ངང་རུང་མཁན་ཆེན་སྐུ་ཕྲེང་གསུམ་པ་འཇམ་དབྱངས་དགེ་བའི་དཔལ་བཟང་བོའི་རྣམ་པར་ཐར་བ་མདོ་ཙམ་བརྗོད་པ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2020-06-06 19:15:00     རྩོམ་པ་པོ།   ངང་རུང་བློ་བཟང་ཚུལ་ཁྲིམས།    ཀློག་ཐེངས།  

དེ་ནས་བསྟན་འགྲོར་སྨན་པའི་ཆེ་རྒུད་མཐའ་ཡས་པའི་ཟུར་ཕུད་ཀྱི་གདེངས་ཀར་མངོན་པར་འཕགས་པའི་སྐུ་ཕྲེང་གསུམ་པ་སྐྱ་ཀྱཱའི་པཎ་ཊི་ཏའམ་འཇམ་དབྱངས་དགེ་བའི་དཔལ་བཟང་བོ་མཆོག་ནི།རབ་བྱུང་བཅུ་བཞི་བའི་ས་ཡོས་མྱོས་ལྡན་ལོ་སྟེ་སྤྱི་ལོ་༡༨༡༩་ལོར་སྐྱ་ཀྱཱ་བར་ཚིགས་ནས་འཁྲུངས་ཤིང་། སྐུ་ན་ཕྲ་མོའི་དུས་ནས་རིག་པའི་གནས་ལ་སྦྱངས་བརྩོན་གནང་སྟེ་ཡོན་ཏན་གྱི་རྨང་གཞི་བརྟན་པོ་ཚུགས།བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་སྤྲུལ་བར་གྲགས་པའི་སྔོ་ཁོ་བླ་མ་དམ་ཆོས་ཀྱི་ཡང་སྤྲུལ་རྗེ་ངག་དབང་ལེགས་བཤད་ཉི་མར་ཚུལ་བཞིན་དུ་བསྟེན་ཏེ་མགོ་དགེ་བའི་བཤེས་གཉེན་བསྟེན་ཚུལ་ནས་བཟུང་སྟེ་མཇུག་ཞི་ལྷག་གི་བར་གྱི་ལམ་གྱི་རིམ་པ་དང་གོ་རིམ།གྲངས་སོགས་མ་ནོར་བར་ཚུལ་བཞིན་དུ་ཉམས་སུ་བཞེས་པར་མ་ཟད།ལྟུང་བ་སྡེ་ལྔ་སོགས་ཀྱི་དགག་སྒྲུབ་གནང་གསུམ་གྱི་རྣམ་བཞག་རྣམས་མ་འདྲེས་པར་སྟོན་པའི་འདུལ་བ་ལུང་སྡེ་བཞི་སོགས་ལ་ཞིབ་གཟིགས་སྒོས་འགྲོ་ཆགས་ཉལ་འདུག་གང་གི་སྐབས་སུའང་དམ་ཆོས་འདུལ་བའི་ཀུན་སྤྱོད་དང་མི་འགལ་བར་ཕྱག་ལེན་དུ་གནང་བ་དང་།བྱང་སྡོམ་ཡང་མཁས་གྲུབ་ཆེན་པོ་རྗེ་ལེགས་བཤད་ཉི་མའི་ཞལ་སྔ་ནས་སྨོན་སེམས་དང་འཇུག་སེམས་ཀྱི་སྡོམ་པ་བཟུང་བ་ནས།རྩ་ལྟུང་དང་ཉེས་བྱས་ཀྱིས་ཅུང་ཟད་ཙམ་ཡང་མ་གོས་པར་བྱང་སེམས་ཀྱི་བསླབ་བྱ་མཐའ་དག་མིག་གི་འབྲས་བུ་ལྟར་སྲུང་བར་མཛད།གསང་བ་སྔགས་ཀྱི་སྡོམ་པའང་དམ་པ་དེ་ཉིད་ལས་ཐབས་ཤེས་གཉིས་མེད་ཀྱི་རྒྱུད་ཆེན་པོ་དཔལ་ལྡན་གསང་འཇིགས་བདེ་གསུམ་དང་སྙིགས་མའི་དུས་ཀྱི་ལྷ་མཆོག་གཅིག་བུ་དཔལ་རྟ་མཆོག་རོལ་བ་གསང་སྒྲུབ་དང་ཡོ་གའི་སྐོར་གྱི་དབང་དང་།གཞན་ཡང་སྐྱེས་བུ་གསུམ་གྱི་ཆོས་སྐྱོང་དཔལ་མ་ཧཱ་ཀཱ་ལ་དང་དམ་ཅན་ཆོས་ཀྱི་རྒྱལ་བོའི་ཕྱི་ནང་གསང་གསུམ།འདོད་རྒུ་ཆར་བཞིན་བསྩོལ་བར་མཛད་པ་རྨུགས་འཛིན་གྱི་བདག་པོ་རྣམ་ཐོས་སྲས།དཔལ་ལྡན་འདོད་པ་ཁམས་ཀྱི་དབང་མོ་རེ་མ་ཏི།གནོད་སྤྱིན་དྲེགས་པ་ལྕམ་སྲིང་སོགས་ཀྱི་རྗེས་གནང་ཐོབ་པ་ནས་བཟུང་།རིགས་ལྔ་སྤྱི་དང་བྱེ་བྲག་གི་དམ་ཚིག་དང་སྡོམ་པ་རྣམས་སྲོག་བཞིན་དུ་གཅེས་པར་སྲུངས་ཤིང་།དེའི་ལྡོག་ཕྱོགས་རྩ་ལྟུང་བླ་མེད་དང་ཡོ་ག་ནས་བཤད་པའི་རགས་པ་རྣམས་ལྟ་ཅི།སྤོམ་པོའི་ཆེར་གཏོགས་ཙམ་གྱིས་ཀྱང་མ་གོས་པར་རྩལ་ཅི་ཡོད་ཀྱིས་འབད་པར་སྲུང་བ་ལ་བརྟེན་ནས།

རྒྱལ་བའི་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་ཉིང་བཅུད་ཟབ་མོ་རྟེན་འབྱུང་གི་དཀའ་གནད་གསལ་བར་བྱེད་པ་དབུ་མ་རིགས་ཚོགས་དྲུག་དང་།ཤེར་ཕྱིན་མངོན་རྟོགས་ཀྱི་གནད་རྣམས་རིམ་པར་སྟོན་པ་བྱམས་མགོན་གྱི་བསྟན་བཅོས་ཆེན་པོ་ལྔ་ལ་སོགས་པའི་སྔ་འགྲེལ་གྱི་སྐོར་དང་།ས་རྙིང་བཀའ་བརྒྱུད་པའི་བཞེད་ཕྱོགས་དང་ཁྱད་པར་འཇམ་དབྱངས་བླ་མ་ཤར་ཙོང་ཁ་ཆེན་པོའི་ལེགས་བཤད་སྤྱི་དང་སྒོས་སུ་འཇུག་ཊིཀ་དགོངས་པ་རབ་གསལ་དང་།མངོན་རྒྱན་གྱི་ཊིཀ་ཆེན་ལེགས་བཤད་གསེར་གྱི་ཕྲེང་བ།རྒྱལ་ཚབ་རིན་པོ་ཆེ་དར་མ་རིན་ཆེན་གྱི་རྣམ་བཤད་སྙིང་བོའི་རྒྱན་སོགས་ཕྱི་འགྲེལ་གྱི་སྐོར།གཞན་ཡང་གསོ་བྱེད་རྒྱུད་བཞིའི་མན་ངག་སྦྱོར་བ་ལག་ལེན་དང་བཅས་པ་མ་ཟད།སུམ་རྟགས་དག་གསུམ་དང་མངོན་བརྗོད་སྙན་ངག་དང་བཅས་པ་ལ་མཁྱེན་རབ་ཀྱི་སྤུ་གྲིའི་རྣོན་པོས་བརྡར་ཤ་བཅད་དེ་ཆོས་དང་ཟང་ཟིང་གཉིས་ཀས་སེམས་ཅན་གྱི་རྒྱུད་ལ་ཐར་བའི་ས་བོན་བསྐྲུན་པ་ནི་འཚོ་བྱེད་གཞོན་ནུའི་མཛད་པ་དང་གཉིས་སུ་མ་མཆིས་སོ། །

མཁན་སྤྲུལ་རིན་པོ་ཆེ་འཇམ་དབྱངས་དགེ་བའི་དཔལ་བཟང་བོ་མཆོག་དགུང་ལོ་ཉེར་ལྔ་བཞེས་པ་ཆུ་ཡོས་མཛེས་བྱེད་ལོ་སྟེ་སྤྱི་ལོ་༡༨༤༣་ལོར་ཡུལ་མདོ་སྨད་སྒྲུབ་བརྒྱུད་ཀྱི་ཤིང་རྟ་ཆེན་པོ།མཁས་པ་དང་གྲུབ་པ་ཡོངས་ཀྱི་གཙུག་རྒྱན་ཆོས་རྗེ་བླ་མ་གསེར་ཁང་བ་བློ་བཟང་བསྟན་འཛིན་རྒྱ་མཚོ་མཆོག་རང་དགོན་ངང་རུང་བཀྲ་ཤིས་ཆོས་འཕེལ་གླིང་དུ་གདན་དྲངས་ཏེ།མདོ་སྔགས་ཟབ་རྒྱས་ཀྱི་དབང་ལུང་རྗེས་གནང་མན་ངག་མཐའ་ཡས་པ་གསན་བསམ་ཡང་དག་པར་བཞེས་ཏེ་གཏང་རག་གི་དངོས་འབུལ་གྱ་ནོམ་པ་ཕུལ་བར་མ་ཟད།མཎ་ཊལ་གྱི་ལྗགས་བཤད་ཀྱང་རྗེ་བླ་མ་འཇམ་དབྱངས་དགེ་བའི་དཔལ་གྱིས་གནང་བ་ལ།ཆོས་རྗེ་གསེར་ཁང་བ་མཆོག་མཁས་པའི་ལེགས་བཤད་ཀྱི་གཏམ་ལ་ཐུགས་གཏིང་ནས་དགྱེས་པའི་ངང་ནས་ལཱ་མོ་བདེ་ཆེན་དུ་ཕེབས།རྗེ་བླ་མ་མཁན་སྤྲུལ་མཆོག་གིས་རང་དགོན་གྱི་དོན་གཉེར་ཅན་མང་བོར་སྐྱབས་འགྲོ་ལས་འབྲས་དང་དཔལ་ལྡན་སྲད་བརྒྱུད་ལུགས་ཀྱི་བླ་མའི་རྣལ་འབྱོར་གྱི་ཁྲིད་དང་།བདེ་གསང་གཉིས་ཀྱི་དབང་དང་མགོན་ཆོས་ལྔའི་རྗེས་གནང་སོགས་ཀྱི་ཆོས་ཆར་བླ་ན་མེད་པ་ཕབས།དེའི་ཕྱིར་ལོ་ཤིང་འབྲུག་ལོར་སྟོང་སྐོར་བསོད་ནམས་རྒྱ་མཚོ་སོགས་དམ་པ་མང་བོས་བྱིན་གྱིས་བརླབས་ཤིང་།སྤང་དང་ནགས་ཚལ་གྱི་བརྒྱན་ཅིང་ཡན་ལག་བརྒྱད་ལྡན་གྱི་ཆུ་དང་འདབ་ཆགས་བྱ་བྱིའུ་སྣ་ཚོགས་ཀྱི་སྐད་སྙན་སྒྲོག་པའི་གནས་མཆོག་ཁྲི་ལུང་དུ།ཟླ་བཞི་བའི་ནང་གསེར་ཁང་རྡོ་རྗེ་འཆང་གི་ཞལ་སྔ་ནས་ཐུགས་བཀོད་ལྟར།རྗེ་བླ་མ་མཁན་སྤྲུལ་འཇམ་དབྱངས་དགེ་བའི་དཔལ་བཟང་བོ་དང་།རོང་བོ་དང་བདེ་ཆེན་སོགས་ཕྱོགས་སོ་སོ་ནས་གཞུང་དོན་ལ་གཏིང་ཚུགས་ཤིང་བསམ་པས་ནང་གི་སྒྲོ་བཅད་པའི་རབས་འབྱམས་དང་སྨྲ་བའི་ལུང་རིགས་ཀྱི་ངར་སྐད་བསྒྲོགས་པའི་དགེ་བའི་བཤེས་གཉེན་མང་བོ།རྙེ་བ་དཔོན་སློབ།ཞྭ་དམར་དཔོན་སློབ།གཡུ་ངོགས་མཁན་ཆེན་གྱི་ཡང་སྤྲུལ།རྒྱལ་མཁན་ཆེན་གྱི་ཡང་སྤྲུལ།རྐ་སར་ལྷ་རམས་པ།སེར་རྒྱའི་ལྷ་རམས་པ།ཨ་ལགས་ཀརྨ་ཚང་།རྐང་ཚ་ཚང་།སྐུ་ཞོགས་ལྷ་རིས་སོགས་དགོན་ཕན་ཚུན་རྣམས་ཀྱི་བླ་སྤྲུལ་གྲྭ་བ་དགེ་པའི་བཤེས་གཉེན་མང་བོ་ལྷན་ཅིག་ཏུ་འདུས་ཏེ།དཔལ་ཆོས་ཀྱི་གྲགས་པ་ཡབ་སྲས་ཀྱིས་བཞེད་པའི་མངོན་མཐོ་ངེས་ལེགས་ཀྱི་ལམ་མཐའ་དག་དངོས་སྟོབས་ཀྱི་རིག་པ་དྲི་མ་མེད་པས་གཏན་ལ་ཕབས་ཤིང་།རྒྱལ་བའི་བསྟན་པ་ལ་མ་རྟོགས་པ་དང་ལོག་པར་རྟོགས་པའི་ཐེ་ཚོམ་གྱི་དྲི་མ་མཐའ་དག་རིང་དུ་གསལ་ཏེ།ཐར་འདོད་རྣམས་ཀྱི་འཇུག་ངོགས་བླ་ན་མེད་པར་སྒྲུབ་ཅིང་།སྟོན་པ་མཉམ་མེད་ཤཀྱཱའི་རྒྱལ་བོ་ཐར་འདོད་གདུལ་བྱ་རིགས་ཅན་མཐའ་དག་གི་མགོན་སྐྱབས་དང་དཔུང་གཉེན་དུ་གྱུར་བ་ཚད་མའི་སྐྱེས་བུར་བསྒྲུབ་པར་བྱེད་པའི་ཚད་མ་རྣམ་འགྲེལ་ཐར་ལམ་གསལ་བྱེད་དང་།མཁས་གྲུབ་ཐམས་ཅད་མཁྱེན་པ་དགེ་ལེགས་དཔལ་བཟང་བོའི་ཚད་མའི་ཊིཀ་ཆེན་གཉིས་ཀྱི་སྟེང་།མཁས་པ་གཞན་གྱིས་བཤད་པ་ཁ་བསྐངས་ཏེ་གཞུང་དོན་རྣམས་ལ་འབེབས་གཏམ་དང་དཀའ་གནད་ལ་དོགས་གཅོད།ཕན་ཚུན་བརྒལ་ལན་གྱི་སྒོ་ནས་མཐའ་ཆོད་པར་མཛད་དེ་བསྟན་པ་དང་སྟོན་པ་ཁོ་ན་དབང་རྣོ་ཆོས་ཀྱི་རྗེས་འབྲང་དག་གི་སྐྱབས་དངོས་ལ་ཡིད་ཆེས་པའི་ངེས་ཤེས་བླ་ན་མེད་པ་རྙེད་པར་རིག་པའི་འོད་སྣང་རབ་ཏུ་སྤྲས་པས། ངེས་ལེགས་ཕན་བདེའི་མཆོག་གི་འདབ་བརྒྱ་ཅིག་ཅར་དུ་གྲོལ་བར་མཛད་དོ།།།།

སྨྲས་པ།

ཟབ་དང་རྒྱ་ཆེའི་རང་ལུགས་པདྨ་དཀར། །མཁས་དང་གྲུབ་པའི་ཞལ་དཀྱིལ་ནས་བླངས་ཏེ། །

བློ་གྲོས་ལུས་སྟོབས་རྒྱས་པའི་སྙིམ་པ་ལས། །གངས་ལྗོངས་འཛིན་མའི་ཁྱོན་ལ་ཐང་མར་བརྡལ། །

ཕྱོགས་ཆོས་ཚད་མའི་རིག་པའི་ཀློང་ཡངས་ནས། །སྟོན་པ་ཚད་མར་སྒྲུབ་པའི་རོལ་རྩེད་ཀྱིས། །

གདུལ་བྱར་ཕན་བདེ་སྒྲུབ་ལ་བསྟན་པ་དང་། །སྟོན་པ་ཚད་མའི་སྐྱབས་སུ་ངེས་ཤེས་རྙེད། །

ཐུགས་རྗེའི་ནམ་མཁའི་གླང་བོའི་དབུས། །བདུད་རྩིའི་བཅུད་འཛིན་ཆུ་ལྷའི་དབང་། །

འགྲོ་བའི་ནད་ཀུན་འཇོམས་པའི་གཉེན། །སྨན་བརྒྱུད་བཟང་བོ་ཆར་དུ་བསྙིལ། །

ཉི་མའི་གཉེན་གྱི་གསུང་རབ་ཀུན། །གནད་བསྡུས་སེམས་བསྐྱེད་གངྒཱ་མ། །

རྣམ་དཔྱོད་བུམ་པའི་ལྟོ་བ་ལ། །སྨྲ་མཁས་དྲང་སྲོང་བླ་མས་དྲངས། །

ཅེས་བྱ་བ་ནི་བར་སྐབས་ཀྱི་ངལ་གསོའི་ཚིགས་སུ་བཅད་པའོ།། །།

དེ་ནས་བག་མེད་ཆུ་གླང་ལོ་སྟེ་སྤྱི་ལོ་༡༨༥༣་ལོའི་ནང་དུ་གངས་ལྗོངས་སྒྲུབ་པའི་རྒྱལ་མཚན་འཛིན་པ་རྣམས་ཀྱི་གཙུག་རྒྱན་དམ་པ་ཆོས་རྗེ་བླ་མ་གསེར་ཁང་བའི་སྐུ་མཆེད་མཁས་གྲུབ་ཆེན་པོ་བློ་བཟང་བསྟན་པ་རྒྱ་མཚོ་མཆོག་ཧོར་མོ་ཁའམ་སྒང་སྟོད་དུ་ཕེབས་ཏེ་དེར་འདུས་ཀྱི་སེར་སྐྱ་ཡོངས་ལ་ཐུགས་རྗེ་ཆེན་པོའི་དབང་ཆེན་གནང་སྐབས།རྗེ་བླ་མ་མཁན་སྤྲུལ་འཇམ་དབྱངས་དགེ་བའི་དཔལ་བཟང་བོ་སློབ་མའི་གཙོ་བོར་གྱུར་ཏེ་གསུང་གི་བདུད་རྩི་ཐོག་མར་མྱངས།དེ་ནས་ཆེར་མ་འགྱངས་པར་རྒྱལ་བ་མ་ལུས་པའི་ཡེ་ཤེས་མེ་ལོང་མཆོག་གི་རང་མདངས་རྗེ་བཙུན་བརྟན་པའི་འཁོར་ལོ་བཤེས་གཉེན་གྱི་རྣམ་པར་རོལ་བ་སྐུ་མཆེད་བློ་བཟང་བསྟན་པ་རྒྱ་མཚོ་མཆོག་རང་དགོན་ངང་རུང་བཀྲ་ཤིས་ཆོས་འཕེལ་གླིང་གདན་འདྲེན་ཞུས་ཏེ།བྱང་ཆུབ་བདེ་ལམ་གྱི་ཁྲིད་དང་འདུས་པ་འཕགས་ལུགས་ལྷ་སུམ་ཅུ་རྩ་གཉིས་དང་གྲུབ་ཆེན་ལྭུ་ཨི་བའི་ལུགས་ཀྱི་བདེ་མཆོག་ལྷ་དྲུག་ཅུ་རྩ་བཞིའི་དབང་དང་།གསང་བདེ་འཇིགས་གསུམ་གྱི་སྔགས་བཏུ།ཆོས་རྒྱལ་ཡང་གསང་དང་ལྕམ་སྲིང་གི་རྗེས་གནང་སོགས་མདོ་སྔགས་ཀྱི་བཀའ་ཆོས་ཅི་རིགས་གསན་བཞེས་མཛད། རྗེ་བླ་མ་མཁན་སྤྲུལ་མཆོག་གིས་དམ་པ་དེ་ཉིད་ལ་ཐུགས་མཉེས་པའི་མཆོད་སྤྲིན་གྱི་རྣམ་གྲངས་དང་མན་ཊལ་གྱི་ལྗགས་བཤད་རྒྱ་ཆེར་གནང་བས་དེར་ཚོགས་པའི་དཔོན་སློབ་ཐམས་ཅད་སྤྲོ་ཤུགས་དང་དད་གུས་བླ་ན་མེད་པ་འཕེལ།དེ་ནས་སྐུ་མཆེད་རིན་པོ་ཆེར་སྐྱེལ་མ་མཛད་དེ་ལྷ་རིས་བསམ་གཏན་གླིང་དུ་ཕེབས་ནས་མགོན་པོ་སྙིང་ཞུགས་ཀྱི་རྗེས་གནང་གསན།

གཞན་ཡང་བིས་མདོ་བཀྲ་ཤིས་ཐོས་བསམ་གླིང་གི་ངེས་པ་དོན་གྱི་མཁས་པ་ཆེན་པོ་ལྷ་གཞིས་བློ་གྲོས་འཇམ་དབྱངས་རྒྱ་མཚོས་ངང་རུང་མཁན་སྤྲུལ་དམ་པ་འདི་ཉིད་ཀྱི་ཞབས་ལ་གཏུགས་ཏེ་ཟབ་རྒྱས་གདམས་པའི་བདུད་རྩི་མང་བོ་མྱངས་པར་མ་ཟད།སུམ་རྟགས་གཉིས་དང་སྙན་ངག་མེ་མོང་མའི་སྟེང་ནས་ཁྲིད་རྒྱས་པར་གསན་ཏེ་དོན་རྒྱན་སོ་ལྔའི་དཔེ་བརྗོད་བློ་གསལ་མགུལ་རྒྱན་ཞེས་བྱ་བ་བྲིས་ཏེ།མཁན་སྤྲུལ་དམ་པའི་སྤྱན་ལམ་དུ་ཕུལ་བས་བསྔགས་བརྗོད་རྒྱ་ཆེར་གནང་།རྗེ་བླ་མ་མཁན་སྤྲུལ་མཆོག་གིས་ཀྱང་བིས་མདོ་དགོན་པའི་གནས་བསྟོད་དྲི་ཟའི་བུ་མོ་ཀུན་ཏུ་དགའ་བའི་ཟློས་གར་ཞེས་བྱ་བ་དོན་རྒྱན་སོ་ལྔ་དང་སྦྱར་ཏེ་སྙན་ཚིག་གི་ལམ་ནས་ཧ་ཅང་སྙན་འཇེབས་ལྡན་པ་ཞིག་བརྩམས་ཡོད་ཀྱང་།བིས་མདོ་དགོན་ལ་སོགས་པའི་འབྲེལ་ཡོད་ཀྱི་ཕྱོགས་སོ་སོའི་ཡིག་ཆ་དང་ལོ་རྒྱུས་གདན་རབས་གང་ཟོན་གྱི་ནང་དུ་མི་སྣང་བས་མཁས་པ་སོ་སོའི་སྤྱན་ལམ་དུ་སྣང་མྱོང་ན་འདི་གར་གནང་རྒྱུ་ཐུགས་རྗེས་གཟིགས།

དམ་པ་འདིས་རྒྱལ་བའི་མདོ་སྔགས་ཀྱི་བསྟན་པ་ལ་ཐོས་བསམ་སྒོམ་གསུམ་གྱི་ཡོན་ཏན་ཆེ་སྐྱེས་ཆུང་སྐྱེས་ཐམས་ཅད་ཀྱི་རྨང་ནི་ཚད་ལྡན་དམ་པའི་མགོན་མཉེས་པ་ཁོ་ན་ལས་མ་གཏོགས་མདོ་སྔགས་ཀྱི་ལམ་གང་ལ་སྦྱངས་ཀྱང་མཐར་ཐུག་གི་འབྲས་བུ་མི་འབྱུང་བར་མཁྱེན་ནས།སྐྱབས་རྗེ་བླ་མ་གསེར་ཁང་བ་ཡབ་སྲས་དང་ཆོས་རྗེ་ངག་དབང་ལེགས་བཤད་ཉི་མ་སོགས་མདོ་སྡེ་རྒྱན་ནས་བཤད་པའི་མཚན་ཉིད་བཅུ་དང་ལྡན་པའི་བཤེས་གཉེན་དམ་པ་རྣམས་ཀྱི་ཞབས་པད་ཡུན་རིང་དུ་བསྟེན་ཏེ་སྒོ་གསུམ་གྱིས་མཉེས་པ་ཁོ་ནས་མཉེས་པར་བྱས་ཏེ་ཟབ་རྒྱས་ཆོས་ཀྱི་བདུད་རྩི་ལྷག་མེད་དུ་བཞེས་པ་ཙམ་མ་ཡིན་པར།ཐོས་པའི་དོན་རྣམས་གང་ཟག་གཅིག་འཚང་རྒྱ་བའི་གདམས་ངག་ཏུ་འཆར་བའི་ངེས་ཤེས་ཀྱི་རྟོགས་པ་བླ་ན་མེད་པའི་གདེངས་ཚོར་ཁྱད་པར་ཅན་ལ་མངའ་བརྙེས་ཤིང་།མཁས་པའི་ལག་རྗེས་འཆད་རྩོད་རྩོམ་གསུམ་གྱིས་སྒོ་ནས་གདུལ་བྱ་རང་རང་གི་སྐལ་བ་དང་འཚམས་པའི་དབང་ལུང་མན་ངག་དང་ཉམས་ཁྲིད་རྗེས་གནང་སོགས་ཀྱིས་ཆོས་ཆར་དཔག་ཏུ་མེད་པར་གནང་བ་མ་ཟད། བྱ་བ་ལས་ཀྱི་འཁོར་ལོ་ཡང་རང་དགོན་གྱི་སྐུ་གསུང་ཐུགས་རྟེན་མང་བོ་གསར་བཞེངས་གནང་སྟེ་ཆོས་སྲིད་ཟུང་གི་མཛད་རྗེས་ཡར་ལྡན་དུ་སྤེལ་ཏེ་གྲགས་སྙན་གྱི་བ་དན་ཕྱོགས་མེད་གཡོ་བའི་ཚེ།སྔོན་གྱི་རྒྱུ་དང་དེ་དུས་ཀྱི་རྐྱེན་ལ་གཞི་བྱས་ཏེ།ཡིག་རྨོངས་ཀྱི་རྒྱ་ལས་མ་གྲོལ་ཞིང་ཚེ་འདིའི་འདོད་ཡོན་ལ་ཡིད་ཆེས་ཆེར་མྱོས་པ་དག་གིས་ཕྱོགས་འཛིན་དུག་སྦྲུལ་གྱི་ལྕེ་གཉིས་ཅི་དགར་གཡོས་པས།རྗེ་བླ་མ་མཁན་སྤྲུལ་དམ་པ་སྐྱ་ཀྱཱ་འཇམ་དབྱངས་དགེ་བའི་དཔལ་དང་དེའི་གོང་མ་རྒན་ཀྱཱ་དགེ་འདུན་བསྟན་པའི་རྒྱལ་མཚན་རྣམ་གཉིས་ཀྱི་ཐུགས་སྲས་སྒྲ་དབྱངས་ལྷ་མོས་རྗེས་སུ་བཟུང་བའི་བོད་ཚའི་ཆོས་གྲགས་རྒྱ་མཚོའི་ཡང་སྲིད་བློ་བཟང་ཆོས་གྲགས་བར་དུ་དབྱེན་དང་ཕྲ་མས་དགེ་འདུན་ནང་འཁྲུག་གི་རྐྱེན་བསླངས་བ་དང་།འདི་བའི་གོང་མ་རྒན་ཀྱཱ་ཚང་གིས་རང་ཕྱོགས་ཀྱི་མཁས་པ་དང་གྲུབ་པའི་གཙུག་རྒྱན་རྗེ་དགེ་འདུན་ཟླ་གྲགས་སོགས་ལས་དམ་པའི་ཆོས་ཀྱི་ཟབ་གནད་མང་བོ་ཉམས་སུ་བཞེས་པར་མ་ཟད།གཞན་ཕྱོགས་ཀྱི་བླ་མ་མཁས་ཆེན་ཏིང་རྒྱ་ཐམས་ཅད་མཁྱེན་པ་དང་ཆོས་རྗེ་བླ་མ་ཞབས་དཀར་བ་སོགས་བསྟེན་ཏེ།ཆོས་སྐྱོང་ཡང་དམ་ཅན་དང་ཁྱད་པར་གནས་ཆུང་འཕྲིན་ལས་རྒྱལ་བོ་རང་འབེབས་ཀྱིས་རྗེ་བླ་མ་མཁན་སྤྲུལ་དགེ་འདུན་བསྟན་པའི་རྒྱལ་མཚན་མཆོག་ལ་བཙན་མདུང་ཞིག་ཕུལ་བས།སྐུ་རིང་དེར་གནས་ཆུང་དང་དམ་ཅན་གཉིས་ཆོས་སྐྱོང་གཙོ་བོར་མཛད་དེ་རྟེན་ཐང་ལྷ་རྟེན་གསར་བཞེངས་མཛད་ཅིང་།རྩོད་གྲྭ་བཙུགས་ཏེ་འཆད་ཉན་ཡང་དམར་བ་བྱུང་།གྲྭ་སུམ་བརྒྱ་ལྷག་འདུས་ཤིང་གསར་རྙིང་རིས་མེད་ཀྱིས་འགྲོ་དོན་རྒྱ་ཆེར་སྤེལ།དེར་མཐུད་ནས་བོད་ཚའི་ཆོས་གྲགས་རྒྱ་མཚོའི་ཡང་སྤྲུལ་བློ་བཟང་ཆོས་གྲགས་ཀྱིས་རང་གི་བླ་མའི་མཛད་པ་འཕྲིན་ལས་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་དུ་བཏང་ཡང་།

སྐྱ་ཀྱཱ་ཚང་གི་རིང་ལ་རྩོད་གྲྭ་འཐུས་ཤོར་དུ་སོང་བ་དང་སྔོན་གྱི་ཆོས་སྐྱོང་གནས་ཆུང་དང་དམ་ཅན་གཉིས་ལ་དེ་འདྲའི་སྲིད་ཞུ་མ་མཛད་པར།ལྕམ་སྲིང་གསར་དུ་བསྟེན་པས།ཆོས་སྐྱོང་གིས་ཁུ་དོག་དང་གྲྭ་བ་རྣམས་ཀྱང་ཕྱོགས་གཉིས་སུ་ཆད་དེ།ཕྱོགས་གཅིག་གིས་མཁན་ཆེན་གྱི་ཁུ་བོ་བོད་ཚའི་ཆོས་གྲགས་རྒྱ་མཚོའི་ཡང་སྲིད་བློ་བཟང་ཆོས་གྲགས་ཀྱི་མཆོད་ཁང་གི་རྟེན་གྲལ་ནས་གནས་ཆུང་དང་དམ་ཅན་གྱི་རྟེན་ཐང་དང་འབག་གཟུགས་ཀྱི་སྐུ་བརྙན་རྣམས་རང་གར་ཕྱོགས་སུ་གཡུགས་པ་དང་ཟམ་འོག་ཏུ་འཕངས་པ་སོགས་ཀྱིས་དམ་པའི་ཆོས་སྤོང་གི་ལས་ངན་ཚབས་ཆེན་བསགས་པས།རྗེས་སུ་གྲྭ་བ་དེ་རིགས་ཀྱི་ནང་ནས་འགའ་ཞིག་ཡིད་མྱོས་ཏེ་རང་གི་ལག་ངར་གྱི་ཤ་ཟས་ཏེ་ཤི་བ་སོགས་ཀྱི་བཤད་སྲོལ་ཡོད།ད་ལྟ་ཡང་བསྟན་འཛིན་དུ་ཁས་ཆེ་བའི་གསོབ་གཟུགས་བླ་སྤྲུལ་མཁན་གསུམ་དུ་བཅོས་པ་དག་གིས་གསར་རྙིང་གྲུབ་མཐའི་འདོད་ཕྱོགས་དང་ནང་བའི་གྲུབ་མཐའ་བཞིའི་བདག་མེད་ཕྲ་རག་གི་ཁྱད་པར།ཐེག་ཆེན་ཐེག་ཆུང་གཉིས་ཀྱི་བསམ་པ་རྒྱ་ཆེ་ཆུང་དང་དམིགས་པ་གང་ལ་གཏད་ཡོད་མེད་ཀྱི་ཁྱད་པར། སྒོས་སུ་རྡོ་རྗེ་ཐེག་པའི་བྱ་སྤྱོད་ཡོ་ག་བླ་མེད་བཞིས་ཆགས་པ་ལམ་འཁྱེར་ཇི་ལྟར་བྱེད་དགོས་པའི་ཁྱད་པར་སོགས་ལ་ཞིབ་ཏུ་མ་དཔྱད་པར།བཅོམ་ལྡན་འདས་ཀྱི་མདོ་སྡེ་ག་གེ་མོ་ནས་གསུང་བའི་ལུང་ཞིག་རིག་ཚེ་ཁོས་མ་མཐོང་བ་ཞིག་མཐོང་བྱུང་སྙམ་པ་དང་མ་རིག་པ་ཞིག་རིག་སོང་བསམ་པའི་ང་རྒྱལ་གྱིས།ཁ་བ་གངས་ཅན་གྱི་འགྲོ་བ་ཡོངས་རྫོགས་དེ་ལ་གནས་དགོས་པ་དང་བསྟུན་དགོས་པ། མ་བསྟུན་མ་གནས་ན་མི་ཆོག་པའི་སྐད་ཆ་རི་བོ་གདོས་དང་མཉམ་པས་མནན་པར་མ་ཟད།ད་རུང་དགོན་གྲོང་གི་འབྲེལ་བ་གཅོད་པ་དང་ཐ་ན་ནང་བའི་གྲས་ནས་ཕུད་པ་སོགས་ཀྱིས་ཆགས་སྡང་གི་གཞི་བྱས་ཏེ།འདི་ནི་བདེན་གྱི་གཞན་ནི་གཏི་མུག་གི་རང་བཞིན་དུ་བཟུང་སྟེ།རྒྱལ་བའི་བསྟན་པ་སྤྱི་དང་སྒོས་སུ་གངས་ཅན་ཁ་བའི་བདེ་སྐྱིད་ཀྱི་གཞི་རྩ་མཐུན་སྒྲིལ་ལའང་གནོད་འཚེ་ཚབས་ཆེན་བཏང་དང་གཏོང་བཞིན་རྣམས་ཀྱིས་དུས་ཀྱི་འགྱུར་བ་དང་སྤྱི་ཚོགས་ཀྱི་གནས་བབས།འགྲོ་བ་མིའི་དཔལ་འབྱོར་གྱི་ཚད་གཞི།གཞིས་བྱེས་ཀྱི་གནད་འགག་གི་རྩ་བ་གང་ལ་ཐུག་ཡོད་པའི་ཕྱོགས་ལ་བསམ་བློ་ཅི་ཡང་མི་གཏོང་བ།རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་གནང་སྟངས་ལ་བལྟོས་ནས་བཤད་ན་དོན་དག་ཆུང་ངུ་དང་ཕན་ཐོག་མེད་པ་ཞིག་ཡིན་པས་དེ་འདྲའི་རིགས་ལ་ཨུ་ཚུགས་སྦར་བཅིངས་ཀྱིས་ཤི་འཐམ་རོ་འཐམས་བྱེད་དགོས་དོན་ཅི་ཡང་མེད་དོ་བསམ།

དེ་ཡང་འཕགས་པ་ཕྱག་ན་པདྨོ་ངུར་སྨིག་གར་གྱིས་རྣམ་པར་རོལ་བ་[ཀུན་གཟིགས་ལྔ་བ་]ཆེན་པོས།  /ང་ཁྱོད་གྲུབ་མཐའ་ཁ་འཛིན་གྱིས། །ཕྱོགས་རིས་ཆོས་སྤོང་སྡིག་པ་བསགས/། །ཅེས་གསུང་བ་ལྟར་ཆོས་སྤོང་གི་ལས་སྒྲིབ་ཚབས་ཆེན་ཡིན་པའི་ཚུལ་འཇམ་མགོན་བླ་མའི་ཐུགས་བཅུད་བྱང་ཆུབ་ལམ་རིམ་གྱི་དབུར།བདེན་པ་པོའི་ལེའུ་དང་མདོ་སྡེ་པདྨ་དཀར་བོ་དྲངས་ནས་གསུང་ཡོད་པ་ལ་ལྟོས་ཤིགཆོས་སྤོང་གི་ཉེས་པ་དང་དེའི་རྣམ་སྨིན་ནི།སོ་སྐྱེས་རང་ག་བ་ཞིག་གིས་དམ་པའི་ཆོས་སྤོང་བའི་ལས་བསགས་ན།ཚེ་འདིར་ནད་དང་གདོན་གྱིས་གཙེས་པ་དང་།དཀར་ཕྱོགས་ཀྱི་ལྷ་རྣམས་དེ་ལ་མི་དགའ་བར་གྱུར་ནས་ཚེ་བསོད་སྟོབས་འབྱོར་སྙན་གྲགས་རླུང་རྟ་རྣམས་ཉམས་པར་བྱེད་པ།སྐྱེས་བོ་དེས་གཞན་ལ་ཟང་ཟིང་གི་དངོས་པ་བྱིན་པ་དང་མཆོད་འབུལ་སོགས་ཀྱི་འབྲས་བུའང་སྡིག་པར་འགྱུར་བ་དང་།དེའི་གྲིབ་མ་ཕོག་པ་དང་རྐང་བས་ས་མནན་པའི་འོག་ཏུ་གནས་པའི་སེམས་ཅན་རྣམས་ཀྱང་ངན་སོང་ངན་འགྲོར་སྐྱེས་ན་མི་དེར་ལྟ་སྨོས་ཀྱང་ཅི་དགོས།དཔེར་ན་ཐེག་ཆེན་སྦྱོར་ལམ་རྩེ་མོ་ལ་གནས་པ་ཞིག་ལ་དམ་པའི་ཆོས་སྤོང་བྱུང་ན།གང་ཟག་དེས་ལོ་བདུན་གྱི་བར་དུ་ཉིན་གཅིག་ཅིང་དུས་གསུམ་དུ་ཉེས་པ་བཤགས་ན་རྣམ་སྨིན་དག་ཀྱང་།བཟོད་པ་འཐོབ་པ་ལ་མྱུར་ནའང་བསྐལ་བ་བཅུ་དགོས་པར་རྗེ་ཐམས་ཅད་མཁྱེན་པས་དབུ་མ་ལ་འཇུག་པའི་རྣམ་བཤད་དགོངས་པ་རབ་གསལ་ལས་རྣམ་པར་འཐག་པའི་མདོ་དྲངས་ཏེ་གསུངས་ཡོད།འདི་ནི་འཕྲོས་བཤད་ཙམ་ཡིན།

ད་ནི་དཀྱུས་སུ་འཇུག་པར་བྱ་སྟེ།མོག་ཀྱཱའི་མཁན་སྤྲུལ་གཉིས་པ་རྒན་ཀྱཱ་ཚང་གི་རིང་ལ་རྩོད་གྲྭ་བཙུགས་པ་དང་གནས་ཆུང་དང་དམ་ཅན་བསྟེན་པ་ནི་བདེན་པར་སྣང་སྟེ།ད་ལྟའང་དགོན་པའི་འདུ་ཁང་གི་རྒྱབ་ཏུ་ཆོས་རྭ་ཁུག་ཅེས་པའི་ས་གནས་དེའི་རྡོ་བཅལ་གཙང་མར་གནས་ཡོད་པར་མ་ཟད།གླིང་ཡ་སྐའི་གདོང་གི་སྣེ་ཟུར་ཁུག་ཅིག་ན་ལྷ་རྟེན་ལབ་ཙེ་ཡོད་པ་རྒན་རབས་པ་དག་གིས་བཤད།ད་ལྟའང་ས་གནས་དེར་ལྷ་ཐོ་ཟུར་ཁ་ཟེར་བ་འདིས་ར་སྤྲོད་བྱེད་ཐུབ། གོང་གི་རྐྱེན་དེ་དང་ལྷག་པར་སྙིགས་མའི་རང་མཚང་ཆེ་ཆེར་བདོ་བའི་ཡིག་རྨོངས་པ་དང་རྒྱུ་འབྱོར་གྱིས་དྲེགས་པར་རློམས་པའི་སྐྱེས་པོ་མི་བསྲུན་པ་དུ་མའི་ལོག་སྤྱོད་མཐའ་དག་ལ་ཐུགས་ཡིད་ཤིན་ཏུ་སྐྱོ་སྟེ།དམ་པ་གོང་མ་རྣམས་ཀྱི་རྣམ་པར་ཐར་བ་བཞིན་གནས་ངེས་མེད་དུ་འཚོ་བ་བསོད་སྙོམས་ཙམ་ལ་བརྟེན་ནས་ཐོས་དོན་རྒྱུད་ལ་སྦྱོར་བའི་ཉམས་ལེན་ཤ་ཟད་རུས་ལ་ཐུག་པ་ཞིག་བྱ་དགོས་པར་དགོངས་ཏེ་དགོན་པ་ནས་མ་བཞུགས་པར་ཕེབས་པ་ནི།ཇི་སྐད་དུ།  [ལྷག་བསམ་བསྐུལ་བ་]ལས།  /གང་ན་སྤྲོས་པའམ་རྩོད་པ་ཡོད་པ་ལས། །དཔག་ཚད་བརྒྱ་ཡི་ཕ་རོལ་འགྲོ་བ་མཆོག/ །ཅེས་གསུང་བ་ལྟར་མདོ་སྨད་ཀྱི་གནས་ཆེན་མང་བོ་དང་ཁྱད་པར་རྒྱ་ནག་གི་ཡུལ་གྲུར་ཞབས་བཏེགས་ཏེ་ཉམ་ཐག་ནད་ཀྱིས་མནར་བའི་སེམས་ཅན་ཁྲི་སྟོང་མང་བོར་ཟང་ཟིང་སྨན་སྤྱིན་གྱི་ཕྱག་རིང་དུ་བརྐྱངས་པས་ཕུང་བོ་བདེ་ཐང་དང་ནད་མེད་ཀྱི་བདེ་ལ་བཀོད་པར་མ་ཟད།སྐབས་དེའི་རྒྱ་ནག་གི་རྒྱལ་བོ་ཀྱཱ་ཆིན་ཟེར་བའི་ཉེ་དུ་ཞིག་ཡུན་རིང་ན་བས་སྨན་དཔྱད་ལ་སོགས་པའི་གང་གིས་ཀྱང་མ་ཕན་པས།མཁན་སྤྲུལ་དམ་པ་འདིས་སྨན་བཅོས་གནང་བ་ལ་བརྟེན་ནས་ནད་སངས་དྲག་ཏུ་སོང་བས་རྒྱའི་ཡུལ་གྲུ་ཀུན་ལ་སྙན་གྲགས་ཀྱིས་ཁྱབ།རྒྱལ་བོས་ཀྱང་བཀུར་བསྟི་རྒྱ་ཆེར་མཛད་དེ་གཏང་རག་གི་དངོས་འབུལ་ཡང་མང་བོ་ཕུལ་བ་མ་ཟད།སྐྱ་ཀྱཱ་པཎ་ཊི་ཏ་ཞེས་པའི་ཆོ་ལོ་གནང་།དེ་ལ་བརྟེན་ནས་གནས་འདིར་ཡང་རླབས་ཆེན་མཛད་འཕྲིན་གྱི་ཟིལ་མངར་རིམ་བཞིན་ཁྱབ་པས།ཚུལ་འཆོས་དང་རང་དོན་ཁོགས་སུ་བཅིངས་བའི་སྐྱེས་པོའི་ཚོགས་ཕན་ཚུན་རྣམས་ཀྱང་འགྱོད་པ་སྐྱེས་པར་དང་བསྟུན་ནས་ལཱ་མོ་མཆོག་སྤྲུལ་བསྟན་པའི་རྒྱལ་མཚན་མཆོག་གིས་དགོན་པའི་དབྱེན་བསྡུམས་ཤིང་དགེ་འདུན་པ་ཐམས་ཅད་ནང་བཟང་བྱས།མནའ་བཤགས་སུ་མི་འཁྲུགས་པའི་སྐུ་མི་ཚད་ལྷག་བཞེངས།

ས་རྟ་ལོ་སྟེ་སྤྱི་ལོ་༡༨༥༧་ལོར་གདན་འདྲེན་གྱི་མི་སྣ་རྒྱ་ནག་ཏུ་མངགས་ཏེ་འབྱོན་ཁར་ཆོས་སྐྱོང་ཆེན་པོའི་གཏོར་སྒྲུབ་ལ་ཉེ་བར་མཁོ་བའི་རིགས་དང་དྲེགས་པ་ལྕམ་སྲིང་དང་ལྷ་མོའི་ལུ་སྐུ་ཁྲི་ཚད་རེ་དང་གཞན་ཡང་སྟོན་པའི་ལུ་སྐུ་སོགས་ཆེ་ཆུང་གང་མང་།སྦུབ་ཆ་ཆ་གཉིས་དང་སིལ་སྙན།གསེར་ཟངས་ཀྱི་ཀཱ་པ་ལི།ཟངས་དུང་དང་འཁར་རྔ་སོགས་མཆོད་རྫས་ཀྱི་རྣམ་གྲངས་དཔག་ཏུ་མེད་པ་དང་།དེ་ལས་གཞན་བོད་རྒྱ་སོག་གསུམ་གྱི་ཡི་གེར་བྲིས་པའི་སྒོ་བྱང་ངམ་རྒྱ་སྐད་ཀྱིས་ཙིན་པན་ཞེས་པའི་བཤམ་དུ་ཀྱཱ་ཆིན་གྱིས་ཐམ་ག་བརྒྱབ་པའི་ཆོ་ལོ་ཞིག་དང་།བོད་ཀྱི་འཁྱོགས་དང་རྒྱ་ནག་གིས་ཅའོ་ཙི་ཟེར་བ་སོགས་བསྣམས་ཏེ་རང་དགོན་དུ་བྱོན།དེ་ནས་ལྕགས་བྱ་ལོ་སྟེ་སྤྱི་ལོ་༡༨༦༠་ལོའི་ཟླ་གཉིས་པའི་ནང་དུ་ཆོས་སྐྱོང་གི་གཏོར་སྒྲུབ་གསར་དུ་བཙུགས་ཤིང་ཆོས་ཐོག་གི་རིམ་པ་རྣམས་ཀྱང་ངོས་གཙང་རང་ལུགས་རྣམ་དག་གི་ལམ་ནས་རྒྱུན་བསྲིངས་ཏེ་གྲ་དག་པོར་མཛད།སྒོ་བྱང་ངམ་ཙི་པན་དང་འཁྱོགས་སམ་ཅའོ་ཙི་གཉིས་ལྔ་བརྒྱད་ཡར་སྔོན་དུ་ཡོད་ཀྱང་བསྒྱུར་བཅོས་ཀྱི་རླུང་དམར་ནང་དུ་མེད་པར་སོང་།ད་ལྟ་རང་དགོན་དུ་ཆེས་རྩ་ཆེ་ཞིང་ཆེས་སྙན་འཇེབས་ལྡན་པའི་འབྲུག་སྒྲ་ཟིལ་མནོན་དུ་གྲགས་པ་དེ་སྐབས་དེར་ཁོང་གིས་བསྣམས་ཡོང་བའི་ནང་གི་གཅིག་ལོས་ཡིན་འདོད།

དམ་པ་འདིས་བསླབ་འོས་པའི་ཤེས་བྱ་མཐའ་དག་དང་ཁྱད་པར་བདེན་འཛིན་གྱི་ས་བོན་དྲུང་ནས་འབྱིན་པར་བྱེད་པ་ལ་ཤེས་རབ་དེ་ཁོ་ན་ཉིད་ཀྱིས།ལྟ་བ་རྟག་ཆད་ཀྱི་མཐའ་གཉིས་དང་བྲལ་བར་སྟོན་པའི་དབུ་མའི་བསྟན་བཅོས་དྲུག་དང་། ཚུལ་ཁྲིམས་སྤོང་བདུན་འཁོར་དང་བཅས་པའི་གནད་གསལ་བར་སྟོན་པ་ཕར་ཕྱིན་གྱི་གཞུང་རྣམས་དང་།འདུལ་བའི་གཞུང་དང་ཆོས་མངོན་པ་མཛོད་ལ་སོགས་པའི་དཀའ་བའི་གནད་ཐམས་ཅད་མ་ལུས་པར་ཐུགས་སུ་ཆུབ་པས།་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་མངའ་བརྙེས་པ་ཞིག་ཡིན་པ་ལས་གཞན།སྣང་བ་ལ་བརྟེན་ནས་སྟོང་བར་ངེས་བ་དང་སྟོང་བ་ལ་བརྟེན་ནས་སྣང་བ་སྒྱུ་མའི་རང་བཞིན་དུ་ངེས་པའི་སྟབས་ཀྱིས། ཁོང་ཡུལ་གྲུ་གང་དུ་ཞབས་སོར་བཀོད་པ་ཙམ་གྱིས་སྣོད་ཀྱི་འཇིག་རྟེན་དུ་བཀྲ་ཤིས་ཀྱི་དགེ་མཚན་ངང་གིས་འཕེལ་ཞིང་།བཅུད་ཀྱི་སེམས་ཅན་དྲེགས་ལྡན་ཆེ་དགུ་སུ་ཡིན་ཡང་ལུས་བཏུད་ཅིང་ཕྱག་འཚལ་བ་སོགས་ཀྱིས་མཆོད་པ་འབུལ་བ་སོགས་ནི་ཐེ་ཚོམ་མེད་པ་ཞིག་གོ །དེ་ལྟར་ཐོས་བསམ་ཕྱོགས་མེད་དུ་མཛད་དེ་ཐོས་དོན་རང་རྒྱུད་འབའ་ཞིག་ལ་གཞོལ་བ་ནི། ཇི་སྐད་དུ།ཚོམས་ལས། /ཐོས་པའི་རྗེས་འཇུག་སྒྲུབ་པ་སྙིང་བོ་བྱེད། །སྐྱེས་པའི་རྫོང་ལས་ཚེགས་ཆུང་ཐར་བར་འགྱུར། །/ཞེས་གསུང་བ་ལྟར་དུས་ནམ་ཀུན་ཏུ་སྟོང་ཉིད་མཉམ་བཞག་ལ་རྩེ་གཅིག་ཏུ་བཞུགས་པ་དང་རྗེས་ཐོབ་ཏུ་དོན་གཉེར་ཅན་མང་བོར་དམ་པའི་ཆོས་ཀྱི་ཆར་ཕབས་པ།གཞན་ཡང་སེམས་ཅན་ཉམ་ཐག་ནད་པ་བགྲང་གིས་མི་ལང་བ་རྣམས་ལ་མི་འཇིགས་སྨན་གྱི་སྤྱིན་པ་ཉིན་མཚན་དུས་དྲུག་ཏུ་སྐྱོ་ངལ་མེད་པར་ཐུགས་རྗེས་ཕྱག་གིས་བསྐྱངས་པ་ནི་བཅོམ་ལྡན་འདས་སྨན་གྱི་བླ་མ་དང་གཉིས་སུ་མ་མཆིས་སོ། །

ཤིང་བྱིའི་ལོ་སྟེ་སྤྱི་ལོ་༡༨༦༣་ལོར་བྱ་ཁྱུང་དང་དགོན་ལུང་སྐུ་འབུམ་རྣམས་སུ་ཕེབས་ཏེ་ནད་ཀྱིས་གཙེས་པའི་སྐྱ་སེར་གྲངས་མེད་པ་རྣམས་དང་།རྒྱ་དང་ཁ་ཆེ་སོག་པོ་སོགས་སེམས་ཅན་མང་བོར་སྨན་སྤྱིན་མཛད་དེ་ནད་མེད་པའི་བདེ་ལ་བཀོད།དེ་ནས་ཕྱིར་རང་དགོན་དུ་ཕེབས་ཏེ་གྲྭ་མང་ལ་འཇིགས་བྱེད་བདུད་ལས་རྣམ་རྒྱལ་གྱི་དབང་དང་ཆོས་སྐྱོང་ཆེན་པོ་ལྕམ་སྲིང་གི་རྗེས་གནས་སྲོག་གཏད་དང་བཅས་པའི་བྱིན་བརླབ་བསྩལ།དེའི་ཕྱི་ལོའི་ཟླ་གཉིས་པའི་ཚེས་བཅུ་གཅིག་ནས་མཁན་སྤྲུལ་དམ་པ་ཁོང་དབུ་བཞུགས་ཀྱིས་བསྟན་པ་སྤྱི་ལ་དམིགས་ཏེ་ལྕམ་སྲིང་གཏོར་སྒྲུབ་གནང་།དེ་ལྟར་བསྟན་འགྲོའི་དོན་དང་སྤྱི་ཁྱད་པར་འཇམ་དབྱངས་བླ་མའི་ཕྱི་གཙང་ནང་གཙང་གི་བསྟན་པ་ལ་ཞབས་འདེགས་གང་ལེགས་བསྒྲུབས་ཏེ་མཐར་རབ་བྱུང་བཅོ་ལྔ་བའི་མེ་ཡོས་ལོ་སྟེ་སྤྱི་ལོ་༡༨༦༧་ལོའི་ཆོ་འཕྲུལ་ཟླ་བའི་ཚེས་བཅུ་དྲུག་ནས་མཚོ་སྔོན་པོ་ཕྱོགས་སུ་ཕེབས་ནས་ཆོས་དང་སྨན་སྤྱིན་གཉིས་ཀས་སེམས་ཅན་གྱི་དོན་བླ་ན་མེད་པར་མཛད་དེ་ཟླ་གཉིས་པའི་ཚེས་བཅུ་གཅིག་ཉིན་ཇོ་སྐོར་དུ་ཐུགས་ཆོས་སྐུ་འོད་གསལ་དུ་ཐིམ་པའི་ཚུལ་བསྟན།དེ་ཚེ་ནམ་མཁའ་གཡའ་དག་པ་ལ་འཇའ་འོད་དང་སྤྲིན་གྱིས་དར་དཀར་ཕུལ་བ་ལྟ་བུའི་གཟིགས་སྣང་དང་།ལྷ་དང་ལྷ་མོ་མང་བོས་ཤེལ་གྱི་མཆོད་རྟེན་བསྣམས་ཏེ་ནམ་མཁར་འགྲོ་བ་ལ་སོགས་པའི་རྨི་ལམ་ཁོང་གི་སློབ་མ་འགའ་རེ་དང་རང་དགོན་གྱི་དབུ་མཛད་སོགས་དག་སྣང་ཅན་མང་བོས་གཟིགས་སོ།། །།

སྨྲས་པ།

ཐུབ་བསྟན་མདོ་སྔགས་དཔལ་གྱི་ནམ་མཁའ་ལ། །ཐོས་བསམ་ངོ་མཚར་བརྒྱ་ཡི་འོད་སྣང་གིས། །

གདུལ་བྱ་ཐར་བར་ཕྱོགས་པའི་ཉི་མའི་གྲོགས། །ཅིག་ཅར་བཞད་པས་འཛིན་མ་དོག་པོར་གྱུར། །

ཕྲག་དོག་རྒོད་མ་ཁ་ཡི་མེ། །རབ་འབར་ཚངས་པའི་རྩེར་འགོང་ཡང་། །

མགོན་ཁྱོད་གཡོ་མེད་རི་དབང་གི།རྗེས་སུ་འགྲོ་བའི་བརྟུལ་ཞུགས་བཟུང་། །

རྨད་བྱུང་ལྟ་སྒོམ་སྤྱོད་པ་དྭངས་མའི་འོད། །སྐྱེས་ཕྲེང་གཅིག་ལས་གཅིག་གིས་ཉེར་མཛེས་པས། །

འཇམ་མགོན་ལུགས་བཟང་རབ་དཀར་ཟླ་གཞོན་གྱིས། །འགྲོ་ལ་ཕན་པའི་ལེགས་མཛད་ཟད་དུ་མེད། །

ཅེས་བྱ་བ་ནི་རྗེ་བཙུན་བླ་མ་མཁན་ཆེན་འཇམ་དབྱངས་རྒྱ་མཚོ་དཔལ་བཟང་བོ་མཆོག་གི་འཁྲུངས་རབས་དང་འབྲེལ་བའི་རྣམ་པར་ཐར་བ་ལེགས་པར་བཤད་པ་རབ་གསལ་ཤེལ་གྱི་མེ་ལོང་ལས་སྐུ་ཕྲེང་གསུམ་པ་སྐྱ་ཀྱཱ་པན་ཊི་ཏ་འཇམ་དབྱངས་དགེ་བའི་དཔལ་བཟང་བོའི་རྣམ་པར་ཐར་བ་མདོ་ཙམ་བརྗོད་པའི་ལེའུ་སྟེ་བཞི་བའོ།། །།


རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།