ཁྲ་དགེ་སློང་ཚུལ་ཁྲིམས་དར་རྒྱས་ཀྱི་མཛད་རྣམ་ཆ་ཙམ་གླེང་བ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2020-08-31 23:12:56         ཀློག་ཐེངས།  

དེ་ཡང་དགེ་སློང་ཚུལ་ཁྲིམས་དར་རྒྱས་ཞེས་ཡོངས་སུ་གྲགས་པའི་མཁས་པ་ཆེན་པོ་དེ་ཉིད་ཀྱི་རྣམ་པར་ཐར་བ་ཆ་ཙམ་གླེང་བར་བྱ་བ་ལ་དང་པོ་སྐུ་འཁྲུངས་ཚུལ་དང་སྐུ་ན་ཕྲ་མོའི་སྐབས་དང་། གཉིས་པ་བཤེས་གཉེན་བསྟེན་ཏེ་ཐོས་བསམ་བྱས་ཚུལ། གསུམ་པ་བསྟན་འགྲོ་ལ་ཕན་པའི་མཛད་པ་གནང་ཚུལ། བཞི་བ་འཕྲོས་དོན་འགའ་ཞིག་དང་བཅས་པ་ལས་དང་པོ་ལ། དམ་པ་འདིའི་ཡབ་ནི་ཆེན་པོ་ཧོར་གྱི་བློན་རྒྱུད་ཡིན་ཏེ། ཆོས་རྒྱལ་ཀུ་ཤྲི་བསྟན་འཛིན་ལ་འབྱུང་བར་རང་དབང་ཐོབ་པའི་བློན་ཆེན་བཞི་ཡོད་པར་གྲགས་པའི་ཡ་གྱལ་ཞིག་གི་རྒྱུད་པ་མགོ་ལོག་ཏུ་ཆད་པ་སོག་སྐད་དུ་པ་ཏུར་དུ་འབོད་པའི་རིགས་ལས་མཆེད་པ་དཔའ་རྩལ་འགྲན་ཟླ་བྲལ་བ་ཤར་འོད་ཨ་བོ་ཁ་ཤོ་དང་། ཡུམ་ཁྲ་བཟའ་མ་གཉིས་ཀྱི་སྲས་སུ་བོད་རབ་ཚེས་མེ་སྟག༡༨༦༦ལོར་སྐུ་བལྟམས། སྐྱེས་མ་ཐག་ནས་གནས་ཆུང་རྒྱལ་པོ་སྐུ་ལྔ་བྲན་བཞིན་འཁོར་བས་ཆོ་འཕྲུལ་སྣ་ཚོགས་སྐྱེ་བོ་ཀུན་ལ་མཐུན་སྣང་དུ་ཡོད་ལ། གྲོང་མི་གཞན་འགའ་རེས་ཁྱིམ་རྒྱུད་དེར་དོགས་པ་བྱས་ཚུལ་སོགས་ཀིརྟི་བློ་བཟང་འཕྲིན་ལས་ཀྱི་རྣམ་ཐར་ནའང་གསལ་ཞིང་། ངག་སྒྲོས་སུ་ཡང་ཡོད། གཞན་ཡང་གནས་པད་མ་རི་མཐོའི་བྲག་གཡང་ལ་བྱ་རྒོད་ལྟར་འགྲོ་བ་སོགས་མི་ཕལ་བ་དག་དང་ཡེ་མི་འདྲ་བའི་ངོ་མཚར་ཀུན་ནས་རྫོགས་ལ། དགུང་གྲངས་བདུན་པ་ཙམ་ནས་ལེགས་ཚོགས་ཀྱི་སྒོ་བརྒྱ་འབྱེད་པའི་མཐུན་རྐྱེན་ལྷུན་གྱིས་གྲུབ།

 གཉིས་པ་བཤེས་གཉེན་བསྟེན་ཅིང་ཐོས་བསམ་ལྷུར་བཞེས་ཚུལ་ནི། ཁོང་གི་མ་ཡུམ་ཁྲ་བཟའ་མའི་ཁྱིམ་རྒྱུད་ལ་ཕོ་སྐྱེས་ཚད་ལ་བྱད་ལྟེམས་ཀྱི་གནོད་པ་ཞིག་ཡོད་པར་གྲགས་པས་དམ་པ་འདི་ཉིད་ལའང་དགུང་གྲངས་བདུན་བརྒྱད་ཙམ་ནས་ཁམས་མི་བདེ་བ་ཞིག་འོང་། ཡབ་ཡུམ་ནས་སེམས་ཁྲལ་བྱས་ཏེ་བུ་འདི་ཁྱིམ་ནག་ཏུ་མི་འཇོག་པར་གྲྭ་བ་བྱས་ན་ཚེ་ལ་བར་ཆད་མི་འོང་བར་དགོངས་ནས་ཤར་འོད་ཆོས་མཛད་རིན་པོ་ཆེ་མཚན་གྲགས་པ་བཟང་པོར་ཞུ་བའི་རྭ་རྒྱའི་དགེ་བཤེས་ཤིག་གནས་པད་མ་རི་མཐོའི་ཉེ་འདབས་སུ་བཞུགས་པའི་དྲུང་དུ་བསྐྱལ། 

 དེ་ཡང་བཤེས་གཉེན་ཆེན་པོ་འདི་ནི་ཡི་དམ་རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་བ་ལས་བཞིར་དབང་འབྱོར་ཞིང་། དམ་ཅན་ཆོས་ཀྱི་རྒྱལ་པོ་ལ་བརྟེན་ནས་དྲག་པོ་མངོན་སྤྱོད་ཀྱི་ལས་ཐོགས་མེད་དུ་གྲུབ་ལ། དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་ལུགས་ཀྱི་བཞེད་སྲོལ་འཛིན་པ་མདོ་སྔགས་རིག་གནས་དང་བཅས་པས་ཐུགས་རྒྱུད་ཡོངས་སུ་ཁེངས་པ་དང་། ཁྱད་པར་ཚང་ལ་མ་ནོར་བའི་ལམ་བཟང་གདུལ་བྱའི་ཁམས་སུ་སྟོན་པ་ལ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་བ་ཆེན་པོར་ཅོ་འདྲི་བའི་སྐྱེས་བུ་ཆེན་པོ་ཞིག་ཡིན་ལ། དགེ་སློང་ཚང་གི་ཡབ་དང་རུས་རྒྱུད་གཅིག་པའི་ཉེ་འབྲེལ་ཡང་ཡིན་པས་ཡབ་ཤར་འོད་ཨ་བོ་ནས་ཡིད་ཆེས་ཀྱི་ཁུངས་དུ་མ་དང་བཅས་འདི་ང་རང་གི་བུ་གཅིག་པུ་ཡིན་པ་ལ་དེ་རིང་ནས་ཁྱེད་ལ་ཕྱག་གཡོག་ཞབས་ཕྱི་ཅི་འོང་ཞིག་ལ་ཕུལ་བ་ཡིན་སོགས་ཞུས་པས། བླ་མས་ཀྱང་ཐུགས་ཤིན་ཏུ་དགྱེས་ཚུལ་གནང་། 

 དེ་ནས་བླ་མ་སྐུ་དངོས་ནས་ཀློག་སློབ་པ་ནས་བཟུང་མདོ་སྔགས་རིག་གནས་དང་བཅས་པ་ཞིབ་ཁྲིད་གནང་ཞིང་། དགེ་སློང་ཚང་ཡང་སྐུ་ཆུང་ངུའི་དུས་ནས་གཤིས་རྒྱུད་བཟང་ཞིང་རྣམ་དཔྱོད་བཀྲ་བ་སོགས་ཐོག་མ་ནས་ཐེག་པ་མཆོག་གི་རིགས་སད་པའི་རྟགས་མཚན་མངོན་དུ་གྱུར། དེ་ཡང་འཕགས་པ་རྟག་ཏུ་ངུས་ཆོས་འཕགས་དང་། རྗེ་མི་ལས་མར་བ། འབྲོམ་སྟོན་པས་རྗེ་དི་བཾ་ཀཱ་ར་བསྟེན་པ་ལྟར་བཤེས་གཉེན་ཚུལ་བཞིན་ལེགས་པར་བརྟེན་ཅིང་། ཞབས་ཏོག་ཀྱང་དཔེ་མེད་མཛད། རིམ་གྱིས་སུམ་རྟགས་དག་གསུམ་དང་། སྒྲ་སྙན་ངག རྩིས་ས་རིས། གཞན་ཡང་ལྷ་རིས་སོགས་བསླབས་ཤིང་སྦྱང་བ་མཐར་སོན་པས་གཞི་བཏིངས་ཏེ་དབུ་ཕར་འདུལ་མཛོད་སོགས་གཞུང་ཆེན་དག་ལ་མཁས་པའི་ཚད་དུ་འཇོག་པར་སྦྱངས། ཐོག་མར་སྐུ་དྲུང་དུ་བསླེབས་པ་ནས་རབ་ཏུ་བྱུང་སྟེ་མཚན་ཚུལ་ཁྲིམས་དར་རྒྱས་སུ་གསོལ། བདེ་གསང་འཇིགས་གསུམ་གྱི་དབང་དང་། ཐུབ་པ་དམ་ཚིག་གསུམ་བཀོད་སོགས་རྒྱུད་སྡེ་བཞིའི་དབང་རྗེས་གནང་གི་རིམ་པ་མ་ལུས་པ་ཕལ་ཆེར་ཆིག་བརྒྱུད་ཀྱི་ཚུལ་དུ་གནང་། སོ་ཐར་དང་བྱང་སེམས་ཀྱི་སྡོམ་པ་དང་། སྔགས་ཀྱི་དམ་ཚིག་རྣམས་དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་ཕྱག་བཞེས་ལྟར་ཚུལ་བཞིན་དུ་སྲུང་ཚུལ་དང་། རྒྱུད་སྡེ་དག་གི་བསྐྱེད་རྫོགས་དང་བསྙེན་ཁྲིད། བསྙེན་པ་གཏོང་ཚུལ་གྱི་ཕྱག་བཞེས་སོགས་དང་། གཞན་ཡང་གཏོར་མའི་རིམ་པ། ས་ཆོག རྒྱུད་ཀྱི་རྟ་དབྱངས་སོགས་ཡོངས་རྫོགས་ཐུགས་སུ་ཆུད་པར་མཛད། ཡར་ངོས་མར་ངོས་ཀྱི་ཚེས་བཅུའི་ཚོགས་མཆོད་དང་། ཐུན་དྲུག་བླ་མའི་རྣལ་འབྱོར། དམ་བཅའ་ཅན་གྱི་ཡི་དམ་དུ་མའི་བསྙེན་པ་སོགས་བཟླས་བརྗོད་ཀྱང་བློ་ལས་འདས་པ་ཞིག་མཛད། ལམ་རིམ་ཆེན་མོ་ཐུགས་ཐོག་ནས་རྒྱུན་པར་སྐྱོར་བ་སོགས་གཞུང་དུ་མ་ཐུགས་འཛིན་གནང་ཡོད་ཀྱང་ཚུལ་དེ་སུ་ལའང་མི་གསུང་སྟེ། སྦས་པའི་རྣལ་འབྱོར་བ་ཞེས་པ་ལོས་ཡིན་སྙམ་པ་ཞིག་གནང་། སྒྲ་དང་སྙན་ངག་སློབ་སྐབས་སུ་འཕགས་མ་མཚོ་བྱུང་ལྷ་མོས་རྗེས་སུ་བཟུང་ཚུལ་སོགས་སྒྲོ་མ་བཏགས་པའི་བརྗོད་བྱ་ངོ་མཚར་བ་ཤིན་ཏུ་མང་ཡང་ཡི་གེ་མང་དོགས་པས་རེ་ཞིག་འདིར་མ་བཀོད་དོ། །

 གསུམ་པ་བསྟན་འགྲོར་ཕན་པའི་མཛད་པ་མཐའ་ཡས་པ་ལས་འགའ་ཞིག་བརྗོད་པ་ནི། གོང་སྨྲས་ལྟར་ཆོས་མཛད་རྡོ་རྗེ་འཆང་གི་དྲུང་ནས་བཤེས་གཉེན་བསྟེན་ཚུལ་ནས་མི་སློབ་པའི་ཟུང་འཇུག་གི་བར་གསན་བསམ་མཐར་ཕྱིན། འཆད་རྩོད་རྩོམ་གསུམ་སྟེ་མཁས་པའི་བྱ་བ་རྣམ་གསུམ་ལ་དབང་འབྱོར། སོར་བྱང་སྔགས་གསུམ་གྱི་ཚུལ་ཁྲིམས་ཀྱིས་ཐུགས་རྒྱུད་ཕྱུག་པ་ནས་ཕྱིན་དྲུག་བསྡུ་བཞིའི་སྒོ་ནས་གདུལ་བྱ་འདུལ་བའི་ནུས་པ་ཡོངས་སུ་བརྟས་པའི་ཚུལ་གནང་ཟིན་པ་ན། ཆོས་མཛད་རྡོ་རྗེ་འཆང་གི་ཞལ་ནས་ད་ནི་ངས་གང་ཤེས་ཀྱི་གདམས་ངག་རྣམས་ལྷག་ལུས་མེད་པར་ཚུལ་ཁྲིམས་དར་རྒྱས་ཁྱོད་ལ་འཕྲོད་ཟིན་པས། ང་ཡང་བློ་བདེ། ཁྱོད་ཀྱང་ཡིད་ཚིམ་པ་ཡིན་པས་མི་རྒན་ངའི་བྱ་བ་མཐར་ཕྱིན་པ་ཡིན་གསུངས་ནས་ཞིང་གཞན་ལ་དགོངས་པ་གཏད་པའི་ཚུལ་མཛད་པ་ན་དགེ་སློང་ཚང་ལ་ཐུགས་སྐྱོ་ཚད་མེད་པ་འཁྲུངས། འོན་ཀྱང་བྱ་ཐབས་གཞན་མ་བྱུང་བས་སྙིང་རུས་བསྐྱེད་དེ་བླ་མ་རིན་པོ་ཆེ་ཁྱེད་མི་བཞུགས་ན་ང་རང་ཕ་ཡུལ་སྤངས་ཏེ་སེ་འབྲས་ལྟ་བུ་གདན་ས་ཆེན་པོ་རེར་འགྲོའམ། ཡང་ན་རྭ་རྒྱ་དང་བླ་བྲང་བཀྲ་ཤིས་འཁྱིལ་ལྟ་བུར་འགྲོ་བ་སོགས་ཇི་ལྟར་བྱས་ན་ལེགས་ཞུས་པས། ད་ཁྱོད་བློ་སྣ་མ་མང་བར་རང་རེའི་ཡོན་བདག་ཨ་བློའི་འགོ་བ་ཚང་ལ་བརྟེན་ནས་བསྡད་ན་བཟང་། ཁྱོད་ཀྱི་གདུལ་བྱ་ཡུལ་འདི་ན་ཡོད། ང་ལ་ཡི་དམ་གྱིས་ལུང་བསྟན་པའི་ཉམས་སྣང་ལ་ཁྱེད་དཔལ་འཁོར་ལོ་སྡོམ་པའི་བཀའ་བབ་ཡིན་སྣང་བས། ཡི་དམ་གཙོ་བོ་བདེ་མཆོག་དང་། གཞན་དོན་རྡོ་རྗེ་རྣལ་འབྱོར་མའི་སྒོ་ནས་བྱས་ན་ལེགས་ཚུལ་སོགས་གསུངས་ཤིང་། གཞན་ཡང་ཁྱེད་ཀྱིས་ངའི་བླ་མའི་གདམས་པ་འདི་ཟབ་ཅེས་གཞན་ལ་སྒྲོག་མི་དགོས། ཁྱོད་ལ་མི་རིང་བར་དོན་ཡོད་རྡོ་རྗེའི་མཚན་ཅན་གྱི་སློབ་མ་བཞི་འདུས་ནས་འཕྲིན་ལས་ཀྱི་སྒོ་འཕར་ཡངས་པོར་ཕྱེ་ཞིང་། སྙན་པ་ལྷས་བསྒྲགས་ཏེ་བསྟན་འགྲོའི་དོན་རྒྱ་ཆེན་པོ་འབྱུང་ཞེས་སོགས་ལུང་བསྟན། ང་ཤི་ན་ངའི་ཤུལ་འདིར་དགེ་ལྡན་སྒྲུབ་བརྒྱུད་ཀྱི་བསྟན་པའི་རྒྱལ་མཚན་མཐོན་པོ་ཞིག་བསྒྲེངས་ཡོད་པ་ཁྱོད་ཡིན་པས་ཡུལ་འདི་མ་འདོར་ཅིག རྗེ་མི་ལ་བཞད་པའི་རྡོ་རྗེའི་ཞལ་ནས། ཡུལ་མི་རྩིས་ཆུང་བའི་རང་ཡུལ་དེར། །འཕྲལ་གཡེང་བ་མེད་པའི་དགེ་སྦྱོར་ཡོད། །ཅེས་དང་། ཟས་དཀོར་ཟས་མེད་པའི་རང་ཟས་ལ། །བདེ་བ་ལྷ་ཡི་ཕ་ཕབས་ཡོད། །གྲིབ་མེད་ལྷ་ཡི་གཞལ་ཡས་ན། །རང་དོན་འགྲུབ་པའི་ལྟད་མོ་ཡོད། །ངོ་ལྐོག་མེད་པའི་ལྷ་ཆོས་ལ། །དམ་ཚིག་གཙང་མའི་འཕྲིན་ལས་ཡོད། །བཀའ་བཞིན་སྒྲུབ་པའི་སོ་ནམ་ལ། །དངོས་གྲུབ་ཀུན་གྱི་གཏེར་ཁ་ཡོད། །ཅེས་གསུངས་པས། ངས་བཤད་པ་ལྟར་གྱིས་དང་མི་འཆུགས་སོགས་གསུངས། དེ་ནས་ཆེར་མ་འགྱངས་པར་ཆོས་མཛད་རིན་པོ་ཆེ་གཟུགས་སྐུའི་བཀོད་པ་བསྡུས། གདུང་རྫོགས་ཀྱི་བྱ་བ་རྣམས་གྲུབ་པ་ནས་བླ་མ་དྲན་དྲགས་ཏེ་ཐུགས་མ་བདེ་བར་སྡེ་མཐར་འཁྱམས་ནས་ངེས་མེད་དུ་གནས་པ་ལ་གྲོང་དགེ་བན་རྒན་ཞིག་གིས་ནག་རྩིས་ཤིག་བཤད་པ་ཐུགས་བཞེས་གནང་བ་ལས་ཐུགས་སྐྱོ་བསང་།

 སྐབས་དེར་ཨ་བློའི་འགོ་བ་བསླེབས་ནས་ཆོས་མཛད་རིན་པོ་ཆེ་ཞལ་བཞུགས་སྐབས་རང་གཉིས་སྤུན་བསྒྲིགས་པ་ཡིན། ད་ཁྱོད་ལ་ཡུལ་བ་ང་ལས་མེད་པས་ངེད་ཚང་ལ་བཅར་ན་ལེགས། ཆོས་མཛད་རྡོ་རྗེ་འཆང་གིས་ཀྱང་ཞལ་བཀོད་གནང་བ་དེ་ལྟར་ཡིན་ལ། ང་ལ་ཨ་མཆོད་ཅིག་ཀྱང་དགོས། བསྐལ་བཟང་བརྒྱ་འདོན་ཞིག་དལ་མོར་གསུང་ན་ཆོག ཁྱིམ་ནག་ཏུ་མི་བཞུགས་ན་སྦྲ་ཆུང་འདི་ཕུབ་ནས་དེར་བཞུགས་པས་ཆོག ཞབས་ཕྱི་གང་ལེགས་ངེད་ནས་བསྒྲུབ་ངེས་ཡིན་ཞེས་སྨྲས་པས། དེ་བླ་མའི་ཞལ་བཀོད་དང་མཐུན་ཕྱིར་ཐུགས་ལ་ཤིན་ཏུ་འཕྲོད་དེ་ཞལ་བཞེས་གནང་། དེ་ནས་བསྐལ་བཟང་ཚར་ལྔ་བཅུ་ཙམ་གསུང་ཟིན་སྐབས་ཀྱི་ཉིན་ཞིག་ལ་ཨ་བློའི་འགོ་བ་ནས་སྦྲ་ནག་གྲུ་བཞི་ཅུང་ཆེ་བ་ཞིག་ཕུབ། ནང་དུ་མཆོད་སྟེགས་སྤུས་ལེགས་དང་། ཡོན་ཆབ་ཀྱི་འཐེབ་ཚེ་བརྒྱ། མཆོད་རྐོང་དུ་མ། ཚེ་འབར། བུམ་པ་ཆ་གཅིག ནང་མཆོད་སོགས་ཆ་ཚང་། སྐུ་གསུང་ཐུགས་རྟེན་གཞན་དང་། གཟིམ་མལ་མདུན་ཅོག་སོགས་བཀོད་སྒྲིག་ལེགས་པོར་བྱས་ནས། དགེ་སློང་ཚང་ལ་ཁྱེད་ཀྱི་སྦྲ་ཆུང་འདི་ཧ་ཅང་ཆུང་ཐལ་དྲགས། དེ་རིང་ནས་འདིར་བཞུགས། བསྐལ་བཟང་གསུང་ན་ཆོག་ལ་མ་གསུང་ནའང་ཆོག ངེད་རང་གཉིས་ལས་སྨོན་གྱིས་འབྲེལ་བའི་སྤུན་ཡིན་པས་དེ་ལུགས་ཀྱིས་ཐུགས་ལྷོད་པོར་བཞུགས་དགོས། མདོར་ན་ཆོས་མཛད་རྡོ་རྗེ་འཆང་གི་གསུང་བཀོད་ལྟར་རྒད་པོ་ང་མ་ཤི་བར་དུ་ཁྱེད་འདིར་བཞུགས་དགོས་སོགས་ཞུས་ནས་བཞུགས་སུ་གསོལ་ཞིང་མཆོད་པ་དང་མར་མེ་གྲངས་མེད་ཕུལ་བ་སོགས་ཞབས་ཕྱི་ལེགས་པར་བགྱིས། 

 དུས་དེ་ནས་བཟུང་ལྕགས་མོ་མགོ་ལོག་གི་ཡུལ་ན་དགེ་ལྡན་སྙན་བརྒྱུད་ཀྱི་གདམས་པས་ཐུགས་རྒྱུད་གང་ལ། མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་འགྲན་ཟླ་བྲལ་བ། འབྲེལ་ཚད་དག་པ་མཁའ་སྤྱོད་དམ་དགའ་ལྡན་ཡིད་དགའ་ཆོས་འཛིན་གྱི་ཞིང་དུ་འདྲེན་པ་ཞིག་ཡོད་ཅེས་གྲགས་སྙན་གྱི་བ་དན་དཀར་པོ་སྲིད་པ་གསུམ་གྱི་ཁྱོན་མ་གཡོ་ཞིང་། མདོ་དབུས་གཙང་གསུམ་གྱི་ཐ་གྲུ་ཀུན་ནས་གྲོལ་བ་དོན་གཉེར་གྱི་སྐལ་ལྡན་དུ་མ་དབྱར་དུས་ཀྱི་སྤྲིན་བཞིན་ཉིད་ཀྱི་དྲུང་དུ་འདུ་འགོད་ཀྱི་ཡོ་ལང་ཟད་མི་ཤེས་པར་གྱུར་ཏོ། །

 དེ་ཡང་གཙོ་བོ་བླ་མས་ལུང་བསྟན་ལྟར་གྱི་སློབ་ཆེན་བཞི་སྟེ། ཨ་མདོ་དགེ་བཤེས་འཇམ་དཔལ་རོལ་བའི་བློ་གྲོས། རྭ་རྒྱའི་ཨ་ལགས་མ་ཁྱེ་སྤྲུལ་བའི་སྐུ། སྐུ་ཞབས་སེར་ཤུལ་མཆོག་སྤྲུལ། རེབ་གོང་སྔགས་འཆང་ཀརྨ་རང་གྲོལ་ཏེ་གསང་མཚན་དོན་ཡོད་རྡོ་རྗེར་འབོད་པ་བཞི་རིམ་བཞིན་ཕེབས་ཏེ། རྒྱུད་སྡེ་མང་པོའི་དབང་ལུང་དང་། ཁྱད་པར་བདེ་མཆོག་ཡབ་ཀའི་དབང་ལུང་བསྐྱེད་རྫོགས་སོགས་ཞུས། དེ་ནས་རིམ་བཞིན་ཡུལ་གྲུ་དུ་མ་ནས་སློབ་ཚོགས་འདུས་པ་གྲངས་མང་ལ། ཕལ་ཆེར་གྱིས་རྡོ་རྗེ་རྣལ་འབྱོར་མའི་བྱིན་རླབས་དང་། ཆོས་མཛད་རྡོ་རྗེ་འཆང་གིས་མཛད་པའི་མཁའ་སྤྱོད་མའི་བསྐྱེད་རྫོགས་ནོད། ཆོས་མཛད་རིན་པོ་ཆེས་མཛད་པའི་ནཱ་རོ་མཁའ་སྤྱོད་མའི་ཆོ་ག་ནོར་བུའི་བང་མཛོད་ཅེས་པ་རྒྱུན་ཁྱེར་དུ་ཉམས་སུ་ལེན་མཁན་མང་བས་ས་ཁྱབ་རྡོ་ཁྱབ་ཏུ་སོང་། དམ་པ་འདིས་བཀའ་ཆོས་གང་གནང་ནའང་ཐོག་མར་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ཞིག་རྒྱས་བསྡུས་ཅི་རིགས་ཀྱི་སྒོ་ནས་གསུང་ལ། གཙོ་བོ་བཤེས་གཉེན་བསྟེན་ཚུལ་ནན་ཆེར་གསུངས། ཁོང་གིས་རང་གི་ཐུགས་རྒྱུད་ཀྱི་ཡོན་ཏན་ཤིན་ཏུ་སྦ་ནའང་ང་ལ་ཡོན་ཏན་ཅུང་ཟད་རེ་ཡོད་པ་དང་ཆེ་དགུས་བཀུར་བསྟི་བྱེད་པ། རྣམ་དཀར་གི་ལས་གང་འདོད་འགྲུབ་པ་སོགས་ལེགས་ཚོགས་ཐམས་ཅད་འདི་ཆོས་མཛད་རྡོ་རྗེ་འཆང་བསྟེན་ཚུལ་ལེགས་པས་ཡིན་ཞེས་སྨྲས་ཁ་ཚོད་ཅུང་མཐོ་སོང་ནའང་ཞབས་ཕྱི་བསྙུན་གཡོག་དང་། གསོལ་ཇ་ཚ་བོ་ཞིག་བསྐོལ་བའི་འབྲས་བུ་ཡིན་པ་ཐག་ཆོད་གསུངས། 

 བར་སྐབས་ཤིག་ནས་ཨ་བློ་ཚང་གི་ཁྱིམ་མི་དང་བཅས་དབུས་གཙང་གི་གདན་ས་ཆེན་པོ་བཞི་དང་བསམ་ཡས་སོགས་སུ་གནས་མཇལ་ལ་ཕེབས་ཤིང་གནས་ཆེན་ཁག་ཞིབ་པར་མཇལ། བསམ་ཡས་དཀོར་མཛོད་གླིང་དང་། གནས་ཆུང་སྒྲ་དབྱངས་གླིང་། ལྷ་ལྡན་གཙུག་ལག་ཁང་གི་བར་ཁང་རྣམས་ནས་གནས་ཆུང་ཆོས་སྐྱོང་ལ་སྙན་ཤལ་དང་གསེར་སྐྱེམས་ཕུལ་བ་ན་ལྷ་སྲུང་དགྱེས་པའི་རྟགས་མཚན་སྣ་ཚོགས་བྱུང་བ་སོགས་མང་ཡང་འདིར་མ་བཀོད། 

 རབ་རྒྱལ་མེ་བྱི་ལོའི་དབྱར་དུས་སུ་པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཆོས་ཀྱི་ཉི་མ་དབུས་སུ་ཕེབས་ལམ་ནས་མགོ་ལོག་བརྒྱུད་དེ་བྱོན། དེར་གཟིམ་གུར་ནང་དུ་མཇལ་ཁ་ཞུས་ཏེ་མཇལ་བ་ན་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་ནས་དགྱེས་ཉམས་ཚད་མེད་གནང་ཞིང་། ཁྱད་པར་ཅན་གྱི་བཀའ་སློབ་མང་དུ་གནང་བ་དང་སྦྲེལ་ཕན་ཚུན་བླ་སློབ་སྦྲག་མར་གྱུར། རིན་པོ་ཆེ་ཉིད་ཕེབས་ཁར་ཨ་སྐྱོང་མགོན་ལྷ་སོགས་ཆིབ་སྐྱེལ་དུ་སོང་བ་ན་པཎ་ཆེན་ཉིད་ཀྱི་ཞལ་ནས་ཁྱེད་ཅག་གི་ས་ཆ་བསོད་ནམས་རེ་ཆེ། ཁྲ་དགེ་སློང་དང་འཛམ་ཐང་བ་ཚོགས་གཉིས་རྒྱ་མཚོ་ལྟ་བུ་ནི་ཞལ་མཇལ་བ་ཙམ་བྱུང་ནའང་སྐལ་ལྡན་རེད་ཅེས་གསུང་སྟེ་བསྔགས་བརྗོད་ཀྱི་མེ་ཏོག་མང་དུ་འཐོར། སྐབས་འདི་དག་ཏུ་དཔལ་ལྡན་ས་སྐྱ་བ་དང་རི་བོ་དགེ་ལྡན་པའི་ལྕགས་རི་ལས་མི་འདའ་བའི་ཟབ་ཆོས་ཐམས་ཅད་ཀྱི་བདག་པོ་ལྟ་བུར་གྱུར་ཅིང་། ཞལ་གཟིགས་ལུང་བསྟན་སོགས་མཐའ་ཡས་པར་སྣང་ངོ་། །

 དེ་ནས་རབ་རྒྱལ་མེ་གླང་༡༩༣༧ལོར་པཎ་ཆེན་ཐམས་ཅད་མཁྱེན་པ་སྒ་སྐྱེ་དགུ་བརྒྱུད་དེ་ལྷ་སར་ཕེབས་ལམ་ནས་ཞིང་བརྗེས་པའི་གཏམ་གསན་པ་ན་འོ་ད་ང་ཡང་འདུག་ཁོམ་མེད་གསུང་སྟེ་ཐུགས་སྐྱོ་ཚད་མེད་མཛད། གཙང་རྒྱ་སྤྲུལ་སོགས་སློབ་མ་མང་པོར་མཁའ་སྤྱོད་མའི་བསྐྱེད་རྫོགས་འཁྲིད་བཞིན་པའི་སྐབས་ལ་ཁེལ་བས་ད་ནི་འཆི་བ་ཆོས་སྐུ་ལམ་འཁྱེར་གྱི་ཐད་དུ་ཁྲིད་མཚམས་འཇོག་དགོས། བླ་རྒན་དེ་རིང་བྲེལ་ལངས་ནས་ཡོད། ཁྱེད་ཅག་གི་ཁྲིད་འདིའི་མཇུག་རྒྱ་ཏོག་དགེ་ལོ་ཟེར་བ་དེར་ཞུས་ནས་འཕུད་ཆོག་སོགས་གསུངས། དེའི་ས་སྲོད་ཙམ་ན་ཨ་བློའི་འགོ་བ་ཚང་གི་གཡོག་མོ་བུ་མོ་ཆུང་ངུ་ཞིག་ཡོད་པས་གསོལ་ཇ་དྲངས་པ་ན། ད་ཁྱོད་ཀྱིས་ངའི་ཕོར་བའི་ནང་འདིར་འོ་མ་ཞིག་ཁྱེར་ཤོག་གསུངས། འོ་མ་དྲངས་པས་ད་བཟང་སོང་། ཁྱོད་དྲན་རྒྱུ་མ་མང་བར་འདི་ཀར་སྡོད། ངས་མཆོག་གསུམ་ལ་སྐྱབས་འཇུག་ཞུས་ཡོད་པས་ཚེ་གང་བོར་མི་གཡོག་མི་དགོས། ཁྱོད་ཀྱིས་ང་ལ་ཇ་དྲངས་ཤིང་། འཐེབ་འཕྱིད་རོགས་བྱས། གླེགས་རས་མང་པོ་བཟོས་པས་ཚོགས་རྒྱ་ཆེན་པོ་བསགས་ཡོད། ནངས་པར་ཁྱེད་ཅག་འུར་རེ་ལངས་ན་སམ་ཊའི་ངོར་ངས་ཡི་གེ་ཞིག་བྲིས་ཡོད་པས་དེ་ཁྱོད་ཀྱིས་སྣོག་ཏུ་འཇུག་མི་རུང་བས་མ་བརྗེད་གསུངས། ཕྱིའི་ནངས་པར་གསོལ་ཇ་དྲངས་མཁན་ནས་ཨ་ཁུ་དགེ་སློང་ཞེས་ལན་དུ་མར་བོས་ཀྱང་གསུང་མ་བྱོན་པ་ན་ད་གཟོད་ཞིང་བརྗེས་ཟིན་པ་ཤེས། དེ་ཡང་གཞོགས་གཡས་པ་ས་ལ་ཕབ་སྟེ་ཕྱག་གཡས་འགྲན་པར་བརྟེན་ཅིང་། གཡོན་པས་ནང་མཆོད་ཀྱི་ཀ་པ་ལ་དཀུར་བརྟེན། སྟེང་དུ་ཆོས་སྣམ་བྲེས་སྟབས་ཀྱིས་འཕང་། གཟིམ་གོས་རྣམས་ཅུང་མར་ལ་དེད་ནས་བཞུགས་ཡོད་སྐད། གཟིམ་སྔས་ན་སམ་ཊར་ཡི་གེ་ཞིག་བྲིས་ནས་བཞག་ཡོད་པར་འདི་ལྟར་འཁོད་དེ། མི་བཟད་སྙིགས་མའི་དུས་འདིར་མ་ཁྱོད་ཀྱི། །བྱིན་རླབས་དབྱར་མཚོ་ལྟར་འཕེལ་གྲགས་སྙན་ལ། །སེམས་ཅན་རེ་ལྟོས་འཆའ་ཞིང་གསོལ་འདེབས་ན། །མཁའ་འགྲོའི་གྲལ་མཇུག་ཟིན་པའི་སྐལ་བཟང་སྩོལ། །ཅེས་འདའ་ཁའི་ཞལ་ཆེམས་ཀྱི་ཚུལ་དུ་གསུང་གི་ཐ་མར་མཛད་འདུག དེ་ལྟར་སློབ་མ་ཡོན་བདག་ལྷ་འབངས་དང་བཅས་པ་ཐམས་ཅད་མྱ་ངན་གྱི་གནས་སུ་རེ་ཞིག་བཀོད་ལ། དཀར་ཕྱོགས་སྐྱོང་བའི་ཡུལ་ལྷ་རྣམས་ཀྱང་མྱ་ངན་གྱིས་ནོན་པར་འདུག་ཅེས་དབུ་བསུ་སྐུ་རྟེན་གྱིས་གསུངས་པར་གྲགས་སོ། །

རྫ་ཤུལ་བློ་བཟང་རྒྱ་མཚོས་ཁྲ་དགེ་སློང་ཚུལ་ཁྲིམས་དར་རྒྱས་ཀྱི་གསུང་རྩོམ་གཅེས་བསྒྲིགས་ལས་བཤུས་བཀོད། 

玛曲雅尔淮འཕྲིན་སྟེགས་ལས་བཤུས།

བརྒྱུད་འགོད།