༧ ཅོ་ནེ་དགེ་བཤེས་ཆེན་མོ་བློ་བཟང་རྒྱ་མཚོའི་སྤྲིན་གྱི་མཛད་རྣམ་ཉུང་གསལ་བཞུགས་སོ།།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2020-09-27 07:22:42     རྩོམ་པ་པོ།   རྒན་རྒྱའི་དཀོན་མཆོག་རྒྱ་མཚོ།    ཀློག་ཐེངས།  

微信图片_20200927072054.jpg

བློ༵་ཆེན་མཁྱེན་རབ་སྣང་བའི་འོད་སྟོང་འབར།།བཟ༵ང་བོའི་མཛད་འཕྲིན་མདོ་དབུས་གཙང་ལ་ཁྱབ།།རྒྱ༵་བོད་གཞུང་ཆེན་དུ་མ་མགྲིན་སྦུབས་སུ།།མཚོ༵་བཞིན་འཁྱིལ་བའི་ཅོ་ནེ་བ་དེ་སུ།།

དུས་རབས་ཉི་ཤུ་བའི་དུས་མགོར་མདོ་དབུས་གཙང་གསུམ་དུ་མདོ་སྔགས་རིག་གནས་སྨྲ་བའི་མཁས་གྲགས་རབ་ཏུ་ཆེ་བ་ཅོ་ནེ་དགེ་བཤེས་ཆེན་མོ་བློ་བཟང་རྒྱ་མཚོའི་སྤྲིན་གཙུག་ལག་ཆོས་ཀྱི་འདོད་འཇོ་གང་ཉིད་ནི། ཕྱི་རབས་པས་བརྗེད་མི་རུང་བའི་མཁས་དབང་མཆོག་ཏུ་གྱུར་པ་ཞིག་ཡིན་མོད། ད་སྔ་ཁོང་གི་ལོ་རྒྱུས་ཕྱོགས་གཅིག་ཏུ་བསྒྲིགས་པ་ཞིག་མེད་སྟབས། དུང་དཀར་ཚིག་མཛོད་སོགས་སུ་འཁྲུངས་འདས་ཀྱི་ལོ་ཚིགས་ནོར་བས་མཚོན་མ་དག་པ་མང་ཙམ་མཆིས་ཤིང་། འདིའི་སྐོར་ལ་རྒྱུས་མངའ་མེད་པ་དག་གིས་མ་དག་པའི་ངག་སྒྲོས་དང་ཚིག་མཛོད་དཀར་ཆག་སོགས་སྐྱབས་སུ་བཟུང་སྟེ་མ་དག་པ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་སྤེལ་བཞིན་པ་མཐོང་སྐབས། ཕྲན་གྱིས་མ་བཅོལ་བའི་ལས་འདི་དང་དུ་བླངས་ཏེ་འཁྲུལ་བསལ་དང་ཡོ་བསྲང་གི་ནུས་པ་ཅུང་ཟད་རེ་ཡིན་རུང་ཨེ་ཐོན་གྱི་རེ་བས་རྩོམ་ཡིག་འདི་འབྲི་བ་ལ་ཞུགས་པ་ཡིན།

རྗེ་འདི་ཉིད་ཨ་མདོ་ཅོ་ནེའི་ཆས་པུ་གཤིས་ཀྱི་གོང་ཆོ་ཚོ་བ་དྲུག་གི་ཡ་གྱལ་ཐང་ག་ཞེས་པའི་གྲོང་ཚོར་རབ་ཚེས་མེ་སྟག་སྤྱི་ལོ་༡༨༦༦ལོར་འཁྲུངས་པ་ཡིན་ཏེ། རྗེ་ཉིད་ཀྱིས་ཀུན་མཁྱེན་སྐུ་ཕྲེང་བཞི་བར་ཕུལ་པའི་འཕྲིན་ཡིག་ལས། ཆུང་གཞོན་ནུར་གྱུར་པ་ལོ་བརྒྱད་སྟེང་།།མགོན་ཁྱོད་ཀྱི་ཞབས་ཟིན་མཐོང་ཆོས་འདིར།།ཆོས་ཉན་པ་དང་བོའི་དགའ་སྟོན་མྱང་།།སྒོས་གངས་རིའི་མགོན་པོ་སྤྱན་རས་གཟིགས།།ལྷ་ཐུགས་རྗེ་ཆེན་པོའི་དབང་བསྐུར་དང་།།གཟུངས་ཡི་གེ་དྲུག་མའི་བཟླས་ལུང་སོགས།།ཕ་འཇིག་རྟེན་མགོན་པོའི་མདུན་ནས་ཐོབ།།ཅེས་གསུངས་པ་ལྟར། ཀུན་མཁྱེན་བཞི་བ་ཆས་པ་གཤོང་དུ་བྱོན་ནས་ཐུགས་རྗེ་ཆེན་པོའི་དབང་སོགས་བསྐུར་པའི་ལོ་ནི་ཆུ་སྤྲེལ་སྤྱི་ལོ་༡༨༧༣ཡིན་པ་ཀུན་མཁྱེན་རང་རྣམ་དུ་གསལ་བས།  འདི་ལོར་དགུང་ལོ་བརྒྱད་ཡིན་ན་མེ་སྟག་སྤྱི་ལོ༡༨༦༦ལོར་འཁྲུངས་དགོས་པས་སོ།།  དེས་ན། དུང་དཀར་ཚིག་མཛོད་དུ་སྤྱི་ལོ་༡༨༧༠ལོར་འཁྲུངས་པར་བཤད་པ་མ་དག་པར་ཤེས་པར་བྱའོ།།

 རྗེ་ཉིད་ཀྱི་ཡབ་ནི་དགེ་སྦྱོར་ལ་ཧུར་བརྩོན་ཆེ་བས་རྒྱུན་དུ་བསྙུངས་གནས་སྲུང་སྐབས་ཉིན་དང་བོ་སྟེ་སྦྱོར་བའི་ཉིན་ཡང་ངག་མི་སྨྲ་བ་ཞིག་ཡིན་ཚུལ་རྗེ་ཉིད་ཀྱིས་གསུང་འདུག་ཅིང་། རྗེ་ཉིད་ཀྱི་འཁྲུངས་གཞིས་ཉེ་འགྲམ་དུ་རི་ཁྲོད་པ་དགེ་སློང་འཇམ་དབྱངས་རྒྱ་མཚོའམ་མཚན་གཞན་དཀོན་མཆོག་བསམ་འགྲུབ་ཅེས་པའི་དགུང་ལོ་བརྒྱ་དང་བཅུ་དྲུག་ལྷག་བཞུགས་ཤིང་བསྙུངས་གནས་ཁྲི་གསུམ་བསྲུངས་པ་དེའི་དྲུང་ནས་རབ་ཏུ་བྱུང་ཞིང་ཡི་གེ་བསླབ་ཅེས་རྗེ་ཉིད་ཀྱི་གསུང་སྒྲོས་ལས་འབྱུང་། བླ་མ་དཀར་བོའི་རྣམ་ཐར་དུ་༡༨༩༤ལོར་མཁན་པོ་དེས་བསྙུངས་གནས་བདུན་སྟོང་ལྷག་བསྲུང་བར་བཤད། དེ་ཉིད་དགུང་ལོ་གོ་དྲུག་པར་རྗེ་འདི་ལ་གཏོར་མ་བརྒྱ་རྩའི་ཕྱག་ཁྲིད་གནང་སྟེ་རྗེ་ཉིད་ལ་ཁྱོད་ཀྱིས་ངའི་ཚབ་ཏུ་བརྒྱ་རྩ་ཐོངས་གསུངས།

ཤིང་བྱ་སྤྱི་ལོ༡༨༧༤ལོར་བཀྲ་ཤིས་འཁྱིལ་དུ་རྗེ་ཤེས་རབ་རྒྱ་མཚོ་ལས་དྲང་ངེས་བཤད་ལུང་གསན་པར་མཛད།ས་གླང་སྤྱི་ལོ༡༨༧༨ལོར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་དངོས་སུ་ཞུགས། བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱི་དྲུང་ཡིག་རྒྱལ་མཚན་བསྟན་པ་ལས་ཐ་སྙད་རིག་པའི་གནས་སྙན་ངག་སོགས་ཞིབ་ཏུ་སྦྱངས་པའི་ཚུལ་ཕ་ཡུལ་ནས་རབ་བྱུང་མཁན་པོ་འཇམ་དབྱངས་རྒྱ་མཚོས་གསན་ནས་ཁྱེད་ཀྱིས་མཚན་ཉིད་ལ་མ་བལྟས་པར་བློ་མང་རི་མགོའི་དར་འདྲ་བ་བྱེད་མི་ཉན་ཞེས་གསུང་འཕྲིན་བསྐུར་པས།  རྗེ་ཉིད་ཀྱིས་རིག་གནས་དཔེ་ཆ་དག་ལ་མཆན་རྟགས་བརྒྱབ་སྟེ་བསྒྲིལ་ཏེ་བཞག་ནས་མཚན་ཉིད་ལ་བལྟས་པས་དེང་སང་དགེ་བཤེས་ཟེར་བ་དེ་ཁོང་གི་བཀའ་དྲིན་ཡིན། གསུང་དེ་མ་ཕེབས་ན་རང་དགར་འདུག་རྒྱུ་རེད་གསུངས།  དེ་ནས་ཅོ་ནེ་དགེ་བཤེས་དགེ་འདུན་དཔལ་བཟང་དང་།  གཞུང་བ་མཐུ་སྟོབས་འོད་ཟེར། དམེ་ཤུལ་ཚུལ་ཁྲིམས་ཚང་སོགས་བསྟེན་ནས་གཞུང་བཀའ་པོཏ་ལ་ཞིབ་ཏུ་སྦྱངས།  མཁྱེན་དཔྱོད་དང་ཐུགས་བརྩོན་གཞན་འགྲན་མ་མཆིས་པས། བསྡུས་གྲྭའི་སྐབས་ནས་བཟུང་སྐབས་བབ་ཀྱི་རྩོད་པ་ཙམ་དུ་མ་ཟད་དབུ་མའི་རྩ་འཇུག་བཞི་གསུམ་ལ་འབད་པས་གསན་སྦྱངས་གནང་བར་གསུངས།  གོང་གི་དགེ་བཤེས་འདི་དག་བསྟེན་ཚུལ་རྗེ་རང་ཉིད་ཀྱིས་དངོས་སུ་གསུངས་འདུག་ཅིང་།  ངག་རྒྱུན་ཞིག་ཏུ་རྗེ་གུང་ཐང་བློ་གྲོས་ཀྱི་དངོས་སློབ་ཡིན་ཚུལ་འབྱུང་ཡང་ཁུངས་མ་མཐོང་། པྲ་ཉེ་མཁན་སྤྲུལ་ངག་དབང་ཐུབ་བསྟན་རྒྱ་མཚོ་ལས་པཎ་ཆེན་ཐུན་དྲུག་གི་ཉམས་ཁྲིད་སོགས་གསན།

 ས་གླང་སྤྱི་ལོ༡༨༨༩ཙམ་ནས་ལོ་བཅུ་གསུམ་གྱི་ཡུན་ལ་སློབ་བུ་དག་ལ་དཔེ་ཁྲིད་རྒྱ་ཆེར་གནང་།

 ཆུ་ཡོས་སྤྱི་ལོ༡༩༠༣ལོ་ཡས་མས་སུ་སྡེ་ཁྲི་སྐུ་ཕྲེང་དྲུག་པ་བསྐལ་བཟང་མཁྱེན་རབ་རྒྱ་མཚོའི་ཡོངས་འཛིན་གནང་སྟེ་མེ་འབྲུག་སྤྱི་ལོ༡༩༡༦ལོའི་བར་བསྐྱངས་གནང་མཛད། གུང་ཐང་དཀོན་མཆོག་བསྟན་པའི་རྒྱ་མཚོ་ལས་འཇམ་དཀར་ལས་ཚོགས་དང་གཏོར་མ་བརྒྱ་རྩ་གསན་པར་ཕ་བོང་ཁ་བའི་གསན་ཡིག་ཏུ་འབྱུང་ཡང་།  གུང་ཐང་སྐུ་ཕྲེང་བཞི་བ་འདི་ཉིད་སྤྱི་ལོ༡༨༥༩ལོར་སྐུ་འདས་པ་ཡིན་ཞིང་། དེའི་དུས་ད་དུང་རྗེ་འདི་ཉིད་འཁྲུངས་མེད་པས།  གུང་ཐང་སྐུ་ཕྲེང་ལྔ་བ་ཡིན་ནམ་དཔྱད།

  ས་གླང་༡༨༨༩ལོར་དབྱངས་ཅན་མའི་བསྙེན་མཚམས་ལ་བཞུགས་ཏེ་འདོད་གསོལ་ཡང་བརྩམས་གནང་མཛད། 

ལྕགས་སྟག་༡༨༩༠ལོར་དཀའ་བཅུ་རབ་འབྱམས་པའི་དམ་བཅའ་བསྟན་པའི་རྒྱན་དུ་ཆེ་བ་བཞག་གནང་བསྐྱངས་ཤིང་། སྒོ་མང་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་ལས། གསང་འདུས་བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ་དང་རྫོགས་རིམ་རིམ་ལྔ་གསལ་སྒྲོན། བདེ་མཆོག་རྒྱུད་འགྲེལ་སྦས་དོན་ཀུན་གསལ་གྱི་བཤད་ལུང་གསན། རྗེ་ཞང་སྟོན་བསྟན་པ་རྒྱ་མཚོ་ལས་སྡེ་དགེ་བ་རྔ་རོང་སྤྲུལ་སྐུ་དང་ལྷན་དུ་སྤྱོད་འཇུག་ཉམས་ཁྲིད་ཉིན་རེར་ཚིགས་བཅད་བཞི་རེ་གསན་ཏེ་ཟླ་བཞི་དང་ཉིན་བཅུ་བདུན་འགོར་གསུངས། རྗེ་ཞང་སྟོན་པའི་རྣམ་ཐར་དུ་དངོས་སློབ་རྣམས་བགྲང་སྐབས། གཞུང་ལུགས་རབ་འབྱམས་སྨྲ་བའི་དབང་བོ་རྒྱུད་པ་སློབ་ཟུར་ཅོ་ནེ་རྡོ་རམས་པ་བློ་བཟང་རྒྱ་མཚོ་ཞེས་ཉིད་ཀྱི་བླ་མ་སྒོ་མང་བློ་བཟང་ཚུལ་ཁྲིམས་རྒྱ་མཚོས་ཀྱང་བསྔགས་བརྗོད་རྒྱ་ཆེར་གནང་ཡོད།  བྲག་དགོན་པའི་དྲུང་ཡིག་རྒྱལ་མཚན་བསྟན་པ་ལས་དབྱངས་ཅན་དགྱེས་གླུ་སོགས་གསན་ཏེ་ཉིད་ཀྱི་དངོས་སློབ་ལྷ་མོའི་ཚུལ་ཁྲིམས་ཚང་དང་། བསེ་ཚང་བློ་བཟང་དཔལ་ལྡན་མཆོག་གི་སྙན་ངག་གི་སློབ་དཔོན་ཙག་ཙག་ཀུན་དགའ་སོགས་ལ་སྤེལ་བས་དེང་སང་གི་བར་དུ་རྒྱུན་མ་ཉམས་པར་ཡོད་ལ། ཚངས་སྲས་བཞད་པའི་སྒྲ་དབྱངས་ལས་འགལ་རྒྱན་དྲུག་པ་སྦྱར་བའི་འགལ་བའི་སྐབས་རྗེ་འདིའི་མཚན་དངོས་སུ་སྨོས་ནས་གསུང་རྒྱུན་བཀོད་ཡོད་ཅིང་།  ལྷ་མོའི་ཚུལ་ཁྲིམས་ཚང་གི་སྙན་ངག་དྲིས་ལན་ལས། བཀའ་པོཏ་གཞུང་བརྒྱའི་མངའ་བདག་བཀའ་དྲིན་མཚུངས་མེད་ཅོ་ནེ་དགེ་བཤེས་རིན་པོ་ཆེ་བློ་བཟང་རྒྱ་མཚོ་ཞེས་ཡོངས་སུ་གྲགས་པ་དེ་ལས་སྔར་དབུས་གཙང་དུ་མ་བྱོན་གོང་དུ་དབྱངས་ཅན་དགྱེས་གླུའི་ལེའུ་གསུམ་དང་དཔེར་བརྗོད་འདི་བཅས་ཞིབ་ཁྲིད་གཟབ་བཤད་དང་བཅས་པ་བཀའ་དྲིན་དུ་སྩལ་པ་བཞིན་ཞེས་གསུངས་འདུག་ཅིང་།  རྒྱུད་སྨད་ཀྱི་ཁྲི་རབས་རེ་གཅིག་པར་བཞུགས་པར་མ་ཟད། ཀྱེ་རྡོར་གྲྭ་ཚང་གི་རྡོ་རྗེ་སློབ་དཔོན་དུ་བཞུགས་ཤིང་། ཕྱི་མའི་སྐབས་སུ་བཤད་སྲོལ་ལ་རྒྱུད་ཚོད་དམའ་བའི་གང་ཟག་རང་ག་བས་ཁྲི་དེ་མི་ནོན་པར་བཤད་མོད།གང་ལྟར་ང་དེ་རིང་ཁྲི་འདིར་བསྡད་པ་ཡིན་ཞེས་མི་འཇིགས་པའི་གདེངས་ཐོབ་པའི་གསུང་གནང་བར་འགའ་ཞིག་གིས་མཐོང་ཆུང་དུ་གོ་ནས་མི་གུས་པ་ཡང་བྱས་སྐད། ཡང་། རྗེ་འདི་ཉིད་ཀྱིས་འཁོར་ཆེན་ནང་མཆོད་སྐབས། སྟོན་རིན་ཆེན་དངོས་གྲུབ་ཟེར་བ་མི་འགྲིག་པས། གཉན་སྟོན་ནམ་ཤངས་སྟོན་ལྟ་བུ་ཞིག་འོང་དགོས་རྒྱུར་འདུག་ཅེས་གསུང་གནང་བ་ཐུགས་དག་སྟེ། རྗེ་རིན་པོ་ཆེའི་གསན་ཡིག་གི་འཁོར་ཆེན་དམར་ལུགས་ཀྱི་བརྒྱུད་རིམ་དུ།  གཤེས་སྟོན་རིན་ཆེན་དངོས་གྲུབ་ཅེས་གསལ་བ་བཞིན་ནོ།། བདེ་མཆོག་གི་ཕོ་བྲང་རྒན་གྱའི་བྲག་དཀར་དུ་གནས་མཇལ་གནང་སྟེ་ཉམས་མགུར་མཛད་ཅིང་། གུང་རུ་མཁའ་འགྲོ་མ་དཀོན་མཆོག་རིག་འཛིན་དཔའ་མོར་ཆོས་འབྲེལ་ཞུས། 

 ལྕགས་ཡོས་སྤྱི་ལོ༡༨༩༡ལོར་བཀྲས་འཁྱིལ་དགེ་འཕེལ་རི་ཁྲོད་དུ་བསྙེན་སྒྲུབ་གནང་སྟེ་ཉམས་མགུར་ངག་མ་སྡོམ་པའི་ཐོལ་གླུ་ཞེས་བྱ་བ་མཛད། 

ཆུ་སྦྲུལ་སྤྱི་ལོ༡༨༩༣ལོར་ཅོ་ནེའི་དབུ་བླ་མངའ་རིས་མཁན་སྤྲུལ་ནམ་མཁའ་རྒྱལ་མཚན་ལ་སྙན་ངག་གི་ཉམས་ཁྲིད་གནང་ཞིང་།  རྗེ་ཞང་སྟོན་བསྟན་པ་རྒྱ་མཚོ་ལས་དབུ་མ་དགོངས་པ་རབ་གསལ་གྱི་རྩལ་བཤད་གསན་ཏེ་བརྗེད་ཐོ་ལེགས་བཤད་རྒྱ་མཚོའི་བཅུད་ཀྱི་ཐིགས་པ་མཛད།

  ཆུ་སྟག་སྤྱི་ལོ༡༩༠༢ལོར་ལྟ་མགུར་བུང་བ་མྱོས་པའི་ཅ་ཅོ་དང་།   རྨི་ལམ་གྱི་དགའ་མས་བསྐུལ་བའི་ཐོལ་གླུ་ཞེས་བྱ་བ་བརྩམས། 

ས་སྤྲེལ་༡༩༠༨ལོའི་ཟླ་༡ཚེས་༨ཉིན་ཁྲི་ཟུར་རབ་བརྟན་རྒྱ་མཚོའི་དགོངས་རྫོགས་ཆེད་དུ་ཀུན་མཁྱེན་བཞི་བར་སྐྱབས་འཇུག་ལུང་རིགས་ཀྱིས་བརྒྱན་པ་ཞུས། ད་དུང་འདི་ལོར་སྡེ་ཁྲིའི་བླ་བྲང་དུ་ལྟ་མགུར་འཁྲུལ་ལབ་རིང་མོ་ཞེས་བྱ་བ་བརྩམས་གནང་མཛད། 

ས་བྱ་སྤྱི་ལོ༡༩༠༩ལོར་ཀུན་མཁྱེན་སྐུ་ཕྲེང་བཞི་བ་བསྐལ་བཟང་ཐུབ་བསྟན་དབང་ཕྱུག་གི་བཀའ་ལུང་བཞིན་འཇམ་བསྟོད་མཛད། 

ཆུ་གླང་སྤྱི་ལོ༡༩༡༣ལོར་ཀུན་མཁྱེན་བཞི་བ་མཆོག་གི་མདུན་ནས་མཁས་དབང་གུང་ཐང་བློ་གྲོས་ཚང་དང་ལྷན་དུ་མགོན་པོའི་དབང་བཞི་ལེན་ཚུལ་ཐུན་མོང་མ་ཡིན་པ་དང་འཇིགས་བྱེད་དམར་བོ་མདའ་འགེངས་ཀྱི་དུག་དབང་གསན་གནང་མཛད།  

མེ་འབྲུག་སྤྱི་ལོ༡༩༡༦ལོར་སྔར་ཀུན་མཁྱེན་མཆོག་གི་བཀའ་ལུང་བཞིན་བསྟོད་པ་ལེགས་བཤད་སྙིང་བོའི་སྤེལ་མར་བསྟོད་པ་མཛད། འདི་ལོར་འཁྲུག་ཟིང་ལ་ཞོལ་ཏེ་ཕ་ཡུལ་དུ་ཕེབས་སྐབས་གཟིགས་ཚུལ་གསུངས་པ་ནི།སྔར་གཞོན་དུས་བསྟི་གནས་མ་ཞང་གཞིས།།གཉེན་ཤ་ཚ་ཅན་རྣམས་འདས་རྗེས་སུ།།མི་འཁྱམས་པོ་ཁྱོ་ཤུག་དག་གིས་བཟུང་།།ད་ཡུལ་གྱི་འབྲེལ་ཐག་རང་ཤུགས་ཆད།།ཡུལ་ཕྱོགས་མེད་རྒྱལ་ཁམས་འགྲིམ་ན་སྙམ།།ཞེས་སོགས་གསུང་མགུར་སྩལ་འདུག་ལ། དེ་ནས་སྐུ་འབུམ་སོགས་ལ་ཕེབས་ཐོན་མཛད་ནས་གནས་མཇལ་དང་རི་ཁྲོད་འགྲིམ་གནང་མཛད་དེ་སླར་གདན་སར་བྱོན། 

ལྕགས་བྱ་སྤྱི་ལོ༡༩༢༡ལོར་ཀུན་མཁྱེན་ལྔ་བར་གསར་དུ་མཇལ་སྐབས།  ཁྱེད་བདེ་མོ་ཡིན་ཨང་།  རླུང་ཁམས་དྭངས་པ་ཡོད་ཨང་།  ཞེས་སྐུ་གོང་མའི་དུས་ལྟར་འཚམས་འདྲི་གནང་བས་ཐུགས་ཡིད་ཆེས།  དུང་དཀར་ཚིག་མཛོད་དུ་སྤྱི་ལོས་བྱ་སྤྱི་ལོ༡༩༠༩ཙམ་ལ་གཙང་དུ་ཕེབས་པར་བཤད་པ་མ་དག་པ་ཡིན་ཚུལ་གོང་གི་དེ་དག་གིས་གསལ་བར་འགྲུབ།

 ལྕགས་བྱ་སྤྱི་ལོ༡༩༢༡ལོར་པཎ་ཆེན་དགུ་བའི་ཐུགས་བཞེད་བཞིན་དུ། ཀུན་མཁྱེན་ལྔ་བ་ཆེན་མོས་གཙང་བཀྲ་ཤིས་ལྷུན་པོར་དགེ་རྒན་དུ་གཏོང་གནང་མཛད་པ་ལྟར་དེར་འབྱོན་པར་བརྩམས་ཏེ་ནག་ཆུའི་མཚོ་མོ་ར་ནས་བཀྲས་ལྷུན་པས་བསུས་ཏེ་ཐད་ཀར་གཙང་ལ་ཆས་སྟབས།  རྗེ་ཉིད་ཀྱི་གསུང་མགུར་ལས།  གྲྭ་རྐྱང་དཀྱུས་མའི་ངང་ཚུལ་བསྐྱངས་པའི་མཐར།། འུ་ལག་ཁྲལ་གྱིས་འགྲོ་རྩིས་དགའ་བ་ལ།། རྒྱལ་དབང་མཆོག་དང་ཇོ་ཤཱཀ་གདན་ས་གསུམ།།རེ་ཞིག་མཇལ་བར་མ་ནུས་སྡུག་པ་ལ།།ཞེས་སོ།། ཕྱག་རོགས་དགེ་བཤེས་རྣམས་ལས་ཁོང་རྒན་ཤོས་ཡིན་པ་རྡོ་སྦིས་དགེ་བཤེས་ཀྱིས་གུང་ཐང་བློ་གྲོས་ཚང་ལ་ཕུལ་བའི་འཕྲིན་ཡིག་ཏུ་གསལ་བས། ངག་རྒྱུན་ཞིག་ཏུ་ཁོང་གཞོན་ཤོས་ཡིན་པས་ལམ་བར་ནས་ཇ་མ་བྱར་བཅུག་པར་བཤད་ཚུལ་སོགས་ནི་མ་དག་པར་ཤེས་པར་བྱའོ།།

དེ་ནས་གཙང་དུ་འབྱོར་ནས་མདོ་སྔགས་རིག་གནས་ཀྱི་ཆོས་འཁོར་མང་དུ་བསྐོར་ཞིང་། པཎ་ཆེན་དགུ་བ་ལས་བླ་མ་ལྔ་བཅུ་བའི་བཤད་ལུང་སོགས་གསན་ཞིང་པཎ་ཆེན་དགུ་བ་ཆེན་མོའི་མཚན་ཞབས་ཀྱི་གོ་གནས་བཞེས།

ཆུ་ཕག་སྤྱི་ལོ༡༩༢༣ལོའི་ཟླ་༡༡ཚེས་༡༥ལ་པཎ་ཆེན་དགུ་བ་མཆོག་སྐུ་འཁོར་བཅས་དབང་མེད་དུ་ཕྱོགས་ཐོན་མཛད་དགོས་བྱུང་།བཀའ་ཤག་ནས་གཞིས་རྫོང་མཁན་ཆུང་བསྟན་པ་བསྐལ་བཟང་སོགས་མངགས་ཏེ་བཀྲས་ལྷུན་དོ་དམ་དང་མཐོ་རིམ་བླ་གྲྭ་རྣམས་ལ་འདྲི་བརྩད་བྱས་སྐབས།རྗེ་ཉིད་ལ།དགེ་བཤེས་ལགས།ཁྱེད་ཀྱིས་པཎ་ཆེན་རིན་པོ་ཆེ་ཕེབས་པ་ཤེས་བྱུང་ངམ་དྲིས་པར།ཤེས་བྱུང་གསུང་།ག་དུས་ཤེས་བྱུང་དྲིས་པར།མདང་ནུབ་ཤེས་བྱུང་གསུང་།དེའི་གོང་ནས་མ་ཤེས་སམ་དྲིས་པར།དེའི་གོང་ནས་ཤེས་ན་ང་ཡང་འགྲོ་གི་རེད་གསུང་།འོ་ན།དེའི་གོང་ཤེས་མཁན་ཡོད་དམ་དྲིས་པར།ཡོད་པ་རེད་གསུང་།སུ་སུ་རེད་དྲིས་པར།ཆིབས་ཞབས་སུ་ཡོད་པ་རྣམས་རེད།ཤེས་པ་རྣམས་སོང་བ་རེད།མ་ཤེས་པ་རྣམས་ལུས་པ་རེད་གསུངས་པས་འདྲི་རྒྱུ་མ་རྙེད་ཚུལ་པཎ་ཆེན་དགུ་བ་ཆེན་མོའི་རྣམ་ཐར་དུ་གསལ།གཙང་དུ་གདུལ་བྱའི་མོས་དབང་བཞིན་དུས་འཁོར་དབང་ཆེན་གཅིག་བུ་ཡང་ཐེངས་གསུམ་ལ་བསྐུར་གནང་མཛད། པཎ་ཆེན་དགུ་བ་མཆོག་གིས་རྗེ་འདི་ཉིད་ལ་གནང་བའི་གསུང་འཕྲིན་ལས།བློ་བཟང་ཐུབ་བསྟན་གངས་ཀྱི་ས་འཛིན་ལས།།ཐོན་པའི་ཟབ་གསང་ལེགས་བཤད་ཉལ་འགྲོའི་རྒྱུན།།ཅིག་ཅར་འབབ་པས་ཐུབ་བསྟན་རྒྱ་མཚོའི་གཏེར།།སྲིད་རྩེར་འཕྱུར་མཁས་བཤེས་གཉེན་གང་དེ་ལ།།ཞེས་དང་།དུག་གསུམ་ཆེར་མྱོས་གདུལ་དཀའ་ལྷས་བྱིན་སོགས།།རྒྱལ་བ་ཡིས་ཀྱང་མགུ་བར་མ་ནུས་པས།།དྲེགས་ལྡན་འགའ་ཡིས་ཀླན་ཀ་འཚོལ་སྲིད་ཀྱང་།།གནོད་ལན་ཕན་པ་སྒྲུབ་པའི་ངང་ཚུལ་སོམས།།ཞེས་དང་།རང་ཉིད་དཎྜིའི་གཞུང་ལ་སྦྱངས་མིན་པས།།ལེགས་བཤད་ཚིག་སྦྱོར་སྡེབ་སྦྱོར་འཁྲུལ་བ་སོགས།།ནོངས་པ་མཆིས་ན་ཉེས་ཚོགས་ལྷན་ཅིག་ཏུ།།བླ་མ་ལྷ་དང་མཁས་དབང་ཁྱོད་དྲུང་བཤགས།།ཞེས་རྗེ་འདི་ཉིད་ལ་གཟིགས་མཐོང་བླ་མེད་གནང་འདུག་ཅིང་།བཀྲས་འཁྱིལ་མཁས་དབང་རྒྱ་ཞབས་དྲུང་བསྐལ་བཟང་དཀོན་མཆོག་རྒྱ་མཚོས་ཀྱང་།ལེགས་པར་བཤད་པའི་གཡུ་རལ་མཁའ་ལ་གསིག།རྩོད་ངག་མཆེ་སྡེར་རྒོལ་ངན་སྙིང་ལ་འདེབས།།དྲི་མེད་སྙན་པའི་ཚིག་གི་ང་རོའི་གདངས།།འཇིགས་མེད་སྨྲ་བའི་སེང་གེ་ཁྱོད་ལས་སུ།།ཞེས་རྗེ་འདི་ཉིད་གཙང་བཀྲས་ལྷུན་དུ་བཞུགས་སྐབས་འཕྲིན་ཡིག་ཕུལ་པ་ལས་འབྱུང་བ་ལྟར་དུས་ཐོག་དེར་མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་ལ་རྗེ་འདི་ཉིད་མདོ་དབུས་གཙང་གསུམ་དུ་འགྲན་ཟླ་མེད་པའི་ཚོད་དུ་བཞུགས་སྣང་།གཞན་དོན་མཛད་པའི་བར་གསེང་དག་ཏུ་རྗེ་བཙུན་མི་ལའི་སྒྲུབ་གནས་ལ་ཕྱི་གངས།གནམ་མཚོ་ཕྱུག་མོ།ཇོ་མོ་བླ་རི།ཟངས་རི།འོལ་ཁ།འཕན་པོ་སོགས་སུ་གནས་མཇལ་དང་སྦྲགས་ཉམས་བཞེས་གནང་སྟེ་གསུང་མགུར་མཛད་ཡོད།

ཤིང་གླང་༡༩༢༥ལོའི་དབྱར་དང་སྟོན།མེ་སྟག་༡༩༢༦ལོའི་དཔྱིད་སོས་ལ་བཀྲ་ཤིས་ལྷུན་པོའི་ཚོགས་མང་ལ་རྣམ་འགྲེལ་མཛུབ་ཁྲིད་གནང་སྟེ་ས་བཅད་གསར་རྩོམ་གནང་།རབ་རྒྱལ་མེ་ཡོས་༡༩༢༧ལོར་དབུས་སུ་བྱོན་ནས་སྐྱབས་རྗེ་ཕ་བོང་ཁ་བ་སོགས་ལ་རིམ་ལྔ་གསལ་སྒྲོན་གྱི་བཤད་ལུང་།གསང་འདུས་དངོས་གྲུབ་རྒྱ་མཚོའི་བཤད་ལུང་སོགས་སྩལ།

 མེ་ཡོས་༡༩༢༧ལོའི་ཟླ་༧ཚེས་༢༨ནས་ལྷ་སར་སྐྱབས་རྗེ་ཕ་བོང་ཁ་བ་མཆོག་དང་།  ཡོངས་འཛིན་གླིང་ཚང་།ཀོང་བོ་ཤར་བ་སྤྲུལ་སྐུ།ཆབ་མདོར་འཆད་ཉན་འཛུགས་མཁན་དགེ་བཤེས་ཆེན་མོ་བྱམས་པ་མཐའ་ཡས་སོགས་ལ་ཀུན་མཁྱེན་འཇམ་དཀར་སྒྲུབ་ཐབས་ཀྱི་ཁྲིད།སྒྲོལ་དཀར་ཚེ་ཁྲིད།ལོ་གྱོན་མ་དང་དབྱངས་ཅན་མའི་ལས་ཚོགས་སོགས་སྩལ། 

མེ་ཡོས་༡༩༢༧ལོའི་ཟླ་༡༠ཚེས་༢༡ནས་རྒྱན་དང་སྡུད་པ་སྦྱར་བའི་བཤད་ལུང་།  དབུ་མ་འཇུག་པའི་བཤད་ལུང་།སྲིད་ཞིའི་མཛེས་སྡུག་མའི་ལུང་བཅས་གནང་།མེ

་ཡོས་༡༩༢༧ལོའི་ཟླ་༡༡ཚེས་༢ནས་དྲང་ངེས་ལེགས་བཤད་སྙིང་བོའི་བཤད་ལུང་།སྤྱོད་འཇུག་བཤད་ཁྲིད། རྟེན་བསྟོད།བླ་མ་ལྔ་བཅུ་བ།སྔགས་ཀྱི་རྩ་ལྟུང་སྦོམ་པོ།སྡོམ་པ་ཉི་ཤུ་བ།ཐུན་དྲུག་གི་ཁྲིད།ཀུན་མཁྱེན་གྲུབ་མཐའ་རྩ་བའི་མཛུབ་ཁྲིད།བླ་མཆོད་ལ་བརྟེན་པའི་འོད་དཔག་མེད་ཀྱི་འཕོ་བ་ཉག་གཅིག་མའི་ཁྲིད། པཎ་ཆེན་བརྒྱ་རྩ།ཀླུའི་བུམ་གཏེར་གྱི་ཕྱག་ཁྲིད། བདེ་མཆོག་རྒྱུད་འགྲེལ་སྦས་དོན་ཀུན་གསལ་ས་བཅད་དང་སྦྲགས་པ་བཅས་སྩལ།རྗེ་ཕ་བོང་ཁ་བས།རྗེ་ཉིད་ལ་འདི་ལྟར་གསོལ་བ་བཏབ་སྟེ།བྱང་ཆུབ་ལམ་རིམ་ཆེན་མོའི་ཟབ་བཤད་དཀའ་གནས་ཀྱི་གནད་ཀུན་འཁྲོལ་བའི་རྒྱས་འགྲེལ་པོ་ཏི་བཞི་ཙམ་ཡོད་པ་ཞིག་བཀའ་རྩོམ་གནང་རྒྱུ་ཐུགས་དགོངས་གཏད་དེ་བླ་མ་རིན་པོ་ཆེའི་སྐུ་ཚེའི་རིང་ལ་ཆུ་བཟང་རི་ཁྲོད་དུ་ལྷོད་བཞུགས་གནང་ན།བཀའ་རྩོམ་གྱི་རིམ་པ་འགང་ཅན་དུ་མ་ཞུ་རྒྱུ་བདོག་པ་སྐུ་གཟིགས་ཀྱི་འཕྲོད་རྟེན་དང་།ཐུགས་བྲེལ་ཆེ་ཆུང་།ཐུགས་དམ་ཉམས་བཞེས་སོགས་ལ་མ་གནོད་པར་ཐུགས་བཞེད་དང་བསྟུན་གྱིན་སྙན་སྒྲོན་རིམ་གྱིས་ཞུས་ཆོག་པར་ཞུ་ཞེས་གསོལ་བར་མ་ཟད།ཆུ་བཟང་རང་དུ་ཅོ་ནེ་བླ་མ་རིན་པོ་ཆེ་འདི་ཉིད་ཀྱི་གཟིམ་ཁང་ཐོག་སོ་ཉིས་བརྩེགས་ཅན་ལ།གཟིམ་ཆུང་།གསོལ་དཔོན་ཁང་།གཉེར་ཚང་།གསོལ་ཐབ།བར་ཁྱམས།ཕྱི་རོལ་ཐོག་ཡངས་སུ་མེ་ཏོག་བུམ་པ་བསྒྲིག་ཡུལ་འགྲམ་སྐྱོར།འོག་ཤོད་རྣམས་སུ་ཐུགས་མཁོའི་ཉེར་སྤྱད་ཅི་རིགས་འཇོག་ཡུལ་ཁང་མིག་འགའ་ཞིག་བཅས་དགོངས་བསྟུན་གྱི་སྒོ་ནས་ལེགས་བཞེངས་ཐོག     གཟིམ་ཆུང་དང་།རྟེན་གསུམ་བཞུགས་ཡུལ།མཆོད་ཆས།བཞུགས་སྒྲོམ།བཟའ་བཅའ་སོགས་ཡོ་བྱད་མ་ཚང་བ་མེད་པ་བྱས་ཏེ།རྗེ་འདི་ཉིད་གདན་འདྲེན་ཞུས་ནས་བརྟན་བཞུགས་དང་འབྲེལ་ཕྱི་ནང་སྣོད་བཅུད་མཐའ་དག་གུས་འབུལ་ཞུས།

ས་འབྲུག་༡༩༢༨ལོའི་ཟླ་༤ཚེས་༡༢ནས་སྔགས་རིམ་ཆེན་མོའི་བཤད་ལུང་།ངན་སོང་སྦྱོང་རྒྱུད་མཆན་དང་བཅས་པ།ཀུན་རིག་རྒྱུད་དོན་གསལ་བ།སྡེ་ཁྲིའི་དུས་འཁོར་བསྐྱེད་རིམ།རྗེ་རང་ཉིད་ཀྱི་གསུང་གི་སྤེལ་མར་བསྟོད་པ།ཞང་སྟོན་པའི་ལྟ་མགུར་གྱི་ལུང་།བཤེས་སྤྲིང་སོགས་སྩལ།རྗེ་རང་ཉིད་ཀྱིས་ཀྱང་ཕ་བོང་ཁ་བའི་མདུན་ནས་བདེ་མཆོག་ལུས་དཀྱིལ་གྱི་དབང་གསན་གནང་མཛད།

ས་འབྲུག་༡༩༢༨ལོར་རྗེ་འདི་ཉིད་སེ་རྭའི་ཆུ་བཟང་རི་ཁྲོད་དུ་བཞུགས་ཡོད་སྐབས།ཡོངས་འཛིན་ཁྲི་བྱང་ཚང་གིས་བཀའ་ཆོས་སྙན་གསན་ཕུལ་འདུག་ཀྱང་ཕྱིས་སུ་བཀའ་ཆོས་གསན་མི་འདུག་ལ།དེའི་རྒྱུ་མཚན་ཁྲི་བྱང་ཚང་གི་རིག་གནས་སློབ་དཔོན་རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ་མཆོག་ཡིན་ལ།རྡོ་སྦིས་དགེ་བཤེས་ཚང་དང་། ཅོ་ནེ་དགེ་བཤེས་འདི་བ་གཉིས་ཐོག་མར་འཕྲིན་ལམ་ནས་འབྲེལ་བ་བཟང་མོད།ཕྱིས་སུ་ཞུ་ཕྲ་ཉི་ཚེ་བ་འདྲ་གསན་ནམ་གང་ལྟར་ཐུགས་སྣང་དེ་ཙམ་མི་ལེགས་པར་སྣང་སྟེ།བཀྲས་ལྷུན་དུ་རྗེ་འདི་ཉིད་དང་གྲོ་ཚང་ཡོན་ཏན་ཚང་དམུ་དགེ་ཐུབ་བསྟན་ཚང་གསུམ་མཐུན་ལམ་དེ་ཙམ་མ་བྱུང་བའི་ལེ་ཁག་ཀྱང་རྡོ་སྦིས་དགེ་བཤེས་ཚང་གིས་ཅོ་ནེ་དགེ་བཤེས་འདི་ཉིད་ལ་དཀྲིས་ཡོད་པ་ཤིང་བྱི༡༩༢༤ལོར་གུང་ཐང་བློ་གྲོས་ཚང་ལ་ཞུ་ཡིག་ཕུལ་པ་སོགས་ལས་གསལ་བ་དང་།ཕྱིས་སུ་རྗེ་འདི་ཉིད་ནོར་གླིང་དུ་ཞི་བར་གཤེགས་སྐབས་སུ་རྡོ་སྦིས་དགེ་བཤེས་ཚང་ལ་མང་ཚོགས་ཁྲོད་ནས་གླེང་ཕྱོགས་བྱུང་ཚུལ་སོགས་ཀྱང་སྣང་།ཡོངས་འཛིན་གླིང་རིན་པོ་ཆེར་པྲ་ཏིའི་སུམ་རྟགས་བཀའ་ཁྲིད་གནང་སྟེ་ན་སྒྲ་དེ་ཉིད་ལ་འཇུག་ཚུལ་ཐད།མཛོད་ལས།བསམ་གཏན་དང་བོ་ན་ཐམས་ཅད།།ཅེས་དྲངས་ཏེ་རྩལ་བཤད་གནང་།ལོ་རྒྱུས་སྨྲ་བ་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་གཅེན་པོ་ལྷ་སྨོན་ཡེ་ཤེས་ཚུལ་ཁྲིམས་༡༩༡༣ ༡༩༧༧ཞེས་པ་པཎ་ཆེན་དགུ་བའི་ནང་སྒང་གི་ཛ་སག་དང་།མགྲོན་གཉེར།དྲུང་ཡིག་ཆེན་མོ་སོགས་གནང་མྱོང་བའི་མཁས་དབང་དེ་ཉིད་ཀྱང་རྗེ་འདི་ཉིད་ཀྱི་གསུང་སྐྱེས་སློབ་བུ་ཡིན་ཚུལ་བཀྲས་འཁྱིལ་རྒྱ་ཞབས་དྲུང་གི་ཆབ་ཤོག་ཏུ་གསལ།ས་སྦྲུལ༡༩༢༩ལོར་རྗེ་ཉིད་སེ་རྭའི་ཆུ་བཟང་རི་ཁྲོད་དུ་བཞུགས་ཡོད་སྐབས་སུ།རྒྱལ་དབང་བཅུ་གསུམ་པ་མཆོག་གིས།ཅོ་ནེ་དགེ་བཤེས་བྱ་བ་ཆུ་བཟང་དུ་ཡོད་འདུག་པ་ཁྱེད་མཁས་པ་ཡིན་ན་ས་ཆ་ཁུག་ཀྱོག་ཏུ་བསྡད་པས་མི་འཐུས་པར་ནོར་གླིང་དུ་འཕྲལ་ཕེབས་ཀྱིས་བཀའ་འགྱུར་དཀར་ཆག་རྩོམ་པ་བྱ་དགོས་ཞེས་པའི་བཀའ་ལུང་གནང་བས་འཕྲལ་དུ་ནོར་གླིང་དུ་བྱོན་ནས་གཏན་བཞུགས་གནང་།དཀར་ཆག་གི་དབུ་ནས་ཤོག་དྲིལ་ཆེ་བ་བཞི་ཙམ་བརྩམས་གྲུབ་ནས་གོང་ས་མཆོག་ལ་གཟིགས་འབུལ་ཞུས།རྗེ་ཉིད་སྐུ་ཚེ་སྨད་ལ་སྙན་དབང་དེ་ཙམ་མི་གསལ་བར་བརྟེན།རྒྱལ་དབང་མཆོག་དང་བཀའ་མོལ་གནང་སྐབས་སྐུ་ངལ་བྱུང་བའི་གནས་ཚུལ་ཡང་གསལ་ལ། ལོ་མཇུག་ཏུ་བསྙུན་རོ་ལྡང་སྟེ་སྐུ་བསྙུང་བའི་ཚུལ་བསྟན་ཅིང་ཁོང་འདས་རྗེས་ཀྱི་བྱ་བ་རྣམས་༧གོང་ས་བཅུ་གསུམ་པར་ཞུས་ཞེས་ཤན་ཁ་བ་དང་ཉེ་གནས་བསྟན་པ་སོགས་ལ་ཞལ་ཆེམས་གནང་།

ལྕགས་རྟ༡༩༣༠ལོའི་ཟླ་དང་བོའི་ཚེས་གཅིག་གི་ཐོ་རངས་དུས་ལ་ཆོས་སྣམ་བནབ་ནས་སེང་གེའི་ཉལ་སྟབས་སུ་བཞུགས་ནས་བསམ་བཞིན་དུ་སྐུ་གཤེགས་ཤིང་། དངོས་སློབ་ཕ་བོང་ཁ་བས་མྱུར་འབྱོན་གསོལ་འདེབས་དྲང་སྲོང་བདེན་པའི་དབྱངས་ཀྱི་མཐུན་འགྱུར་ཞེས་པ་མཛད་ཡོད།སྐུའི་ཉེ་གནས་བྲ་ཏི་ཆོས་མཛད་བསྟན་པ་རྒྱ་མཚོ་བྱ་བ་ཞིག་དང་། དངུལ་ཆུ་བློ་བཟང་ཆོས་འཕེལ་བྱ་བ་གཉིས་ཡིན་འདུག་ལ།ཕྱི་མ་འདི་ཕྱིས་སུ་སྐུ་འབུམ་སོགས་སུ་བྱོན་ནས་གསུང་ཆོས་མང་དུ་གནང་མཁན་དངུལ་ཆུ་བླ་མ་རིན་པོ་ཆེ་བློ་བཟང་ཆོས་འཕེལ་བྱ་བ་དེ་ཡིན་མིན་དཔྱད། སྐུ་གདུང་ཞུགས་འབུལ་སོགས་རྒྱལ་བའི་བཀའ་ལྟར་རྗེ་ཕ་བོང་བས་འགན་བཞེས་ཤིང་། སྐུ་རུས་སོགས་ཆ་ཚང་༧གོང་ས་བཅུ་གསུམ་པའི་སྐུ་ཚབ་ཀྱིས་ནོར་གླིང་དུ་གདན་ཞུ་གནང་སྟེ་ཕོ་བྲང་པོ་ཏ་ལར་རྗེ་འདི་ཉིད་ཀྱི་སྐུ་བརྙན་དང་སྐུ་གདུང་མཆོད་རྟེན་བཞེངས་གནང་ཡོད་པ་ད་ལྟར་མཇལ་དུ་ཡོད་པས། སྐབས་དེའི་ཡུལ་དབུས་ཉི་མ་ལྷ་སའི་མཐོ་དམན་སྐྱ་སེར་མང་བོའི་སེམས་སུ་ཁོང་གི་ཆོས་སྲིད་ཀྱི་གོ་གནས་གང་འདྲར་བརྩི་བཞིན་ཡོད་པ་ཡང་ཤུགས་ཀྱིས་རྟོགས་འོང་ལ། སྐུ་རུས་ཀྱི་ཆ་ཤས་ཤིག་སྦྱིན་བདག་བཤད་སྒྲ་འོག་པ་ཤན་ཁ་བར་སྩོལ་རས་སུ་སྩལ་བ་བཞིན་ཁོས་ཀྱང་སྐུ་གདུང་མཆོད་རྟེན་ཐོག་སོ་གསུམ་པ་ཅན་བཞེངས་སྐད།

འདིར་ནི་ཁུངས་དག་པའི་དཔྱད་གཞི་རྐྱང་བ་གཞི་ལ་བཞག་སྟེ་བསྒྲིགས་པ་ལས། ཁོང་དང་འབྲེལ་ཡོད་ཀྱི་དག་ལ་མ་དག་པའི་ངག་རྒྱུན་མཐོང་ཚད་དང་ཐོས་ཚད་བྲིས་ན་རྣམ་པར་དག་པའི་ཆ་ལ་ཡང་ཡིད་མི་ཆེས་པ་ཞིག་འོང་སྣང་བས་དེ་འདྲ་བ་འདིར་བཀོད་མེད་དོ།། 

གསུང་རྩོམ་ད་ལྟ་བཞུགས་པ་དག་གི་མཚན་བྱང་ནི།ལེགས་པར་བཤད་པའི་སྙིང་བོ་བརྩམས་ཏེ་སྤེལ་མར་བསྟོད་པ་དགོངས་དོན་ཟད་མེད་ནམ་མཁའ་མཛོད་ཀྱི་སྒོ་འཕར་རྒྱ་ཆེར་ཕྱེ་བ་རྫོགས་ལྡན་སྤྲིན་གྱི་སྒྲ་དབྱངས་ཞེས་བྱ་བ་དང་།  ཟབ་དོན་དབྱངས་སུ་གྱེར་བ་བུང་བ་འཕྲོ་འདུའི་གླུ་དབྱངས།  ཟབ་མོ་རྟེན་ཅིང་འབྲེལ་བར་འབྱུང་བའི་ཚུལ་ལ་བག་ཆགས་འཇོག་ཕྱིར་མདོ་དོན་ཅུང་ཞིག་དཔྱད་སྐབས་གང་ཤར་དབྱངས་སུ་བསྡེབས་པ་བུང་བ་མྱོས་པའི་ཅ་ཅོ།ལྟ་མགུར་ཉམས་དང་འགྱུར་བ་སྟོང་གི་ཏམྦུ་རའི་རྒྱུད་ཀྱི་སྙེམས་འཆང་།ཐོལ་གླུ་རང་བཞིན་སྟོང་བའི་སྒེག་མོར་མཛའ་བ་སྡེབ་པའི་ཕོ་ཉ།ལྟ་མགུར་དྲང་བོའི་གཏམ་གྱི་ཚངས་ཐིག    ལྟ་སྒོམ་སྤྱོད་འབྲས་ཀྱི་མགུར་མ།རྨི་ལམ་གྱི་དགའ་མས་བསྐུལ་བའི་ཐོལ་གླུ།བེེཌཱར་རྒྱུད་མང་བཞད་པའི་གླུ་ཡི་རམ་འདེགས།ཤུགས་འབྱུང་དབྱངས་སུ་ཟློས་པ་འཁྲུལ་ལབ་རིང་མོ།བརྗེད་ཐོ་ལེགས་བཤད་རྒྱ་མཚོའི་བཅུད་ཀྱི་ཐིགས་པ།བསྟན་པའི་སྙིང་བོ་དབུ་མའི་གཞུང་ལ་ཐོས་བསམ་ཕུལ་ཕྱིན་ཡོང་རེས་བླ་མ་ལྷ་སྲུང་ལ་ཀ་ཕྲེང་གི་སྒོ་ནས་འཕྲིན་བཅོལ་དང་ཡིད་ཀྱི་དམ་བཅའ་ཤུགས་དྲག་བགྱིས་པའི་རི་མོ།ལྟ་མགུར་བྲག་ཅའི་གླུ་དབྱངས།ལྟ་མགུར་ཡིད་ལ་བརྣག་པའི་དོན་ངག་ནས་ཐལ་བ་རི་མོར་འཕོས་པ།ཆོས་ཕུང་ཀུན་གྱི་སྙིང་བོ་མཐའ་བྲལ་དབུ་མའི་རང་ཞལ་མངོན་དུ་འགྱུར་བར་སྨོན་པའི་གླུ་དབྱངས་དབྱངས་ཀྱི་རྒྱལ་མོ་རྣམ་པར་རྩེན་པའི་གྲེ་འགྱུར་ཞེས་བྱ་བ།གཞི་ལམ་འབྲས་གསུམ་ལས་བརྩམས་པའི་ཐོལ་གླུ།སྲིད་པའི་རིམས་ནད་གཞིལ་བྱེད་གཡས་འཁྱིལ་དཀར་བོ་དུང་གི་རང་སྒྲ།རགས་ཕྲ་ལྟ་བའི་ཐེམ་སྐས་ལས་མཐའ་བྲལ་དབུ་མའི་ཁང་བཟང་དུ་བགྲོད་པའི་ཐབས་འཁོར་ལོ་གསུམ་གྱི་བཞེད་དགོངས་འཇམ་མགོན་ཐུགས་བཅུད་བདུད་རྩིའི་སྙིང་བོ།གཅིག་དུ་བྲལ་གྱི་རིགས་པའི་སྒོ་ནས་ཟབ་དོན་ཡིད་ལ་བྱེད་ཚུལ་དབྱར་དུས་ཐོག་མའི་འབྲུག་སྒྲ།ཕྱག་ཆེན་ལས་བརྩམས་པའི་དྲི་ལན་རྨོངས་པའི་དྲ་བ་གཅོད་པའི་རལ་གྲིའི་འཕྲུལ་འཁོར།སྣ་ཚོགས་རི་མོ་བཀྲ་བའི་མཐོང་སྣང་གི་རྐྱེན་གྱིས་བསྐུལ་ཏེ་སེམས་ཀྱི་རང་ཞལ་མཐོང་བར་སྨོན་པའི་གླུ་དབྱངས།སྣང་སྟོང་མཛའ་གཅུགས་གྲོགས་སུ་འཐམས་པའི་ངང་ཚུལ་དཔེ་ཡི་སྒོ་ནས་མཚོན་པའི་བྲག་ཅའི་གླུ་དབྱངས།མདོ་དོན་དབྱངས་སུ་གྱེར་བ་མཐར་འཛིན་གདུང་སེལ་ཟླ་བ་ཞུན་མའི་ཐིགས་པ།ཟབ་མོ་དབུ་མའི་གཞུང་ལམ་འགྲིམ་པར་སྨོན་པའི་གླུ་དབྱངས་མཐར་འཛིན་མུན་སེལ་ཉི་འོད་འཛུམ་པའི་འཁྲི་ཤིང་།ལྟ་སྒོམ་སྤྱོད་འབྲས་ལས་བརྩམས་པའི་གླུ་དབྱངས་བསླབ་གསུམ་འབྲས་བཅས་རྒྱན་གྱི་མེ་ཏོག།  བསྟན་པ་ཐམས་ཅད་གྲུ་བཞི་ལམ་དུ་འཁྱེར་བའི་གནད་དོན་ཡོངས་སུ་རྫོགས་པ་ལས་བརྩམས་པའི་བསླབ་བྱ་སྒྲ་དོན་རྒྱན་གྱི་ལང་ཚོ། ཟབ་དོན་དབྱངས་སུ་གྱེར་བ་མཐར་འཛིན་གདུང་སེལ། མདོ་སྔགས་ཀྱི་བསྟན་པའི་ཡིད་ལ་ཤར་སྒོམ་བྱེད་ཚུལ་ཐར་བ་མཆོག་གི་ཕོ་བྲང་དུ་བགྲོད་པའི་ཐེམ་སྐས། མདོ་སྔགས་ཀྱི་བསྟན་པའི་སྙིང་བོ་ཡང་སྙིང་དང་བཅས་པ་ཉམས་སུ་བསྟར་བར་སྨོན་པའི་སེམས་ཀྱི་ཀུ་མུ་ཏ་ཁ་ཕྱེ་བའི་ཟླ་བའི་འོད་ཀྱི་འཁྲི་ཤིང་། མཐར་ལྟའི་གཡང་དུ་གོམ་འགྲོས་འཁྱོར་བའི་མི་བསྲུན་ཡིད་ཀྱི་གླང་བོ་དབུ་མའི་གཞུང་ལམ་དུ་བཀོལ་ན་སྙམ་པའི་འཆར་སྒོ་དྲི་ཟའི་རྒྱུད་དུ་བཀུག་པའི་རང་སྒྲ། རང་ཉིད་དགེ་བར་བསྐུལ་བའི་གཏམ་ཚོགས་མགུར་མ་འགའ་ཞིག་ཕྱོགས་སུ་བཀོད་པ་གསལ་དྭངས་སེམས་ཀྱི་རང་མདངས་སྣ་ཚོགས་བཀྲ་བའི་ཟློས་གར་ཞེས་བྱ་བའི་ནང་དུ་ཚན་པ་མང་བོ་བཞུགས་ཀྱང་རེ་རེ་ནས་བགྲང་མེད། དབྱངས་ཅན་མའི་བསྟོད་ཚོགས། འཇམ་པའི་དབྱངས་ཀྱི་བསྟོད་ཚོགས། སྒྲོལ་མ་དཀར་ལྗང་གི་བསྟོད་ཚོགས། ཁྱུང་ཁྲའི་བསྟོད་པ། སྤྱན་རས་གཟིགས་ཀྱི་བསྟོད་པ། རྡོ་རྗེ་རྣལ་འབྱོར་མའི་བསྟོད་པ། རིག་བྱེད་མའི་བསྟོད་པ་སོགས་ལ་ནང་ཚན་མང་བོ་ཡོད་ཀྱང་རེ་རེ་ནས་བགྲང་མེད། སྲིད་དོན་རྒྱལ་རབས་སུ། ཅོ་ནེ་བློ་བཟང་རྒྱ་མཚོས་མཛད་པ་ལྷ་སའི་བཀའ་འགྱུར་དཀར་ཆག་ལེགས་བཤད་འཕྲུལ་གྱི་ལྡེ་མིག་ཅེས་བགྲང་འདུག་པ་ཆ་ཚང་ཡིན་མིན་ཇི་ལྟར་ཡང་དབུ་རྗེ་འདིས་བཙུགས་པ་ཕ་བོང་ཁ་བའི་རྣམ་ཐར་དུ་གསལ་བ་ལྟར་དང་། རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་བསྡུས་དོན་རིགས་པའི་གཏེར་གྱི་ཁ་བྱང་ཞེས་བྱ་བ་སོགས་པོད་ཆུང་གཅིག་བཞུགས་པ་ཚིག་དོན་གཉིས་ཆར་ནས་མདོ་སྔགས་རིག་གནས་འུབས་སུ་ཆུད་པའི་ངར་དབྱངས་དང་བསྡེབས་ཏེ་ཐོས་དོན་རྒྱུད་ལ་སྦྱར་བའི་དྲན་སྐུལ་དང་ཕྱི་ནང་སྣོད་བཅུད་ཀྱི་སྣང་བ་འདི་དག་ལ་ཟབ་མོ་དབུ་མའི་ལྟ་བས་རྒྱས་ཐེབས་པའི་རྩོམ་གཤིས་ཤིག་ངང་གིས་གྲུབ་འདུག་གོ།

སྨྲས་པ།མདོ་སྔགས་རིག་བྱེད་གཞུང་ལ་ཕུ་ཐག་བཅད།།ཐོས་དོན་བསམ་སྒོམ་འཆད་རྩོད་རྩོམ་གསུམ་གྱིས།།དོན་གཉིས་སྒྲུབ་པའི་ཅོ་ནེ་པཎྜི་ཏ།།བློ་བཟང་རྒྱ་མཚོའི་དཔལ་དེ་རྗེས་སུ་དྲན།།

ཞེས་ཅོ་ནེ་དགེ་བཤེས་ཆེན་མོ་བློ་བཟང་རྒྱ་མཚོའི་སྤྲིན་གཙུག་ལག་ཆོས་ཀྱི་འདོད་འཇོའམ། སྨྲ་བའི་སེང་གེ་ཚངས་སྲས་བཞད་པ་རྡོ་རྗེ་གྲགས་སྙན་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་དཔལ་བཟང་བོའི་རྣམ་ཐར་ཉུང་གསལ་འདི་ནི། རྒན་གྱའི་དཀོན་མཆོག་རྒྱ་མཚོས་དུང་དཀར་ཚིག་མཛོད་དུ་རྗེ་འདིའི་རྣམ་ཐར་ལོ་ཚིགས་དག་ནོར་ཡོད་པ་མཐོང་བས་མ་དག་རྒྱུན་འབྱམས་སུ་འགྲོ་བར་དོགས་ནས། རྗེ་ཉིད་ཀྱི་གསུང་འབུམ་དང་། ཀུན་མཁྱེན་བཞི་བའི་རང་རྣམ། ཞང་སྟོན་བསྟན་པ་རྒྱ་མཚོའི་རྣམ་ཐར། པཎ་ཆེན་དགུ་བ་ཆེན་མོའི་རྣམ་ཐར། རྒྱ་ཞབས་དྲུང་ཚང་གི་གསུང་འབུམ། ལྷ་མོའི་ཚུལ་ཁྲིམས་ཚང་གི་གསུང་རྩོམ། ཡོངས་འཛིན་གླིང་རིན་པོ་ཆེའི་རྣམ་ཐར། ཁྲི་བྱང་རྣམ་ཐར། ཕ་བོང་ཁ་བའི་གསུང་འབུམ་དང་རྣམ་ཐར། ཀུན་མཁྱེན་ལྔ་བའི་རྣམ་ཐར། སྡེ་ཁྲིའི་རྣམ་ཐར། བླ་མ་དཀར་བོའི་རྣམ་ཐར་སོགས་ལས་རྗེ་འདི་དང་འབྲེལ་ཡོད་རྣམས་ཞིབ་བསྡུར་ནན་ཏན་བྱས་ཏེ་དག་པར་གཏན་ལ་ཕབ་པ་དེར། ཕྱིས་སུ་མཐོང་ཐོས་འགས་ཟུར་ཅུང་ཟད་བརྒྱན་ཏེ།རྗེ་ཉིད་༡༩༣༠ལོར་སྐུ་འདས་ནས་བགྲང་བྱ་༩༡ལོན་པ་བོད་རབ་གནས་ལྕགས་བྱི་་༢༠༢༠ལོའི་བོད་ཟླ་བརྒྱད་པའི་ཡར་ཚེས་ལ་རྒན་གྱའི་བྲག་དཀར་དུ་བྲིས་སོ།།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།