ཨོཾ་འཁྱིལ་བ་འཇམ་དབྱངས་ལེགས་བཤད་རྒྱ་མཚོའི་རྣམ་ཐར་མདོར་བསྡུས།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2020-08-31 23:15:33     རྩོམ་པ་པོ།   མི་གསལ།    ཀློག་ཐེངས།  

རྗེ་ཨོཾ་འཁྱིལ་བ་འཇམ་དབྱངས་ལེགས་བཤད་རྒྱ་མཚོ་དབྱངས་ཅན་བཞད་པའི་རྡོ་རྗེ་ནི་མདོ་སྨད་བཀྲ་ཤིས་འཁྱིལ་དང་ཁད་ཉེ་བའི་ཨོཾ་འཁྱིལ་ཞེས་པའི་སར་རབ་བྱུང་བཅོ་ལྔ་བའི་ལྕགས་སྦྲུལ༡༨༨༡ལཔར་སྐུ་འཁྲུངས།

ཆུང་དུས་ནས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དུས་འཁོར་གྲྭ་ཚང་དུ་ཞུགས།ཚོགས་ཞུགས་ཀྱི་ཉིན་སྔ་མར་དུས་འཁོར་ཁྲི་བའི་མཚན་ལམ་དུ་དཔལ་ལྡན་ལྷ་མོ་དངོས་སུ་བྱོན་ཏེ་བྱིས་པ་འདི་ཁྱེད་ལ་གཏད་པ་ཡིན་སོགས་གསུངས་པ་ཞིག་རྨིས།ཕྱི་ཉིན་ངོ་སྟོན་དུ་ཁྲིད་ཡོང་ཚེ་ཁྲི་བས་འཇམ་དབྱངས་གང་བློ་མ་ཚར་གཅིག་གསུངས་པར་ཁོང་གིས་དེ་མ་ཐག་ཚིག་འབྲུ་གཅིག་ཀྱང་ཆད་ལྷག་མེད་པར་ཐུགས་ཐོག་ནས་ཤར་ཤར་སྐྱོར་བས་རྣམ་དཔྱོད་ལ་ངོ་མཚར་བར་གྱུར།དེ་ནས་དགེ་བཤེས་ས་དམར་ཆོས་གྲགས་ཚང་གི་གཙོས་མཁས་དབང་དུ་མ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན།

ལྟ་སྐྱ་གོས་ཧྲུལ་དང་བག་ཡོད་ཚུལ་མཐུན་གྱིས་ཉིན་མཚན་དབྱེར་མེད་དུ་ཐོས་བསམ་རྡོ་རུས་ཐུག་པ་གནང་བས་མདོ་རྒྱུད་གཙུག་ལག་རབ་འབྱམས་ལ་མཁས་པའི་གོ་འཕང་བརྙེས།ཁྱད་པར་དུ་སྒྲ་ཀ་ཙན་དབྱངས་གསུམ།བ་ཎི་བ་བཅས་ལ་མཁྱེན་དཔྱོད་ཉི་མ་འབར་བ་ལྟ་བུར་གྱུར།

ཀུན་མཁྱེན་དྲུག་པའི་ཡོངས་འཛིན་རྗེ་དཀོན་མཆོག་བསམ་འགྲུབ།ལྷོ་བྲག་སྐུ་གོང་མ།མཁས་དབང་དམུ་དགེ་བསམ་གཏན།རྩིས་རམས་པ་བསམ་གྲུབ་རྒྱ་མཚོ་སོགས་ལ་དཔེ་ཁྲིད་ཞིབ་རྒྱས་སུ་གནང་།དབྱངས་ཅན་སྒྲ་ཊཱིཀ་གཅིག་པུ་ཚར་བརྒྱད་ཅུ་གྱ་ལྔ་ཙམ་ལ་བསྩལ་བས་ཕྱག་དཔེ་ཡང་མི་དགོས་པར་རྩ་འགྲེལ་གཉིས་ཀྱི་ཚིག་དོན་མ་ལུས་ཐུག་ཐོག་ནས་ཆགས་ཐོགས་མེད་པར་འཆད།

རྗེས་སུ་ལྷ་སར་ཕེབས་དུས་གོང་ས་བཅུ་གསུམ་ཆེན་པོས་ཀྱང་རྗེ་འདི་ཉིད་དགེ་རྒན་དུ་བཀུར་ཏེ་སྒྲ་ཆ་ཚང་གི་ཁྲིད་ཞུས།

ཁམས་སྡེ་དགེའི་མཁས་པ་འགའ་ལ་སྒྲའི་སྐོར་གྱི་རྩོད་ལན་ངོ་མཚར་བ་མང་བོ་གནང་བས་མཁས་པའི་སྙན་གྲགས་ལྷག་པར་རྒྱས།

གསུང་རྩོམ་ཤིན་ཏུ་མང་ཡང་དུས་འགྱུར་སྐབས་བོར་བརླགས་སུ་ཕྱིན།བརྡ་སྤྲོད་མདོའི་རི་མོ་བསྒྲུབ་ཚུལ་དང་འཕགས་བོད་ཤན་སྦྱར།ཤེས་བྱའི་མཁའ་ཡངས་མ་ལེགས་སྦྱར་སྐད་དུ་བསྒྱུར་བ་སོགས་ད་ལྟ་པོད་གཅིག་ལྷག་བཞུགས།

阿纳藏文平台ལས་བཤུས།

བརྒྱུད་འགོད།