ཚ་ཁོ་བ་མཁན་ཆེན་ངག་དབང་གྲགས་པའི་མཛད་རྣམ་མདོར་བསྡུས།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2020-06-23 22:14:12     རྩོམ་པ་པོ།   དགེ་བཤེས་ལྷ་རམས་པ་འཇམ་དཔལ་བློ་    ཀློག་ཐེངས།  

གཉིས་པ་གདམས་ཡུལ་ཚ་ཁོ་དབོན་པོ་མཁན་ཆེན་ངག་དབང་གྲགས་པའི་མཛད་རྣམ་མདོར་བསྡུས་ནི།རྗེ་ཚ་ཁོ་དབོན་པོ་མཁན་ཆེན་ངག་དབང་གྲགས་པ་མཆོག་ནི། དེང་སྐབས་འབར་ཁམས་ནས་བཙན་ལྷ་རྫོང་དུ་འགྲོ་བའི་ལམ་དུ་སྤྱི་ལེ་༥༠ཙམ་ཞིག་སོང་མཚམས་སུ་ཡོད་པའི་ཤར་རྒྱལ་མོ་རོང་གི་སོ་མང་རྒྱལ་པོའི་མངའ་ཁོངས་བཙན་ལྷའི་སུམ་མདོའི་ཁུ་འཇོ་སྡེ་བ་ཞེས་པ་དེར་རབ་བྱུང་དྲུག་པ་སྤྱི་ལོ་༡༣༦༠ཡས་མས་ཤིག་ལ་སྐུ་འཁྲུངས། རྗེ་འདི་ཕ་ཡུལ་རྒྱལ་རོང་གི་ཕྱོགས་ཀྱི་དཔོན་པོ་ཞིག་གི་བུ་ཡིན་པས་དཔོན་པོ་ཞེས་པ་དང་།མི་གྲགས་ཀྱི་སྤུན་ཆུང་དང་བརྒྱུད་པ་ཡིན་པས་དབོན་པོ་ཞེས་བཏགས་སམ་སྙམ་ཞིང་། རྗེ་ཡབ་སྲས་ཀྱི་སྐུ་དུས་ནས་ཚ་ཁོ་དཔོན་པོ་ཞེས་པའམ་དབོན་པོ་ཞེས་དང་།རྗེ་ཡབ་སྲས་ཀྱི་སྐབས་དེ་ཚོར་དགེ་ལྡན་པའི་མཁས་པའི་ནང་དུ་མཁན་ཆེན་དང་མཁན་པོ་ཞེས་སོགས་ཀྱི་མིང་སྦྱར་བ་ཉུང་ཙམ་དུ་སྣང་ཡང་།ཚ་ཁོ་བ་འདི་ལ་མཁན་ཆེན་ཞེས་འདོགས་ཀྱིན་ཡོད་པ་རྗེའི་རྣམ་ཐར་དད་པའི་འཇུག་ངོགས་སུ་གསལ་ཡང་རྒྱུ་མཚན་གང་ཡིན་མ་རྙེད།དེ་ནས་རྗེ་འདི་ཉིད་དབུས་སུ་ནམ་ཞིག་ལ་ཕེབས་པའི་དུས་ཚེས་གསལ་བོར་མ་མཐོང་ཞིང་། དབུས་སུ་ཕེབས་ནས་རྗེ་རིན་པོ་ཆེའི་མདུན་ནས་རབ་ཏུ་བྱུང་ཞེས་ལོ་རྒྱུས་འགའ་ཞིག་ལ་སྣང་།སྤྱིར་རབ་བྱུང་དྲུག་པའི་མེ་འབྲུག་ལོ་སྟེ་སྤྱི་ལོ་༡༣༧༦ ལོ་ནས་རྗེ་བླ་མས་ཆོས་འཁོར་ཐོག་མར་གནང་ཞེས་བཤད་རྒྱུན་ལ་ཡོད་པ་དང་།རྗེ་བླ་མ་དགུང་ལོ་༢༥ བཞེས་པ་སྤྱི་ལོ་༡༣༨༡ ལོར་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་པའི་རྗེས་ཙམ་ཞིག་ནས་རྗེ་རིན་པོ་ཆེ་ལྷོ་ཁ་ཀེ་རུར་ཞེས་པར་ཆོས་དབར་ལ་བྱོན།ཕར་ཚད་དབུ་མ་སོགས་ཀྱི་ཆོས་མང་དུ་གསུངས་པ་རྗེ་ཚ་ཁོ་བ་འདིས་གསན་པར་རྣམ་ཐར་དད་པའི་འཇུག་ངོགས་སུ་གསལ།ཕལ་ཆེར་ལོ་བདུན་བརྒྱད་ཀྱི་རིང་ཡིན་པ་ལྟར་སྣང་། དེ་ནས་རྗེ་རིན་པོ་ཆེ་སྐྱིད་ཤོད་དུ་ཕེབས་ཤིང་།ཚལ་དུ་བཞུགས་ནས་བཀའ་བསྟན་བཅོས་མང་པོ་ལ་གཟིགས་རྟོག་ཞིབ་པར་མཛད་དེ། རྗེ་དགུང་ལོ་༣༢ པ་སྤྱི་ལོ་༡༣༨༨ལོར་མངོན་རྟོགས་རྒྱན་གྱི་འགྲེལ་བཤད་ཆེན་མོ་ལེགས་བཤད་གསེར་གྱི་ཕྲེང་བ་རྩོམ་པར་མཛད་ཅིང་།དེ་སྐབས་ཤིག་ཏུ་རྗེ་ཚ་ཁོ་བ་ངག་དབང་གྲགས་པ་ཕྱག་ཕྱི་ལ་ཁྲིད་ནས་ལྷ་སར་ཕེབས་ཏེ། ཐུགས་རྗེ་ཆེན་པོ་རང་བྱོན་ལྔ་ལྡན་གྱི་དྲུང་དུ་བྱོན་ནས་སྨྱུང་གནས་མང་དུ་མཛད།དེའི་དུས་ནུབ་གཅིག་གི་ཚེ་དཔོན་སློབ་གཉིས་ཀས་གསོལ་བ་དྲག་ཏུ་བཏབ་ནས་མནལ་ལམ་གྱི་ལྟས་བརྟགས་པས།ཚ་ཁོ་བ་ལ་དུང་དཀར་ཆེན་པོ་གཉིས་ནམ་མཁའ་ལས་བབས་ནས་ཁོང་གི་ཐུ་བར་ལྷུང་བྱུང་བ། དེ་མ་ཁད་དེ་གཉིས་འདྲེས་ནས་གཅིག་ཏུ་སོང་འདུགདེ་ལག་ཏུ་བླངས་ནས་བུས་པས་སྒྲ་ཆེན་པོ་དཔག་ཏུ་མེད་པ་གྲགས་པ་ཞིག་རྨིས་འདུག་སྟེ། ཕྱིས་ཁོང་གིས་རྒྱལ་མོ་རོང་གི་སྨད་དུ་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པར་མཛད་དེ།འཕྲིན་ལས་རྒྱ་ཆེན་པོ་བྱུང་འདུག་པ་དེའི་ལྟས་ཡིན་པ་འདྲ། ཞེས་མཁས་གྲུབ་རིན་པོ་ཆེས་རྗེའི་རྣམ་ཐར་དད་པའི་འཇུག་ངོགས་སུ་གསུངས།ཚལ་ནས་ཆོས་གྲྭ་ཆེན་པོ་བདེ་བ་ཅན་དུ་ཕེབས་ཏེ་ལེགས་བཤད་གསེར་ཕྲེང་མཇུག་གྲུབ་པར་མཛད། སྐབས་དེ་ཤེད་ཅིག་ཏུ།འཕགས་པ་རྟག་ཏུ་ངུའི་རྟོགས་བརྗོད་མཛད་པའི་སྐབས་སུ་རྗེ་ཚ་ཁོ་བ་འདིས་ཡི་གེ་བ་མཛད་འདུག་སྟེ།རྟག་ཏུ་ངུའི་རྟོགས་བརྗོད་ཀྱི་མཇུག་ཏུ།སྙན་དངགས་དང་ཚིག་རྒྱན་གྱི་བསྟན་བཅོས་ལས་བློའི་སྣང་བ་ཐོབ་པ། ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས་ཆོས་གྲྭ་ཆེན་པོ་བདེ་བ་ཅན་དུ་སྦྱར་བའི་ཡི་གེ་པ་ནི་བློ་གྲོས་ཀྱི་བང་མཛོད་སྔགས་དང་མཚན་ཉིད་དུ་མའི་ནོར་བུས་གཏམས་པའི་སྙན་དངགས་མཁན་ཚ་ཁོ་བ་ངག་དབང་གྲགས་པའོ།།ཞེས་གསུངས་པས་རྗེ་ཚ་ཁོ་བ་འདི་མདོ་སྔགས་རིག་གནས་དང་བཅས་པ་ལ་མཁས་པ་ཞིག་ཀྱང་ཡིན་པར་གསལ་བོར་གསུངས་འདུག།གཞན་ཡང་། རྗེ་རིན་པོ་ཆེ་དགུང་ལོ་སོ་དྲུག་པ་སྤྱི་ལོ་༡༣༩༢ ལོར་རོང་ཆེན་ལྗགས་ནག་པ་དགེ་འདུན་རྒྱལ་མཚན་(རབ་བྱུང་དྲུག་པའི་ཤིང་སྟག་སྤྱི་ལོ་༡༣༧༤ལ་འཁྲུངས་ཤིང་། རབ་བྱུང་བརྒྱད་པའི་ལྕགས་རྟ་སྤྱི་ལོ་༡༤༥༠ ལོར་འདས།)རབ་ཏུ་བྱུང་བའི་སྐབས་སུ།རྗེ་ཚ་ཁོ་བ་མཁན་ཆེན་ངག་དབང་གྲགས་པ། རྟོགས་ལྡན་འཇམ་དཔལ་རྒྱ་མཚོ། འཇམ་དཀར་བ་དཔལ་ལྡན་བཟང་པོ།གནས་བརྟན་རིན་ཆེན་རྒྱལ་མཚན་བཞིས་ལས་གྲ་(རབ་ཏུ་བྱུང་བའི་སྐབས་སུ་ལས་གྲ་མཛད་ཅེས་རོང་ཆེན་རྣམ་ཐར་ལས་གསལ་ཡང་རབ་བྱུང་སྒྲུབ་པ་ལ་ལས་གྲ་དགོས་ཚུལ་ཞིག་མ་ཤེས།)མཛད་པའི་ལོ་རྒྱུས་ཡོད་པས་དེ་དུས་ཚ་ཁོ་བ་འདི་ལྷ་སར་བཞུགས་ཡོད་པ་གསལ་ཡང་།ལོ་དེའམ་དེའི་ཕྱི་ལོར་ཕ་ཡུལ་དུ་ཕེབས་མ་ཐག་ནས་ཡག་འགོ་དགོན་ཕྱག་བཏབ་པ་ཡིན་དགོས་ཏེ། རྗེ་ཚ་ཁོ་བས་ཨ་འདུས་ཡག་འགོ་དགོན་ཕྱག་བཏབ་ནས་ད་ལོའི་(སྤྱི་ལོ་༢༠༡༤)བར་ལོ་༦༢༡ སོང་བའི་ལོ་རྒྱུས་ཡོད་འདུག་པས།ཡག་འགོ་དགོན་རྗེ་རིན་པོ་ཆེ་དགུང་ལོ་༣༧ བཞེས་པ་སྤྱི་ལོ་༡༣༩༣ ལོར་ཕྱག་འདེབས་མཛད་ཡོད་པར་གསལ་བས་སོ།།རྒྱལ་རོང་ད་ཚང་དགོན་དེ་རྗེ་དགུང་ལོ་༥༨ བཞེས་པ་སྤྱི་ལོ་༡༤༡༤ ལོར་བཏབ་པར་ད་ཚང་དགོན་པའི་ལོ་རྒྱུས་ལས་གསལ་བས།དེ་ལྟར་ན་ཡག་འགོ་དགོན་ནས་དབུ་ཚུགས་ཏེ་ད་ཚང་དགོན་བཏབ་པའི་བར་དགོན་བརྒྱ་དང་བརྒྱད་པོ་དེ་ལོ་ངོ་ཉེར་གཉིས་རིང་བཏབ་པ་ཡིན་ཞེས་བཤད་དགོས་སོ།།

འོན་ཀྱང་དེང་སྐབས་ཨ་འདུས་ཡག་འགོ་དགོན་དང་།མཆོད་རྟེན་ཅོག་དགོན་པ། གདོང་རི་དགེ་ལྡན་དམ་ཆོས་གླིང་། མཁར་ཡག་རི་ཁྲོད་དང་། དམུ་དགེ་བཀྲ་ཤིས་འཁོར་ལོའི་དགོན།ཞང་དུར་ཕུ་ཏོའི་དགོན། ས་དམར་དགོན། ཀླུ་བཟོའི་དགོན། ཁང་དམར་དགོན། ཚ་ཁོ་དགོན་དགེ་ལྡན་དར་རྒྱས་གླིང་།ས་མགོ་དགོན། ཏམ་མགོ་དགོན། བཙན་ལྷ་སུམ་མདོ་དགོན། མིས་ཐོ་དགོན། མཆོད་རྟེན་ས་དགོན། གྲུབ་ནོས་དགོན།ད་ཚང་དགོན་སོགས་འགའ་ཞིག་བགྲང་རྒྱུ་ཡོད་མོད་ཕལ་ཆེ་བ་མིང་ཙམ་ཡང་མེད་པར་གྱུར་ཟིན་འདུག(དེང་སྐབས་ཡོད་པ་ད་རུང་འདིའི་ནང་དུ་མ་འདུས་པ་ཡང་ཡོད་ངེས།)

ལྗགས་ནག་པའི་རྣམ་ཐར་དཔག་བསམ་ཡོངས་འདུའི་ལྗོན་པར།དེ་ནས་ཚ་ཁོའི་དཔོན་ནི་སྟག་ལོའི་ལོ་འགོར་(སྤྱི་ལོ་༡༣༨༦ དང་༡༣༩༨ གང་རུང་ལས་མ་འདས།)རང་ཡུལ་དུ་བྱོན། རོང་བོ་ལྗགས་ནག་པ་ནི་ཡོས་ཀྱི་དབྱར་ཟླ་ར་བ་ལ་(སྤྱི་ལོ་༡༣༩༩ ལོ།)མར་ཕེབས་པ་ཡིན་ནོ། །ཞེས་དང་།མདོ་སྨད་ཆོས་འབྱུང་ལས་ཀྱང་དེ་དང་བསྟུན་པ་མཛད་མོད། མི་འཐད་དེ། རབ་བྱུང་བདུན་པའི་མེ་གླང་ལོ་སྟེ་སྤྱི་ལོ་༡༣༩༧ལོར་རྗེ་བླ་མས་རྟེན་འབྲེལ་བསྟོད་པ་མཛད་(དུང་དཀར་ཚིག་མཛོད་ན་གསལ།)པ་དང་། དེའི་ལོ་རྗེས་མར་ལམ་གཙོ་མཛད་པའི་དུས་ཀྱང་ཡིན་པར་རྣམ་ཐར་ལས་གསལ་བ་དང་།ཨ་འདུས་ཡག་འགོ་དགོན་པ་སྤྱི་ལོ་༡༣༩༣ ལོར་ཕྱག་བཏབ་ཟིན་པས་རྗེ་ཚ་ཁོ་བ་དེའི་སྔོན་ཞིག་ནས་ཕ་ཡུལ་གྱི་ཕྱོགས་སུ་ཕེབས་ཟིན་པ་གསལ་བས་སོ།།

རྗེ་ཚ་ཁོ་མཁན་ཆེན་ངག་དབང་གྲགས་པས་རྗེའི་བཀའ་བཞིན་ཨ་མདོ་རྔ་བ་དང་རྒྱལ་མོ་རོང་གི་ཕྱོགས་སུ་དགོན་པ་མང་པོ་ཞིག་བཞེངས་པ་དང་།དེ་ལ་འདུལ་བའི་ཕྱག་ལེན་བཙུགས་པ་སོགས་ཀྱི་གནས་ཚུལ་ཞུ་ཡིག་ཕུལ་བའི་ལན་དུ་རྗེས་ལམ་གཙོ་དང་ཕྱག་བྲིས་བཅས་གནང་བ་རྗེའི་གསུང་ཐོར་བུའི་ནང་དུ་ཡོད་པ་གོང་གསལ་ལྟར་ལགས་མོད།རྒྱལ་དབང་ཆོས་རྗེས་མཛད་པའི་རྗེའི་རྣམ་ཐར་ཆེན་མོ་ལས། དེ་སྐབས་སློབ་མའི་ཐུ་བོ་ཚ་ཁོ་དཔོན་པོ་ངག་དབང་གྲགས་པ་ནས་སྔ་སོར་ཁམས་སུ་ཕེབས་གོང་རྒྱལ་རོང་གི་ཡུལ་དུ་དགོན་སྡེ་གྲངས་བཅད་ཅིག་འཛུགས་རྒྱུའི་དམ་བཅའ་ཕུལ་བ་ལྟར་ཚང་བའི་མཐའ་མ་ལ་ད་ཚང་དགོན་པ་ཞེས་པ་བཏབ་ནས་གནས་ཚུལ་ཞུ་ཡིག་ཕུལ་བའི་ལན་དུ་ཚུལ་ཁྲིམས་སྲུང་བའི་བསླབ་བྱ་དང༌།ལམ་གྱི་གཙོ་བོ་རྣམ་གསུམ་བརྩམས་ནས་བསྐུར་བར་མཛད་ཅིང༌། ཞེས་རྣམ་ཐར་གྱི་ལོ་ཚིགས་འཇོག་ལུགས་དང་བསྟུན་ན་རྗེ་དགུང་ལོ་༤༢ལ་ཕེབས་པའི་སྐབས་སུ་ལམ་གཙོ་འདི་མཛད་པ་དང་། དེ་ཡང་རྒྱལ་རོང་ད་ཚང་དགོན་པ་བཏབ་ཚར་བའི་རྗེས་ལ་ལམ་གཙོ་མཛད་པ་ཡིན་ཚུལ་ཞིག་གསུངས་འདུག་ཀྱང་།རྗེ་བླ་མ་དགུང་ལོ་༣༦བཞེས་པའི་རྗེས་སུ་ཚ་ཁོ་བ་ཕ་ཡུལ་དུ་ཕེབས་ནས་རྗེ་བླ་མ་དགུང་ལོ་༤༢ བཞེས་པའི་བར་ལོ་དྲུག་ལས་མ་སོང་བས་དེའི་རིང་དགོན་པ་བརྒྱ་དང་བརྒྱད་ཆ་ཚང་བཏབ་ཟིན་པར་གསུངས་པ་དཔྱད་པ་ཞིབ་མོ་མ་སོང་བའི་གསུང་ཞིག་སྟེ།རྒྱལ་རོང་ད་ཚང་དགོན་པ་སྤྱི་ལོ་༡༤༡༤ ལོར་བཏབ་པ་ད་ཚང་དགོན་པའི་ལོ་རྒྱུས་སུ་ཡོངས་གྲགས་ལྟར་ཡིན་ལ།རྣམ་ཐར་ཆེན་མོ་རང་ལས་ལམ་གཙོ་གསུང་དུས་ཀྱི་ལོ་ཚིགས་དང་ཡོངས་གྲགས་སུ་ད་ཚང་དགོན་བཏབ་པའི་ལོ་ཚིགས་གཉིས་དང་བསྟུན་ན་མི་འགྲིག་པར་སྣང་ངོ་།།

རྗེ་བླ་མ་དགུང་ལོ་ཞེ་དྲུག་བཞེས་པ་སྤྱི་ལོ་༡༤༠༢ལོར་ལམ་རིམ་ཆེན་མོ་གསར་རྩོམ་མཛད་རྗེས་སུ་རྗེ་ཚ་ཁོ་བས་མདོ་སྨད་ནས་ལམ་རིམ་ཆེན་མོ་གསར་དུ་མཇལ་བའི་གནས་ཚུལ་ཞུ་ཡིག་དང་རྟེན་བཅས་ཕུལ་བ་རྗེ་བླ་མའི་ཕྱག་ཏུ་འབྱོར་བ་ལ།དེའི་ལན་དུ་རྗེ་བླ་མས་ཕྱག་བྲིས་ཤིག་གནང་བ་གསུང་ཐོར་བུའི་ནང་བཞུགས་པ་དེའི་ནང་དུ། ཡངས་པའི་རྣལ་འབྱོར་མཁའ་ལྟར་རྒྱ་ཆེ་ཞིང་།།ཕུལ་བྱུང་དང་བ་རི་དབང་ལྟར་བརྟན་ལ།།བསྟན་པའི་ཁུར་གྱིས་ནམ་ཡང་མི་ངལ་བའི།།བཤེས་གཉེན་ངག་དབང་གྲགས་པ་ཞེས་གྲགས་པའི།།སྡོམ་བརྩོན་མཆོག་དེས་ཤིང་རྟ་ཆེ་གཉིས་ལས།།ལེགས་པར་བརྒྱུད་པའི་སྐྱེས་བུ་གསུམ་གྱི་ལམ།།ལེགས་བཤད་རྒྱ་མཚོ་བྱང་ཆུབ་ལམ་རིམ་གྱི།།ཡི་གེའི་ཕྲེང་བས་མིག་ལ་དཔལ་བྱིན་པས།།དོན་དཔྱོད་ཡིད་ནི་བདུད་རྩིས་ངོམས་སོ་ཞེས།།རྣར་སྙན་ཡིད་ལ་འབབ་པའི་ཕྲིན་ཡིག་གིས།།སྲབ་འཇམ་ཡང་བའི་དམར་སྨུག་གོས་མཆོག་དང༌།།མཆིལ་ལྷམ་ཟུང་གི་རྟེན་བཅས་བསྐུར་བ་འཕྲོད།།ཅེས་སོགས་ལ་བརྟགས་ན་ལམ་རིམ་ཆེན་མོ་གསར་དུ་རྩོམ་པའི་སྐབས་སྔ་ཕྱི་རྣམས་སུ་ཁོང་རྒྱལ་རོང་ཕྱོགས་སུ་བཞུགས་པར་གསལ་ལོ།།

དེ་ལ་རྗེའི་རྣམ་ཐར་ཆེན་མོ་ན། ཕྱིས་སླར་ཡང་ཡི་གེ་ཕུལ་བའི་ལན་དུ་ལམ་རིམ་ཆེན་མོ་བརྩམས་ནས་བསྐུར་བ་མཛད་དོ།།ཞེས་ལམ་རིམ་ཆེན་མོ་དེ་ཚ་ཁོ་བའི་ཞུ་ཡིག་གི་ལན་དུ་བརྩམས་པ་ལྟར་བྲིས་འདུག་པ་ཁུངས་དག་མིན་དཔྱད་དགོས་ཤིང་འཐད་པར་མི་སྣང་སྟེ།ལམ་རིམ་ཆེན་མོའི་མཇུག་བྱང་ན་ལོ་ཆེན་སྐྱབས་མཆོག་དཔལ་བཟང་གི་གསུང་གིས་བསྐུལ་བ་དང་དུ་བླངས་པའི་ཚུལ་འཁོད་པ་ལས་ཐག་རིང་ནས་བསྐུལ་བའི་ཚུལ་མ་གསུངས་པའི་ཕྱིར་དང་།འཕྲིན་ཡིག་ལས། ལེགས་བཤད་རྒྱ་མཚོ་བྱང་ཆུབ་ལམ་རིམ་གྱི།།ཡི་གེའི་ཕྲེང་བས་མིག་ལ་དཔལ་བྱིན་པས།།དོན་དཔྱོད་ཡིད་ནི་བདུད་རྩིས་ངོམས་སོ་ཞེས།།རྣར་སྙན་ཡིད་ལ་འབབ་པའི་ཕྲིན་ཡིག་གིས།།ཞེས་ལམ་རིམ་གཟིགས་ནས་ཡི་གེ་ཕུལ་བར་གསུངས་ཀྱི་ཡི་གེ་ཕུལ་བ་ལས་ལམ་རིམ་མཛད་པའི་ཚུལ་མ་གསུངས་པའི་ཕྱིར་རོ།།

ཡང་རྗེ་ཚ་ཁོ་བ་ཁོང་སྐུ་ན་མཐོ་དུས་ཤིག་ལ་དབུས་སུ་ཕེབས་ཏེ་མཁས་གྲུབ་རྗེ་དང་རྗེ་བློ་གྲོས་བསྟན་པ་ལས་རྗེ་བླ་མ་ཙོང་ཁ་པ་ཆེན་པོའི་གསུང་རྒྱུན་མང་པོ་གསན་པའི་ལོ་རྒྱུས་ཡོད་ཅིང་།རྗེ་བློ་གྲོས་བསྟན་པའི་གསུང་རྒྱུན་ཟིན་བྲིས་སོགས་ཀྱང་ད་ལྟར་བཞུགས། གཞན་ཡང་ཚ་ཁོ་བ་མཁན་ཆེན་ངག་དབང་གྲགས་པའི་དབོན་པོ་ཚ་ཁོ་ཆོས་ཀྱི་གྲགས་པ་ཞེས་པ་མདོ་སྔགས་ཀྱི་གཞུང་ལ་མཁས་ཤིང་གྲུབ་པ་བརྙེས་པ་ཞིག་ཡོད་པ་དང་།ཁོང་གི་གསུང་གིས་བསྐུལ་ཏེ་མཁས་གྲུབ་ཐམས་ཅད་མཁྱེན་པས་ཚ་ཁོ་མཁན་ཆེན་ངག་དབང་གྲགས་པ་ལ་སྙན་ངག་གི་ཚིག་སྦྱོར་ཕུན་སུམ་ཚོགས་པའི་གསོལ་འདེབས་ཚིགས་སུ་བཅད་པ་བཅུ་བདུན་ཡོད་པ་ཞིག་མཛད་འདུག་པ་དེའི་མཇུག་བྱང་དུ།མཐའ་ཡས་པའི་ཡོན་ཏན་རིན་པོ་ཆེ་དུ་མས་ཉེ་བར་མཛེས་པའི་མཁན་ཆེན་ཚ་ཁོ་བ་ངག་དབང་གྲགས་པ་ལ་བསྟོད་པའི་ཚིགས་སུ་བཅད་པ་འདི་ནི།དེ་ཉིད་ཀྱི་དབོན་པོ་ལུང་དང་རྟོགས་པའི་རྒྱན་དང་ལྡན་པ། བླ་མ་དཔལ་ལྡན་ཆོས་ཀྱི་གྲགས་པའི་གསུང་གིས་བསྐུལ་ནས།མང་དུ་ཐོས་པའི་བཙུན་པ་དགེ་ལེགས་དཔལ་བཟང་པོས་སྦྱར་བའོ། །ཞེས་འབྱུང་བས། ཚ་ཁོ་བ་དང་ཁོང་གི་དབོན་པོ་གཉིས་ཀ་ལུང་རྟོགས་ཀྱི་ཡོན་ཏན་དུ་མས་ཕྱུག་པ་དང་།བསྟན་པ་ལ་མཛད་རྗེས་རླབས་ཆེ་བའི་དམ་པའི་སྐྱེས་ཆེན་གཞན་འགྲན་མ་མཆིས་པ་ཡིན་པར་དོན་གྱིས་གོའོ།།

མདོར་ན། ཚ་ཁོ་བ་མཁན་ཆེན་ངག་དབང་གྲགས་པས་རྗེ་བླ་མ་ཙོང་ཁ་པ་ཆེན་པོའི་དྲུང་ནས་དགོན་པ་བརྒྱ་དང་བརྒྱད་འདེབས་རྒྱུའི་དམ་བཅའ་གནང་ཞིང་།རང་ཡུལ་དུ་ཕེབས་ཏེ་ཨ་འདུས་ཡག་འགོ་དགོན་ནས་དབུ་ཚུགས་ཏེ་ད་ཚང་དགོན་གྱི་བར་དགོན་པ་བརྒྱ་དང་བརྒྱད་བཏབ་ནས་ད་ལྟའི་བར་ཞྭ་སེར་ཅོད་པཎ་འཆང་བའི་བསྟན་འཛིན་གྱི་སྐྱེས་བུ་གསེར་རིའི་ཕྲེང་བ་ལྟར་ཟམ་མ་ཆད་པར་བྱོན་ཞིང་།དགེ་འདུན་འདུས་པའི་སྡེ་ཚོགས་ཤིན་ཏུ་འཕེལ་བས་རྗེ་བླ་མའི་བསྟན་པ་ལ་མཛད་རྗེས་བླ་ལྷག་ཏུ་ཆེ།འོན་ཀྱང་ད་ལྟ་དགོན་པ་བརྒྱ་དང་བརྒྱད་པོ་མང་ཆེ་བ་ཉམས་པ་དང་། ད་ཡོད་རྣམས་ཀྱང་དགེ་འདུན་གྱི་སྡེ་ཉུང་ཞིང་བཤད་སྒྲུབ་ཀྱི་འཆད་ཉན་སོགས་གང་ཅིའི་ཐོག་ཉམ་དམའ་བ་ལྟ་བུར་སྣང་ལ།ལྷག་པར་དེང་སྐབས་འབར་ཁམས་ནས་ཡར་ཅོག་ཙེའི་རྒྱལ་སའི་བར་སྤྱི་ལེ་༨ དང་། དེ་ནས་བཙན་ལྷ་རྫོང་དུ་འགྲོ་བའི་ལམ་དུ་སྤྱི་ལེ་༡༥ལྷག་ཙམ་ཞིག་སོང་མཚམས་ན་ཚ་ཁོ་བ་ཁོང་གི་སྐུ་གདུང་གི་ལྷག་མ་བཞུགས་པའི་ཚ་ཁོ་དགོན་དགའ་ལྡན་དར་རྒྱས་གླིང་ཞེས་པ་ཞིག་ཡོད་པ་དེ་ན་སྐུ་གདུང་གཉིས་ཀྱི་གདུང་རུས་ཀྱི་ལྷག་མ་ཅུང་ཟད་རེ་ཡོད་པ་ལས་གཡོན་ཕྱོགས་སུ་བཞུགས་པ་དེ་རྗེ་ཚ་ཁོ་མཁན་ཆེན་ངག་དབང་གྲགས་པའི་སྐུ་རུས་ཡིན་པ་རྩོད་མེད་དང་།གཡས་ཕྱོགས་སུ་བཞུགས་པ་དེ་ཁོང་གི་དབོན་པོ་ཚ་ཁོ་ཆོས་ཀྱི་གྲགས་པའི་སྐུ་རུས་ཡིན་པར་རྒྱལ་རོང་གི་ལོ་རྒྱུས་དང་མདོ་སྨད་ཆོས་འབྱུང་སོགས་ལས་འབྱུང་ཡང་།དེང་སང་རྙིང་མའི་བླ་མ་ཞིག་གི་སྐུ་གདུང་ཡིན་ཟེར་ནས་དགོན་པ་དེར་མི་འགའ་ཞིག་གིས་ཕྱོགས་འཐེན་དང་རྩོད་པ་བྱེད་ཀྱིན་ཡོད་པ་གོ་སོང་བས་ཡིད་སྐྱོ་བ་ཞིག་གོ།

རྗེ་ཚ་ཁོ་བ་འདིའི་བརྩམ་ཆོས་ཀྱི་སྐོར་ལ།བྱིན་རླབས་ཉེར་བརྒྱུད་ཀྱི་བླ་མའི་བསྟོད་པ། རྗེ་བཙུན་བློ་གྲོས་བསྟན་པའི་རྣམ་ཐར་གསོལ་འདེབས།རྗེ་བཙུན་བློ་གྲོས་བསྟན་པའི་གསུང་རྒྱུན་ཟིན་བྲིས།(དེང་སྐབས་ཚ་ཁོ་བའི་གསུང་ཡིན་ཟེར་བ་མང་པོ་དྭགས་པོའི་གསུང་དང་ནོར་བ་མང་པོ་བྱུང་འདུག)སོགས་ཡོད་པ་དེང་སྐབས་ཕྱོགས་སྒྲིག་གནང་མུས་བཅས་སོ།།

སེར་བྱེས་དགེ་བཤེས་འཇམ་དཔལ་བློ་ཤེས་ཀྱིས་མཛད་པའི་ལམ་གཙོ་རྣམ་གསུམ་གྱི་གཞུང་འགྲེལ་ལས་ཟུར་འདོན་ཞུས་པའོ།།

བརྒྱུད་འགོད།