་བྱུང་བ་སོགས་ལས་དཔོག་ཐུབ་ཅིང་། རང་ལྟ་མཆོག་འཛིན་མི་གནང་བར་ས་རྙིང་བཀའ་རྒྱུད་སོགས་ཆོས་བརྒྱུད་གཞན་གྱི་གྲུབ་མཐའ་དང་གང་ཟག་ལའང་ངོ་སྲུང་ཙམ་མ་ཡིན་པའི་དག་སྣང་དང་ཡི་རང་གནང་མཁན་ཞིག་ཡིན་པ་ནི།གསུང་རྩོམ་དགག་ལན་ཤེས་ལྡན་ཡིད་ཀྱི་གདུང་སེལ་རིགས་ལམ་ཆུ་རྒྱུན་དུ་གསལ་ཞིང་། ཐ་ན་ཁོང་གི་ཕྱོགས་སྔ་གཙོ་བོ་འཇུ་མི་ཕམ་པར་ཡང་།

ཆོས་སྲིད་འབྱོར་བའི་ཁམས་ཀྱི་ལྷུན་པོའི་རྩེར།།

མཁྱེན་པའི་སྤྱན་སྟོང་གཡོ་བའི་བཤེས་གཉེན་ཁྱོད།།

ཆེར་སྙིགས་རྒུད་པའི་མུན་ཚོགས་མཐར་བྱས་ཏེ།།

སྐལ་བཟང་ལྷ་བརྒྱའི་ཆོས་ཀྱི་མདུན་ས་མཛེས།།

རྟོག་གེ་གླང་སྨྱོན་ལོག་པའི་སྦྱོར་བ་བརྒྱས།།

ཁྱོད་ཐུགས་ཤེས་བྱའི་གཟུགས་བརྙན་གསལ་བའི་མཚོ།།

ཡང་ཡང་རྙོག་ཅིང་དཀྲུག་པའི་ཉེས་ཚོགས་ཀུན།།

ཞུམ་ཞུམ་ཡིད་ལ་གཅགས་པས་མཐོལ་ཞིང་བཤགས།།ཞེས་དང་།

ཁམས་ཞེས་གྲགས་པའི་གསེར་ལྡན་དཀྱིལ་འཁོར་དུ།།

གྲགས་པའི་ལྷ་ཡི་རྔ་ཆེན་ལྡིར་བ་ཅན།།

ངེས་དོན་ཆོས་ཀྱི་རྒྱལ་བོར་ཡིད་རེ་དགའ།།ཞེས་མཁས་པ་འཇུ་མི་ཕམ་པར་གདེངས་འཇོག་ཚད་མཐོར་གནང་བ་འདིས་ཁོང་གི་རྒྱུས་ཤོར་བ་མ་ཡིན་པར་དེ་ལས་ལྡོག་སྟེ་ཁོང་གི་ཐུགས་ན་རེ་དོགས་དང་རློམ་སེམས་ཆུང་བའི་མེ་ལོང་དུ་གྱུར་ཡོད་པའང་ང་ཚོས་རྟོགས་དགོས་པ་ཞིག་སྟེ་ཞར་བྱུང་ངོ་།།

སྨྲས་པ།

སྐྱེས་སྦྱངས་པདྨའི་འཁྲི་ཤིང་དར་ལ་བབ།།

གསུང་རབ་བྱེ་བའི་སྙིང་བོ་གཅིག་ཏུ་དྲིལ།།

ཕྲ་ཞིབ་རིགས་པའི་གསང་ཚིག་ལ་བྱང་བའི།།

དཔའ་རིས་དགེ་བཤེས་གང་གི་རྣམ་པར་ཐར།།

འཐོར་བ་བསྡུས་ཤིང་འཁྲུག་པ་བསྡེབ་པའི་ལས།།

སུས་ཀྱང་བསྐུལ་མིན་རང་གིས་དང་བླངས་ཏེ།།

སྣ་ཚོགས་གཞུང་མང་ཀློག་པའི་བར་གསེང་དུ།།

ཕྲ་ཞིབ་རིགས་པས་བརྟགས་ནས་ལེགས་པར་བཀོད།།

ཅེས་མདོ་སྔགས་རིག་གནས་སྨྲ་བའི་ཁྱུ་མཆོག་མཁས་དབང་དཔའ་རིས་རབ་གསལ་མཆོག་གི་རྣམ་ཐར་ཕྱོགས་གཅིག་ཏུ་ཅུང་ཟད་ཞིབ་རྒྱས་སུ་བསྒྲིགས་དོན་ཡང་ཚིག་མཛོད་སོགས་སུ་མ་དག་པ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་སོང་བ་མང་དུ་མཐོང་བ་སེམས་ཀྱི་ཟུག་རྔུར་གྱུར་ནས། མཁས་དབང་ཁོང་གི་གསུང་འབུམ་དང་། རྒྱལ་དབང་བཅུ་གསུམ་པའི་གསུང་འབུམ། ཞྭ་དམར་བའི་རྣམ་ཐར། བླ་བྲང་སྒོ་མང་ཚང་གི་རྣམ་ཐར། སྤྱང་ལུང་ཁྲི་རྒན་གྱི་རྣམ་ཐར། ཤིང་བཟའ་ཚང་གི་རྣམ་ཐར། རོང་བོའི་མཁན་སྤྲུལ་རྣམ་ཐར། བཟང་བོ་སྤྲུལ་སྐུའི་རྣམ་ཐར། ཀིརྟིའི་གསུང་འབུམ། ཞང་སྟོན་པའི་གསུང་འབུམ། ཀུན་མཁྱེན་བཞི་བའི་གསུང་འབུམ། སྐུ་འབུམ་གདན་རབས། གྲུབ་དབང་འཇིགས་མེད་བསམ་གཏན་པའི་རྣམ་ཐར། ལཱ་མོའི་ཁྲི་སྤྲུལ་གྱི་རྣམ་ཐར། ཧོར་ཆེན་ཡེ་ཤེས་རྒྱ་མཚོའི་གསུང་འབུམ་དང་རྣམ་ཐར་སོགས་མཁས་དབང་ཁོང་དང་འབྲེལ་ཡོད་དག་ཞིབ་བསྡུར་ནན་ཏན་བྱས་ཏེ་དག་པར་གཏན་ལ་ཕབ་པ་འདི་ནི། དཀོན་མཆོག་རྒྱ་མཚོ་ལེགས་བཤད་སྨྲ་བའི་ཟླ་བས་རབ་གནས་ལྕགས་བྱི་ལོ༢༠༢༠ལོའི་ཁྲུམས་སྟོད་ཟླ་བའི་ཡར་ཚེས་ལ་སྔར་བྲིས་ལ་འཕྲི་སྣོན་ཅུང་ཟད་བཅས་དཔལ་འཁོར་ལོ་བདེ་མཆོག་གི་ཕོ་བྲང་རྒན་གྱའི་བྲག་དཀར་དགོན་དུ་མཇུག་རྫོགས་པར་སྦྱར་རོ།།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།