ངང་རུང་མཁན་ཆེན་སྐུ་ཕྲེང་བཞི་བ་རྗེ་བཙུན་དགེ་འདུན་དཔལ་ལྡན་མཆོག་གི་རྣམ་པར་ཐར་བ་རགས་ཙམ་བརྗོད་པ།

    སྤེལ་དུས།  2020-06-06 19:26:24     རྩོམ་པ་པོ།   ངང་རུང་བློ་བཟང་ཚུལ་ཁྲིམས།    ཀློག་ཐེངས།  

དེ་ནས་མགོན་པོ་གང་གི་གསང་གསུམ་གྱི་ཟློས་གར་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བཀའ་ཀྱཱ་གོང་མ་སྟེ་མང་རའི་བཀའ་ཀྱཱ་ནས་ཡབ་གཡང་དྲུང་བཀྲ་ཤིས་དང་ཡུམ་སྒྲོལ་དཀར་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་བའི་མེ་ཡོས་ལོ་སྟེ་སྤྱི་ལོ་༡༨༦༧ལོའི་ཟླ་བཅུ་གཅིག་པའི་ཚེས་བཅུ་ཉིན་མཁའ་འགྲོ་འདུས་པའི་དུས་ཆེན་ལ་སྐུ་བལྟམས།གཞོན་ནུའི་དུས་སུ་སྐྱེས་སྦྱངས་ཀྱི་རིག་པ་རྣོ་ཞིང་དམ་པའི་ཆོས་ལ་ངང་གིས་འཇུག་ཅིང་།དགུང་ལོ་བཅུའི་སྟེང་དུ་དགེ་ལྡན་བསྟན་པའི་འབྱུང་གནས་ལུང་དང་རིག་པའི་རླབས་ཕྲེང་མངོན་པར་གཡོ་བའི་ཆོས་སྡེ་ཆེན་པོ་དཔལ་ལྡན་བྱ་ཁྱུང་ཐེག་ཆེན་ཡོན་ཏན་དར་རྒྱས་གླིང་གི་ཆོས་གྲྭར་ཞུགས་ཏེ་དགེ་བའི་བཤེས་གཉེན་མང་བོར་བསྟེན་ནས་རིག་པའི་གནས་ཆེ་ཆུང་མཐའ་དག་དང་ཁྱད་པར་དབུ་ཕར་འདུལ་མཛོད་ཚད་མ་སོགས་ལ་གསན་སྦྱོང་ས་དཔྱིས་ཕྱིན་པར་མཛད་པ་མ་ཟད།གསང་སྔགས་ཐབས་ལ་ཀྱི་རིམ་པ་ལྔ་ལ་སོགས་པའི་མན་ངག་རྣམས་ལའང་གསན་བསམ་རྒྱ་ཆེན་པོ་གནང་།དམ་པ་འདིའི་མཚན་ལ་མདོ་བའི་ཞབས་དྲུང་རྗེ་བློ་བཟང་མཁས་གྲུབ་རྒྱ་མཚོ་མཆོག་གིས་མཛད་པའི་འཇམ་དབྱངས་མཁྱེན་རབ་རྒྱ་མཚོའི་རྣམ་པར་ཐར་བ་དད་པའི་ཆུ་སྐྱེས་ལས། འཇམ་དབྱངས་བསྟན་པའི་དབང་ཕྱུག་དང་།བློ་བཟང་སྙན་གྲགས་ཀྱིས་བརྩམས་པའི་ལོ་རྡོ་རྗེ་བྲག་གི་ལོ་རྒྱུས་ཟ་འོག་གོས་ཀྱི་རི་མོ་ལས། རྗེ་བླ་མ་འདི་བའི་མཚན་ལ་དགེ་འདུན་དཔལ་ལྡན་ཞེས་གསོལ་བ་འདི་ལོ་རྒྱུས་གཞན་དང་རྣམ་ཐར་དག་ལས་བཤད་པ་དང་མཐུན་པས་འཐད་ལྡན་དུ་སྣང་སྟེ།སྔ་མའི་འཐད་ལྡན་གྱི་ཁུངས་གསལ་བོ་ཞིག་སྟོན་རྒྱུ་ཡོད་ན་ལགས་ཏེ།ཁུངས་མེད་ཡིད་རྟོན་བྲལ་བའི་ལོ་རྒྱུས་དང་རྣམ་ཐར་ཆོས་ཕྱོགས་ཀྱི་གདམས་ངག་གང་ཡིན་ཡང་དགེ་བ་ཅི་ཡང་མེད་པར་སེམས།

དེ་ནས་དམ་པ་ཁོང་གིས་དགུང་ལོ་བཅོ་བཞེས་པའི་ལྕགས་འབྲུག་ལོ་སྟེ་༡༨༨༡་ལོར་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ནས་ལུང་རྟོགས་ཀྱི་ཡོན་ཏན་ལ་མངའ་བརྙེས་པའི་བཤེས་གཉེན་གསེར་གྱི་རི་ལྟ་བུའི་ཞབས་ལ་གཏུགས་ཏེ།རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པའི་བརྗོད་བྱ་ཐམས་ཅད་ཤེར་ཕྱིན་སྦས་དོན་མངོན་རྟོགས་ཀྱི་རིམ་པ་ལ་གོ་བ་གཏིང་ཚུགས་ཤིང་།དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་གཏན་ལ་ཕབ་པར་རིགས་ཚོགས་སོགས་དབུ་མའི་གཞུང་མཐའ་དག་ལ་དགག་སྒྲུབ་སྤྲོས་པ་དང་བཅས་པའི་ཞིབ་ཏུ་གཟིགས་པས།གྲུབ་པའི་མཐའ་ཐམས་ཅད་ཀྱི་ཡང་རྩེར་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱི་སྲོལ་བཏོད་པ་རྗེ་རྒྱལ་བ་གཉིས་པ་ཤར་ཙོང་ཁ་བ་ཆེན་པོས་ལུང་རིག་དྲི་མ་མེད་པའི་ལམ་ནས་དབུ་སེམས་ཀྱི་འདོད་ཚུལ་ཕྲ་མོ་རྣམས་ཀྱང་ཁོང་དུ་ཆུད་པའི་ཡན་ལག་ཏུ་མཁྱེན་པར་མཛད་པས་ཟབ་མོ་རྟེན་འབྱུང་གི་དཀའ་གནད་ལ་སྒྲོ་བཏགས་རྩ་བ་ནས་བཅད།ཐར་ལམ་གསལ་བྱེད་དང་ཀུན་བཏུས་ས་སྡེ་སོགས་མངོན་པའི་གཞུང་ལའང་ཞིབ་ཏུ་སྦྱངས་པས་བདེན་བཞིའི་བླ་དོར་གཞུང་རང་ནས་པའི་དོན་ཐམས་ཅད་ཚུལ་བཞིན་གཟིགས།ཚད་མའི་གཞུང་ཡང་ཕྱོགས་གླང་ཡབ་སྲས་ཀྱི་རྨད་དུ་བྱུང་བའི་རིག་ལམ་ནས་སྟོན་པ་ཚད་མའི་སྐྱེས་བུ་དང་དེས་བསྟན་པའི་མངོན་མཐོ་ངེས་ལེགས་ཀྱི་གནས་མི་བསླུ་བའི་ངེས་པ་ཟབ་མོ་རྙེད་དེ།ཆོས་ཐམས་ཅད་རྒྱུ་རྐྱེན་ལས་བྱུང་བ་ཡིན་ན།བཏགས་གཞིའི་དངོས་པོ་ཚོགས་པ་ལ་རྒྱུ་དང་། བཏགས་གཞི་དེ་ལ་བརྟེན་ནས་རང་རང་གི་རྟོག་པས་འདི་ནི་འདི་དང་འདི་ཡིན་པའི་འཆར་སྣང་ལ་རྐྱེན་དུ་གོ་བར་མ་ཟད།རྒྱུ་རྐྱེན་དེ་གཉིས་ཚོགས་པ་ལ་བརྟེན་ནས་ཆོས་ཐམས་ཅད་སྣང་ངོར་ཡོད་པར་འདོད་པ་ལ་འབྲས་བུའམ་ཡང་ན་ཆོས་ཅེས་གསུངས།རྒྱུ་མཚན་དེའི་སྟབས་ཀྱིས་ཡོད་པ་དང་རྟག་པ།བདེན་པར་འཛིན་པའི་བློ་དེ་ལ་བདག་འཛིན་ཞེས་བཏགས་པས་ན།དམ་པ་འདིས་ངོ་མ་བདག་ཏུ་གྲུབ་པ་དང་བདེན་པར་གྲུབ་པ།རང་བཞིན་གྱིས་གྲུབ་པ་སོགས་མ་ཡིན་པའི་ཚུལ་ལ་བློ་གྲོས་ཀྱིས་བརྡར་ཤ་ཡང་ཡང་བཅད་པས།སྟོང་ཉིད་ཀྱི་ལྟ་བ་ལ་དུས་ཡུན་རིང་བོར་སྒུག་མ་དགོས་པར་སྐུ་ཚེ་དེ་ཉིད་ལ་རྟོགས་ཏེ།ཉམས་ལེན་གྱི་རིམ་པ་རྣམས་གངས་རིའི་ལྗོངས་ཀྱི་སྒྲུབ་པའི་རྒྱལ་མཚན་འཛིན་པ་རྗེ་མི་ལ་རས་པའི་མཆེད་ཟླར་གྱུར།

མེ་ཕག་ལོ་སྟེ་སྤྱི་ལོ་༡༨༨༧་ལོར་བྱ་ཁྱུང་དུ་ཕེབས་ཏེ་ཤིང་བཟའ་བློ་བཟང་བསྟན་པའི་དབང་ཕྱུག་གི་ཞལ་སྔ་ནས་འཇིགས་བྱེད་དང་བདེ་མཆོག་འཁོར་ཆེན་ཀྱི་དབང་དང་རྗེས་གནང་ལུང་སོགས་གསན། དེའི་ཕྱི་ལོར་སླར་ཡང་བླ་བྲང་དུ་ཕེབས་ནས་གཞུང་པོད་ཏི་ལྔའི་འཕྲོ་བསྐྱངས་ཏེ་ཚོགས་མང་ལ་བསྙེན་བཀུར་གྱིས་མང་ཇ་སྐོལ།

དེ་ནས་ནམ་ཞིག་གི་ཚེ་བཀྲ་ཤིས་འཁྱིལ་ནས་རང་ཡུལ་དུ་འབྱོན་སྐབས་གཅན་ཚའི་ཐང་དུ་འབྲོག་པ་ཤིན་ཏུ་དབུལ་བོ་ཞིག་གིས་འཕྱི་བ་མང་བོ་བསད་དེ་འཁུར་འགྲོ་བ་གཟིགས་པས།སྙིང་རྗེ་སྐྱེས་ཏེ་ཞལ་ནས།སེམས་ཅན་ཉམ་ཆུང་འདི་རྣམས་རང་གར་བསད་པས་ཅི་བྱེད་གསུངས་པས།ང་ལ་བུ་ཕྲུག་མང་བོ་ཡོད་དེ་ལྟོ་གོས་འཁྱོལ་ཐབས་ཙམ་ཡང་མི་ནུས་པས་འདི་རྣམས་ཀྱིས་ཁ་ཟས་འཚོ་ཐབས་བྱེད་པ་ཡིན་ཞེས་རང་གི་སྡོད་གནས་ཀྱི་ཁྱིམ་བསྟན་པ་ན།ངོ་མ་ཁྱིམ་དང་ལྷས་ན་ཅི་ཡང་མེད་པར་སྦྲའི་མདུན་དུ་རྩྭ་དང་ལྡུམ་གྱིས་གང་བའི་དཀྱིལ་ན་ལམ་ཕྲན་ཀྱ་མ་ཀྱུ་ཞིག་མགཏོགས་ཅི་ཡང་མེད་པར་གཟིགས་པས་ཐུགས་སྙིང་རྗེ་ཆེན་པོའི་ཀུན་ནས་བསླངས་ཏེ།སེམས་ཅན་གཅིག་བསད་དེ་གཅིག་འཚོ་བའི་ཐབས་ནམ་ཡང་མེད་པ་དང་།རྒྱུ་མི་དགེ་བ་ལས་འབྲས་བུ་བདེ་བ་འབྱུང་བའི་སྐབས་མེད་པ་དང་རྒྱུ་འབྲས་ནམ་ཡང་བསླུ་བ་མེད་པའི་ཆོས་ཉིད་བདེན་དོན་ཡིན་པས།དེ་བས་ཁྱོད་ཀྱིས་རྒྱུ་མི་དགེ་བ་སྤངས་ཏེ་དཀོན་མཆོག་ལ་སྐྱབས་འགྲོ་དང་གསོལ་བ་བཏབ་ན་འདོད་དོན་ཐམས་ཅད་དེ་ལས་འབྱུང་བ་ཡིན་ཞེས་ལས་འབྲས་ལ་ངེས་ཤེས་རྙེད་པའི་རྡོ་རྗེ་ཚིག་གི་ནུས་པས།མི་དེས་ཀྱང་དད་པ་ལྷང་ངེར་སྐྱེས་ཏེ་ད་ནས་བཟུང་སྟེ་སྲོག་མི་གཅོད་པའི་དམ་བཅའ་ཕུལ་ཏེ་སྐྱབས་འཇུག་ཞུས།ཁོང་གིས་ཀྱང་མི་དེ་ལ་གནས་སྐབས་འཚོ་ཐབས་ཀྱི་ཟང་ཟིང་གི་དངོས་པོ་ཡང་གང་ཙམ་གནང་།ཕྱིས་སུ་མི་དེས་ཁོང་དང་དཀོན་མཆོག་ལ་གསོལ་བ་བཏབ་ཏེ་ལས་འབྲས་ཚུལ་བཞིན་དུ་སྲུངས་པས་ཟས་གོས་ངང་གིས་བྱུང་ཞིང་ནོར་ལུག་སོགས་ལ་གོད་ཁ་མེད་པའི་བདེ་བར་གནས། སྐུ་ཕྲེང་འདིའི་ཕྱི་མ་གོང་གི་མི་དབུལ་བོའི་ཁྱིམ་དེར་བསམ་བཞིན་དུ་སྐྱེས་པ་བཞེས་པ་ནི་བྱང་ཆུབ་སེམས་དཔའ་སེམས་ཅན་གཅིག་གི་ཆེད་དུ་དམྱལ་བར་གནས་པ་སོགས་རྣམ་པར་ཐར་བ་བསམ་གྱིས་མི་ཁྱབ།

རྗེ་བླ་མ་མཁན་སྤྲུལ་མཆོག་དགུང་ལོ་ཉི་ཤུ་རྩ་བཞི་བཞེས་པ་རབ་བྱུང་བཅོ་ལྔ་ལྕགས་སྟག་ལོ་སྟེ་སྤྱི་ལོ་༡༨༩༠་ལོའི་ཟླ་གསུམ་པའི་ཚེས་༧་གྱི་ཉིན་སྟག་རི་དགོན་ནམ་ཐིས་པ་དགོན་དུ་ཞབས་བཏེགས་ཏེ།སྙིགས་དུས་ཀྱི་ཐམས་ཅད་མཁྱེན་པ་མ་བྱོན་སངས་རྒྱས་གསུམ་པ་དེ་བཞིན་གཤེགས་པ་རབ་གསལ་རྒྱལ་པོའི་རྣམ་སྤྲུལ་ཞྭ་དམར་དགེ་འདུན་བསྟན་འཛིན་རྒྱ་མཚོ་མཆོག་གི་ཞལ་ལྔ་ནས། རྗེ་བླ་མ་མཁན་སྤྲུལ་དམ་པ་དགེ་འདུན་དཔལ་ལྡན་མཆོག་དང་།གཞན་ཡང་སྒོ་མང་མཁན་སྤྲུལ་དགེ་འདུན་བསྟན་པ་རབ་རྒྱས།ཨ་རིག་ཡོན་ཤུལ་སྤྲུལ་སྐུ་བློ་བཟང་རྒྱ་མཚོ།བརྒྱ་དཔོན་སྤྲུལ་སྐུརོང་གཞིས་ཚང་།ཐིས་པ་ཚང་།དགོན་རོང་དགེ་བཤེས་སོགས་གཞིས་བྱེས་ཀྱི་གྲྭ་བ་གསན་མཁན་མང་བོས།རྗེ་གུང་ཐང་བསྟན་པའི་སྒྲོན་མེས་མཛད་པའི་བྱང་ཆུབ་བདེ་ལམ་གྱི་དམིགས་སྐོར་ཚིགས་བཅད་དུ་བསྡེབས་པ་ལམ་མཆོག་སྙིང་བོའི་སྟེང་ནས་བྱང་ཆུབ་ལམ་གྱི་རིམ་པའི་ཉམས་ཁྲིད་རྒྱས་པ་དང་།བླ་མཆོད་ཕྱག་ཆེན་དང་སྦྲགས་པའི་ཁྲིད་རྒྱས་པ།མཇུག་ཏུ་ཤིང་བཟའ་རིན་པོ་ཆེས་ལྗགས་བཀོད་ལྟར་བླ་སློབ་ཡོངས་ཀྱིས་མཆོད་པ་གང་རྒྱས་སྒོ་ནས་སེམས་བསྐྱེད་མཆོད་པ་དང་ཐུགས་རྗེ་ཆེན་པོའི་རྗེས་གནང་སོགས་བཀའ་ཆོས་མང་དུ་བཞེས།

དམ་པ་འདིའི་སྔོན་རབས་སྐྱེས་ཆེན་དག་གི་རྣམ་པར་ཐར་བས་ཐུགས་དྲངས་ཏེ་ཐོས་པའི་རྗེས་སུ་སྒྲུབ་པ་སྙིང་བོ་ཉམས་ལེན་གྱི་མཐིལ་དུ་མཛད་པ་རྒྱ་བོད་ཀྱི་མཁས་གྲུབ་ཚད་ལྡན་དག་གི་མཛད་པ་ལྟར་ཆོས་ནས་ཇི་ལྟར་གསུང་བ་བཞིན་ལག་ཏུ་བླངས་ན་བཀའ་བཞིན་སྒྲུབ་པའི་མཆོད་པར་འགྱུར་བར་དགོངས་ཏེ།འཇིག་རྟེན་གྱི་སྤྲོས་པ་མཐའ་དག་རྒྱང་བསྲིངས་ཏེ་གཅིག་ཏུ་དམ་ཆོས་སྒྲུབ་པའི་ཉམས་ལེན་ལ་བཞུགས་པ་ནི།  [རྗེ་བླ་མས]།   /དེ་ཡང་རིག་པའི་ཚིག་མང་དུ་སྨྲས་ཀྱང་བག་མེད་པར་འཇུག་ན་དོན་ཆུང་ལ།ཆོས་མང་བོ་མི་ཤེས་ཀྱང་གང་ཤེས་པ་འདོར་ལེན་གྱིས་འཇུག་ན་དོན་ཆེ།།ཞེས་དང་།ཐོས་པའི་དོན་ལ་ནུས་པ་དང་བསྟུན་ནས་ལག་ལེན་རེ་གནད་དུ་ཆེའོ/། །ཞེས་གསུང་བ་ལྟར་འདོད་ཆུང་ཆོག་ཤེས་ཀྱིས་ངང་ནས་དམན་པའི་ས་བཟུང་ཧྲིལ་བོའི་གོས་གྱོན་འཚོ་ངན་ངོན་ཙམ་གྱིས་སྒོ་ནས་ཐུབ་བསྟན་ཐོས་བསམ་སྒོམ་གསུམ་གྱིས་སྤེལ་བ་མ་གཏོགས།དེ་ལས་གཞན་རང་དོན་ཁོག་ཏུ་བཅིང་སྟེ་བསྟན་འགྲོའི་དོན་སྒྲུབ་པའི་གཟིགས་བརྙན་གྱིས།ཟང་ཟིང་འདུ་ལོང་དང་འཇིག་རྟེན་གྲགས་པའི་བཀུར་བསྟི་གོ་གནས་སོགས་ལ་ཐུགས་དགྱེས་པའི་དེང་དུས་བླ་སྤྲུལ་མཁན་གསུམ་གྱི་མིང་འཛིན་པའི་སྤྱོད་པ་ནམ་ཡང་མ་མཛད་དོ། །དམ་པ་འདིས་ཉིན་མཚན་དབྱེར་མེད་དུ་ཐོས་པའི་དོན་རྣམས་རང་རྒྱུད་ལ་དྲིལ་བར་མ་ཟད།སྔ་ཕྱི་མང་བོར་དབེན་གསུམ་གྱི་རྟོགས་པ་མངོན་དུ་གྱུར་བའི་རྟགས་མཚན་གང་མང་བྱུང་བའི་ལོ་རྒྱུས་ཡ་མཚན་ཅན་གྱི་བཤད་རྒྱུན་ཡོད།

རྗེ་བླ་མ་དགུང་ལོ་སོ་གཅིག་མེ་བྱའི་ལོ་སྟེ་སྤྱི་ལོ་༡༨༩༧་ལོའི་ཟླ་གསུམ་པའི་ཚེས་བཅུ་བདུན་ཉིན་རྗེ་ཞྭ་དམར་རིན་པོ་ཆེ་རང་དགོན་བཀྲ་ཤིས་ཆོས་འཕེལ་གླིང་དུ་ཞབས་སོར་འཁོད་དེ་བླ་བྲང་གཟིམས་ཁང་ཡིད་དགའ་ཆོས་འཛིན་དུ་རྗེ་བླ་མ་མཁན་སྤྲུལ་མཆོག་གཙོ་བོའི་དགེ་འདུན་པ་བརྒྱ་ཕྲག་ལྷག་གིས་བྱང་ཆུབ་གཞུང་ལམ་དང་རྩ་ལྟུང་རྣམ་བཤད་ཀྱི་ཁྲིད་རྒྱས་པ་དང་།གཞན་ཡང་དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་སྟ་གོན་བཅས་བ་སྔོན་དུ་སོང་སྟེ་རྟ་མགྲིན་གྱི་དབང་དང་།ལྕམ་སྲིང་གི་རྗེས་གནང་བཅས་ཡང་དག་པར་བཞེས།ལཱ་མོ་སྐུ་ཕྲེང་བདུན་པ་རྗེ་བཙུན་དགེ་འུན་བསྟན་འཛིན་ནོར་བུ་མཆིག་གི་ཞབས་ལའང་གཏུགས་ཏེ་ཟབ་རྒྱས་ཆོས་ཀྱི་བདུད་རྩི་མང་དུ་མྱངས།ས་ཕག་ལོར་རྗེ་བླ་མ་མཁན་སྤྲུལ་དགེ་འདུན་དཔལ་ལྡན་མཆོག་དྷཱི་ཚ་བཀྲ་ཤིས་ཆོས་སྡིངས་སུ་ཆོས་རྗེ་བླ་མ་དམ་པ་ཞྭ་དམར་རིན་པོ་ཆེར་ལོ་གསར་ལེགས་སྐྱེས་ཀྱི་དགའ་སྟོན་འབུལ་བར་ཕེབས་ཏེ།དཔོན་སློབ་རྣམ་གཉིས་ཐུགས་ཡིད་གཅིག་ཏུ་འདྲེས་ཏེ་མདོ་ཕྱོགས་ཀྱི་དཀའ་གནད་སྤྱི་དང་ཁྱད་པར་སྔགས་ཀྱི་ལུས་དབེན་གྱི་སྐབས་སུ་རླུང་ཕྲ་མོ་གང་དུ་འདུ་དགོས་པ་དང་སེམས་དབེན་གྱི་སྐབས་སུ་རླུང་དབུ་མར་གནས་དགོས་ན་རྩ་འཁོར་གང་དུ་སྡུད་དགོས་པའི་ཁྱད་པར།དོན་གྱི་འོད་གསལ་དང་དེའི་སྔ་ལོགས་ཀྱི་ཉེར་ཐོབ་གཉིས་ལ་ཁྱད་པར་ཡོད་མེད་ཀྱི་ཞིབ་ཆ།སྒྱུ་ལུས་ཕྱི་ལྡིང་དང་ནང་གི་ཁྱད་པར་སོགས་ལ་གསུང་གླེང་ཡུན་རིང་གནང་ཞིང་མཐའ་མའི་ཆོས་ཀྱི་བདུད་རྩི་ཡང་མང་དུ་བཞེས།དེ་ནས་དགུང་ལོ་སུམ་ཅུ་སོ་དྲུག་བཞེས་པ་ཆུ་སྟག་གི་ལོའི་ཐུན་མཚམས་ཤིག་ཏུ་མཁན་སྤྲུལ་དམ་པ་ཁོང་གིས་མཐུན་པ་སྤུན་བཞིའི་གཟུགས་བརྙན་ཤིན་ཏུ་ལེགས་པ་ཞིག་བཞེངས་ཏེ།ལྗོན་ཤིང་ལ་ལོ་མ་སོ་བདུན་བྲིས་ནས་ཉེ་གནས་དང་སྐུ་བཅར་བ་རྣམས་ལ།རྟེན་འབྲེལ་དུ་གཟིགས་ཏེ་ལོ་མ་འདི་ལས་མང་ན་བཟང་ངམ་ཞེས་དྲིས་པས།དེ་རྣམས་ཀྱི་ནང་ནས་གཅིག་གིས་སོ་བདུན་གྱིས་ཆོག་ཅེས་ཞུས་པས།རྟེན་འབྲེལ་མ་ལེགས་པར་དེའི་ཕྱི་ལོ་ཆུ་ཡོས་མཛེས་བྱེད་ལོ་སྟེ་སྤྱི་ལོ་༡༩༠༣་ལོར་རང་དགོན་དུ་བསྙུང་ཚུལ་ཅི་ཡང་མེད་པར་ཐུགས་དགོངས་ཞིང་ཁམས་གཞན་དུ་གཏད་པའི་ཚུལ་བསྟན།དམ་པ་འདི་ཕྱི་འདུལ་བའི་ཀུན་སྤྱོད་གཙང་མར་གནས་ཤིང་།ནང་དུ་དབེན་གསུམ་གྱི་རྟོགས་པ་མངོན་དུ་གྱུར་བ་ཞིག་ཡིན་ན་ཡང་།ཡོན་ཏན་ཐམས་ཅད་བུམ་ནང་གི་མར་མེ་བཞིན་སྦས་པས།སྐབས་དེར་སྐུ་ཐུགས་དམ་དུ་མ་བཞུགས་པའི་ཚུལ་བསྟན་པས་ན། སྐུ་བཅར་བ་རྣམས་ཀྱིས་སྐུ་གདུང་གི་གཡས་གཡོན་མདུན་རྒྱབ་ཏུ་སྐྱོར་བཞག་ཏེ་སྐུ་དྲང་བོར་བཞུགས་སུ་བཅུགས།ཐུགས་དམ་གསལ་འདེབས་ཀྱི་བླ་མར་ལཱ་མོ་རྗེ་བཙུན་དགེ་འདུན་བསྟན་འཛིན་ནོར་བུ་མཆོག་ཕེབས་ཏེ།གསལ་འདེབས་ཀྱི་གསུང་ཐོག་མར་གནང་ཚེ།སྐུ་གདུང་གི་གཡས་གཡོན་སོགས་སུ་བཞག་ཡོད་པའི་སྐྱོར་ཐམས་ཅད་རང་བཞིན་གྱིས་འགྱེལ་བའི་ཁྲོག་སྒྲ་ཞིག་གྲག་བྱུང་བར།ཉེ་གནས་ཀྱིས་བལྟས་པ་ན།ནང་གི་ཡོན་ཏན་ཐམས་ཅད་ཕྱིའི་སྐུ་གདུང་གི་རྣམ་པར་ཤར་དེ་སྐུ་དྲང་བོར་བསྲིངས།ཕྱག་གཉིས་མཉམ་བཞག་ཏུ་བཞུགས་པ། སྐུ་གདུང་སྔར་ལས་མཛེས་ཤིང་ཡིད་དུ་འོང་བ།བལྟ་བས་ཆོག་མི་ཤེས་པ་ཞིག་བཞུགས་པ་ལ།གྲྭ་སློབ་རྣམས་ཀྱིས་སྨྲེ་ངག་དང་འོ་དོད་ཆེར་འབོད་པ་བྱས་པས།རྗེ་བསྟན་འཛིན་ནོར་བུ་མཆོག་གི་ཞལ་སྔ་ནས།བླ་མ་འདི་ལྟ་བུ་ཕྱི་ནང་གསང་བའི་ཡོན་ཏན་ཡོངས་སུ་རྫོགས་པ་ཞིག་ཞལ་བཞུགས་དུས་སྐབས་སུ་བཀུར་བསྟི་དང་སྲི་ཞུ་མི་བསྒྲུབ་པར།ད་དེ་འདྲ་བྱས་པས་ཕན་རྒྱུ་ཅི་ཡོད་དམ་ཞེས་བཀའ་བཀྱོན་གནང་བའི་བཤད་རྒྱུན་ཡོད་དོ། །

སྨྲས་པ།

དམ་ཆོས་ཁ་ལ་འཁྱེར་བའི་ནེ་ཙོའི་ཚིག །དམ་ཆོས་ལྟར་སྣང་སྒྲུབ་ལ་ཤིན་ཏུ་ཤིས། །

དམ་ཆོས་དོན་ལ་གནས་པའི་མུ་ཏིག་ཕྲེང་། །དམ་ཆོས་འཛིན་པའི་ཚོགས་ལ་རྒྱན་དུ་ཆེ། །

འདོད་ཡོན་བདུད་ཀྱི་གཡབ་མོ་ཞེས། །ཉེས་པར་གསུང་བ་མཐའ་ཡས་ཀྱང་། །

འཐབ་པའི་མཚོན་དང་ཕུབ་ཆེན་གྱིས། །རབ་ཏུ་འགོག་པ་ཁྱོད་གཅིག་བུ། །

ཐུབ་བསྟན་ཉི་མའི་རྗེས་སུ་རབ་བཞུགས་ཏེ། །སྡོམ་གསུམ་རྣམ་པར་དག་པའི་པདྨ་དཀར། །

འཆད་རྩོད་རྩོམ་པའི་འདབ་སྟོང་རབ་རྒོད་པའི། །བསྟན་འཛིན་ཤེས་རབ་ཅན་ཁྱོད་སྙིང་དུ་སྡུག །

ཅེས་བྱ་བ་ནི་རྗེ་བཙུན་བླ་མ་མཁན་ཆེན་འཇམ་དབྱངས་རྒྱ་མཚོ་དཔལ་བཟང་བོ་མཆོག་གི་འཁྲུངས་རབས་དང་འབྲེལ་བའི་རྣམ་པར་ཐར་བ་རབ་གསལ་ཤེལ་གྱི་མེ་ལོང་ལས་སྐུ་ཕྲེང་བཞི་བ་བཀའ་ཀྱཱ་ཚང་དགེ་འདུན་དཔལ་ལྡན་མཆོག་གི་རྣམ་པར་ཐར་བ་རགས་ཙམ་བརྗོད་པའི་ལེའུ་སྟེ་ལྔ་བའོ། །

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།