ངང་རུང་མཁན་ཆེན་སྐུ་ཕྲེང་ལྔ་བ་རྡོ་རྗེ་འཆང་ཆེན་པོ་༧་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་མཆོག་གི་རྣམ་པར་ཐར་བ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2020-06-06 19:27:31     རྩོམ་པ་པོ།   ངང་རུང་བློ་བཟང་ཚུལ་ཁྲིམས།    ཀློག་ཐེངས།  

་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་མཆོག་གི་རྣམ་པར་ཐར་བ་བརྗོད་པ།

བརྒྱད་ཁྲི་བཞི་སྟོང་དམ་པའི་ཆོས་ཀྱི་ཡང་བཅུད༵་བཅུད༵་ཀྱིས་བྱང་ཆུབ་སེམས་ཀྱི་རྩ་བ་བརྟན། །

ལྷག་བསམ་གསེར་གྱི་ཡལ་འདབ་མེ་ཏོག་རབ་མཛེས༵་མཛེས༵་སྡུག་ཉན་རང་རྒྱན་ཀུན་ཟིལ་གྱིས་མནན། །

སྟོང་དང་རྟེན་འབྱུང་གཅིག་ཏུ་འདྲེས་པས་ཆོས་ཀུན༵་ཀུན༵་མཁྱེན་རྒྱལ་བའི་དགོངས་པ་མཐར་ཐུག་རྟོགས། །

འཇམ༷་པའི་དབྱང༷ས་ཀྱི་ཡེ་ཤེས་དབྱེར་མེད་མཁྱེན༷་ར༷བ༵་རབ༵་འབྱམས་རྒྱ༷་མཚོ༷འི་མགོན་དེས་བདག་སྐྱོངས་ཤིག །

ཚད་མེད་བཞི་ཡི་རོལ་མོའི་བསྐུལ་བའི་སྒྲས། །སྟོང་ཆེན་མཁའ་ལས་གཟུགས་སྐུའི་བཞིན་ལག་གར། །

སླར་ཡང་གངས་ཅན་འགྲོ་བའི་མགོན་དཔུང་དུ། །སུམ་ལྡན་རྡོ་རྗེ་འཛིན་པའི་ཉི་མ་ཤར། །

ཞེས་བྱ་བའི་ཚིགས་སུ་བཅད་པའི་སྙན་མོ་དབྱངས་ཀྱི་འགྱུར་ཁུགས་སྔོན་དུ་བཏང་སྟེ་གང་བརྗོད་པར་བྱ་བ་ནི།ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་ཐུགས་མཁྱེན་པའི་ཡེ་ཤེས་ཀྱི་འབྱུང་གནས་རྗེ་བཙུན་བརྟན་པའི་འཁོར་ལོ་དང་གཉིས་སུ་མེད་པ་མོག་ཀྱཱའི་མཁན་ཆེན་མ་ཧཱ་པཎ་ཊི་ཏ་འཇམ་དབྱངས་རྒྱ་མཚོ་སོགས་སྐུ་ཕྲེང་གོང་མ་རྣམས་ཀྱི་གསང་གསུམ་གྱི་ཡོན་ཏན་ཐམས་ཅད་ཐུགས་ཀྱི་མེ་ལོང་ལ་ཡོངས་སུ་འཛིན་པ་དོན་གྱི་སླད་དུ་མཚན་ནས་སྨོས་ན་༧རྡོ་རྗེ་འཆང་ཆེན་པོ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་དཔལ་བཟང་བོ་མཆོག་གི་རྣམ་པར་ཐར་བ་བརྗོད་པ་ལ་གསུམ།

དང་བོ།སྐུའི་ལང་ཚོ་རྒྱས་ཏེ་གདན་སར་ཞབས་ཀྱི་དཀྱིལ་འཁོར་མངོན་པར་བཀོད་དེ་གྲོགས་དགེ་བའི་བཤེས་གཉེན་བསྟེན་པ།

གཉིས་པ།ཐོས་བསམ་སློབ་གཉེར་མཛད་དེ་མཁས་པའི་གོ་འཕང་མཐོན་པོར་གཤེགས་པ།

གསུམ་པ།བསྟན་པ་དང་སེམས་ཅན་ལ་ཕན་བདེ་བླ་ན་མེད་པར་བསྐྲུན་ཏེ་མྱ་ངན་ལས་འདས་པའི་ཚུལ་བསྟན་པ།

དང་བོ།

སྐུའི་ལང་ཚོ་རྒྱས་ཏེ་གདན་སར་ཞབས་ཀྱི་དཀྱིལ་འཁོར་མངོན་པར་བཀོད་དེ་གྲོགས་དགེ་བའི་བཤེས་གཉེན་བསྟེན་པ།

དེ་ཡང་ཇི་སྐད་དུ། ཆུ་འཛིན་འདུ་བཀོད་སྦྲེལ་བས་ཆར་རྒྱུན་མང་། །རི་ཚོགས་སྤང་ཐང་ཆུ་མིག་དྭངས་ཤིང་གཙང་། །མེ་ཏོག་སྣ་བརྒྱ་བཞད་པས་སྤྲོ་སྣང་སྟེར། །ས་འཛིན་ཕྲེང་ལྟར་བསྒྲིགས་པའི་ནོར་འཛིན་མ། །

ཞེས་པ་ལྟར་རྨ་ཀླུང་དལ་འབབ་རིང་མོ་གཡས་སུ་འཁྱིལ་ཞིང་རྩྭ་ཆུ་ནགས་གསུམ་ངང་གིས་འཛོམས་པ་གྲོ་ནས་སྲན་གསུམ་དང་རྟ་ནོར་ལུག་གསུམ།ཤིང་ཏོག་སྣ་ཚོགས་ལེགས་པར་སྨིན་པས་སྡོང་བོའི་ཡལ་ག་ཕན་ཚུན་ནོར་བུའི་དྲ་བ་དྲ་ཕྱེད་ལྟར་འཕྱངས་པ་སྟེ་གནས་ཕུན་སུམ་ཚོགས་པའི་མདོ་སྨད་གཅན་ཚའི་ནང་ཚན་བཀའ་ཀྱཱ་ནས་ཡབ་རིན་ཆེན་རྒྱལ་དང་ཡུམ་ལྕགས་མོ་ཐར་གཉིས་ཀྱི་སྲས་སུ་བོད་རབ་བྱུང་བཅོ་ལྔ་བ་ཆུ་ཡོས་མཛེས་བྱེད་ལོ་སྟེ་སྤྱི་ལོ་༡༩༠༣་ལོར་བརྩེ་བའི་འཛུམ་ཞལ་གྱི་དཀྱིལ་འཁོར་མངོན་པར་སྤྲོས།ཆུང་ངུ་ནས་རྡོ་རྗེ་ཚོམ་བུ་དང་མཎ་ཊལ་མཆོད་པ་འབུལ་བའི་རོལ་རྩེད་མཛད་ཅིང་སྲོག་ཆགས་ཕྲ་མོ་ཙམ་ལའང་གནོད་པ་མི་གཏོང་བར་སྙིང་རྗེས་འཛིན།  [གསར་དུ་བྲིས་པའི་ལོ་རྒྱུས་ཤིག་གི་ནང་དུ་ཁོང་སྐུ་གཏམས་པའི་ཚེ་འཇའ་ཤར་བ་དང་འོད་འབྱིན་པ་དྲི་བཟང་བོ་བྲོ་བ།ལྟེ་བ་གཅོད་པའི་ཚེ་རང་བཞིན་གྱི་འོད་འཕྲོ་བ]་སོགས་སྣ་ཚོགས་བཤད་ཀྱང་།ཕྲན་གྱིས་མོག་ཀྱཱའི་མཁན་པོ་ནས་བཟུང་སྟེ་སྐུ་ཕྲེང་དྲུག་གི་འཁྲུངས་རྣམ་འབྲི་བའི་སྐབས་དེར་གཅན་ཚའི་ཐང་དུ་ཁོང་གི་འཁྲུངས་གཞིར་དངོས་སུ་སོང་སྟེ་སྐབས་དེར་བཞུགས་ཡོད་པའི་ལོ་ལོན་རྒན་རྒོན་རྣམས་ལ་ཞིབ་ཏུ་འདྲི་བའི་ལན་དུ་དཀྱུས་སུ་བཀོད་ཡོད་པ་དེ་མ་གཏོགས་གཞན་གང་ཡང་བཤད་རྒྱུ་མེད་དེ།ད་ལྟ་མཐོང་བཞིན་པའི་དེབ་དེའི་ནང་དུ་ཡ་མཚན་ཅན་གྱི་སྤྲུལ་བའི་མཚན་རྟགས་ཧ་ལས་པར་བཤད་ཡོད་པ་ནི་ཁོ་ཚོ་དག་སྣང་དང་སྤྲུལ་བར་དད་ཞེན་ཆེ་བའི་སྒོ་ནས་བླ་མ་རྡོ་རྗེ་འཆང་གཞན་ལས་ཁྱད་པར་དུ་འཕགས་པའི་བསྟོད་པ་སྟེ།རྒྱ་བོད་ཀྱི་སྔོན་བྱོན་མཁས་གྲུབ་མཐའ་དག་གི་ནང་ནས་རེ་ཟུང་ཙམ་ལ་དེ་འདྲའི་སྣང་ཚུལ་ཡ་མཚན་ཅན་ཡོད་ན་ཐང་སྟེ།ཕྲན་ནི་ལོ་རྒྱུས་དང་ཆོས་ལུགས་སོགས་གང་ལ་ཞིབ་ཏུ་དཔྱད་པ་གཏོང་མཁན་ཞིག་ཡིན་པས་བཤད་ཚད་བདེན་པར་འཛིན་པ་དང་ཡོད་ཚད་ལ་དད་པ་བྱེད་མཁན་ཡེ་ནས་མིན་པས་ལོ་རྒྱུས་དང་རྣམ་ཐར་སོགས་ཀྱི་བརྗོད་བྱ་དོན་གྱི་མཛེས་མ་ལ་བརྗོད་བྱེད་ཚིག་གི་གོས་རྒྱན་མང་དྲགས་ན་མི་ཐེག་པའི་བཟོ་རྟ་ཞིག་རང་བཞིན་གྱིས་ཡོང་གིན་འདུག་པས་ཧ་ཅང་ཐལ་ཆེས་ན་སྐྱོན་དུ་འགྱུར་སྲིད་དོ།

དགུང་ལོ་ལྔའི་སྟེང་དུ་ཐམས་ཅད་མཁྱེན་པ་ཞྭ་དམར་དགེ་འདུན་བསྟན་འཛིན་རྒྱ་མཚོས་ངེས་འཛིན་མཛད་པ་ལྟར་དཔལ་དར་ཕུལ།དགུང་ལོ་བདུན་བཞེས་པ་ས་ཁྱི་ལོ་སྟེ་སྤྱི་ལོ་༡༩༠༩་སྟེང་དུ་འདིའི་ཕྱོགས་ཀྱི་ལྷ་བསུ་མི་བསུའི་སེར་ཕྲེང་དང་བཅས་པས་སྡེ་འདིའི་དམ་པ་གོང་མའི་ཁྲི་འཕང་མཐོན་པོར་མངའ་གསོལ།དེ་ཚེ་སྐུ་གོང་མའི་དབུ་སྔས་ཀྱི་ཚེ་དཔག་མེད་ཀྱི་ཐང་ག་གསེར་བྲིས་ཤིག་བཞུགས་པ་གཟིགས་པས་ངའི་ཚེ་ཐང་ཞེས་གསུང་ནས་ངེས་འཛིན་མཛད་པའི་བཤད་སྲོལ་ཡོད།གཟིམ་ཁང་ཡིད་དགའ་ཆོས་འཛིན་དུ་ཞབས་སོར་བཀོད་སྐབས་ཊ་མ་རུ་དང་རྡོར་དྲིལ་ཕྱག་ཕྲེང་རྣམས་ཀྱང་ཐུགས་འཛིན་མཛད།ལྷ་ཁང་མཐོང་གྲོལ་གྱི་རྟེན་རྣམས་ལ་འཇལ་སྐབས་སྒོའི་གཡོན་ལོགས་སུ་སྐུ་གོང་མ་རྣམས་ལ་གསུང་འབྱོན་པའི་ལོགས་བྲིས་ཀྱི་སྒྲོལ་མ་གཟིགས་པས་གསུང་འབྱོན་སྒྲོལ་མ་རེད་ཅེས་གསུང་བ་སོགས་ཀྱིས་སྐྱེ་འགྲོ་མཐའ་དག་ཡང་དག་པའི་དད་པའི་ས་ལ་བཀོད།དེ་ནས་དམ་ཆོས་འདུལ་བའི་ཀུན་སྤྱོད་གཙང་ཞིང་ཆོ་ག་ཆོས་སྤྱོད་ཀྱི་རིམ་པ་མཁས་པའི་དགེ་འདུན་བརྩོན་འགྲུས་ཀློག་གི་སློབ་དཔོན་དུ་བསྟེན་ནས།ཡོན་ཏན་ཀུན་གྱི་ཕྱི་མོ་ཀ་མད་སུམ་བཅུ་ནས་བཟུང་སྟེ་འདོན་ཆོས་སྤྱོད་ཀྱི་རིམ་པ་རྣམས་ཐུགས་འཛིན་མཛད།ལོ་དེའི་ཟླ་ལྔ་བའི་ནང་དུ་རྗེ་ཞྭ་དམར་བ་མཆོག་ཀོའུ་བ་དགོན་བཤད་སྒྲུབ་དར་རྒྱས་གླིང་དུ་ཕེབས་ཏེ་དབྱར་ཆོས་སྐབས།རྗེ་བླ་མ་མཁན་སྤྲུལ་དམ་པ་རྡོ་རྗེ་འཆང་ཆེན་པོ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་ཡང་ཀོའུ་བ་དགོན་དུ་ཞབས་བཏེགས་ཏེ་དམ་པ་དེ་ཉིད་ལས་དབུས་བརྒྱུད་ལུགས་ཀྱི་ལམ་རིམ་འཇམ་དཔལ་ལུང་གི་ཉམས་ཁྲིད་རྒྱས་པ་དང་།དབེན་ས་བ་བློ་བཟང་དོན་གྲུབ་དང་མཁས་གྲུབ་སངས་རྒྱས་ཡེ་ཤེས་གཉིས་ཀྱི་བཀའ་འབུམ་སོགས་དབང་ལུང་མཐའ་ཡས་པའི་དམ་པའི་ཆོས་ཀྱི་བདུད་རྩི་ཐོག་མར་མྱངས།

ཟླ་བ་དེའི་མཇུག་ཏུ་སྐྱབས་གཅིག་བླ་མ་དམ་པ་ཆོས་རྗེ་ཞྭ་དམར་བ་མཆོག་རང་དགོན་ངང་རུང་བཀྲ་ཤིས་ཆོས་འཕེལ་དུ་ཕེབས་བསུ་རྒྱ་ཆེན་པོའི་སྒོ་ནས་གདན་དྲངས་ཏེ།རྗེ་བླ་མའི་ལམ་རིམ་ཆེ་ཆུང་ཐམས་ཅད་ཀྱི་དོན་གཅིག་ཏུ་དྲིལ་བ་ལམ་མཆོག་སྒོ་འབྱེད་དང་བླ་མའི་རྣལ་འབྱོར་དགའ་ལྡན་ལྷ་བརྒྱ་མའི་ཟབ་ཁྲིད།རྒྱལ་སྲས་ལག་ལེན་སོ་བདུན་མ་དང་ཐོག་མའི་བློ་སྦྱོང་བཅས་ཀྱི་ཁྲིད་གསན།མཁན་སྤྲུལ་དམ་པ་འདིས་རབ་ཏུ་བྱུང་བའི་ཐུགས་མདུན་བྱས་པའི་དུས་སུ་ལྷན་སྐྱེས་ཀྱིས་མངའ་བ་ནི།ཇི་སྐད་དུ་[ཡེ་ཤེས་གྲུབ་པ་]ལས།   /སྐྱ་བ་འཛིན་པ་མེད་པར་ནི། །གྲུ་ཡིས་ཕ་རོལ་བགྲོད་མི་ནུས། །ཡོན་ཏན་ཐམས་ཅད་རབ་རྟོགས་ཀྱང་། །བླ་མ་མེད་པར་སྲིད་མཐར་མེད/། །ཅེས་ཐམས་ཅད་མཁྱེན་པ་རིན་པོ་ཆེའི་གླིང་དུ་བགྲོད་པ་ལ་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པའི་དེད་དཔོན་མཁས་པ་ཞིག་བསྟེན་པ་མེད་དུ་མི་རུང་བ་དང་།  [རྗེ་ཐམས་ཅད་མཁྱེན་པས]་ཀྱང་།  /ཁྱིམ་ན་གནས་པ་ནི་ཆོས་བསྒྲུབ་པའི་བར་ཆད་མང་ཞིང་ཉེས་པ་དུ་མའི་སྐྱོན་ཆགས་ལ།རབ་ཏུ་བྱུང་བ་ནི་དེ་ལས་ལྡོག་པས་ན་འཁོར་བ་ལྡོག་པའི་རྟེན་ནི་རབ་ཏུ་བྱུང་བ་མཆོག་ཏུ་གྱུར་པས།མཁས་པས་རབ་ཏུ་བྱུང་བ་ལ་མངོན་པར་དགའ་བར་བྱའོ/། །ཞེས་ཇི་སྐད་བཀའ་བསྩལ་བ་ལྟར་རབ་ཏུ་བྱུང་བ་ནི་དཀར་ཆོས་ཐམས་ཅད་ཀྱི་རྩ་བའམ་རྨང་གཞིར་དགོངས་ནས་ཡང་དང་ཡང་དུ་གསོལ་བ་བཏབ་པ་བཞིན།ཀུན་མཁྱེན་གཉིས་པ་དབྱིག་གུ་གཉེན་དང་ཆོས་རྗེ་བུ་སྟོན་གྲུབ་ལ་སོགས་པའི་སྒྱུ་འཕྲུལ་གྱི་བཀོད་པས།སངས་རྒྱས་བསྟན་པའི་མཛོད་འཛིན་པ།བཀའ་དང་བསྟན་བཅོས་འགྱུར་རོ་ཅོག་གི་དགོངས་དོན་ཟབ་ཅིང་བརླིང་བ་མཐའ་དག་ཕྱིན་ཅིའི་མ་ལོག་པར་མཁྱེན་པ།འཆད་རྩོད་རྩོམ་གསུམ་དང་མཁས་བཙུན་བཟང་བའི་ཡོན་ཏན་གྱི་དྲི་བསུང་ཡངས་པའི་ཕྱོགས་ཀུན་ཏུ་ཁྱབ་པ།ཉམས་དང་རྟོགས་པའི་གཏེར་ཁ་མི་ཟད་པའི་ཀློང་བརྡོལ་བ། ལྔ་བརྒྱ་བ་རྣམས་ཀྱི་གཙུག་གི་ནོར་བུ།རྒྱལ་ཕྲེང་བཅུ་གསུམ་པ་ཆེན་པོའི་རིགས་བདགསྐྱབས་མཆོག་དམ་པ་རྗེ་ཞྭ་དམར་སྐུ་ཕྲེང་བཞི་བ་པན་ཊི་ཏ་ཆེན་པོ་དགེ་འདུན་བསྟན་འཛིན་རྒྱ་མཚོ་མཆོག་བརྟན་མཁས་གཉིས་ལྡན་གྱི་མཁན་པོ་དེ་ཉིད་ལས་དགེ་བསྙེན་དང་བར་མ་རབ་བྱུང་གི་ཚུལ་ཁྲིམས་ཡང་དག་པར་བཞེས།དེ་ཡང་རྗེ་བླ་མ་[ཙོང་ཁ་བ]འི་ཞལ་ནས།  /ཡིད་ཀྱི་ཤེལ་ནི་སྤོང་སེམས་ཚོན་གྱིས་བསྒྱུར། །ལག་པའི་པདྨ་ལྷང་བཟེད་བུང་བས་མཛེས། །སྐུ་ཡི་གསེར་རི་དམར་པོ་བླ་གོས་ཀྱི། །མཚམས་སྤྲིན་གཞོན་ནུས་ཡོངས་སུ་ཁེབས་པར་གྱུར/། །ཞེས་པ་ལྟར་དགེ་སྦྱོང་གི་བརྟུལ་ཞུགས་ཡང་དག་པར་བླངས་ཏེ།མཚན་འཇམ་དབྱངས་མཁྱེན་རབ་རྒྱ་མཚོར་གསོལ།

དེ་ནས་བཟུང་ཉེས་བྱས་ཕྲ་མོས་ཀྱང་མ་གོས་ཤིང་ཚུལ་ཁྲིམས་རང་གི་མིག་བཞིན་དུ་རྣམ་པར་དག་པ་སྲུང་བས་ན་བཟའ་ཚུན་ཆད་ལ་ཚུལ་ཁྲིམས་ཀྱི་དྲི་བསུང་རྒྱང་རིང་བོར་ལྡིངས་པ་སྐྱེ་བོ་ཀུན་ལ་མཐུན་སྣང་དུ་གྲུབ།དམ་པ་དེ་ཉིད་ཀྱི་ཞལ་སྔ་ནས་དབེན་ས་སྙན་བརྒྱུད་ཀྱི་བླ་མའི་རྣལ་སྦྱོར་དང་།རིགས་གསུམ་སྤྱི་སྒྲུབ།འཇམ་དབྱངས་དཀར་བོ་དང་རིག་བྱེད་མའི་རྗེས་གནང་སོགས་གསན།དེ་ནས་བཟུང་སྟེ་འཇམ་དབྱངས་དཀར་བོ་དང་རིག་བྱེད་མ་གཉིས་ལྷག་པར་ལྷར་བསྟེན་ནས་ནམ་རྒྱུན་དུ་ཞལ་འདོན་མཛད།ལྕགས་ཁྱི་ལོར་འཁྲུངས་ཡུལ་དུ་ཞབས་བཏེགས་ཏེ་དེ་ཀའི་སྐྱེ་བོ་ཡོངས་ལ་ཞལ་འཇལ་ཕྱག་དབང་གནང་སྟེ་དགེ་བའི་ས་ལ་བཀོད།དེའི་ཕྱི་ལོར་རང་དགོན་དུ་སྐུ་འཚམས་དམ་པོས་ངང་ནས་འཇིགས་བྱེད་ཟ་མ་ཏོག་དང་འདུས་པ་འཕགས་ལུགས་སྨན་ཆོག་ཆེན་མོའི་ཆོ་ག་རྣམས་ཐུགས་འཛིན་མཛད།

ཆུ་བྱི་ལོའི་ཟླ་བདུན་པའི་ཚེས་དྲུག་ལ་རྗེ་ཞྭ་དམར་བ་སྐུ་ཕྲེང་བཞི་བ་དགེ་འདུན་བསྟན་འཛིན་རྒྱ་མཚོ་མཆོག་གི་རགས་པའི་གཟུགས་སྐུའི་ཟ་མ་ཏོག་དོར་ཏེ་ཤིན་ཏུ་ཕྲ་བའི་རླུང་སེམས་དབྱེར་མེད་ཀྱི་རྡོ་རྗེའི་སྐུ་འོག་མིན་དུ་ཕེབས་པའི་གཏམ་གསན་པས།དྷཱི་ཚར་ཕེབས་ཏེ་མགོན་པོ་གང་གི་སྐུ་གདུང་ཡིད་བཞིན་ནོར་བུའི་དྲུང་དུ་དངོས་འབྱོར་ཡིད་ཀྱིས་མཆོད་སྤྲིན་བསམ་གྱིས་མི་ཁྱབ་པ་སྦྲོས་ཏེ་གདུང་ཤུགས་དྲག་པོས་གསོལ་འདེབས་དང་།ཐུགས་དགོངས་ཡོངས་སུ་རྫོགས་པའི་ཆེད་དུ་ཆོ་ག་ཆོས་སྤྱོད་ཀྱི་རིམ་པ་རྒྱ་ཆེར་སྤེལ།དེ་ནས་དགའ་ལྡན་བསྟན་པའི་འབྱུང་གནས་བྱ་ཁྱུང་ཐེག་ཆེན་ཡོན་ཏན་དར་རྒྱས་གླིང་དུ་ཆིབས་ཁ་བསྒྱུར་ཏེ་གནས་མཆོག་ཨ་ར་པ་ཙར་སྐུ་འཚམས་དམ་པོར་བཞུགས།མཚན་ཞིག་གི་ཐོ་རེངས་ལ་འཇམ་དཔལ་མཚན་བརྗོད་མ་བསླབ་པར་གཟིམས་སྣང་དུ་གསུང་གདངས་མཐོན་པོས་ཐོགས་མེད་དུ་གསུངས་བར་སྐུ་གོང་མའི་ཁུ་བོ་ཨ་ཁུ་བཀའ་ཀྱཱ་ཚང་གིས་ཐོས་ནས་གཟིམས་ལས་བསླངས།ཚིག་མཚམས་གང་ལ་སླེབས་པའང་ཐུགས་ན་གསལ་པོར་ཡོད་པ་ཕྱིས་སུ་ཡང་ཡང་གསུངས།ཁ་ཅིག་གིས།སྙིང་རྗེ་ཆེ་དང་ཤེས་རབ་དང་། །ཐབས་ཀྱིས་འགྲོ་དོན་བྱེད་པའི་མཆོག །ཡིན་པར་བཤད་འདུག་ཀྱང་།གང་ལྟར་འདི་ནི་རྒྱལ་བ་ཀུན་གྱི་ཡབ་གཅིག་རྗེ་བཙུན་ཟུར་ཕུད་ལྔ་བས་རྗེས་སུ་བཟུང་བའི་རྣམ་པར་ཐར་བ་བསམ་གྱིས་མི་ཁྱབ་པ་ཞིག་ཡིན་པ་ནི་བསྙོན་དུ་མེད།དེ་ནས་ཕྱིར་རང་དགོན་དུ་ཕེབས་ཏེ་ཕྱག་དང་མན་ཊལ་མཆོད་པ་སྐོར་བ་སོགས་བསགས་སྦྱང་ལ་འབད་དེ་བསྟན་འཛིན་གྱི་སྐྱེས་བུ་མཚན་དོན་དང་མཐུན་པའི་ཕྱག་བཞེས་མཛད།མཁན་སྤྲུལ་དམ་པས་དགུང་ལོ་བཅུ་གཉིས་བཞེས་པ་ཤིང་སྟག་ལོར་བཅོམ་ལྡན་འདས་སྨན་གྱི་རྒྱལ་བོའི་སྤྲུལ་བ་མཁས་པ་དང་གྲུབ་པའི་དབང་ཕྱུག་ཆེན་པོ་འཇུ་འོད་ཟེར་རྒྱ་མཚོར་ཞལ་འཇལ་བར་གསང་འབྲོག་བཤད་སྒྲུབ་འཕེལ་རྒྱས་གླིང་དུ་ཕེབས་ཏེ།དམ་པ་དེ་ཉིད་ཀྱི་ཞལ་སྔ་ནས་འཇིགས་བྱེད་བདུད་ལས་རྣམ་རྒྱལ་གྱི་དབང་དང་།གཏུམ་པོ་ཁྱུང་ལྔ།སེང་གདོང་གཙོ་འཁོར་གསུམ་གྱི་རྗེས་གནང་དང་།གསོ་བྱེད་དཔལ་ལྡན་རྒྱུད་བཞི་དང་ཡན་ལག་བརྒྱད་པ་ལ་སོགས་པའི་ལུང་ཁྲིད་མཐའ་མེད་པ་ལ་གསན་བཞེས་མཛད།

རྗེ་བླ་མ་མཁན་སྤྲུལ་དགུང་ལོ་བཅུ་དྲུག་བཞེས་པ་ས་ལུག་དོན་གྲུབ་ལོ་སྟེ་སྤྱི་ལོ་༡༩༡༩་ལོར་མཁས་གྲུབ་བྱེ་བའི་བསྟི་གནས་མདོ་སྨད་ཀྱི་དཔལ་ནཱ་ལེན་ཊ་གཉིས་པ་དྷཱི་ཚ་བཀྲ་ཤིས་ཆོས་སྡིངས་སུ་སློབ་གཉེར་ལ་ཕེབས་ཞོར་དུ་རྗེ་བཙུན་མཁྱེན་པའི་བདག་པོས་བྱིན་གྱིས་བརླབས་པའི་གནས་མཆོག་ཨཱ་ར་པ་ཙར་འཇམ་དབྱངས་དཀར་བོའི་བསྙེན་སྒྲུབ་མཛད་པའི་སྐབས།ལྗགས་སྟེང་དུ་སྲན་མ་བཞག་ཏེ་ཐུན་གཅིག་གི་རིང་ལ་ཁྱུང་སོ་འབུས་ཏེ་ཤེས་རབ་ཁྱད་པར་ཅན་འཕེལ་བའི་རྟགས་ཐོན།འདི་ལྟ་བུའི་རྟགས་ནི་གངས་ཅན་གྱི་ལྗོངས་སུ་བུ་སྟོན་ཐམས་ཅད་མཁྱེན་པ་མ་གཏོགས་མཐོང་ཐོས་ཀྱི་གཏམ་རྒྱུན་མེད།དེ་ནས་དྷཱི་ཚར་ཕེབས་ཏེ་ཆོས་སྲིད་ཀྱི་བདག་པོ་རྒྱལ་ཚབ་མཆོག་སྤྲུལ་རིན་པོ་ཆེ་ངག་དབང་མཁས་བཙུན་རྒྱ་མཚོར་དངུལ་སྲང་ལྔ་ཅུའི་ལྷག་གིས་ལག་སྐྱེས་བཏེགས་ཤིང་དགེ་འདུན་པ་རྣམས་ལའང་དངུལ་སྲང་གང་རེས་སྐུ་འགྱེད་དང་ཇ་ཐུག་སོགས་ཀྱིས་བསྙེན་བཀུར་ཆེས་ཆེར་ཞུས་ཏེ་ཆོས་གྲྭར་ཞུགས།གནས་ལྔ་ཡོངས་སུ་རྫོགས་པའི་མཁས་པ་ཆེན་པོ་ཚུལ་ཁྲིམས་རྒྱ་མཚོ་ཡོངས་འཛིན་དུ་བསྟེན་ནས་རིག་པའི་གནས་སྤྱི་དང་ཁྱད་པར་ཚད་མའི་སྔོན་འགྲོ་ཁ་དོག་དཀར་དམར་གྱི་དཔེ་ཁྲིད་གསན་ཏེ།ཆོས་དུང་དཀར་པོ་གཡས་འཁྱིལ་གྱི་ཁ་དོག་ཆོས་ཅན་དུ་བཀོད་པའི་བརྒལ་རྟགས་ཚིག་བཀྲ་ཕུན་སུམ་ཚོགས་པའི་རྟེན་འབྲེལ་བསྒྲིགས།རིག་ལམ་འཕྲུལ་ལྡེ་དང་ཡོད་རྟོགས་མེད་རྟོགས་ཡིན་ལོག་མིན་ལོག་ལྡོག་པ་ངོས་འཛིན་རྣམས་ཡོངས་འཛིན་དམ་པའི་ཞལ་སྔ་ནས་དཔེ་ཁྲིད་ཆགས་མེད་མཛད།སྐབས་གང་འགྲིག་ཏུ་ཡིན་འགྱུར་མིན་གྱུར་ལ་བགྲོ་གླེང་མཛད་པས་རིགས་ལམ་གྱི་འགྲོ་ཚུལ་ལེགས་པར་མཁྱེན་པའི་ཚུལ་བཞེས། དགུང་ལོ་བཅུ་དགུ་ལྕགས་བྱ་ལོར་ལྡོག་པ་ངོས་འཛིན་གྱི་འཕྲོར།རྒྱུ་འབྲས་ཆུང་བ་དང་གཅིག་ཐ་དད།ཚད་མའི་སྤྱི་དོན་གཉིས་ལས་ཉེར་མཁོ་བཅས་ཀྱི་དཔེ་ཁྲིད་གསན་ཏེ་རྩོད་པར་བསྐྱེད་ཆེས་པར་འཕེལ།དབལ་མང་སེམས་བྱུང་དང་ཀུན་བཏུས་དར་ཊཱིཀ་གི་སེམས་བྱུང་ཟུར་དུ་བཀོད་པ་རྣམས་ལ་གཟིགས་རྟོག་ཞིབ་པར་མཛད།

དགུང་ལོ་ཉི་ཤུར་ཕེབས་པ་ན།ཇི་སྐད་དུ།འདུལ་བ་སུམ་བརྒྱ་བ་ལས།ཚུལ་ཁྲིམས་ལྡན་ཞིང་འདུལ་བའི་ཆོ་ག་ཤེས། །ནད་པ་སྙིང་རྗེ་འཁོར་ནི་དག་པ་དང་། །ཆོས་དང་ཟང་ཟིང་ཕན་འདོགས་བརྩོན་པ་དང་། །དུས་སུ་འདོམས་པ་དེ་ལྟར་བླ་མར་བསྔགས། །ཅེས་པ་ལྟར་ཡོན་ཏན་མཐའ་དག་རང་ཆས་སུ་མངའ་བ།བཙུན་ཞིང་བརྟན་པ།མཁས་ཤིང་ཕན་འདོགས་པའི་བདག་ཉིད་ཆེན་པོ་རྗེ་འཇམ་དབྱངས་རྒྱ་མཚོའམ་ཨ་ཁུ་རིན་པོ་ཆེ་དོན་ལྡན་མཆོག་གི་ཞལ་སྔ་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ཏེ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པའི་བདུད་རྩིས་ཐུགས་ཀྱི་བུམ་བཟང་ཡོངས་སུ་གཏམས་པར་མཛད།མཇུག་ཏུ་འདུལ་རྒྱ་མཚོའི་སྙིང་བོ་རྩལ་བཤད་དང་ལམ་མཆོག་སྒོ་འབྱེད་ཀྱི་ཁྲིད་སོགས་གནང་བའི་གཏང་རག་ཏུ་ཅི་འབྱོར་དངོས་འབུལ་གྱི་མཆོད་སྤྲིན་རྒྱ་ཆེན་པོ་བཏེགས་སོ། །

སྨྲས་པ།

ཐེག་གསུམ་ཆོས་ཀྱི་སྒོ་མོ་བཞི་སྟོང་གི །འཇུག་ངོགས་དམ་པའི་གཞི་གྱུར་སྡོམ་གསུམ་གྱི། །

ཉེས་ལྟུང་ཕྲ་རགས་སྤངས་པའི་ཉེ་བར་འཁོར། །མདོ་སྨད་ས་ཡི་ཐིག་ལེའི་རྒྱན་དུ་བྱོན། །

རྒྱལ་བསྟན་གནད་བསྡུས་བཀའ་པོད་ལྔར། །ཡུན་དུ་སྤྱངས་ཤིང་ཉམས་བླངས་ཏེ། །

བྱང་ཆུབ་ཕྱོགས་མཐུན་ས་ལམ་གྱི། །མངོན་རྟོགས་མ་ལུས་ཐུགས་སུ་ཆུད། །

ཟབ་ཡངས་ལུང་དང་རིག་པའི་ལྟེ་བ་ལ། །འཆད་རྩོད་རྩོམ་པའི་རྣམ་འགྱུར་རྩིབས་སྟོང་འབར། །

གྲུབ་མཐའ་བཞི་ཡི་མུ་ཁྱུད་ཀྱིས་བསྐོར་པའི། །ཐེག་གསུམ་ཆོས་ཀྱི་འཁོར་ལོ་ཕྱག་ཏུ་བཞེས། །

དེ་ཚེ་སྨྲ་བ་ཟླ་མེད་པ། །ཡེ་ཤེས་ལུས་ཅན་འཇམ་དཀར་གྱི། །

བསྙེན་སྒྲུབ་མཛད་པས་ལྷག་ལྷ་དེས། །རྗེས་སུ་བཟུང་བའི་སྣང་བ་ཐོབ། །

ལྷག་བསམ་རྣམ་དག་ལྷུན་པོའི་རྩེར་བཞུགས་ཏེ། །བཤད་སྒྲུབ་ཟུང་གི་ཉམས་བཞེས་མཛད་པའི་ཚེ། །

བྱིང་རྒོད་ངན་པའི་ནད་ཡམས་འགོག་པའི་ཕྱིར། །ཐུགས་རྗེ་ཆེན་པོས་རྒྱུན་དུ་ཞ་ར་མཛད། །

ཅེས་བྱ་བ་ནི་བར་སྐབས་ཀྱི་ངལ་གསོའི་ཚིག་བཅད་དོ། །

གཉིས་པ།

ཐོས་བསམ་སློབ་གཉེར་མཛད་དེ་མཁས་པའི་གོ་འཕང་མཐོན་པོར་གཤེགས་པ།

དེ་ཡང་རྗེ་བླ་མ་མཁན་སྤྲུལ་མཆོག་དགུང་ལོ་ཉེར་གཅིག་གི་སྟེང་དུ་ཉིད་ཀྱི་ཡོངས་འཛིན་ཨ་ཁུ་དོན་ལྡན་གྱི་མདུན་ནས་ཕར་ཕྱིན་ལ་ཐོས་བསམ་མཛད་པའི་དབུ་ཚུགས།དེ་ནས་བཟུང་པན་ཆེན་བསོད་ནམས་གྲགས་པའི་ཕར་ཕྱིན་སྤྱི་དོན་དང་བློ་གསལ་གླིང་གི་ཕར་ཕྱིན་མཆན།སྒོ་མང་ཡིག་ཆའི་རང་ལུགས་རྣམས་དང་སྦྲགས་ཏེ་ཕར་ཕྱིན་གྱི་ལུས་རགས་པ་རྣམས་ཐུགས་སུ་ཆུད་ངེས་ཀྱི་དཔེ་ཁྲིད་རྣམས་ལེགས་པར་གསན་སྦྱོང་མཛད།སྐབས་སྐབས་སུ་ལམ་རིམ་ཆེན་པོ་ཡང་དཔེ་ཁྲིད་གསན་ཏེ་སྤྱོད་པ་སྤྱི་བསླབ་ཡན་ལ་གཟིགས་རྟོག་ཡང་དག་པར་གནང་།ཐུན་མཚམས་རྣམས་སུ་རྒྱལ་མཆོག་སྐལ་བཟང་གི་གསུང་མགུར་དང་མི་ལའི་མགུར་འབུམ་རྒྱུན་དུ་གཟིགས།ཀུན་མཁྱེན་འཇམ་དབྱངས་བཞད་པའི་ཕར་ཕྱིན་མཐའ་དཔྱོད་རིན་ཆེན་སྒྲོན་མེ་དང་གངྒཱའི་ཆུ་རྒྱུན།སྐལ་བཟང་མིག་འབྱེད་སོགས་ཕར་ཕྱིན་གྱི་སྐོར་ལ་སྦྱངས་བརྩོན་མི་དམན་པ་མཛད་དེ་ས་དང་ཕ་རོལ་ཕྱིན་པའི་ལམ་ལ་ངེས་ཤེས་ཟབ་མོ་རྙེད།དུས་ཚིགས་མ་ངེས་ཀྱང་ཁོང་བླ་ཁོ་རྡོ་རྗེ་འཆང་འཇིགས་མེད་འཕྲིན་ལས་རྒྱ་མཚོ་མཆོག་དྷཱི་ཚ་ཕེབས་ཏེ་མདོ་སྔགས་ཀྱི་ཆོས་ཇི་སྙེད་ཅིག་བཀའ་བསྩལ་བ་རྣམས་ཀྱང་ལྷག་མེད་དུ་བཞེས་པར་མ་ཟད།དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བསྙེན་ཁྲིད་ཤིན་ཏུ་བཀའ་རྒྱ་དམ་པོས་ངང་ནས་གནང་སྐབས་ལོ་ན་ཅུང་བགྲེས་ཤིང་མདོ་སྔགས་ཀྱི་གཞུང་ལ་གོ་བ་གཏིང་ཟབ་པའི་བླ་གྲྭ་དགེ་བའི་བཤེས་གཉེན་རྣམས་ཀྱི་ཕྱག་ཕྲེང་རྣམས་བསྡུས།དེའི་ནང་ནས་ཀྱང་གདུལ་བྱ་མཆོག་ཏུ་གྱུར་བ་བཅུ་གསུམ་དགོས་པས་ན།རྗེ་བླ་མ་མཁན་སྤྲུལ་མཆོག་དེ་དུས་གདུལ་བྱ་དབང་རྣོའི་གྲས་སུ་ཆུད་དེ་བསྙེན་ཁྲིད་ཆ་ཚང་ཐོབ།དེའི་ཕྱི་ལོར་རང་དགོན་གྱི་ཡར་ངོ་མར་ངོའི་དུས་འབྲེལ་གྱི་གསོ་སྦྱོང་ཉམས་པ་འདུལ་བ་ལུང་སྡེ་བཞི་ནས་གསུང་བ་བཞིན་སླད་བཙུགས་ཏེ་ཉེས་ལྟུང་གི་རྒྱུན་སྡོམ་ཞིང་དགེ་བ་གསོ་བའི་ཐབས་ལ་ཡང་དག་པར་བཀྲིས་པར་མཛད།

རྗེ་བླ་མ་དགུང་ལོ་ཉེར་ལྔའི་ཟླ་གཉིས་པའི་ནང་ཀུན་རིག་གི་སྒྲུབ་མཆོད་རས་བྲིས་ལ་བརྟེན་ནས་སྔོན་འགྲོ་དངོས་གཞི་ཆ་ལག་དང་བཅས་པ་གསེར་ལག་དགོན་པའི་ཕྱག་བཞེས་ཇི་ལྟ་བ་བཞིན་ཨ་ཁུ་དོན་ལྡན་ཚང་རང་དགོན་དུ་གདན་དྲངས་ཏེ་གསར་དུ་བཙུགས་པ་དང་།ཟླ་བཞི་བའི་ནང་དུའང་མཆོད་པ་འབུལ་ཚུལ་དང་འདོན་ཐབས་ཕྱག་ལེན་དབྱངས་རྟའི་རིམ་པ་རྣམས་ཀྱང་དྷཱི་ཚ་བཀྲ་ཤིས་ཆོས་ལྡིངས་ལྟར་བཙུགས་ཏེ་སླད་དྷཱི་ཚར་ཕེབས།དེ་ནས་ལེགས་བཤད་གསེར་ཕྲེང་དང་རྣམ་བཤད་སྙིང་བོའི་རྒྱན་སོགས་ཕར་ཕྱིན་གྱི་སྐོར་ལ་གཟིགས་རྟོག་དཔྱིས་ཕྱིན་པར་མཛད་པས་སློབ་དཔོན་སེང་བཟང་ཞབས་ཀྱི་དགོངས་དོན་མཐའ་དག་མ་ལུས་པར་ཐུགས་སུ་ཆུབ།

དོན་གྱི་མཁན་སྤྲུལ་དམ་པ་རྡོ་རྗེ་འཆང་ཆེན་པོ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་མཆོག་དགུང་ལོ་ཉེར་བརྒྱད་བཞེས་པ་ལྕགས་རྟ་རབ་མྱོས་ལོ་སྟེ་སྤྱི་ལོ་༡༩༣༠་ལོར་ལུང་དང་རིག་པའི་སྒྲ་བརྒྱ་ཕྱོགས་མེད་དུ་འཕྱོ་བ།ཆོས་གྲྭ་ཆེན་པོ་དཔལ་ནཱ་ལེན་ཊ་གཉིས་པ།གཞུང་ལུགས་རབ་འབྱམས་སྨྲ་བའི་སེང་ཆེན་བྱེ་བའི་བསྟི་གནས།དྷཱི་ཚ་བཀྲ་ཤིས་ཆོས་ལྡིངས་སུ།ཤིང་རྟ་ཆེན་པོའི་ལུགས་ལ་ཤིན་ཏུ་མཁས་པའི་སློབ་དཔོན་སངྒེ་བཟང་བོས་གཏན་ལ་ཕབས་པའི་ཤེར་ཕྱིན་མངོན་རྟོགས་ཀྱི་རིམ་པ་ལ་དམ་བཅའ་ཡང་དག་པར་བཞུགས་ཏེ་ས་དང་ཕ་རོལ་ཏུ་ཕྱིན་པའི་དོན་ལ་མངའ་བརྙེས་ཤིང་མཁས་པའི་མཚན་སྙན་ཕྱོགས་ཀུན་ཏུ་གྲགས།དགུང་ལོ་ཉེར་དགུའི་སྟེང་གནས་མཆོག་སེང་གེའི་རི་ཁྲོད་དུ་རིགས་གསུམ་སྤྱི་སྒྲུབ་ཀྱི་ལྗགས་བསྙེན་མཛད་དེ་ཁ་སྐོང་གི་སྤྱིན་སྲེག་ཀྱང་གནང་།ལོ་དེར་ཐན་སྐྱོན་ཆེན་པོ་བྱུང་སྟེ་ཡུན་རིང་དུ་ཆར་མ་བབས་པས།ཡུལ་འདིའི་སྐྱེ་བོ་ཐམས་ཅད་ཀྱིས་གསོལ་བ་ནན་གྱིས་བཏབ་པས།རང་དགོན་ནས་རྒྱང་གྲགས་གཅིག་གི་མཚམས་སུ་བ་སྡོང་ཆུ་མགོ་ཞེས་པའི་ཆུ་མིག་ཁྱད་པར་ཅན་ཞིག་ཡོད་པའི་ཁར་ཞབས་བཏེགས་ཏེ།སྤྱན་འདྲེན་ཁྲུས་གསོལ་དང་སྤྲིན་མདོ་ཀླུ་གཏོར་བཅས་ཐུགས་དམིགས་མེད་ཀྱི་ངང་ནས་གསུངས་ཏེ་ཅང་མ་འགོར་བར་སྐུ་མདུན་པ་རྣམས་ལ།མཆོད་བཤམས་སྡུད་དང་འགྲོ་གསུངས།དགོན་་པར་ཐོན་མ་ཐག་འབྲུག་སྒྲ་དང་བཅས་པས་ཆར་ཞོད་ཆེན་པོ་བབས་པ་ལ་བརྟེན་ནས་ཉིན་མང་བོའི་རིང་ཆར་རྒྱུན་འཇམ་པོ་བར་མ་ཆད་པར་བབས་པས།ཡུལ་ཕྱོགས་ཀུན་གྱི་སྐྱེ་འགྲོ་ཐམས་ཅད་ཡིད་ཚིམས་པར་མཛད།དགུང་ལོ་སུམ་ཅུ་བཞེས་པ་ཆུ་སྤྲེལ་ཨང་གིར་ལོ་སྟེ་སྤྱི་ལོ་༡༩༣༢་ལོར་ཁོང་རིན་པོ་ཆེ་དོན་ནམ་འཇམ་དབྱངས་རྒྱ་མཚོ་མཆོག་གི་ཞལ་སྔ་ནས་མཉམ་མེད་དཔལ་ལྡན་ཨ་ཏི་ཤའི་མན་ངགཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་ཉིང་ཁུ།བསྟན་པའི་ཚངས་ཐིག་བྱང་ཆུབ་ལམ་གྱི་སྒྲོན་མ།རྗེ་ཐམས་ཅད་མཁྱེན་པའི་ཐུགས་བཅུད།ཚ་ཁོ་ངག་དབང་གྲགས་པར་ཞལ་གདམས།ལམ་གྱི་གཙོ་བོ་རྣམ་གསུམ་གྱི་ཉམས་ཁྲིད་རྒྱས་པ་ལ་ཟླ་བ་འགའི་རིང་དུ་གསན་བསམ་རྒྱ་ཆེར་བཞེས།

དེ་ནས་བཟུང་ལུང་དང་རིག་པས་འབྱེད་པའི་མཁྱེན་རབ་ནི་ལྷན་སྐྱེས་སུ་མངའ།ཐོས་དོན་རྒྱུད་ལ་སྦྱོར་བའི་མན་ངག་ནི་ཐུགས་སུ་ཆུབ།ཆོས་བརྒྱད་རྣམ་གཡེང་གི་སྤྲོས་པ་ནི་བཙན་གྱིས་བཅད།འབོལ་བདེ་ཏིང་ངེ་འཛིན་གྱི་སྟན་ཆུང་ནི་འོག་ཏུ་མནན་ཏེ།ཉིན་རེ་བཞིན་ལམ་གྱི་གཙོ་བོ་རྣམ་གསུམ་གྱི་སྟེང་ནས་ལམ་གྱི་ལུས་ཡོངས་སུ་རྫོགས་པ་ལ་ཤར་སྒོམ་ཆག་མེད་དང་།རིགས་བྱེད་མ།འཇིགས་བྱེད།འཇམ་དབྱངས་དཀར་བོ།ཁྱད་པར་བླ་མ་སྤྱན་རས་གཟིགས་ལ་བརྟེན་ནས་གཏོང་ལེན་གྱི་དམིགས་པ་ལ་ཉིན་མཚན་ཁོར་མོ་ཡུག་ཏུ་བཞུགས་པའི་ཚུལ་འདི་ནི་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐམས་ཅད་ཁོང་ནས་འཛུམ་པའི་རྣམ་པར་ཐར་བ་ཆེས་བླ་ན་མེད་པ་ཞིག་རེད་འདོད།འཇམ་དབྱངས་བླ་མ་མཁན་སྤྲུལ་མཆོག་དགུང་ལོ་སོ་གཅིག་ཆུ་བྱའི་ལོར་ལྷོ་བརྒྱུད་བསྟན་པའི་འབྱུང་གནས་དཔལ་ལྡན་བཀྲ་ཤིས་ཀུན་ནས་འཁྱིལ་བའི་ལུང་ཆོས་མན་ངག་གི་མཛོད་འཛིན་པ།འཇམ་མགོན་བསྟན་པའི་གདུང་འཚོབ་པ་བ་ཆེན་པོ།ཁོང་བླ་ཁོ་རིན་པོ་ཆེ་འཇིགས་མེད་འཕྲིན་ལས་རྒྱ་མཚོ་མཆོགབྱ་ཁྱུང་ཐེག་ཆེན་གླིང་དུ་ཆིབས་ཁ་བསྒྱུར་དུས་དམ་པ་དེ་ཉིད་ཀྱི་དྲུང་ནས།འགྲེལ་དོན་གསལ་དང་འདུལ་བ་རྒྱ་མཚོའི་སྙིང་བོའི་ཞལ་ལུང་།དུས་འཁོར་དང་འཁོར་ལོ་སྡོམ་པའི་དབང་ཆེན།ལྗགས་ལུང་སོགས་མང་དུ་གསན་ཏེ་ཕྱིར་རང་དགོན་དུ་ལྷགས།ལོ་དེར་ཚོགས་ཆེན་འདུ་ཁང་དུ་ལུང་བསྟན་བྱམས་པ་དང་སྨན་བླ་བདེ་གཤེགས་བརྒྱད།རྒྱན་དྲུག་མཆོག་གཉིས་ནོར་བུའི་དྲ་བ་དྲ་ཕྱེད་དང་ནོར་ཆབ་ལས་གྲུབ་པའི་ཕན་དང་ཀ་ཐུམ།གསེར་ཟངས་དང་དངུལ་གྱིས་བཞེངས་པའི་ཆོས་འཇུགསྤོས་ཕོར་ཆ་གཉིས་བཅས་ཕུལ།

དུས་ནམ་ཞིག་གི་ཚེ་མཁན་སྤྲུལ་དམ་པའི་ཐུགས་དགོངས་ལ། ཇི་སྐད་དུ། མདོ་ལས། བུ་རམ་ཤིང་ཤུན་སྙིང་བོ་ཅི་ཡང་མེད། །དགའ་བར་བྱེད་པའི་རོ་ནི་ནང་ན་འདུག །ཤུན་པ་ཟོས་པས་མིས་ནི་བུ་རམ་རོ། །ཞིམ་པོ་རྙེད་པ་ནུས་པ་མ་ཡིན་ནོ། །ཞེས་ཐོས་པའི་དོན་རྣམས་རང་རྒྱུད་ལ་སྦྱར་ཏེ་ལག་ལེན་གནད་ལ་ཁེལ་བ་ཞིག་མ་བྱས་ན་སེམས་ཅན་ལ་ཕན་མི་ཐོག་པར་དགོངས་ནས།ད་ནས་སྦྱོར་བ་སྨན་གྱི་ལག་ལེན་དཔྱིས་ཕྱིན་པ་ཞིག་གི་སྟེང་ནས་འགྲོ་བ་ཉམ་ཐག་ནད་ཀྱིས་གདུང་བ་རྣམས་ལ་སྨན་གྱི་སྤྱིན་པ་ཞིག་བཏང་ན་བསྡུ་བཞིའི་དངོས་པོ་ལྷུར་མཛད་པའི་བྱང་སེམས་ཀྱི་སྤྱོད་པ་དང་མཐུན་པར་དམིགས་ནས།ཁོང་རྡོ་རྗེ་འཆང་བླ་ཁོ་རིན་པོ་ཆེར་རྒྱུ་མཚན་ཞུས་པ་ན།ཁོང་གིས།དེ་ནི་རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེ་ཆེས་མཆོག་ཏུ་གྱུར་བ་ལགས་པས།ཅིས་ནས་ཀྱང་ཕྱག་ལེན་དུ་གནང་དགོས་ཅེས་རྡོ་རྗེ་ཚིག་གིས་བཀའ་ལུང་ལ་བརྟེན་ནས།གསོ་བྱེད་སྨན་གྱི་བཤད་རྒྱུན་མན་ངག་སྦྱོར་བ་ལག་ལེན་དང་བཅས་པ་སྔར་ནས་ཡོད་པའི་ཁར།དཔལ་ལྡན་རྒྱུད་བཞིའི་མན་ངག་ཡང་འགྲེལ་དང་བཅས་པ་རྣམས་ལ་ཞིབ་ཏུ་གཟིགས་རྟོག་གནང་ཞིང་།གསོ་བྱེད་ཀྱི་ཆ་ལག་ཐམས་ཅད་སྐབས་དེར་སངས་རྒྱས་སྨན་བླ་གཉིས་པ་མཁས་པའི་དབང་པོ་འཇུ་འོད་ཟེར་རྒྱ་མཚོས་གནང་ཡོད་པ་ལ་བརྟེན་ནས།སྐུ་ཚེ་ཧྲིལ་བོར་སྨན་གྱི་སྦྱོར་བ་ལ་རྩེ་གཅིག་ཏུ་གཞོལ་ཏེ་ལོ་རེར་ཉམ་ཐག་ནད་པ་སྟོང་ཕྲག་དུ་མར་སྨན་གསོ་མཛད་པ་དང་།ཁྱད་པར་ཐག་རིང་བོའི་ནད་པ་དྲག་ཅན་རྒྱ་དང་བོད།སོག་པོ་ཁ་ཆེ་སོགས་འགྲོ་བ་རིས་སུ་མ་ཆད་པ་རྣམས་ནད་ཀྱིས་གདུང་བ་སེལ་ཞིང་དེ་དག་ལ་ལམ་འཇུག་གི་རྒྱགས་དང་དངུལ་སོགས་ཀྱིས་སྤྱིན་པ་རྒྱ་ཆེར་གནང་སྟེ་འགྲོ་དོན་བླ་ན་མེད་པ་ནམ་མཁའ་དང་མཉམ་པར་མཛད།

དགུང་ལོ་སོ་གཉིས་ཤིང་ཁྱི་ལོར་གནས་མཆོག་སེང་གེའི་རི་ཁྲོད་སྐུ་འཚམས་ལ་ཡུན་རིང་བཞུགས་ཤིང་མ་ཎི་གྲངས་བསོགས་སྒོས་གཏོང་ལེན་གྱི་དམིགས་པ་ལ་རྩེ་གཅིག་ཏུ་དྲིལ།ལོ་དེར་རང་དགོན་གྱི་སྒྲུབ་བྱ་འགའ་དགེ་ཚུལ་དང་བསྙེན་རྫོགས་ཀྱི་སྡོམ་པ་ལ་བཀོད།ཤིང་ཕག་ལོར་སྨྲ་བའི་དབང་ཕྱུག་ཡོངས་འཛིན་ཐམས་ཅད་མཁྱེན་པ་རྗེ་འཇམ་དབྱངས་རྒྱ་མཚོ་མཆོག་རང་དགོན་དུ་ཞུས་ཏེ།མཉམ་མེད་ཙོང་ཁ་བ་ཆེན་པོའི་བྱང་ཆུབ་ལམ་གྱི་རིམ་པའི་སྤྱོད་སྤྱི་བསླབ་མན་གྱི་ཉམས་ཁྲིད་ཡོངས་རྫགས་དང་གོང་༧ས་ལྔ་བའི་འཇམ་དཔལ་ཞལ་ལུང་།རྗེ་བླ་མའི་རྣམ་བཞག་རིམ་པའི་རྣམ་བཤད།དབལ་མང་སྤྱི་རྣམ་གྱི་མྱོང་ཁྲིད་བཅས་ལེགས་པར་གསན་པས།ལམ་གྱི་ངོ་བོ་མ་ནོར།གྲངས་དང་གོ་རིམ་མ་འཁྲུག་པར་ཉམས་སུ་ལེན་ཚུལ་གྱི་གདམས་པའི་བཅུད་བསྡུས་པའི་ཉིང་ཁུས་ཐུགས་རྒྱུད་ཡོངས་སུ་སྨིན་པར་མཛད།དམ་པ་དེ་ཉིད་ལས་རྒྱལ་བའི་བཀའ་འགྱུར་གྱི་ལུང་ཡང་ཆ་ཚང་བར་བཞེས།

དགུང་ལོ་སོ་དྲུག་བཞེས་པ་ས་སྟག་འབྲུ་མང་ལོ་སྟེ་སྤྱི་ལོ་༡༩༣༧་ལོར་ཁོང་བླ་ཁོ་རྡོ་རྗེ་འཆང་ལོ་རྡོ་རྗ་བྲག་ཏུ་བཞུགས་སྐབས།མཁན་སྤྲུལ་རིན་པོ་ཆེ་སྐུ་ཕྲེང་ལྔ་བ་ཁོང་ཨ་ལགས་བླ་ཁོ་ཚང་ལ་འཚམ་ཞུ་ཞལ་འཇལ་དུ་ཕེབས་པར། སྙིགས་དུས་ཀྱི་སངས་རྒྱས་ངོ་མ་ཁོང་བླ་ཁོ་རིན་པོ་ཆེས།རྗེ་བླ་མ་ཕེབས་ཡོང་བར་གཟིགས་ནས་ཁོང་ཞབས་ཐང་དུ་ཕེབས་བསུ་གནང་བ་དང་ཐུགས་བརྩེ་བ་ཆེན་པོས་རྣམ་གཉིས་ཞལ་འཛོམས་ནས་ཐུགས་དགྱེས་དགྱེས་ངང་ནས་གསུང་གླེང་ཡུན་རིང་གནང་བ་ནི་ས་མཐོན་པོའི་བྱང་སེམས་ནང་ཕན་ཚུན་གྱིས་གང་ཞིག་རྟོགས་པ་དང་གང་ཞིག་གཟིགས་པ་ནི་སུ་ཞིག་གིས་རྟོགས།ས་ཡོས་ལོར་ཁོང་བླ་ཁོ་རྡོ་རྗེ་འཆང་གི་ཕྱག་བཞེས་བཞིན་སྔོན་འགྲོའི་འབུམ་བཅུ་ལེགས་པར་བཏང་སྟེ།ཐབས་ཤེས་དབྱེར་མེད་ཟུང་གིས་ཚེ་གཅིག་ལ་རྡོ་རྗེ་འཆང་གི་སར་དགྲོད་པར་བྱེད་པ་ལ་རྒྱུད་སྡེ་གཞན་ལ་མེད་པའི་ཁྱད་ཆོས་ལྔ་དང་ལྡན་པ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་གཞི་བསྙེན་དང་བསྙེན་སྒྲུབ་སྦྲགས་མ་བདག་འཇུག་དང་དབྱུག་གུ་གཏོར་མ་བརྒྱ་རྩ།ཁ་སྐོང་གི་སྤྱིན་སྲེག་དང་མཇུག་གི་དབའ་བོ་སྟོན་མོ་སོགས་སུས་ཀྱང་མཛད་མི་ཐུབ་པའི་དུས་དང་མཚན་མ་གྲངས་གསུམ་ཚང་བའི་སྒོ་ནས་དོན་དམ་པའི་བསྙེན་པར་བཞུགས།ནུབ་གཅིག་མཚན་ལམ་དུ་མི་དམར་པོ་ཁྲབ་མོག་གྱོན་པ་ཞིག་གིས་ང་ལའང་འཕྲིན་བཅོལ་ཞིག་གནང་དགོས་ཟེར་པར།གནོད་སྤྱིན་བསེ་ཁྲབ་ཅན་ཡིན་པར་མཁྱེན་ནས་འཕྲིན་བཅོལ་དགྲ་བགེགས་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ་ལྗགས་རྩོམ་མཛད་དེ་འཕྲིན་བཅོལ་མཛད།

ཐུན་མཚམས་རྣམས་སུ་བརྒྱ་རྩ་དང་ཆུ་སྤྱིན། འདུས་པའི་བསྐྱེད་རྫོགས་ལ་ཞིབ་གཟིགས་དང་ཁྱད་པར་རིམ་པ་གསུམ་པ་སྒྱུ་ལུས་གང་ལ་བརྟེན་ནས་སྒྲུབ་དགོས་པ་དང་སྒྲུབ་གཞི་མཐར་ཐུག་གང་ཡིན་པ་ལ་སོགས་པར་ཐུགས་ཐག་བཅད་པ་ནི།ཐ་མལ་བའི་བར་དོ་གྲུབ་པ་ལའང་ལས་ཉོན་གྱིས་ལུས་ཕྲ་རགས་གཉིས་སོ་སོར་འབྱེད་པ་ལ་ལྟོས་དགོས་པ་ལྟར།སྒྱུ་ལུས་འགྲུབ་པ་ལ་བསྒོམས་སྟོབས་ཀྱིས་ལུས་ཕྲ་རགས་གཉིས་སོ་སོར་འབྱེད་ནུས་པ་ཞིག་ཅིས་ཀྱང་དགོས་ཤིང་།དེ་ཡང་རྫོགས་རིམ་གྱི་རིམ་པ་ལྔའི་ནང་གི་རིམ་པ་དང་བོ་རྡོ་རྗེའི་བཟླས་པའི་རིམ་པ་ལ་བརྟེན་ནས་རླུང་སེམས་ཙམ་གྱི་ལྷ་སྐུར་གྲུབ་པ་ཡིན་ལ།དེ་ནི་ལུས་ཕྲ་རགས་འབྱེད་པའི་ཐབས་ཀྱི་མཆོག་ཡིན་པར་གཟིགས་ཏེ།ཕྱི་ནང་གི་སྲོག་རྩོལ་ལ་བརྟེན་ནས་རླུང་རྣམས་འཆི་རིམ་ཇི་ལྟ་བ་བཞིན་དུ་སྙིང་གའི་དྷི་ཏིའི་ནང་དང་ཡང་ན་མི་ཤིགས་པ་ལ་ཐིམ་པའི་སེམས་དབེན་མཐར་ཐུག་གི་དཔེའི་འོད་གསལ་གྱི་རླུང་འོད་ཟེར་ལྔ་བས་ཉེར་ལེན་དང་།སེམས་དེས་ལྷན་ཅིག་བྱེད་རྐྱེན་བྱས་པ་ལ་བརྟེན་ནས་ཕུང་བོ་རྙིང་བའི་ཟ་མ་ཏོག་དང་ཡང་ན་ཕུང་བོ་རྙིང་བ་ལས་གོ་ས་ལོགས་སུ་ཕྱེས་ནས་ཕྱི་ནང་ཅི་རིགས་པར་ལྡིང་བ་ཡོད་པའི་ཚུལ་ལ་ངེས་པ་བརྟན་པོ་རྙེད།བསྙེན་པ་མཐར་ཕྱིན་ནས་ཁ་སྐོང་གི་སྤྱིན་སྲེག་བླ་བྲང་ཚོམས་ཁང་དུ་གནང་།

གཞན་ནམ་རྒྱུན་ཏུ་ཐུན་དང་བོ་ལ་རྒྱལ་སྲས་ལག་ལེན་སོ་བདུན་མ་གསུངས་ནས་རིག་བྱེད་མའི་ཆོ་གའི་སྒོ་ནས་སྔགས་གང་འཚམས་རེ་དང་གཏོར་མ་བརྒྱ་རྩ།ཐུན་གྲོལ་ནས་ལྟུང་གཤེགས་དང་འབྲེལ་ནས་བརྐྱངས་ཕྱག་ལྔ་བརྒྱ་རེ་དང་སྨན་བླའི་མདོ་ཆོག་ཡིད་བཞིན་དབང་རྒྱལ་དང་འཇམ་དཔལ་མཚན་བརྗོད་གང་མང་།ཐུན་གཉིས་པར་མཆོད་པ་སྟོང་ཚར་རེ་ཕུལ་ཏེ་བླ་མཆོད་བདེ་སྟོང་དབྱེར་མེད་མ་དང་སྨོན་ལམ་རྣམ་ལྔ་སྨན་ཐུང་།ཐུན་གསུམ་པར་གྲུབ་ཆེན་ཚེམ་བུ་བས་ཐུགས་རྗེ་ཆེན་པོ་བླ་མེད་ལྟར་མཛད་པའི་ཆོ་གའི་སྒོ་ནས་མ་ཎི་ཁྲི་ཕྲག་འགའ་གྲངས་བསོགས་མཛད་ཅིང་བདེ་གསང་འཇིགས་གསུམ་གྱི་རིམ་གཉིས་ལ་ཞིབ་གཟིགས་སྒོས་ཤར་སྒོམ།དེ་དག་གི་རྩ་རྒྱུད།ཐུན་བཞི་བར་འཇམ་དཔལ་དུས་དགྲའི་དབང་བོ་བདུད་ལས་རྣམ་རྒྱལ་གྱི་ཆོ་གའི་སྟེང་ནས་ཡིད་བཟླས་ཀྱིས་ཤར་སྒོམ་རེ་དང་དབྱུག་གུའི་གཏོར་མ།མར་མེ་ཕྱག་མཆོད་དང་བྱམས་པ་དམ་བཅས་ཀྱི་གཟུངས།སྨོན་ལམ་གསུམ་དང་བསྟན་པ་རྒྱས་པའི་སྨོན་ལམ་ཆགས་མེད་དུ་མཛས་པས།ཆོས་ཐམས་ཅད་སྟོང་ཞིང་སྣང་བ་དང་སྣང་ཞིང་སྟོང་བའི་རྟེན་འབྲེལ་གྱི་དོན་ལ་མངའ་བརྙེས་པར་མ་ཟད།ཕྱི་ནང་གི་ཆོས་ཐམས་ཅད་སྣང་བ་ཙམ་དང་བཏགས་པ་ཙམ་དུ་ཟད་པས་བཏགས་པའི་བཏགས་དོན་བཙལ་ན་རྙེད་རྒྱུ་མེད་པ་དང་སྣང་ཚད་བདེན་པར་མེད་པའི་སྒྱུ་མའི་རང་བཞིན་དུ་རྟོགས།

ཉིན་ཞིག་དགོན་པའི་རྒྱབ་རིའི་ངོས་ལ་སྔོན་ནས་བརྡ་ཕབས་ཀྱིས་ལུང་བསྟན་བཞིན་གནས་བརྟན་ཆེན་པོ་ཡན་ལག་འབྱུང་དང་རྡོ་རྗེ་འཇིགས་བྱེད།རྒྱལ་ཆེན་རྣམ་ཐོས་སྲས་སོགས་ཀྱི་ཞལ་མངོན་སུམ་དུ་གཟིགས།དགུང་ལོ་བཞི་བཅུའི་སྟེང་མཚོ་སྔོན་པོའི་ཕྲག་སྐོར་དཔོན་པོ་བླ་མ་ཚེ་རིང་དང་རྒྱ་ཡེ་དཔོན་པོ་པདྨ་གཡང་རྒྱལ།འོད་ལྡན།ཚར་བརྒྱ་སོགས་ཀྱིས་གདན་དྲངས་ཏེ།དེ་གའི་སྐྱེ་བོ་ཡོངས་ལ་ཕྱག་དབང་དང་སྡོམ་ལུང་བསྙེན་གནས་ཀྱི་སྡོམ་པ་བསྩལ་ཏེ་ཇོ་སྐོར་དུ་ཞབས་བཏེགས།ཇོ་སྐོར་དགོན་པའི་འདུ་ཁང་གསར་བཞེངས་ལ་ཞབས་འདེབས་གང་མང་དང་བདེ་གཤེགས་བརྒྱད་ཀྱི་ནོར་བུའི་དྲ་བ་དྲ་ཕྱེད།ཆོས་འཇུག་ཉི་ཤུ་སོགས་གནང་བར་མ་ཟད།དེ་གའི་དགེ་འདུན་ཡོངས་ལ་མང་ཇའི་བསྙེན་བཀུར་སྟེང་སྐུ་འགྱེད་ལ་དངུལ་སྒོར་བཅུ་རེ་ཕུལ།འདིའི་སྐབས་ཤིག་ཏུ་ཇོ་སྐོར་ཨ་ལགས་དང་རྒྱ་སྐོར་སྐུ་ལོ།ཨ་ལགས་ཞབས་དྲུང་གཙོ་བོའི་དགེ་འདུན་པ་རྣམས་ཀྱིས་ཞུ་བའི་ངོར་རང་དགོན་གྱི་གྲྭ་བཅུ་ཕྲག་ཁ་ཤས།དེའི་ཉེ་འཁོར་གྱི་སྐྱེ་བོ་གྲངས་མེད་པ་རྣམས་ལ་ལམ་གྱི་གཙོ་བོ་རྣམ་གསུམ་དང་བྱང་ཆུབ་ལམ་སྒྲོན།ལམ་རིམ་འཇམ་དཔལ་ཞལ་ལུང་གསུམ་གྱི་ཁྲིད་དང་།ཐུགས་རྗེ་ཆེན་པོའི་དབང་བཅས་གནང་ཞེས་རྒྱ་ཡེ་དབང་ཆེན་ཞེས་པའི་རྒན་པོ་ལོ་བརྒྱད་ཅུ་གྱ་བརྒྱད་ལོན་པ་ཞིག་དེ་དུས་བླ་མ་རྡོ་རྗེ་འཆང་ལ་ཞབས་ཞུ་བྱེད་པ་དེའི་ངག་ལས་བདག་གིས་དངོས་སུ་ཐོས།

དེ་ལྟར་དམ་པ་འདི་ཕྱིའི་འདུལ་ཁྲིམས་རྣམ་པར་དག་པ་བཀའ་གདམས་གོང་མའི་རྣམ་པར་ཐར་བའི་བརྟུལ་ཞུགས་གཙང་མར་གནས་ཤིང་།ནང་བྱང་ཆུབ་ཀྱི་སེམས་རྣམཔ་གཉིས་དང་རིམ་གཉིས་ཟབ་མོའི་རྣལ་འབྱོར་ལ་རྩེ་གཅིག་ཏུ་གཞོལ་བས་བསྟན་པའི་ལུས་ཡོངས་སུ་རྫོགས་པའི་ཉམས་རྟོགས་ཀློང་དུ་གྱུར་ཏེ།གདུལ་བྱ་དཀྲི་བའི་རིམ་པའང་།རྗེ་བླ་མས་དབུ་མ་བ་ལ་ཕུལ་བའི་ཞུ་ཡིག་ལྟར།དཔལ་མར་མེ་མཛད་ཡེ་ཤེས་ཀྱི་གདམས་པའི་སྔགས་མཚན་ཉིད་ཀྱི་རིམ་པ་ཕྱིན་ཅི་མ་ལོག་པར་གཏན་ལ་ཕབས་པ་ཉིད་ཡ་མཚན་པར་མཐོང་ནས་སློབ་མ་དཀྲི་བའི་རིམ་པའང་དེ་ཁོ་ནའི་སྟེང་ནས་བྱེད་ཀྱིན་ཡོད།ཅེས་པ་ལྟར་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་བློ་རབ་འབྲིང་ཐ་གསུམ་གྱི་བློ་ངོར་གང་ཕན་དང་ཐད་ཀ་ཐད་ཀའི་དོན་དུ་གང་འགྱུར་གྱི་ལམ་ནས་འཇམ་མགོན་རྒྱལ་བ་གཉིས་པའི་མདོ་སྔགས་ཀྱི་བསྟན་པ་རིན་པོ་ཆེའི་གདུགས་དཀར་མི་ཉམས་པར་སྲིད་རྩེའི་བར་དུ་བསྒྲེངས་སོ། །

སྨྲས་པ།

སྐྱེས་སྔོན་བག་ཆགས་ཟབ་མོ་སྙིང་ཉིད་ལ། །གོམས་པ་བཀོད་པའི་རི་མོ་མ་ཉམས་པར། །

ཡང་དག་སད་པའི་ལུང་རྟོགས་ཡོན་ཏན་གྱིས། །སྐྱེ་རྒུའི་སྙིང་ལ་ངོ་མཚར་རྒྱ་ཆེན་བསྐྲུན། །

ཐུབ་གསུང་བརྒྱད་ཁྲི་བཞི་སྟོང་གི །ཡང་བཅུད་སྙིང་བོ་གཅིག་བསྡུས་པའི། །

བྱང་ཆུབ་སེམས་ཀྱི་རིན་ཆེན་ནོར། །ཁྱོད་ཐུགས་ཟབ་མོའི་བང་བར་གང་། །

ཐོས་བརྩོན་ཤེས་རབ་ཅན་ཀྱི་སྒོར་བཞུགས་ཏེ། །རང་བདེ་གཞན་ལ་གཏོང་བའི་དམིགས་པ་དང་། །

གཞན་སྡུག་རང་ལ་ལེན་ཐབས་འཕྲུལ་གྱིས། །རྒྱལ་སྲས་སྤྱོད་པའི་མཛད་བཟང་བླ་ན་འབར། །

ཅེས་བྱ་བ་ནི་བར་སྐབས་ཀྱི་ངལ་གསོའི་ཚིགས་བཅད་དོ། །

གསུམ་པ།

བསྟན་པ་དང་སེམས་ཅན་ལ་ཕན་བདེ་བླ་ན་མེད་པར་བསྐྲུན་ཏེ་མྱ་ངན་ལས་འདས་པའི་ཚུལ།

དགུང་ལོ་ཉེ་གཅིག་བཞེས་པ་ཆུ་ལུག་ཉི་མ་སྟེ་སྤྱི་ལོ་༡༩༤༣་ལོར་ཁོང་བླ་ཁོ་རྡོ་རྗེ་འཆང་དང་ཞབས་དྲུང་དཀར་བོ།ཇོ་སྐོར་ཨ་ལགས་སོགས་ལ་ལེགས་སྐྱེས་འབུལ་གྲངས་དཔག་མེད་བཏོན་ཏེ་མགུར་རྣམ་རྒྱལ་གླིང་དང་གྱེར་སྟེང་དགོན་གཉིས་ལའང་སླར་གསོའི་ཞབས་འདེབས་མང་བོ་གནང་།དགུང་ལོ་ཞེ་གཉིས་ཤིང་སྤྲེལ་ལོར་གཅན་ཚའི་སྒར་དགའ་ལྡན་དར་རྒྱས་གླིང་དུ་ཞབས་སོར་འཁོད་དེ།དེ་གའི་འདུ་ཁང་རྒྱ་མཐོང་ཅན་གསར་བཞེངས་མཛད་དེ་ནང་རྟེན་མཆོད་རྫས་བསམ་གྱིས་མི་ཁྱབ་པ་བསྐྲུན་པར་མ་ཟད།ཆོས་ཐོག་གི་རིམ་པ་དང་སྒྲིག་ལམ་ཀུན་སྤྱོད་གསར་དུ་བཙུགས་ཏེ་བཅའ་ཡིག་བརྩམས།ཞེ་གསུམ་ལོར་རི་ཁྲོད་བཀྲ་ཤིས་ཆོས་ལྡིངས་སུ་ཞྭ་དམར་སྤྲུལ་བའི་སྐུ་རིན་པོ་ཆེར་འཇལ་བར་ཕེབས།སྐབས་དེར་ཆུང་སྲིད་མཆོག་གིས་སྙུང་ཚུལ་ཅུང་བཞེས་པ་ལ།སྨན་ཐུམ་ཁ་ཤས་ཕུལ་བས་བསྙུང་གཞི་ལས་གྲོལ།དེ་ནས་བྱ་ཁྱུང་ལ་ཕེབས་ཏེ་ཕྱག་སྐོར་སོགས་བསགས་སྦྱང་ལ་འབད་ཞོར་དུ་ས་དེ་གའི་སྐྱེ་བོ་བགྲང་གིས་མི་ལངས་པ་རྣམས་ལ་སྨན་སྤྱིན་གནང་བ་དང་།ཁྱད་པར་གྲུབ་དབང་བདེ་ཡངས་རིན་པོ་ཆེ་བསྙུང་སྐབས་སྨན་ཕུལ་ཏེ་བདེ་དྭངས་སུ་སོང་།རེབ་གོང་བཀྲ་ཤིས་འཁྱིལ་ཨ་ལགས་སྒྲོ་ཚང་གིས་ཞུས་པས།དེ་ཉིད་གཙོ་བའི་དགེ་འདུན་ཡོངས་ལ་འཇིགས་བྱེད་ཀྱི་བསྙེན་ཁྲིད་ལག་ལེན་ཁ་སྐོང་གི་སྤྱིན་སྲེག་དང་བཅས་པ་གནང་།

དགུང་ལོ་ཞེ་བཞི་མེ་ཁྱི་རྔ་ཆེན་ཏེ་སྤྱི་ལོ་༡༩༤༦་ལོར་རང་དགོན་གྱི་ཚོགས་ཆེན་འདུ་ཁང་དུ་རྗེ་བླ་མའི་སྐུ་བརྙན་ཆེས་ཤིན་ཏུ་ལེགས་པ་ཞིག་དང་སྨན་བླ།ཙོང་ཁ་བརྒྱད་ཅུའི་ནོར་བུའི་དྲ་བ་དྲ་ཕྱེད།གྲལ་གདན་ཁ་གང་མ་བརྒྱ་ལྷག་གིས་མཐུན་རྐྱེན་བསྐྲུན།ལོ་དེར་རབ་གནས་དགེ་ལེགས་ཆར་འབེབས་ཀྱི་སྟེང་ནས་ཡེ་ཤེས་པ་དམ་ཚིག་པ་ལ་ཐིམ་པའི་བྱིན་རླབས་ཀྱི་ཆར་ཆེན་ཕབས།དགུང་ལོ་ཞེ་ལྔའི་སྟེང་ཤམ་བྷ་ལའི་ཞིང་བཀོད་དང་བདུད་འདུལ་མཆོད་རྟེན་གསར་དུ་བཞེངས་ཤིང་ནང་རྟེན་དུ་རྗེ་གཟིགས་པ་ལྔ་ལྡན་དང་སྒོ་རྒྱན་ནང་དུ་མི་འཁྲུགས་པའི་སྐུ་བརྙན།ཏོག་གི་ནང་དུ་སངས་རྒྱས་འོད་སྲུང་གི་འཕེལ་གདུང་སོགས་བཞུགས་སུ་གསོལ་ཏེ་རབ་གནས་ཀྱང་མཛད།དགུང་ལོ་ཞེ་དྲུག་ས་བྱིའི་ལོར་བླ་བྲང་སྔགས་ཁང་དུ་རང་དགོན་གྱི་གྲྭ་དགེ་སློབ་ཡོངས་དང་འདིའི་ཕྱོགས་ཀྱི་སྐྱེ་བོའི་ཚོགས་ཡོངས་ལ་གྲུབ་རྒྱལ་མའི་ལུགས་ཀྱི་ཚེ་དབང་དང་འཇིགས་བྱེད་ཀྱིདབང་།རིགས་གསུམ་སྤྱི་སྒྲུབ་དང་འོད་ཟེར་ཅན་མ།ཛམ་དཀར་བཅས་ཀྱི་རྗེས་གནང་དང་མ་རྱེ་ཙིའི་གཟུངས་མདོ་སོགས་ཀྱི་བཀའ་ཆོས་མང་དུ་བསྩལ།དགུང་ལོ་ཞེ་བདུན་སྟེང་སླར་ཡང་མཚོ་སྔོན་པོ་ཕྱོགས་ཀྱི་དད་ལྡན་པ་རྣམས་ཀྱིས་གདན་དྲངས་ཏེ་དེའི་ཕྱོགས་སུ་ཆིབས་ཁ་བསྒྱུར་ཏེ་སེར་སྐྱ་གྲངས་མེད་པ་རྣམས་ལ་ལས་འབྲས་སྤང་བླང་གི་རྣམ་བཞག་ལྷུག་པར་བསྟན་པས་ལས་འབྲས་འཇུག་ལྡོག་གི་ལམ་ལ་བདེ་བར་བཀོད་པར་མ་ཟད།ཇོ་སྐོར་དགོན་དུ་རབ་གནས་ཀྱི་བྱིན་ཆེན་ཕབས་ཏེ་སྨན་སྤྱིན་ཡང་རྒྱ་ཆེར་གནང་།སྨན་གྱི་སྦྱོར་བ་ལ་ཤིན་ཏུ་མཁས་ཤིང་སྙན་པའི་གྲགས་པ་ཕྱོགས་ཀུན་ཏུ་ཁྱབ་པའི་སྨན་པ་གསེར་སོ་སྟེ་ཚུལ་ཁྲིམས་ལ་དཔལ་ལྡན་རྒྱུད་བཞི་དང་སྦྱོར་བ་ཡན་ལག་བརྒྱད་པ་དང་ཟླ་བའི་རྒྱལ་བོ་ལ་སོགས་པའི་མན་ངག་མཐའ་དག་ལྷག་ལུས་མེད་པར་གནང་།དེའི་སློབ་མ་རྒྱ་ཡེ་ཨ་ཁུ་ཉི་མ་ཞེས་བོད་ཁམས་ཡོངས་སུ་གྲགས་པའི་མཁས་པ་ཆེན་པོ་དེའི་བཀའ་དྲིན་ལས་ད་ལྟ་རང་ཞིང་དང་རྒྱལ་ཡོངས་སུ་གསོ་བྱེད་སྨན་གྱི་སྦྱོར་བ་ཡན་ལག་དང་བཅས་པའི་མན་ངག་དང་སློབ་བརྒྱུད་ཕྱག་ལེན་གྱི་བརྒྱུད་པ་ཐམས་ཅད་ངང་རུང་མཁན་སྤྲུལ་དམ་པ་༧རྡོ་རྗེ་འཆང་ཆེན་པོ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་མཆོག་གི་བཀའ་དྲིན་ཁོ་ན་ལས་བྱུང་བའོ། །

འདིའི་སྐབས་ཤིག་ཏུ་རྒྱ་ཡེ་ཕག་མོ་ཞེས་པ་ཞིག་ལ་ནད་ཚབས་ཆེན་ཞིག་གིས་ཟིན་ནས་སྨན་བྱེད་རིམ་གྲོ་གང་གིས་ཀྱང་མ་ཕན་པར།ཁོང་རིན་པོ་ཆེ་མདུན་དུ་ཡོང་ནས་ཆུ་རྟགས་བསྟན་པ་ན།ཞལནས།གཅུན་པ་འགགས་ཡོད་པས།སྨན་གནང་སྟེ་འདི་ཁྱེར་ལ་མྱུར་དུ་སོངས་གསུངས།སྨན་ཐུམ་ཁ་ཤས་འཐུང་བས་བདེ་སངས་སུ་གྱུར།དེ་ནས་དམར་སྐམ་དཔོན་པོ་ཕུན་ཚོགས་ཅེས་པའི་ཁྱིམ་དུ་གདན་དྲངས་ཏེ་ཞབས་ཏོག་ཀྱང་ཕུན་སུམ་ཚོགས་པ་བསྟབས།དེ་ན་བརྩོན་འགྲུས་ཟེར་བ་ཞིག་ལྷ་མིན་འདྲེ་མིན་གྱིས་བཟུང་སྟེ་སེམས་ཅན་གྱིས་ལྷ་ཁྱད་པར་བ་ཞིག་ཏུ་བསམ་ནས་བཀུར་བར་བྱེད་པ་ལ།དམར་སྐམ་དཔོན་པོས།འདི་ལྷ་འདྲེ་ཡིན་མིན་གྱི་དབྱེ་བ་འབྱེད་དགོས་ཅེས་ཁོང་རྡོ་རྗེ་འཆང་ལ་ནན་གྱིས་ཞུས་བ་ན།རྗེ་བླ་མ་མཆོག་གིས་བཀའ་བསྒོ་ཞིག་མཛད་པས།མི་དེར་བརླམས་པའི་མི་མ་ཡིན་པ་དེ་བསྐྲད་པའི་ལོ་རྒྱུས་ཀྱང་ཡོད།དགུང་ལོ་ཞེ་བརྒྱད་ལྕགས་སྟག་ལོ་སྟེ་སྤྱི་ལོ་༡༩༥༠་ལོར་རང་དགོན་གྱི་དགེ་སློང་འཇམ་དབྱངས་དམ་ཆོས་དང་ལྷུན་འགྲུབ་རྒྱ་མཚོ་གཉིས་ཀྱིས་ཞུས་པའི་ངོར།གྲྭ་དགེ་སློབ་ཡོངས་ལ་འཇིགས་བྱེད་དང་ཐུགས་རྗེ་ཆེན་པོ་གཉིས་དབང་དང་ཆོས་རྒྱལ་གྱི་རྗེས་གནང་སོགས་བླ་བྲང་ཚོམས་ཆེན་དུ་གནང་།ལོ་དེར་ངང་རུང་དང་ཀོའུ་བ་གསང་འབྲོག་སོགས་ནས་སྒྲུབ་དྲུག་ཅུ་ལྷག་རབ་བྱུང་དང་བསྙེན་རྫོགས་ཀྱི་སྡོམ་པ་ལ་བཀོད།

ཡང་བླ་བྲང་གཟིམས་ཁང་དུ་རང་དགོན་གྱི་དགེ་འདུན་པ་ཡོངས་དང་གཞུག་མར་གནས་པའི་སྐྱ་སེར་མང་དག་ཅིག་ལ་ཐུགས་རྗེ་ཆེན་པོའི་རྗེས་གནང་བསྩལ་ཏེ་ཕྱག་དབང་རྒྱལ་མཆོག་སྐལ་བཟང་རྒྱ་མཚོའི་ཤོག་ཀ་ལས་གནང།མདོ་ཁམས་ཕྱོགས་ཀྱི་རྙིང་མའི་བླ་མ་ཡིན་པ་ཨ་ལགས་ཉིན་ལུང་ཞེས་བྱ་བས་སྤྱན་གྱིས་མ་གཟིགས་པར་རྗེ་བླ་མ་མཆོག་གི་སྐུ་མདུན་དུ་ཡོང་ནས་རྒྱུ་མཚན་ཞུས་པས།དེ་སྤྱན་རས་གཟིགས་ཀྱི་བཀའ་དབང་དང་སྨན་གནང་སྟེ།མ་ཎི་དང་མིག་འབྱེད་ཀྱི་གཟུངས་འདོན་དུ་བཅུགས་པས་སྤྱན་སྔ་མ་བཞིན་དུ་གསལ་བར་གྱུར།དེའི་ཡང་སྲིད་ཕྱི་མ་ད་ལྟ་མང་རྫོང་ཐུལ་རོལ་གསང་སྔགས་བདེ་ཆེན་གླིང་གི་རྡོ་རྗེ་འཛིན་པའི་ཁྲི་ལ་བཞུགས་ཏེ་འགྲོ་དོན་བསྐྱངས་དང་སྐྱོང་བཞིན་པ་འདི་ལགས། འཇམ་དབྱངས་དམ་ཆོས་དང་ན་ཀྱཱའི་སྤྲུལ་སྐུ་གཉིས་ཀྱིས་ཞུས་པའི་ངོར་འཚམས་ཁང་དུ་འདུལ་བའི་གླེང་འབུམ་གྱི་ལུང་གནང་སྟེ་མཚམས་མཚམས་སུ་སྐྱབས་འགྲོ་དང་ལས་འབྲས་ལས་འཕྲོས་པའི་དམ་པ་གོང་མ་རྣམས་ཀྱི་རྣམ་ཐར་ཡིད་འགུག་པའི་བསླབ་བྱ་རུས་པ་ཅན་མང་བོ་གསུངས།དེའི་ཕྱི་ལོར་སྒར་ཁ་དང་གྱེར་སྟེང་གཉིས་ནས་འོང་བའི་སྒྲུབ་བྱ་འགའ་དགེ་ཚུལ་དང་དགེ་སློང་གི་སྡོམ་པ་ལ་བཀོད།འདིའི་སྐབས་ཤིག་ཏུ་ཀོའུ་བ་མཆོག་སྤྲུལ་བློ་བཟང་ཐུབ་བསྟན་དབང་ཕྱུག་ལ་འཕོ་ཁྲིད་དང་། གསང་འབྲོག་སྤྲུལ་སྐུ་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་མཆོག་གཙོ་བོའི་དོན་གཉེར་ཅན་མང་དག་ཅིག་ལ་རིགས་གསུམ་སྤྱི་སྒྲུབ་དང་ཐུགས་རྗེ་ཆེན་པོའི་དབང་སོགས་ཀྱིས་རྗེས་སུ་བཟུང་བར་མ་ཟད། འདིའི་གོང་དུ་ཨ་ལགས་གསང་འབྲོག་གམ་བདེ་ཆེན་སྤྲུལ་སྐུ་ཁོང་ཁྲི་འདོན་གྱི་མཛད་སྒོའི་འགྲོ་གྲོན་ཡོངས་རྫོགས་ཀྱང་ངང་རུང་བླ་བྲང་ནས་བཏང་བའི་བཤད་སྲོལ་ཡོད།

མཁན་སྤྲུལ་དམ་པ་རྡོ་རྗེ་འཆང་ཆེན་པོ་ཁོང་དགུང་ལོ་ལྔ་བཅུ་བཞེས་པ་ཆུ་འབྲུག་དགའ་བ་སྟེ་སྤྱི་ལོ་༡༩༥༢་ལོར་གནས་མཆོག་ལོ་རྡོ་རྗེ་བྲག་ཏུ་ཕེབས་ནས་དཔལ་རྡོ་རྗེ་འཇིགས་མཛད་ཆེན་པོའི་བསྙེན་སྒྲུབ་མཛད་ཅིང་ཁ་སྐོང་གི་སྤྱིན་སྲེག་ཀྱང་གནང་བར་མ་ཟད།སྒོམ་ཆེན་ལྷ་ཁང་དུ་སློབ་དཔོན་ཞི་བ་འཚོ་དང་བླ་ཆེན་པོ་དགོངས་པ་རབ་གསལ་གཉིས་ཀྱི་སྐུ་བརྙན་ལ་གཟུངས་གཞུག་དང་རབ་གནས་ཀྱི་བྱིན་ཆེན་ཕབས།དམ་པ་འདིས་དགུང་ལོ་ལྔ་ཅུའི་བར་དུ་མ་ཎི་དུང་ཕྱུར་དྲུག་དང་།ཧྲཱིཿཥྠིཿདུང་ཕྱུར་བཞི་འགྲུབ་སོང་ཞེས་འཇམ་དབྱངས་དམ་ཆོས་ཀྱིས་བཤད།ཚུལ་འདི་ནི་བྱང་སེམས་གཟུངས་ལ་དབང་ཐོབ་པ་དང་ཡང་ན་སྔགས་ཀྱི་ལུས་དབེན་རིགས་བརྒྱ་རིགས་ལྔ་རིགས་གསུམ་རྡོ་རྗེ་རིགས་གཅིག་ཏུ་སྤྲུལ་ནས་མ་གཏོགས།ལུས་གཅིག་ཁ་གཅིག་ལྕེ་གཅིག་གིས་སྔགས་གྲངས་དེ་འདྲ་མང་བོ་སོང་བ་ནི་ངོ་མའི་བློ་ཡུལ་ལས་འདས་པ་ཞིག་ཏུ་སེམས།དགུང་ལོ་ལྔ་གཉིས་སྟེང་སྣང་རའི་སྟོང་དཔོན་དབང་ཆེན་གྱིས་གདན་ཞུས་ལྟར།དཔོན་པོའི་གཞིས་སྒར་དུ་རྡོ་རྗེ་འཆང་ཆེན་པོ་ཁོང་གཙོ་བོའི་དཔོན་སློབ་མང་བོས་བདུན་ཕྲག་གཅིག་གི་བར་དུ་མགོན་པོའི་གཏོར་སྒྲུབ་བཙུགས་ཤིང་ཉིན་དང་བོའི་སྤྱན་འདྲེན་གྱི་ཚེ།ཙག་སྒྲ་དང་འུར་སྒྲ་རླུང་འཚུབ་དང་བཅས་སྒྲུབ་ཁང་འདར་ཡོམ་སོགས་ཀྱིས་རྟགས་ཁྱད་པར་ཅན་བྱུང་བ་ལ།དེ་དུས་བདེ་ཆེན་གྱི་ཨ་ལགས་ནོར་རྒྱས་ཀྱིས་མགོན་པོ་མངོན་སུམ་དུ་སྤྱན་དྲངས་སོང་ཞེས་བསྔགས་བརྗོད་དང་ཡ་མཚན་གྱི་སྣང་བ་བྱུང་།དགུང་ལོ་ང་གསུམ་བཞེས་པ་ཤིང་ལུག་མྱོས་བྱེད་དེ་སྤྱི་ལོ་༡༩༥༥་ལོར་མཁས་པའི་དབང་བོ་ཨ་ཁུ་མཁྱེན་རབ་ཚང་རང་དགོན་དུ་སྤྱན་དྲངས་ཏེ་དབྱར་གནས་ཆེན་པོ་གསར་འཛུགས་བྱས་ཏེ་དབྱར་ཁས་ལེན་དང་དགག་དབྱེ་སོགས་གཞི་གསུམ་གྱི་ཕྱག་ལེན་གཙང་ལ་མ་ནོར་བ་ཐུབ་པ་བཅོམ་ལྡན་འདས་ཀྱིས་ཁྲིམས་སུ་བཅའ་བ་བཞིན་ཕྱག་བཞེས་སུ་མཛད། འདུ་ཁང་ཆེན་མོའི་ཀུན་དགའ་ར་བའི་ནང་དུ་རྟེན་བཞེངས་མང་དུ་བསྐྲུན།

ལོ་འདིར་མཁས་བཙུན་གཉིས་ལྡན་གྱི་སྐྱེས་བུ་དམ་པ་ཨ་ཁུ་མཁྱེན་རབ་ཚང་གི་ཞལ་སྔ་ནས་རང་དགོན་གྱི་བླ་གྲྭ་དགེ་སློབ་ཡོངས་ལ་ཞྭ་དམར་པན་ཊི་ཏས་མཛད་པའི་ལམ་རིམ་དམར་ཁྲིད་དང་ཐོག་མའི་བློ་སྦྱོང་།སུམ་ཅུ་བ་དང་རྟགས་འཇུག་གི་ཁྲིད་གནང་བར་མ་ཟད།སྨོན་ལམ་གྱི་ནང་དུའང་རྗེ་གསང་བའི་རྣམ་ཐར་དང་གཏོར་མ་བརྒྱ་རྩའི་ཁྲིད་རྒྱས་པར་གནང་།ལོར་དེར་མི་དམངས་བཅིངས་གྲོལ་དམག་སྐྱ་ཀྱཱའི་སྒང་དུ་འབྱོར་ཏེ་མི་སེར་དཀྱུས་མ་དང་ནང་འཛིངས་བྱས་པ་ལ་བརྟེན་ནས་ཕན་ཚུན་བར་ཤི་རྨས་ཚབས་ཆེན་ཐེབས་སྐབས།རང་དགོན་གྱི་དགེ་འདུན་པ་ཡོངས་ལ་སྨན་བླའི་སྒོ་ནས་ཁྲུས་དབང་དང་།ཚ་བསུར།བསྔོ་སྨོན་མཛད་དུ་བཅུགས་པར་མ་ཟད།རྗེ་བླ་མ་མཁན་སྤྲུལ་མཆོག་ནས་སྨན་མདོ་ཞལ་འདོན་མཛད་བཞིན་དུ།གྲྭ་མང་ཡོངས་ལ་ཕྱོགས་སུ་རིས་པའི་བསམ་བློ་སྤངས་ཏེ་འགྲོ་བ་སུ་ཡིན་ཡང་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པའང་གཅིག་འདྲ་ཡིན་པས།ཚང་མ་རང་གི་ཕ་མར་མ་གྱུར་བ་གཅིག་ཀྱང་མེད་པས་བྱམས་པ་དང་སྙིང་རྗེ་བསྒོམ་དགོས་པའི་ཐེག་ཆེན་ཆོས་ཀྱི་བསླབ་བྱ་གནང་།དགུང་ལོ་ལྔ་ཅུ་ང་བཞི་བཞེས་པ་མེ་སྤྲེལ་གདོང་ངན་ཏེ་སྤྱི་ལོ་༡༩༥༦ལོར་མདོ་སྨད་ཀྱི་དཔལ་ན་ལེན་ཊ་གཉིས་པ་ཀུན་མཁྱེན་བླ་མ་འཇམ་དབྱངས་བཞེད་པའི་རྡོ་རྗེའི་གདན་ས་ཁྱད་པར་ཅན་དཔལ་ལྡན་བཀྲ་ཤིས་ཀུན་ནས་འཁྱིལ་བར་ཆིབས་ཁ་བསྒྱུར་ཏེ།མདོ་རྒྱུད་རྒྱ་མཚོའི་དོན་ལ་མངའ་བརྙེས་པ།མཁས་པ་གྲུབ་པའི་གཙུག་རྒྱན།སྙིགས་དུས་ཀྱི་ཐམས་ཅད་མཁྱེན་པ་འཇིགས་མེད་འཕྲིན་ལས་རྒྱ་མཚོའི་ཞལ་སྔ་ནས།མི་ཏྲ་བརྒྱ་རྩའི་དབང་ཡོངས་རྫོགས་བུམ་པ་གང་བྱོའི་ཚུལ་དུ་ཐུགས་རྒྱུད་དབང་བསྐུར་རྒྱུད་བཤད་མན་ངག་གི་མཛོད་ལ་མངའ་བརྙེས་ཏེ་འཇམ་མགོན་རྒྱལ་བ་གཉིས་པའི་སྣང་སྟོང་གཉིས་མེད་ཀྱི་ལྟ་བ་དང་དཔལ་ལྡན་འདུས་པའི་དཔེའི་དོན་གྱི་འོད་གསལ་གྱིས་དག་མ་དག་གི་སྒྱུ་ལུས་བསྒྲུབ་ཚུལ་མགོན་པོ་ཀླུས་མཛད་པ་བཞིན་རྟོགས་ཏེ་འཇམ་དབྱངས་བླ་མའི་རང་ལུགས་དགའ་ལྡན་རྣམ་པར་རྒྱལ་པའི་བ་དན་མཁའ་ལ་བསྒྲེངས།སྤྱི་ལོ་༡༩༥༥་དང་ལྔ་དྲུག་གང་ཞིག་ལ་རིག་པའི་རྣམ་དཔྱོད་ཀྱི་རྩལ་རྫོགས་ཤིང་འཆད་རྩོད་རྩོམ་ལ་ཐོག་པ་མེད་པའི་སྣང་རའི་/ཚོགས་གཉིས་རྒྱ་མཚོའམ་ཆོས་རྗེས།ཁོང་རིན་པོ་ཆེ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་མཆོག་གི་ཞབས་པད་ཡུན་རིང་དུ་བསྟེན་ཅིང་གསོ་བྱེད་རྒྱུད་བཞི་བློ་འཛིན་མཛད་ཅིང་མན་ངག་ལྷན་ཐབས་སོགས་ཀྱི་བཤད་རྒྱུད་ལུང་དང་བཅས་པར་ཞིབ་ཏུ་སྦྱངས་པར་མ་ཟད།སྨན་སྣ་ངོས་འཛིན་དང་འདུ་སྦྱོང་ལག་ལེན་དང་བཅས་པ་ཕྱིས་ཕྱིན་པར་མཛད།སློབ་གཉེར་མཐར་བྱིན་རྗེས་མཁན་ཆེན་དམ་པའི་ཡང་སྤྲུལ་ཁོང་རྡོ་རྗེ་འཆང་གིས་སྨན་རྒྱུན་གྱི་རྫས་རྣམས་གནང་བ་ཁྱེར་ནས་ཕྱིར་རང་ཡུལ་དུ་ལོག/ ཅེས་སྣང་རའི་ཆོས་རྗེའི་གསུང་རྩོམ་གཅེས་བསྡུས་ཀྱི་དབུར་རྩོམ་པ་པོའི་ལོ་རྒྱུས་ངོ་སྤྲོད་[ཀོའུ་བ་བློ་བཟང་ཐུབ་བསྟན་དབང་ཕྱུག་]གིས་སྤྱི་ལོ་༢༠༡༢་ལོའི་ཟླ་དགུ་བའི་ཚེས་༡༠་ཉིན་བཤད།

དེ་ལྟར་ཐོས་པའི་དོན་རྣམས་རང་རྒྱུད་འབའ་ཞིག་འདུལ་བའི་ཐབས་ཁོ་ན་ལ་གཞོལ་བས་མཁས་པ་དང་བཙུན་པ་བཟང་བའི་ཡོན་ཏན་གྱི་རྩེ་མོར་ཟོན་ཏེ་སྙན་པའི་གྲགས་པ་མདོ་སྨད་ནོར་འཛིན་དཀྱིལ་འཁོར་གྱི་ཕྱོགས་དང་མཐའ་དབུས་མེད་པར་ཁྱབ་པ་ནི།དེང་དུས་ཀྱི་སྐྱེ་བོ་རྣམས་རང་དོན་ཁོ་ན་ལ་ཕྱོགས་ཏེ་སྦྱང་བྱ་མདོ་རྒྱུད་བསྟན་བཅོས་ཀུན་ལ་སྡུག་རིས་གང་ཡང་མི་བརྒྱག་པར་རྣམ་གཡེང་སྐྱིད་ཉལ་གྱིས་རང་དང་མིའི་རིགས་ལ་འགན་ཁུར་ཅི་ཡང་མེད་པར་གང་དྲན་དྲན་གྱིས་གཏམ་བརྗོད།བཤུས་གང་ཐུབ་ཀྱིས་གསུང་རྩོམ།ཁུངས་ཡོད་མེད་ཀྱིས་དབང་ལུང་སོགས་ཀྱིས་སྔོན་མ་བྱུང་བ་དང་ཕྱིས་མི་འབྱུང་བའི་བཟོ་རྟ་ཐོག་ནས་རང་ཉིད་ཆེས་ཆེན་པོ་ཞིག་ཏུ་རློམ་པ་ལྟར་བུར་མ་ཡིན་པར།དགུང་ལོ་བདུན་བརྒྱད་ནས་བཟུང་སྟེ་ང་ཅུའི་རྩ་སྟོད་བར་དུ་ཐུབ་པ་བཅོམ་ལྡན་འདས་ཀྱིས་གསུངས་པའི་བཀའ་མདོ་རྒྱུད་སོགས་པོ་ཏི་བརྒྱ་དང་གསུམ།དེའི་རྗེས་འཇུག་རྒྱ་བོད་ཀྱི་མཁས་གྲུབ་ཚད་ལྡན་དག་གིས་མཛད་པའི་བསྟན་འགྱུར་པོ་ཏི་སུམ་བརྒྱ་དང་བཅུ་གསུམ།དེ་དག་ལ་ཡང་འགྲེལ་བསྐྱར་བཤད་བརྒྱབ་པའི་ས་དགེ་བཀའ་རྙིང་གི་སློབ་དཔོན་ཆེན་པོ་དག་གིས་མཛད་པའི་པོ་ཏི་སྟོང་ཕྲག་ཁ་ཤས།སྒོས་སུ་རང་ཅག་མཉམ་མེད་རི་བོ་དགེ་ལྡན་པའི་ཤིང་རྟའི་སྲོལ་འབྱེད་ཆེན་པོ་རིགས་གསུམ་ཀུན་འདུས་ཀྱི་བླ་མ་ཤར་ཙོང་ཁ་བ་བློ་བཟང་གྲགས་པའི་དཔལ་གྱིས་ཞལ་སྔ་མཛད་པའི་ཟབ་མོ་དབུ་མའི་ལྟ་བ་ལ་སོགས་པའི་བཀའ་པོད་ཆེན་པོ་ལྔ་དང།སྔགས་ཀྱི་རྒྱུད་སྡེ་བཞི་དང་ཁྱད་པར་བླ་མེད་མཐར་ཐུག་གི་ཡང་སྙིང་དཔལ་ལྡན་འདུས་པའི་རིམ་ལྔའི་བགྲོད་ལམ་སྔོན་བྱོན་མཁས་པ་སུས་ཀྱང་ཞལ་ལས་མ་ཐོན་པའི་གསང་བ་མཐའ་དག་གསལ་བར་བསྟན་པར་མ་ཟད། རིམ་པ་གསུམ་པའི་སྒྱུ་ལུས་ཀྱི་སྐོར་ལ་གཞན་ཕྱོགས་གྲུབ་མཐའི་བདག་པོ་གང་གིས་ཀྱང་ཐུགས་སུ་འཆར་མ་མྱོང་བ་དང་ཞལ་ལས་གྲོལ་མ་ཐུབ་པའི་གསང་བའི་མན་ངག་ཐམས་ཅད་གང་ཟག་གཅིག་སངས་རྒྱ་བའི་ཆ་རྐྱེན་དུ་བསྐྲུན་པ་ནི།རྗེ་བཙུན་རྡོ་བིས[ཤེས་རབ་རྒྱ་མཚོ]འི་ཞལ་ནས།  /ཡང་དག་ལྟ་དང་གསང་ཆེན་པཱི་ར་ཀ།གངས་ཅན་མཁས་རློམ་ཕལ་ཆེར་ཀླུང་བྱིངས་ཚེ། །གསལ་བྱེད་གསལ་མིག་གཟུགས་ཀྱིས་འདོན་མཁས་པ། །མགོན་པོ་ཁྱེད་ཀྱི་རྣམ་ཐར་ཟིན་པར་ཤོག/ །ཅེས་པ་ལྟར་རྗེས་འཇུག་བུ་སློབ་ཡང་སློབ་དང་བཅས་པའི་ལེགས་བཤད་ལ་ཉིན་མཚན་ཁོར་མོ་ཡུག་ཏུ་བརྩོན་པ་ནི།དེ་ཡང་ནམ་རྒྱུན་ཐུན་དང་བོར་ནང་མོ་དུས་ཚོད་ལྔའི་སྟེང་དུ་འོད་གསལ་གྱི་ངང་ལས་ཡར་བཞེངས་ཏེ་ཞལ་ཁྲུས་མཛད་དེ་ལུས་རྣམ་སྣང་གི་སྒོ་ནས་རླུང་རོ་དགུ་ཕྲུགགཞུང་ཆེན་མོའི་ཚིག་དོན་རྣམས་ཐུགས་འཛིན།དེ་ནས་ལྟུང་གཤེགས་དང་འབྲེལ་ནས་བརྐྱངས་ཕྱག་ལྔ་བརྒྱ་རེ། གཏོར་མ་བརྒྱ་རྩ་དང་རིག་བྱེད་མའི་ཆོ་གའི་སྟེང་ནས་སྔགས་འབུམ་ཕྲག་རེ།ཐུན་གཉིས་པར་མཆོད་པ་སྟོང་ཚར་ཕུལ་ཏེ་བླ་མཆོད་བདེ་སྟོང་དབྱེད་མེད་མ་དང་འཇམ་དཔལ་མཚན་བརྗོད་གང་མང་།གྲུབ་ཆེན་ཚེམ་པུ་བའི་བླ་མེད་ལུགས་ཀྱི་ཆོ་ག་རྗེ་གུང་ཐང་བས་མཛད་པའི་དེའི་སྟེང་ནས་མ་ཎི་འབུམ་ཕྲག་ཁ་ཤས།ཐུན་གསུམ་པར་བདེ་གསང་འཇིགས་གསུམ་གྱི་བསྐྱེད་རྫོགས་ལ་ཞིབ་གཟིགས་སྒོས་རིམ་ལྔ་ཤར་སྒོམ།ཐུན་བཞི་བར་གནས་བཅུའི་གཤེགས་མཆོད་དང་སྨན་བླའི་མདོ་ཆོག་ཡིད་བཞིན་དབང་རྒྱལ་དང་སྨན་མདོ།འཇིགས་བྱེད་ཟ་མ་ཏོག་གི་སྒོ་ནས་དབྱུ་གུ་གཏོར་མ།སྨོན་ལམ་རྣམ་ལྔ་དང་མ་རྱཱེེ་ཙི་གཟུངས་མདོ།བསྔོ་བ་དང་བསྟན་པ་རྒྱས་པའི་སྨོན་ལམ་རྣམས་དང་ཐུན་མཚམས་རྣམས་སུ་འགྲོ་བ་ནད་ཀྱིས་གདུང་བའི་བོད་རྒྱ་སོག་གསུམ་དང་ཁ་ཆེ་སོགས་ལ་སྨན་སྤྱིན་མཛད་པ་སོགས་བྱང་ཆུབ་སེམས་དཔས་དབུགས་གཏོང་ལེན་ཙམ་གྱིས་ཀྱང་སེམས་ཅན་མཐའ་ཡས་དོན་བྱེད་པའི་སྐབས་ཤིག་ཏུ།མི་བཟད་དུས་ཀྱི་འཐོར་རླུང་དྲག་པོས་གངས་ཅན་འཛིན་མའི་ཁྱོན་མཐའ་དག་གི་བསྟན་པ་དང་དེ་འཛིན་གྱི་སྐྱེས་བུ་ཐམས་ཅད་ལ་ཉེས་མེད་ཉེས་འདོགས་ཀྱིས་འཛིན་བཙོན་གསོད་གསུམ་གྱིས་ཡ་ང་བའི་སྡིག་རྩུབ་ཀྱི་ཁྲོད་དུ།དམ་པ་ཁོང་ལ་ཡང་བརྡུང་བརྡེག་འཐབ་རྩོད་ཚད་ལས་བརྒལ་བ་དང་ཡང་ན་ཚོད་མ་ཟིན་པར།བོད་རབ་བྱུང་བཅུ་དྲུག་པའི་བགྲང་བྱ་སོ་གཉིས་པ་ས་ཁྱི་རྣམ་འཕྱང་སྟེ་སྤྱི་ལོ་༡༩༥༨་ལོར་དགུང་གྲངས་ང་དྲུག་བཞེས་པ་ཟླ་དྲུག་པའི་ཚེས་ཉེར་དྲུག་ཉིན་བྱམས་མགོན་གསུང་གི་བདུད་རྩི་ལ་ལོངས་སྤྱོད་པའི་ཕྱིར་དགའ་ལྡན་ཡིད་དགའ་ཆོས་འཛིན་དུ་ཕེབས་སོ། །

གསུང་ལས་སྐྱེས་པའི་སློབ་མ་ཡང་།བླ་མ་རིན་པོ་ཆེ་འཇམ་དབྱངས་དགེ་འདུན་རྒྱ་མཚོ་མཆོག་དང་།ཀོའུ་བ་བློ་བཟང་ཐུབ་བསྟན་དབང་ཕྱུགགསང་འབྲོག་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན།བཀྲ་ཤིས་འཁྱིལ་ཨ་ལགས་སྒྲོ་ཚང་།ཇོ་སྐོར་ཨ་ལགས།ཨ་ལགས་ཀ་རིང་ཚང་།ན་རྒྱའི་སྤྲུལ་སྐུའཇུ་སྤྲུལ་སྐུམར་འཕྲིན་ལས་རྒྱ་མཚོ།ཨ་ལགས་ཉིན་ལུང་ཚང་།སྣང་རའི་ཚོགས་གཉིས་རྒྱ་མཚོ་སོགས་བསྟན་འཛིན་གྱི་སྐྱེས་ཆེན་མང་བོས་བསྟན་སྲིད་ཀྱི་ཕྱག་ལས་མཛད་དང་མཛད་བཞིན་པ་འདི་ལགས་ལ།

ལྗགས་རྩོམ་གྱི་སྐོར་ལ་སྣང་རའི་དཔོན་པོ་དབང་ཆེན་གྱིས་ཞུས་པའི་རིག་བྱེད་མའི་སྒྲུབ་ཐབསདང་ཆོས་སྐྱོང་ཆེན་པོར་འཕྲིན་བཅོལ་དགྲ་བགེགས་འགུག་པའི་ལྕགས་ཀྱུ།ལོ་བའི་སྨན་རམས་པ་དར་རྒྱས་ཀྱིས་ཞུས་པའི་བསླབ་བྱའི་སྐོར་དང་དེ་ལས་གཞན་བསྟོད་ཚོགས་དང་མགུར་མ་སོགས་མང་དུ་བཞུགས།

གཞན་ཡང་གསོ་བྱེད་རྒྱུན་འཛིན་གྱི་མཁས་པ་མིང་གྲགས་ཅན་སྨན་པ་གསེར་སོའམ་ཚུལ་ཁྲིམས།ལོ་བའི་སྔགས་འཆང་དར་རྒྱས།སྣང་རའི་ཚོགས་གཉིས་རྒྱ་མཚོའམ་ཆོས་རྗེ།དགུ་རོང་བློ་བཟང་དམ་ཆོས་སོགས་དང་།དེ་འབྲེལ་གྱི་གསོ་བྱེད་སྨན་གྱི་ཕྱག་ལས་གནང་མཁན་ལོ་བའི་འཇམ་དབྱངས་རྒྱ་མཚོ། རྨེ་རུ་འཇམ་དབྱངས་དམ་ཆོས།མར་འཕྲིན་ལས་རྒྱ་མཚོ།ལོ་བའི་འཇམ་དབྱངས་མཁས་གྲུབ།འཇམ་དབྱངས་ཆོས་དཔལ།འཇམ་དབྱངས་འཕེལ་རྒྱས་སོགས་ནི་ཕྲན་ལ་ཆ་རྒྱུས་ཅུང་ཡོད་པས་འདིར་བྲིས་པ་ཡིན་ལ།ས་ཆ་གཞན་དང་མི་སྣ་གཞན་དག་དང་འབྲེལ་བའི་ལོ་རྒྱུས་དང་སྨན་གཞུང་གི་བརྩམ་བཅོས་ཅི་ཙམ་མཛད་ཡོད་པའི་ཕྱོགས་ལ་བདག་ལ་གསལ་ཆ་ཅི་ཡང་མེད་པས་འོ་ཚོད་དུ་བྲིས་ན་ལོ་རྒྱུས་རྫུན་མར་འགྱུར་སྲིད་པས།ཡིན་པ་མིན་པ་དང་མིན་པ་ཡིན་པར་བསྒྱུར་པའི་ལོ་རྒྱུས་མཛད་པ་པོ་ཚང་མ་ལ་དགོངས་འགལ་མེད་པར་ཞུས།

སྨྲས་པ།

བྱང་ཆུབ་སེམས་ཀྱི་རྩ་བ་རབ་བརྟན་ཅིང་། །ཕྱིན་དྲུག་ཡལ་གའི་འདབ་མར་ལང་ཚོ་རྒྱས། །

བསྡུ་བཞིའི་དཔལ་གྱི་མེ་ཏོག་འཛུམ་པའི་ཁར། །རིམ་གཉིས་འབྲས་བུ་དུད་པའི་བླ་མ་རྒྱལ། །

ཡོད་མེད་གཉིས་ཀྱི་ཁུག་སོ་ན། །རིག་པའི་དག་བྱ་བདེན་གྲུབ་དང་། །

ལམ་གྱི་དགག་བྱ་སྒྲིབ་པ་གཉིས། །ངེས་པར་སྣང་བས་དབུ་མར་གནས། །

སྤྱིན་པའི་ཕར་ཕྱིན་རྫོགས་པར་སྣང་བ་ཡིས། །མངོན་རྟོགས་ལ་ཆགས་བརྟུལ་ཞུགས་ཡོངས་བཟུང་སྟེ། །

ཉིན་མཚན་དབྱེར་མེད་སྤྱིན་རྫས་སྨན་གྱི་ཕུལ། །འགྲོ་ལ་བསྟབས་པས་རྣམ་ཐར་བགྲང་ལས་འདས། །

ཐེག་གསུམ་དམ་ཆོས་རྒྱུད་མངས་སྒྲ།ཁྱེད་ཐུགས་བློ་གྲོས་སོར་རྩེ་ལས། །

དྲངས་པའི་དབྱངས་སྙན་གདུལ་བྱའི་བློར། །ཐར་བ་མཆོག་གི་ས་བོན་བསྐྲུན། །

མདོ་སྔགས་ཉིས་འབྲེལ་མན་ངག་བརྡ་ཡིག་ལས། །རྨད་བྱུང་རིམ་པ་ལྔ་ཡི་གསང་བའི་གནད། །

མ་ལུས་རྟོགས་པའི་ཆོས་ཉིད་རང་རྗེན་དུ། །ཅིག་ཅར་བློ་ཡིས་དཔོག་པ་ཁྱོད་མིན་སུ། །

ཞེས་བྱ་བ་ནི་རྗེ་བཙུན་བླ་མ་མཁན་ཆེན་འཇམ་དབྱངས་རྒྱ་མཚོ་དཔལ་བཟང་བོ་མཆོག་གི་འཁྲུངས་རབས་དང་འབྲེལ་བའི་རྣམ་པར་ཐར་བ་རབ་གསལ་ཤེལ་གྱི་མེ་ལོང་ལས་སྐུ་ཕྲེང་ལྔ་བ་རྡོ་རྗེ་འཆང་ཆེན་པོ་༧་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་མཆོག་གི་རྣམ་པར་ཐར་བ་བརྗོད་པའི་ལེའུ་སྟེ་དྲུག་པའོ། །

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།