སྐྱབས་རྗེ་ཕ་བོང་ཁ་པ་རིན་པོ་ཆེ་མཆོག་གི་རྣམ་ཐར།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2020-06-22 07:58:36     རྩོམ་པ་པོ།   དུང་དཀར་བློ་བཟང་འཕྲིན་ལས།    ཀློག་ཐེངས།  

微信图片_20200622080039.jpg

ཕ་བོང་ཁ་བ་བྱམས་པ་བསྟན་འཛིན་འཕྲིན་ལས་ནི། ཡབ་ཤོད་དྲུང་ཚེ་བརྟན་རྣམ་རྒྱལ་དང་ཡུམ་ཆོ་འབྲང་བཟང་མོ་དཀོན་མཆོག་སྒྲོལ་མ་རྣམ་གཉིས་ཀྱི་སྲས་སུ། ལྷ་ལྡན་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་གི་ནུབ་ཕྱོགས་གཡུ་ཐོག་ཤར་ཞེས་པའི་གནས་ཚང་དུ་རབ་བྱུང་བཅོ་ལྔ་བའི་ས་སྟག(སྤྱི་ལོ1878)ལོའི་ཟླ་བ་དྲུག་པའི་ཚེས་བཅུ་དྲུག་ཉིན་སྐུ་འཁྲུངས། མཚན་ངག་དབང་བསྟན་པ་རབ་བརྟན་དུ་གསོལ། 

དགུང་ལོ་བཞི་པར་ཁྲི་ཆེན་ངག་དབང་ནོར་བུའི་དྲུང་དུ་དབུ་སྐྲ་གཙུག་ཕུད་ཕུལ་ཏེ་མཚན་ངག་དབང་རབ་བརྟན་ཞེས་གནང་། དགུང་ལོ་བདུན་པར་ཕུར་ལྕོག་སྐུ་ཕྲེང་གསུམ་པ་བྱམས་པ་རྒྱ་མཚོའི་དྲུང་དུ་རབ་བྱུང་སྒྲུབ་པའི་མཚན་བྱམས་པ་བསྟན་འཛིན་འཕྲིན་ལས་རྒྱ་མཚོ་ཞེས་བསྩལ།

 དགུང་ལོ་བཅུ་གཅིག་ཐོག་སྲིད་སྐྱོང་ཚེ་སྨོན་གླིང་བསྟན་པའི་རྒྱལ་མཚན་གྱིས་ཕ་བོང་ཁའི་མཁན་པོ་བསྟན་འཛིན་བཟང་པོའི་སྤྲུལ་སྐུར་ངོས་འཛིན་གནང་སྟེ་སེར་སྨད་གྲྭ་ཚང་ཁོངས་རྒྱལ་རོང་ཁང་ཚན་གྱི་ཆོས་སྒོར་ཞུགས་ཏེ་རིགས་ལམ་བསྡུས་གྲྭ་ནས་གཞུང་པོད་ལྔ་ལ་ཐོས་བསམ་མཛད། 

དགུང་ལོ་བཅོ་བརྒྱད་སྐབས་གླིང་བསྲེའི་མཚན་བཏགས་བཞེས། དགུང་ལོ་བཅུ་དགུ་བར་སྟོད་རྒྱུད་གྲྭ་ཚང་དུ་ཞུགས་ཏེ་རྒྱུད་སྡེ་བཞི་མཁས་པར་སྦྱངས། དགུང་ལོ་ཉི་ཤུ་པར་བསྙེན་རྫོགས་དགེ་སློང་གི་སྡོམ་པ་བཞེས། 

བར་བར་དུ་སྒྲ་དང་སྙན་ངག་མངོན་བརྗོད། སྡེབ་སྦྱོར། དཀར་ནག་རྩིས་རིག་སོགས་རིག་གནས་མཐའ་དག་མཁས་པའི་མཆོག་ཏུ་སོན་པར་མཛད། རིགས་ཀྱི་ཅོད་པན་བྲག་རི་རྡོ་རྗེ་འཆང་བློ་བཟང་ཐུབ་བསྟན་རྣམ་རྒྱལ་དཔལ་བཟང་པོ་སོགས་དགེ་བའི་བཤེས་གཉེན་བཅུ་ཕྲག་འགའི་ཞབས་རྡུལ་སྤྱི་བོར་བཞེས་ཏེ་ལུང་རྒྱུན་པོ་ཏི་ལྔ་བརྒྱར་ཉེ་བ་དང་། རྗེས་གནང་སྟོང་ཕྲག་ལ་ཉེ་བ། ཁྲིད་ཆེན་ཁག་ལྔ་བཅུར་བརྒལ་བ། དབང་ཆེན་བཅུ་ཕྲག་བཅུ་གཉིས་སུ་ཉེ་བས་མཚོན་ས་དགེ་རྙིང་མ་སོགས་ཀྱི་དབང་ལུང་མན་ངག་རྒྱ་མཚོ་ལྟ་བུར་གསན་བསམ་རྒྱ་ཆེན་པོ་མཛད། 

དེ་དག་གསན་པ་ཙམ་གྱིས་ཆོག་ཤེས་མ་མཛད་པར་རང་གིས་ཐུགས་ཉམས་སུ་བཞེས་ཏེ། སྡོམ་གསུམ་སོ་སོའི་སྐབས་ཀྱི་བསླབ་བྱ་ཕྲ་རགས་རྣམས་སྤྱན་གྱི་འབྲས་བུ་ལྟར་བསྲུངས་ཤིང་། མདོ་སྔགས་ཟབ་རྒྱས་ཀྱི་ཆོས་འཁོར་རྒྱུན་མི་འཆད་པར་སྐོར་བར་མཛད་པས། གསུང་ལས་སྐྱེས་པའི་སློབ་མ་གདན་ས་ཆེན་པོ་བཞིས་མཚོན་པའི་བོད་ཡུལ་དབུས་གཙང་ལྷོ་བྱང་མདོ་ཁམས་སྟོད་སྨད་སོགས་ནས་དགེ་ལུགས་ཀྱི་དགོན་སྒྲུབ་སྡེ་ཁག་གི་མཁན་སློབ་བླ་སྤྲུལ་བཀའ་རབས་དགེ་བའི་བཤེས་གཉེན་བློ་གསལ་མཁས་མང་འདུས་སྡེ་དང་བཅས་པ་ཕལ་མོ་ཆེ་རྗེ་ཉིད་ཀྱི་གསུང་སྐྱེས་ཀྱི་སློབ་བུར་མ་གྱུར་པ་མེད། 

ཐུགས་སྲས་ཀྱི་ཐུ་བོ་ཆེ་རྣམ་འདྲེན་ཆེན་པོའི་ཡོངས་སུ་འཛིན་པ་མཆོག་ལྟ་བུ། རྗེ་འདི་དབུས་གཙང་ཡས་མས་དང་། དྭགས་ཀོང་། ལྷོ་བྱང་། མདོ་སྨད། བར་ཁམས་དང་བཅས་པར་ཕེབས་ཏེ་སྣོད་བཅུད་མཐའ་དག་ལ་དགེ་ལེགས་ཀྱི་བྱིན་བརྒྱ་འབེབས་ཤིང་། མཐོང་ཐོས་དྲན་རེག་གི་སྐལ་ལྡན་མཐའ་དག་ལ་འབྲེལ་ཚད་དོན་དང་ལྡན་པར་མངོན་མཐོ་དང་ངེས་ལེགས་ཀྱི་ས་བོན་ཁྱད་པར་ཅན་སྒོ་དུ་མ་ནས་སྐྲུན་པར་མཛད་པ་སོགས་གསང་གསུམ་གྱི་ཡོན་ཏན་རྨད་དུ་བྱུང་བ་ཆེས་མང་ངོ་།། 

དགུང་ལོ་རེ་བཞིར་ཕེབས་པ་རབ་བྱུང་བཅུ་དྲུག་པའི་ལྕགས་སྦྲུལ(སྤྱི་ལོ1941)ལོར་གཟུགས་སྐུ་ཆོས་དབྱིངས་སུ་བསྡུས།

 བརྩམས་ཆོས། 

༡.《གསན་ཡིག་བསམ་འཕེལ་ནོར་བུའི་དོ་ཤལ》

༢.《བཅོམ་ལྡན་འདས་མ་སེང་ལྡེང་ནགས་ཀྱི་སྒྲོལ་མའི་རིམ་གཉིས་ཀྱི་རྣལ་འབྱོར་ཉམས་སུ་ལེན་ཚུལ་ཙིཏྟ་མ་ཎིའི་དོ་ཤལ》

༣.《ནཱ་རོ་མཁའ་སྤྱོད་ཀྱི་སྒྲུབ་ཐབས་ཐུན་མོང་མ་ཡིན་པ་བདེ་ཆེན་ཉེ་ལམ》

༤.《བྱང་ཆུབ་ལམ་གྱི་རིམ་པ་མཆན་བུ་བཞི་སྦྲགས་ཀྱི་བཀའ་མཆན་ཐོར་བུ》

༥.《རྗེའི་ལམ་རིམ་ཆུང་ངུའི་བཤད་ལུང་དང་པཎ་ཆེན་གྱི་མྱུར་ལམ་ཉམས་ཁྲིད་སྦྲགས་མའི་གསུང་བཤད་ཟིན་བྲིས་མདོ་ཙམ་དུ་བཀོད་པ་ཟབ་རྒྱས་སྙིང་པོ》

༦.《ཁྱབ་བདག་རྡོ་རྗེ་འཆང་ཕ་བོང་ཁའི་བཀའ་རྩོམ་དང་ཕྱག་བཞེས་ཕྲན་ཚེགས་སྐོར་ཕྱོགས་གཅིག་ཏུ་བཀོད་པ》སོགས་པོད་བཅུ་གཉིས་ལྷག་བཞུགས་སོ།།

 《དུང་དཀར་ཚིག་མཛོད་ཆེན་མོ》བཤུས།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།