ངང་རུང་མཁན་ཆེན་སྐུ་ཕྲེང་གཉིས་པ་༧རྗེ་བཙུན་དགེ་འདུན་བསྟན་པའི་རྒྱལ་མཚན་མཆོག་གི་རྣམ་པར་ཐར་བ་བརྗོད་པ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2020-06-06 19:12:44     རྩོམ་པ་པོ།   ངང་རུང་བློ་བཟང་ཚུལ་ཁྲིམས།    ཀློག་ཐེངས།  

ཚོགས་གཉིས་མཐའ་ཡས་ཀུན་གསལ་གནམ་མཁའ་ལས། །ཡང་སྲིད་སྟོན་མཚན་ཟླ་གཞོན་འཛུམ་པའི་ཁར། །

ལུང་རྟོགས་བཤད་སྒྲུབ་སྣང་བ་དཀར་པོའི་སྒེག །སླར་ཡང་གངས་ལྗོངས་དགའ་མའི་ཐིག་ལེར་ཤར། །ཞེས་ཚིགས་སུ་བཅད་པ་སྔོན་དུ་བཏང་སྟེ་གང་བརྗོད་པར་བྱ་བ་ནི།དེ་ཡང་གནས་ལྔ་རིག་པའི་བང་མཛོད་ལ་མངའ་བརྙེས་ཤིང་རང་གཞན་གྲུབ་མཐའི་རྒྱ་མཚོའི་ཕ་རོལ་ཏུ་སོན་པའི་ངང་རུང་མཁན་ཆེན་ནམ་མོག་ཀྱཱའི་མཁན་པོ།དཔལ་ཆོས་མཁན་ཆེན་འཇམ་དབྱངས་རྒྱ་མཚོ་མཆོག་གི་སྐུ་ཕྲེང་གཉིས་པ་རྗེ་བཙུན་དམ་པ་དགེ་འདུན་བསྟན་པའི་རྒྱལ་མཚན་མཆོག་ནི།རྗེ་དགེ་འདུན་ཟླ་གྲགས་ཀྱི་ཇོ་ལགས་སྙིང་རྒྱལ་བྱམས་བཟའ་མི་གཉིས་རིགས་རྒྱུད་ཀྱི་སྲི་གསོ་བའི་ཕྱིར་དུ་རྒན་ཀྱཱ་ནས་གཡེར་གཤོང་བསམ་གཏན་གླིང་དུ་འོང་ནས་དགོན་པའི་ཉེ་འདབས་སུ་ཁང་ཆུང་ཞིག་ཕུབ་ཏེ་བཞུགས་པ་ལས་མ་འགྱང་བར་བྱིས་པ་ཁྱད་པར་བ་ཞིག་བཙས་པ་ནི་རྗེ་བླ་མ་ངང་རུང་མཁན་ཆེན་འཇམ་དབྱངས་རྒྱ་མཚོ་མཆོག་གི་ཡང་སྲིད་དུ་ངེས་ཏེ། གསར་དུ་བྲིས་པའི་ལོ་རྒྱུས་ཤིག་གི་ནང་དུ་/སྲི་ཞུར་བསྡད/་ཅེས་བཤད་པ་ནི་ལོ་རྒྱུས་ལ་ངེས་ཆ་མེད་པའི་རྟགས་ངོ་མ་ཞིག་སྟེ། རྗེ་ཟླ་གྲགས་ཀྱི་འཁྲུངས་རྣམ་གསེར་གྱི་སྒོ་མང་སོགས་ལ་མ་བལྟས་པའི་སྐྱོན་རེད་བསམ། དེ་ཡང་རྗེ་དགེ་འདུན་ཟླ་གྲགས་མཆོག་རང་དགོན་ངང་རུང་བཀྲ་ཤིས་ཆོས་འཕེལ་གླིང་དུ་བླ་མ་མཁན་ཆེན་གྱི་ཞལ་སྔ་ནས་བྱང་ཆུབ་ལམ་གྱི་རིམ་པའི་ཞལ་ལུང་གསན་པའི་ཚེ།འཇམ་དབྱངས་བླ་མ་མཁན་ཆེན་མཆོག་གི་གསུང་སྒྲོས་ཀྱི་བབ་དང་།ཐུགས་སྲས་རྗེ་དགེ་འདུན་ཟླ་གྲགས་ཀྱི་མནལ་ལམ་དུའང་ཤར་ལྷོའི་ཕྱོགས་ནས་ཉི་མའི་དཀྱིལ་འཁོར་དྭངས་ཤིང་གསལ་བ་ཞིག་གཡེར་གཤོང་གི་ཕྱོགས་སུ་ཤར་བར་སྨིས་པ་དང་།ཡང་འཇམ་དབྱངས་བླ་མ་མཁན་ཆེན་མཆོག་གཡེར་གཤོང་དུ་ཕེབས་ཏེ་ཀུན་གཟིགགས་ལྷ་ཁང་དུ་རྗེ་ཟླ་གྲགས་ཀྱི་ཞལ་སྔ་ནས་ཆོས་ཤིག་གསན་རྒྱུ་ཡིན་གསུངས་པར་སྨིས་པས།ཟླ་གྲགས་ཀྱི་ཐུགས་དགོངས་ལ།བླ་མ་མཁན་ཆེན་ཁོང་མཁས་པ་ཆེན་པོ་དེ་འདྲ་ཞིག་ལ།བདག་གིས་གློ་བུར་དུ་ཆོས་བཤད་མི་ནུས་སྙམ་ཡང་།འོན་ཀྱང་ཐུགས་བསམ་ཞིག་བཏང་སྟེ་རང་ནུས་དང་བསྟུན་པའི་གང་འཚམ་ཞིག་བཤད་ན་ཆོག་སྙམ་པའི་གསལ་སྣང་འདིས།འཇམ་དབྱངས་བླ་མ་མཁན་ཆེན་གྱི་ཡང་སྤྲུལ་མཆོག་ཁོང་གི་སློབ་བུའི་གཙོ་བོར་འགྱུར་བའི་སྔ་ལྟས་སུ་ངེས་སོ། །

གཞན་ཡང་རྗེ་དགེ་འདུན་ཟླ་གྲགས་མཆོག་བླ་མ་མཁན་ཆེན་དགོངས་པ་གཞན་དུ་གཏད་པའི་སྐབས།ཐུགས་དམ་གསལ་འདེབས་དང་ཐུགས་དགོངས་ཡོངས་སུ་རྫོགས་པའི་ཆེད་དུ་ཆོ་ག་ཆོས་སྤྱོད་དང་།བླ་མ་དང་གཙོ་བོ་ཐ་མི་དད་པའི་དཀྱིལ་འཁོར་སྒྲུབ་མཆོད།གདུང་མདུན་དུ་མཆོས་སྤྲིན་གནམ་མཁའི་མཐའ་དང་མཉམ་པར་སྤྲོས་ཏེ་ཕྱིར་གཡེར་གཤོང་གི་ཉེ་འདབས་སུ་སླེབས་དུས།དབྱར་སྐྱེས་ཆུ་འཛིན་གསར་དུ་ལངས་པ་ལས་ཆར་གྱི་རྒྱུན་འཇམ་པོ་དལ་གྱིས་བབས་ཤིང་།རྨ་བྱའི་བདག་པོའི་གསུང་སྙན་རྣམ་པར་བཞད་པའི་རྗེས་ཐོག་རབ་ཏུ་མཛེས་པའི་རླུང་གི་རྒྱལ་མཚན་གྱི་བཞིན་རས་མངོན་པར་བཀྲ་བའི་རྟེན་འབྲེལ་གྱིས།དེའི་ཕྱི་ལོར་གཡེར་གཤོང་དགོན་པའི་ཉེ་འདབས་སུ་/ད་ལྟའི་མཆོག་སྤྲུལ་རིན་པོ་ཆེ་དགེ་འདུན་བསྟན་པའི་རྒྱལ་མཚན་རྗེ་ཟླ་གྲགས་ཁོང་གི་སྐུ་ཚར་འཁྲུངས་རྒྱུ་ཡིན་པ་རྗེ་དེ་ཉིད་ཀྱི་ཞལ་སྔ་ནས་གསུང་/ཞེས་འགའ་དྭགས་ཞབས་དྲུང་[ངག་དབང་དགེ་འདུན་]གྱིས་བཤད་པ་དང་།མདོ་བའི་ཞབས་དྲུང་རྗེ་[བློ་བཟང་མཁས་གྲུབ་རྒྱ་མཚོ]་མཆོག་གི་ཞལ་སྔ་ནས་/དམ་པ་འདི་དང་རྗེ་དགེ་འདུན་ཟླ་གྲགས།ཀོའུ་བ་ཆོས་རྗེའི་ཡང་སྤྲུལ་དགེ་འདུན་ལྷུན་པོ།མཚན་སྒྲོགས་མཁན་ཆེན་བློ་བཟང་བཀྲ་ཤིས་ཉི་མ་དང་།གསང་སྒྲོགས་བདེ་ཆེན་སྤྲུལ་སྐུ་ངག་དབང་དགེ་འདུན་བཀྲ་ཤིས་རྣམས་སྐུ་མཆེད་དུ་འཁྲུངས་པར་བཤད་/པ་མ་ཟད། དེ་ལས་གཞན་ལོ་རྒྱུས་པ་འགས་ཀྱང་དེ་ལྟར་གསུང་ཡོད།་ཡིན་ན་ཡང་གོང་དུ་བཤད་པའི་རྗེ་ཟླ་གྲགས་དང་ཀོའུ་བ་དགེ་འདུན་ལྷུན་པོ།མཚན་སྒྲོགས་བློ་བཟང་བཀྲ་ཤིས་ཉི་མ། བདེ་ཆེན་སྤྲུལ་སྐུ་ངག་དབང་དགེ་འདུན་བཀྲ་ཤིས་རྣམས་ཀྱི་ཡབ་ཡུམ་སྙིང་རྒྱལ་བྱམས་བཟའ་མི་གཉིས་ཡིན་ན་སྐུ་མཆེད་དུ་འགྲིགས་ཀྱང་།  དེ་ལས་གཞན་ཡབ་ཡུམ་མི་གཅིག་པའི་ཕ་སྤུན་དང་མ་སྤུན་ཡིན་ན་སྐུ་མཆེད་དུ་མི་འགྱུར་འདོད།གང་ལྟར་དམ་པ་འདི་རབ་བྱུང་བཅུ་གསུམ་པའི་སྣ་ཚོགས་ཆུ་རྟའི་ལོ་སྟེ་སྤྱི་ལོ་༡༧༦༢་ལོར་རྗེ་དགེ་འདུན་ཟླ་གྲགས་ཀྱི་སྐུ་ཚར་འཁྲུངས་པ་ནི་ཡིད་རྟོན་ཐུབ་པའི་ལོ་རྒྱུས་ངོ་མ་ཡིན་པ་ནི་གོང་དུ་བཤད་པའི་རྗེ་ཟླ་གྲགས་ཀྱི་ཇོ་ལགས་སྙིང་རྒྱལ་བྱམས་ལ་དཔག་ན་དམ་པ་དེའི་སྐུ་ཚ་ཡིན་པ་ལས་སྐུ་མཆེད་མིན་པའི་བདེན་དཔང་ལྷང་ལ་བུད་ཡོད་པས་ཆེད་བསྟོད་དང་རྒྱུས་མེད་པར་རྟོག་བཟོ་མ་བྱས་ན་ལགས།

རྗེ་འདི་ཉིད་གཞོན་ནུའི་དུས་ནས་བག་ཡོད་སྤྱོད་པ་དང་རིག་པ་རྣོ་བས་ཡི་གེ་འབྲི་ཀློག་ལ་དཀའ་ཚགས་ཆེན་པོ་མེད་པར་མཁྱེན་པས་རྗེ་ཟླ་གྲགས་མཆོག་གིས་སྤྱན་གྱི་འབྲས་བུ་བཞིན་གཅེས་པར་བསྐྱངས་ཤིང་།དམ་པ་དེ་ཉིད་ཀྱི་ཞལ་སྔ་ནས་ངོས་འཛིན་གྱིས་ཐུགས་ཐག་བཅད་པ་དང་ལྷ་དང་སྲུང་མ་རྣམས་ཀྱིས་ཀྱང་ལུང་བསྟན་ཡང་ཡང་གནང་བ་ལ་བརྟེན་ནས་མེ་ཕག་ཐམས་ཅད་འདུལ་བ་ཞེས་བར་དམ་པ་འདི་དགུང་ལོ་དྲུག་བཞེས་པ་སྤྱི་ལོ་༡༧༦༧་ལོའི་ཟླ་བརྒྱད་པའི་ཚེས་བཅུ་མཁའ་འགྲོ་འདུས་པའི་དུས་ཆེན་ལ་དཔལ་ཆོས་མཁན་པོ་ངང་རུང་འཇམ་དབྱངས་རྒྱ་མཚོ་མཆོག་གི་ཡང་སྲིད་རྗེ་བཙུན་བླ་མ་དམ་པ་དགེ་འདུན་བསྟན་པའི་རྒྱལ་མཚན་མཆོག་ལ།མཁས་ཤིང་གྲུབ་པའི་དབང་ཕྱུག་ཆེན་པོ་ངག་དབང་དགེ་འདུན་ཟླ་གྲགས་དང་།མང་ཐོས་ལུང་རྟོགས་ཀྱིས་ཐུགས་རྒྱུད་ཡོངས་སུ་ཕྱུག་པའི་མཁས་པ་དང་འདུལ་འཛིན་གསེར་གྱི་རི་བོ་འདྲ་བ་མང་བོས་ཡོངས་སུ་བསྐོར་པར་མ་ཟད།འཁྲུངས་ཡུལ་རྒན་ཀྱཱ་ནས་ཀྱང་ལུགས་གཉིས་ལ་རྣམ་དཔྱོད་ཀྱི་མཁྱེན་རྒྱ་ཤིན་ཏུ་ཡངས་པའི་དྲག་ཞན་མང་བོས་ཆིབས་སྐྱེལ་དང་བཅས་རིམ་གྱིས་བྱོན་ནས་དཀར་ཕྱོགས་རྒྱལ་བ་གསུམ་པ་སྟེ་ཚེས་བཅུ་གསུམ་ཉིན།རྗེ་བླ་མ་མཁན་ཆེན་དམ་པའི་གདན་ས་ཁྱད་པར་ཅན་ངང་རུང་བཀྲ་ཤིས་ཆོས་འཕེལ་གླིང་གི་ཆོས་ཀྱི་གདན་ཁྲི་མཐོན་པོར་མངའ་གསོལ།རྗེ་གོང་མའི་དངོས་སློབ་བོད་ཚའི་ཆོས་གྲགས་རྒྱ་མཚོ་ཞེས་བྱ་བ་དབྱངས་ཅན་ལྷ་མོས་རྗེས་སུ་བཟུང་ཞིང་འཆད་རྩོད་རྩོམ་པ་ལ་མི་འཇིགས་པའི་གདེངས་ཐོབ་པ་དེ་ཉིད་ཀྱི་ཡང་སྲིད།མཚན་ལ་རྗེ་ཟླ་གྲགས་མཆོག་གི་འཁྲུངས་རྣམ་གསེར་གྱི་སྒོ་མང་ལས་བྱམས་པ་སྐལ་བཟང་དང་།བྲག་སྒོམ་རབས་འབྱམས་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱི་ཞལ་སྔ་ནས་བློ་བཟང་ཆོས་གྲགས་སུ་འབོད་པ་དེ་ཉིད་ཀྱིས་ཐོག་དྲངས་པའི་གྲྭ་སློབ་ཡུལ་སྡེ་མཐའ་དག་གིས་ཡུན་རིང་བོ་ནས་ཕེབས་བསུས་སྣེ་ལེན་རྒྱ་ཆེན་པོའི་སྒོ་ནས་གསོལ་སྟོན་གང་རྒྱས་དང་།ཁྲི་འདོན་ལེགས་སྐྱེས་ཀྱི་འབུལ་ནོར་རྨུགས་འཛིན་གྱི་གན་མཛོད་ཁ་ཕྱེ་བ་བཞིན་ཕངས་མེད་དུ་བསྟབས་ཏེ་མགྲོན་བདག་གཉིས་དང་སྐྱེ་རྒུད་མཐའ་ཡས་པ་སྔོན་མེད་པའི་དགའ་བདེའི་དཔལ་ལ་བཀོད།

ཚེས་བཅོ་ལྔའི་ཉིན་ཉིད་ཀྱི་ཁུ་བོ་མདོ་རྒྱུད་བསྟན་བཅོས་རྒྱ་མཚོའི་ཚོགས་ལ་མངའ་འབྱོར་བའི་རྗེ་དགེ་འདུན་ཟླ་གྲགས་མཆོག་གིས།སྲས་བཅས་རྒྱལ་བ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་མདོ་སྔགས་ལམ་གྱི་རྨང་གཞིར་ཡང་ཡང་བསྔགས་པའི་སོ་སོར་ཐར་བའི་སྡོམ་པ་ཡང་དག་པར་བསྩལ་ཏེ་མཚན་ལ་དགེ་འདུན་བསྟན་པའི་རྒྱལ་མཚན་དུ་གསོལ།དེ་ནས་བཟུང་སྟེ་རང་དགོན་དུ་ཆོ་ག་ཆོས་སྤྱོད་ཀྱི་རིམ་པ་མཐའ་དག་དང་།བྱམས་མགོན་གྱི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་དང་དཔལ་ལྡན་ཟླ་བས་མཛད་པའི་དབུ་མ་ལ་འཇུག་པ།ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པའི་རྡོ་རྗེས་མཛད་པའི་གྲུབ་མཐའ་རྩ་བ་ལ་སོགས་པ་རྣམས་ཐུགས་འཛིན་ཉིན་མཚན་ཁོར་མོ་ཡུག་ཏུ་སྤྲོ་ཞིང་འཇུག་པ་ནི།ཇི་ལྟར་པདྨའི་མཚོ་ལ་ངང་མོ་འཇུག་པ་བཞིན་སྐུ་ན་གཞོན་པའི་དུས་ནས་ཡོན་ཏན་གྱི་རྨང་གཞི་བརྟན་པོ་ཚུགས་པར་གྱུར་ཏོ། །

དེ་ནས་དགའ་བ་ཞེས་པའི་ཆུ་འབྲུག་ལོ་སྟེ་སྤྱི་ལོ་༡༧༧༢་ལོར་རྗེ་ཟླ་གྲགས་མཆོག་གསང་འབྲོག་བཤད་སྒྲུབ་འཕེལ་རྒྱས་གླིང་དུ་ཆིབས་ཁ་བསྒྱུར་ཏེ།གངས་ཅན་ཡོངས་ཀྱི་ལྷ་སྐལ་གཅིག་བུ་འཕགས་མཆོག་འཇིག་རྟེན་དབང་ཕྱུག་གི་དབང་ཆེན་རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་སྦྱོར་དངོས་མཇུག་གསུམ་གྱི་རིམ་པ་རྣམས་ཚང་བའི་སྒོ་ནས་གནང་སྐབས།རྗེ་བླ་མ་མཁན་སྤྲུལ་དགེ་འདུན་བསྟན་པའི་རྒྱལ་མཚན་མཆོག་དེ་དུས་ཀྱི་སློབ་མའི་གཙོ་བོར་གྱུར་ཏེ་རྡོ་རྗེ་ཐེག་པའི་སྨིན་བྱེད་དབང་གི་བདུད་རྩིས་ཐུགས་རྒྱུད་སྨིན་པར་བྱས།རྣམ་རྒྱལ་ཆུ་སྦྲུལ་ལོའི་ས་ག་ཟླ་བའི་ནང་དུ་རྗེ་བླ་མ་མཁན་སྤྲུལ་མཆོག་གཡེར་གཤོང་དུ་ཕེབས་ཏེ།རྗེ་ཟླ་གྲགས་མཆོག་གི་ཞལ་སྔ་ནས་འཇམ་དཔལ་ནག་པོ་ཞི་དྲག་གཉིས་ཀྱི་སྒྲུབ་ཐབས་ཕན་ཡོན་དང་བཅས་པ་བྱིན་རླབས་རིན་ཆེན་མཆོག་གྱུར་རྡོ་རྗེ་ཕ་ལམ་ཞེས་བ་གསན་པར་མ་ཟད།ཚེ་སྤྱིན་ཡིད་བཞིན་འཁོར་ལོའི་བསྙེན་ཡིག་དང་བུམ་ཆོག་ལེགས་ཚོགས་རིན་ཆེན་སྤུངས་པ་ཞེས་བྱ་བའི་ལྗགས་རྩོམ་སྐུལ་བ་པོ་ཡང་ཡབ་རྗེ་བླ་མ་མཁན་སྤྲུལ་དགེ་འདུན་བསྟན་པའི་རྒྱལ་མཚན་མཆོག་ཡིན་ནོ། །

དེ་ལྟར་དགུང་ལོ་བཅོ་ལྔའི་རིང་དུ་ཆོ་ག་ཆོས་སྤྱོད་དང་གར་ཐིག་དབྱངས་གསུམ།འབུད་སྐྲོལ་རོལ་མོ་དང་དབུ་ཕར་འདུལ་མཛོད་གྲུབ་མཐའ་རྩ་བ་སོགས་ཐུགས་འཛིན་མཛད། གཞན་ཡང་བླ་མ་འཇམ་དཔལ་དབྱངས་ཀྱི་ཐུགས་བཅུད་མན་ངག་གི་སྙིང་བོ་ལམ་གཙོ་རྣམ་གསུམ་གྱི་རྩ་བ་ཀུན་མཁྱེན་ལྔ་བས་མཛད་པའི་མཆན་འགྲེལ་དང་།ལུང་རིགས་གཏེར་མཛད།པན་ཆེན་བློ་བཟང་ཡེ་ཤེས་ཀྱིས་མཛད་པའི་འགྲེལ་བ་ལེགས་བཤད་སྙིང་བོ།དམར་ཁྲིད་མྱུར་ལམ།བཀའ་གདམས་ཕ་ཆོས་བུ་ཆོས།བེའུ་བུམ་སྔོན་པོའི་འགྲེལ་བ།ཐོག་མའི་བློ་སྦྱོང་ཆོས་ཀྱི་སྒོ་འབྱེད།རྒྱལ་བ་བསྐལ་བཟང་རྒྱ་མཚོས་མཛད་པའི་དགའ་ལྡན་ལྷ་བརྒྱའི་མའི་ཁྲིད།བླ་མ་བྱམས་པ་རིན་པོ་ཆེས་མཛད་པའི་རྟོགས་བརྗོད་འདུན་ལེགས་མའི་ཊིཀྐ་རྣམས་རྗེ་བླ་མ་དགེ་འདུན་ཟླ་གྲགས་མཆོག་གི་ཞལ་སྔ་ནས་གསན་བསམ་མི་དམན་པ་མཛད་པ་མ་ཟད།ཐུགས་དམ་ཞལ་འདོན་གྱི་རིམ་པ་རྣམས་ཀྱང་མཁན་ཆེན་དམ་པའི་རྣམ་ཐར་བཞིན་སྐུ་ན་ཕྲ་མོའི་དུས་ནས་ལྷན་སྐྱེས་སུ་མངའ།མེ་བྱ་གསེར་འཕྱང་ལོ་སྟེ་སྤྱི་ལོ་༡༧༧༧ལོར་རྗེ་བླ་མ་མཁན་སྤྲུལ་རིན་པོ་ཆེ་དགུང་ལོ་བཅུ་དྲུག་གི་སྟེང་དུ།རྗེ་ཉིད་ཀྱི་གཅེན་པོ་དགེ་ལེགས་རབ་རྒྱས་དང་རྣམ་གཉིས་ཐེག་ཆེན་ཆོས་ཀྱི་སྒྲ་དབྱངས་སྒྲོག་པའི་དགའ་ཚལ་དབུས་གཙང་གི་ཕྱོགས་སུ་སློབ་གཉེར་གྱི་ཆེད་དུ་ཕེབས་པ་ལ།སྨྲ་བའི་དབང་ཕྱུག་ཆེན་པོ་རྗེ་ཟླ་གྲགས་མཆོག་གི་ཞལ་སྔ་ནས་དམ་པ་རྣམ་གཉིས་འགྲོ་ཆོས་སུ་འཇམ་དབྱངས་དཀར་བོ་དང་སྒྲོལ་དཀར་འོད་ཟེར་དྲུག་སྦྲགས་ཅན་གྱི་རྗེས་གནང།སྒོས་སུ་མཁན་སྤྲུལ་རིན་པོ་ཆེར་འདོད་ཆོས་དུ་མ་དང་།མཛོད་བཏགས་ཆེ་ལེགས།དངུལ་སྲང་བརྒྱ་ཕྲག་མང་བོ་དང་།ཆིབས་རྟ་དྲེའུ་སོགས་རྣམ་གྲངས་གང་མང་གནང་ཞིང་འཕྲལ་ཕུགས་དགེ་བའི་བསླབ་བྱ་ཞིབ་མོས་བཀའ་དྲིན་བསྩལ།དེ་ནས་བླ་མ་མཁན་སྤྲུལ་མཆོག་གི་ཁུ་བོ་ཀུན་མཁྱེན་དང་གསོལ་དཔོན་ངག་དབང་བཟོད་པ་སོགས་ཀྱིས་ཧང་ངེ་གཞུང་བར་དུ་ཆིབས་སྐྱེལ་མཛད།

དེ་ནས་རིམ་གྱིས་མཁས་གྲུབ་ངང་མོ་འབུམ་གྱིས་ལུང་རིགས་རྩེ་དགའི་ཟློས་གར་གྱིས་དཔལ་ལ་རོལ་བའི་དཔལ་ལྡན་འབྲས་དཀར་སྤུངས་པའི་མཁས་མང་གི་ཁྲོད་ན།སྔོན་བྱོན་མོག་ཀྱཱའི་མཁན་ཆེན་འཇམ་དབྱངས་རྒྱ་མཚོའི་བླ་སློབ་མང་བོ་དང་འབྲེལ་ནས།བྱམས་མགོན་གསུང་གི་སྙིང་བོ་རྒྱལ་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྦས་དོན་མངོན་རྟོགས་ཀྱི་རིམ་པ་དངོས་པོ་བརྒྱད་དོན་བདུན་ཅུ་དང་།དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་མཐའ་བྲལ་ཟབ་མོ་རྟེན་འབྱུང་གི་དཀའ་གནད་རྩ་འཇུག་བཞི་གསུམ།ཤེས་བྱ་གཞི་ལྔའི་རང་སྤྱིའི་མཚན་ཉིད་མངོན་པ་གོང་འོག་གི་རིམ་པ་སོགས་བཀའ་པོད་ལྔ་དང་།རྡོ་རྗེ་འཆང་ཆེན་པོ་ཀླུ་སྒྲུབ་ཡབ་སྲས་ཀྱི་ཐུགས་བཅུད་ཀྱི་མན་ངག་དཔལ་ལྡན་འདུས་པའི་རིམ་པ་ལྔའི་རྣམ་བཞག་སོགས་ལ་གསན་བསམ་ཕུ་ཐག་ཆོད་པར་མཛད་པ་ལ་བརྟེན་ནས་རྒྱལ་བའི་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་འཛིན་པ་ལ་གཞན་དང་མི་འདྲ་བའི་གྲགས་སྙན་གྱིས་དཔལ་ཆོས་མཁན་ཆེན་འཇམ་དབྱངས་རྒྱ་མཚོ་མཆོག་གི་ཆོས་ཀྱི་གདན་ཁྲི་ལ་དབང་འབྱོར་བ་ཞིག་ལགས་པར་མ་ཟད།ཐོས་པའི་དོན་རྣམས་རང་རྒྱུད་འདུལ་ཐབས་འབའ་ཞིག་ཡིན་པ་ལས་ཕ་རོལ་ཁྱད་གསོད་དང་རང་རྒྱལ་སྣང་མཐོའི་བསམ་པ་ནམ་ཡང་མ་མཛད་པས།མཁས་བཙུན་བཟང་གསུམ་གྱི་གྲགས་པའི་དབྱར་རྔ་བསིལ་ལྡན་འཛིན་མའི་ཁྱོན་ལས་བརྒལ། །

སྨྲས་པ།

སྔོན་བྱོན་དམ་པས་ཡིད་བཞིན་སྲུང་བའི་ནོར། །ཟ་མ་ཏོག་ཏུ་སྦས་པའི་ཚུལ་བསྟན་ཀྱང་།

སླར་ཡང་མཛད་བཟང་རིན་ཐང་བྲལ་བ་ཅན། །སྙིགས་མའི་དུས་འདིར་ཁྱེད་ཀྱིས་བདག་གིར་བཞེས། །

དེ་ཚེ་ཐུབ་གསུང་ལས་སྐྱེས་མིག་སྟོང་གིས། །ཤེས་བྱའི་རྣམ་གྲངས་ཡིད་ཀྱི་མེ་ལོང་དུ། །

ཅིག་ཅར་མངོན་སུམ་གཞལ་བའི་མཉམ་འཇོག་གི།བསམ་གཏན་དམིགས་རིམ་ས་འཛིན་དཔངས་ལས་མཐོ། །

མདོ་སྔགས་ཟུང་གི་སྣང་བ་འབུམ། །ལྷག་བསམ་རྟ་བདུན་གྱིས་དྲངས་པའི། །

སྲིད་པའི་མུན་འཕྲོག་འོད་པོ་ཆེས། །ངེས་ལེགས་སྟོང་གི་འདབ་བརྒྱ་གྲོལ། །

བསིལ་ལྡན་ནོར་གྱི་དགའ་མའི་ལྟོ་བ་ལ། །ཡང་དག་བཤད་སྒྲུབ་ཟུང་གི་རྒྱལ་མཚན་ཆེ། །

མགོན་ཁྱོད་སྐྱེས་པའི་ཕྲེང་བས་མ་གཏོགས་པར། །ཡོངས་སུ་འཛིན་པ་མེད་ཅེས་ལྷ་རྣམས་སྒྲོགས། །

ཅེས་བྱ་བ་ནི་བར་སྐབས་ཀྱི་ངལ་གསོའི་ཚིག་བཅད་དོ། །

ངང་རུང་མཁན་སྤྲུལ་དམ་པ་རྗེ་དགེ་འདུན་བསྟན་པའི་རྒྱལ་མཚན་མཆོག་གིས་དབུས་གཙང་ཆོས་ཀྱི་ཞིང་ཁམས་སུ་བླ་མ་དགེ་བའི་བཤེས་གཉེན་མཁས་པ་ཚད་ལྡན་མང་བོར་བསམ་སྦྱོར་དག་པས་ཚུལ་བཞིན་དུ་བསྟེན་ནས་རྒྱལ་བའི་བསྟན་པ་འཛིན་པའི་བྱ་བ་འཆད་པ་དང་རྩོད་པ་རྩོམ་པ་སོགས་ལ་གཞན་དྲིང་མི་འཇོག་པའི་སྤོབས་པ་མཆོག་ཐོབ་ཏེ།དགུང་ལོ་བཞི་ཅུ་ཞེ་གཅིག་བཞེས་པ་ལྕགས་བྱ་ལོ་སྟེ་སྤྱི་ལོ་༡༨༠༡་ལོར་ལྷ་ལྡན་ནས་རང་དགོན་ངང་རུང་བཀྲ་ཤིས་ཆོས་འཕེལ་གླིང་དུ་ཆིབས་བསྒྱུར་གནང།རྗེ་ཉིད་ཀྱི་དངོས་སློབ་བློ་བཟང་ཆོས་གྲགས་གཙོ་བོས་གྲྭ་སློབ་དང་སྐྱེ་བོ་ཚོགས་གྲངས་མེད་པའི་སེར་སྦྲེང་གིས་སྣེ་དྲངས་ཏེ་གཟིམས་ཁང་ཡིད་དགའ་ཆོས་འཛིན་དུ་ཞབས་སོར་བཀོད།མཁན་སྤྲུལ་དམ་པའི་རིགས་བདག་གི་གཙོ་བོ་རྗེ་ཟླ་གྲགས་མཆོག་གིས་གསན་པས་གཡེར་གཤོང་ནས་བསུ་མི་མངགས་ཏེ།གཏང་རག་གི་དངོས་འབུལ་རྒྱ་ཆེན་པོ་གནང་།བླ་མ་མཁན་སྤྲུལ་རིན་པོ་ཆེ་ནས་ཀྱང་རྗེ་ཟླ་གྲགས་མཆོག་ལ་འཚམ་ཞུ་དང་གནས་ཚུལ་ཞིབ་བཀོད་ཀྱི་ཞུ་ཤོག་སྙན་འཇེབས་ཀྱི་ལམ་ནས་ཕུལ་བས།ཟླ་གྲགས་མཆོག་ཐུགས་མཉེས་པའི་མཆོད་སྤྲིན་དུ་གྱུར།དེའི་ཕྱི་ལོའི་ཆོ་འཕྲུལ་ཟླ་བའི་དུས་ཆེན་དང་བསྟུན་ནས་མང་ཐོས་ཡོན་ཏན་གྱི་གཏེར་ལ་དབང་འབྱོར་བའི་རྗེ་བཙུན་བླ་མ་དམ་པ་དགེ་འདུན་བསྟན་པའི་རྒྱལ་མཚན་མཆོག་རང་དགོན་ནས་གཡེར་གཤོང་བསམ་གཏན་གླིང་དུ་ཆིབས་བསྒྱུར་གནང་སྟེ།བཀའ་དྲིན་གཞལ་དུ་མེད་པའི་རྗེ་ཟླ་གྲགས་མཆོག་ལ་དངོས་འཇལ་སྒོས་སྤུ་རག་གི་སྐུ་གཟན་ཆེས་ལེགས་པ་དང་ཕྱག་དཔེ་ཉེར་མཁོ་དུ་མ་ཕུལ་བས་རྗེ་ཟླ་གྲགས་ཐུགས་ཤིན་ཏུ་མཉེས་ཏེ་གཡེར་གཤོང་བླ་བྲང་གི་མང་ཇའི་ཚོགས་དབུས་སུ་སྤྱན་དྲངས་ཏེ་ཉིད་ཀྱི་ཁྲི་ཁར་དཔལ་ཆོས་མཁན་སྤྲུལ་རིན་པོ་ཆེ་དགེ་འདུན་བསྟན་པའི་རྒྱལ་མཚན་བཞུགས་སུ་གསོལ་ཏེ། རོང་འབྲོག་ཟས་ཀྱི་བྱེ་བྲག་མཐའ་ཡས་པའི་དགའ་སྟོན་གཟབ་རྒྱས་དང་།བདེ་སྟོང་དབྱེད་མེད་ཀྱི་བརྡར་ཕྱག་མཚན་རྡོར་དྲིལ་དང་འགན་སྦྱར། གསོལ་དེམ་ཆིབས་རྟ་སོགས་རྣམ་གྲངས་མཐའ་ཡས་པ་ཕུལ་ཏེ་རྒྱལ་ཚབ་ཏུ་དབང་བསྐུར། མཁན་སྤྲུལ་དམ་པས་དབུ་ཕར་འདུལ་མཛོད་སོགས་ཀྱི་རྩོད་པ་གང་སོང་ལ་བགྲོ་གླེང་གནང་བས། ལུང་དང་རིགས་པའི་རྣམ་དཔྱོད་ཀྱིས་རྗེ་ཟླ་གྲགས་ཐུགས་ཧ་ཅང་མཉེས་ཏེ་བསྔགས་བརྗོད་ཀྱི་མེ་ཏོག་རྒྱ་ཆེར་གཏོར་ཅིང་དེར་ཚོགས་པ་ཐམས་ཅད་ཀྱང་སྤྲོ་ཤུགས་དང་དད་གུས་བླ་ན་མེད་པར་གྱུར།རྗེ་བླ་མ་མཁན་སྤྲུལ་མཆོག་གིས་དེའི་དགེ་འདུན་པ་རྣམས་ལ་མང་ཇ་དང་ཞྭ་མོ་རྣམ་སྦྱར་གྱི་འགྱེད་སོགས་གནང་སྟེ་ཕྱིར་རང་དགོན་དུ་ཕེབས། ཆུ་ཕག་ལོ་སྟེ་སྤྱི་ལོ་༡༨༠༣་ལོར་རང་དགོན་གྱི་དགེ་འདུན་པ་ཡོངས་ཀྱིས་ཞུས་པའི་ངོར།བྱང་ཆུབ་སེམས་དཔའི་སྤྱོད་པ་འཇུག་པའི་ཁྲིད་རྒྱས་པ་དང་ལམ་རིམ་བསྡུས་དོན།བཤེས་སྤྲིངས་འགྲེལ་བ་སོགས་ཀྱི་བཀའ་དྲིན་བསྩལ།

དེ་ནས་རྗེ་བླ་མ་མཁན་སྤྲུལ་མཆོག་དགུང་ལོ་ཞེ་གསུམ་བཞེས་པའི་ལོར་རྫོང་ནང་བསྟན་རྒྱས་གླིང་དུ་ཕེབས་ནས་དབྱར་གནས་ཀྱི་སྐབས་སུ་རྐ་ཕུག་བློ་བཟང་དོན་འགྲུབ་ཀྱི་ཞལ་སྔ་ནས་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དབང་དང་།དཔལ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་ཀུན་རིག་གི་དབང་སོགས་གསན།སྐུ་འབུམ་བྱམས་པ་གླིང་གི་ཁྲི་ཐོག་ལྔ་ཅུ་ང་གཉིས་པ་མཚན་སྒྲོགས་མཁན་ཆེན་བློ་བཟང་བཀྲ་ཤིས་ཉི་མར་ངང་རུང་མཁན་སྤྲུལ་རྗེ་དགེ་འདུན་བསྟན་པའི་རྒྱལ་མཚན་མཆོག་གིས་དགེ་བསྙེན་དང་བར་མ་རབ་བྱུང་གི་སྡོམ་པ་གནང་པར་མ་ཟད།བོད་ཡིག་གི་ཕྱི་མོ་ཀ་མད་སུམ་ཅུ་སྦྱོར་ཀློག་དང་སུམ་རྟགས་སྙན་ངག་ནས་བཟུང་སྟེ་འདོན་ཆོས་སྦྱོད་ཀྱི་རིམ་པ་རྣམས་དང་།དབང་ལུང་མན་ངག་གི་ཟབ་ཁྲིད་དགུང་ལོ་བཅུ་དྲུག་གི་བར་དུ་ཡང་དག་པར་བསྩལ།ཤིང་བྱི་ལོར་བསྟན་པའི་གསལ་བྱེད་དམ་པ་མཁན་སྤྲུལ་རིན་པོ་ཆེ་མཆོག་དང་།ལུང་རིགས་སྨྲ་བའི་དབང་བོ་ཨ་ལགས་ཀ་རིང་བློ་བཟང་ཆོས་གྲགས་རྣམ་གཉིས་ཀྱིས།གནས་ལྔ་ཡོངས་སུ་རྫོགས་པའི་པན་ཊི་ཏ་ཆེན་པོ་ངག་དབང་དགེ་འདུན་ཟླ་གྲགས་མཆོག་རང་དགོན་ངང་རུང་བཀྲ་ཤིས་ཆོས་འཕེལ་གླིང་དུ་གདན་དྲངས་ཏེ།གཞིས་བྱེས་ཀྱི་དོན་གཉེར་ཅན་མང་བོ་དང་ལྷན་ཏུ་ཟབ་རྒྱས་ཆོས་ཀྱི་བདུད་རྩི་མང་དུ་བཞེས།

ཤིང་གླང་ལོ་སྟེ་སྤྱི་ལོ་༡༨༠༥་ལོར་རྗེ་ཟླ་གྲགས་མཆོག་དགུང་སྐེག་ཏུ་སླེབས་པ་དང་ཟས་གྲིབ་ལ་བརྟེན་ནས་སྙུང་གཞིའི་ཉམས་ཤིག་བྱུང་བ་ལ།སྐྱབས་རྗེ་མཁན་སྤྲུལ་རིན་པོ་ཆེ་འཁོར་དང་བཅས་པ་གཡེར་གཤོང་བསམ་གཏན་གླིང་དུ་ཕེབས་ནས།བཅོམ་ལྡན་འདས་དཔལ་རྟ་མཆོག་རོལ་བ་གསང་སྒྲུབ་ཀྱི་སྒོ་ནས་གཏོར་ཟློག་དང་རྒྱལ་མདོས་ཚད་ལྡན།མགོན་པོ་རྩ་སྔགས་ཅི་མང་བཟླས་པའི་སྒོ་ནས་གློ་བུར་ལས་བཅོལ་གྱི་གཏོར་མ་དང་དགའ་ལྡན་ཐུན་མོང་མ་ཡིན་པའི་ཟབ་ཆོས་ཁྱད་པར་ཅན་དབྱུག་གུ་གཏོར་མ་བརྡེབས་པ་སོགས་ཞབས་བརྟན་ཐུགས་དམིགས་དྲག་པོའི་སྒོ་ནས་བསྒྲུབས་པས།རྗེ་ཟླ་གྲགས་མཆོག་ཞབས་པད་རྟག་བརྟན་རྡོ་རྗེའི་རང་བཞིན་དུ་གྱུར།དེའི་སྟབས་ཀྱིས་རྗེ་དགེ་འདུན་ཟླ་གྲགས་མཆོག་གིས་གཡེར་གཤོང་བླ་བྲང་དུ་སྐྱབས་རྗེ་བླ་མ་མཁན་སྤྲུལ་དགེ་འདུན་བསྟན་པའི་རྒྱལ་མཚན་མཆོག་ལ་བཀའ་དྲིན་གཏང་རག་གི་ཡོན་འབུལ་དང་གསོལ་སྟོན་རྒྱ་ཆེན་པོས་བཀུར་བསྟི་ལེགས་པར་མཛད།ལོ་དེར་རྗེ་བླ་མ་མཁན་སྤྲུལ་སླར་ཡང་གཡེར་གཤོང་དུ་ཞབས་བཏེགས་ཏེ་རྣམ་འདྲེན་ཆེན་པོ་སྐལ་བཟང་རྒྱ་མཚོས་མཛད་པའི་ཚེ་དཔག་མེད་དང་འབྲེལ་ནས་བརྟན་བཞུགས་ཀྱི་ཆོ་ག་ཇི་ལྟ་བ་བཞིན་ཕྱག་ལེན་དུ་འཁེལ་བར་མཛད་དེ།ཟླ་གྲགས་མཆོག་ཞབས་པད་མགོན་པོ་ཚེ་མཐའ་ཡས་པའི་རང་བཞིན་དུ་བརྟན་པར་བཞུགས་པའི་ཐུགས་སྨོན་གསོལ་འདེབས་དང་བདེན་ཚིག་གི་ཤིས་པ་རྒྱ་ཆེར་བསྒྲགས་ཏེ།སྐུའི་རྟེན་དུ་རྒྱལ་བ་ཚེ་མཐའ་ཡས་པའི་གསེར་སྐུ་བྱོན་ལེགས་ཅན་ཞིག་དང་།གསུང་གི་རྟེན་དུ་ཁམས་གསུམ་འགྲོ་བའི་བླ་མ་ཙོང་ཁ་བ་ཆེན་པོའི་ཐུགས་ཀྱི་ཡང་བཅུད་བྱང་ཆུབ་ལམ་གྱི་རིམ་པའི་གླེགས་བམ།ཐུགས་ཀྱི་རྟེན་དུ་འཕགས་མ་རྣམ་རྒྱལ་མའི་མཆོད་རྟེན།གཞན་ཡང་གསེར་ཐེབ་སྤུས་ལེགས་དང་རྒྱ་གླིང་ཆ་གཅིགསྣ་ཚོགས་རྡོ་རྗེས་མཚན་པའི་བཞུགས་གདན་སོགས་དངོས་འབུལ་མི་དམན་པའི་བརྟན་བཞུགས་རྒྱ་ཆེན་པོ་གནང་སྟེ་རྗེ་བླ་མ་ཟླ་གྲགས་མཆོག་སྐུ་ཚེ་རྟག་ཏུ་བརྟན་པར་བྱས།ལོ་དེར་ཨ་ལགས་ཀ་རིང་བློ་བཟང་ཆོས་གྲགས་ཀྱིས་ཞུས་པའི་ངོར་བདེ་གསང་གཉིས་དང་འཇིགས་བྱེད་བདུད་ལས་རྣམ་རྒྱལ།དཔལ་མོ་ལུགས་ཀྱི་ཐུགས་རྗེ་ཆེན་པོ་དང་ཀུན་རིག་གི་དབང་དང་།དབྱངས་ཅན་མ་དཀར་མོ་དང་ཆོས་རྒྱལ་ཕྱི་ནང་གསང་གསུམ་གྱི་རྗེས་གནང་སོགས་ཆོས་རྒྱུན་མཐའ་ཡས་པ་བསྩལ།

མེ་སྟག་ལོ་སྟེ་སྤྱི་ལོ་༡༨༠༦་ལོར་རྗེ་བླ་མ་མཁན་སྤྲུལ་རིན་པོ་ཆེས་དགུང་ལོ་ཞེ་དྲུག་བཞེས་པའི་ལོར་རྗེ་བླ་མ་མཆོག་གཙོས་རང་དགོན་གྱི་དགེ་འདུན་པ་ཡོངས་ཀྱིས་ཞུས་པའི་ངོར།རྗེ་བླ་མ་ཟླ་གྲགས་མཆོག་རང་དགོན་དུ་ཕེབས་ཏེ།རྒྱལ་བའི་གསུང་རབ་ཐམས་ཅད་ཀྱི་གནད་བསྡུས་པ།ཤིང་རྟ་ཆེན་པོ་ཀླུ་སྒྲུབ་དང་ཐོགས་མེད་གཉིས་ཀྱི་ལམ་སྲོལ།རྣམ་པ་ཐམས་ཅད་མཁྱེན་པའི་སར་བགྲོད་པར་བྱེད་པའི་སྐྱེས་པོ་མཆོག་གི་ཆོས་ལུགས།བྱང་ཆུབ་ལམ་རིམ་ཆེན་མོའི་ཞལ་ལུང་དང་།ཕ་རྒྱུད་བྱེ་བ་ཕྲག་དྲུག་གི་ཟབ་གནད་ཀྱི་སྙིང་བོ་གཅིག་ཏུ་བསྡུས་པ་དཔལ་གསང་བ་འདུས་པའི་རིམ་པ་དང་བོའི་ལམ་གྱི་རིམ་པ་གསལ་བར་བྱེད་པ་དངོས་གྲུབ་རྒྱ་མཚོའི་ཞལ་ལུང་སོགས་བཀའ་ཆོས་བླ་ན་མེད་པ་བཞེས།གཏང་རག་ཡོན་འབུལ་དང་མནྟལ་གྱི་བཤད་པའང་རྗེ་བླ་མ་མཁན་སྤྲུལ་མཆོག་གིས་ཚིག་སྦྱོར་སྙན་ངག་གི་ལམ་ནས་ཆེས་ཟབ་ལ་རྒྱ་ཆེ་བ་གསུངས་པས།རྗེ་ཟླ་གྲགས་མཆོག་ཐུགས་ཤིན་ཏུ་མཉེས་ཏེ་ཚོགས་མང་ལ་མང་ཇ་དང་རས་འགྱེད་སྤྱི་འཇོག་སོགས་གནང་།མཁན་སྤྲུལ་དམ་པ་འདིའི་ཡོན་ཏན་ནི་སོ་ཐར་གྱི་རྨང་གཞི་རྣམ་པར་དག་པའི་སྟེང་དུ།སྨོན་སེམས་དང་འཇུག་སེམས་བསྐྱེད་ཆོག་གི་སྒོ་ནས་རྒྱུ་དུས་ཀྱི་ཀུན་སློང་ཁྱད་པར་ཅན་བཞེས་ཤིང་རྩ་ལྟུང་དང་ཉེས་བྱས་ཀྱི་དབྱེ་བ་མཐའ་དག་དྲན་ཤེས་ཀྱིས་སྦང་བླང་ཚུལ་བཞིན་དུ་མཛད་ཅིང་།ཕྱིན་དྲུག་དང་བསྡུ་བཞི་སོགས་གང་ལ་འཇུག་ཀྱང་བྱམས་པ་དང་སྙིང་རྗེ་ཆེན་པོ་འབའ་ཞིག་གིས་ཟིན་པར་བྱས་ཏེ་བདག་གཞན་གྱི་དོན་ཡོངས་སུ་མཛད་པ་དང་།སྔགས་ཀྱི་སྡོམ་པ་ཁྱད་པར་ཅན་བཞེས་ཏེ་རིགས་ལྔ་སྤྱི་དང་བྱེ་བྲག་གི་དམ་ཚིག་དང་སྡོམ་པ་ཚུལ་བཞིན་ཕྱག་ལེན་དུ་བཞེས་ནས་རྩ་བ་དང་སྤོམ་པོ་དེར་གཏོགས་ཀྱི་ཉེས་པ་ཕྲ་མོ་ཚུན་ཆད་དང་བཟའ་སྲུང་བསྟེན་སྤོང་གི་དམ་ཚིག་རྣམས་མདོ་རྒྱུད་རང་རང་ན་གསུང་བ་ལྟར་རྩལ་ཅི་ཡོད་ཀྱིས་སྲུང་བའི།རིམ་པ་དང་བོའི་དཀྱིལ་འཁོར་དང་ལྷའི་ཕྱག་མཚན་གྱི་སྤྲོ་བསྡུ་སོགས་ལ་དམིགས་ནས་ལྷའི་གསལ་སྣང་ཐོབ་པ་དང་།ཐོབ་པ་ལའང་བཅོས་མ་ཡིན་མིན་དང་མཉམ་སྣང་སྐྱེས་ཚུལ། དུས་ཡུན་རིང་ཐུང་སོགས་ཀྱིས་བསྐྱེད་རིམ་ཕྲ་རགས་ཀྱི་ལྷའི་རྣལ་འབྱོར་སྒོམས་སྟོབས་ཀྱིས།སྒོམ་བྱའི་ལྷ་རྣམས་སྒོམ་པ་པོའི་ཕུང་ཁམས་སྐྱེ་མཆེད་སོགས་སུ་བཀོད་ནས་རིགས་བརྒྱ་དང་རིགས་ལྔ་རིགས་གསུམ་གསང་ཆེན་རིགས་གཅིག་ཏུ་བསྒོམ་ཏེ་ལྷ་དེ་དང་དེའི་ངོ་བོར་དབྱེར་མེད་དུ་འཆར་བ་བརྟེན་ནས།རིལ་འཛིན་དང་རྗེས་གཞིག་གི་བསྡུ་རིམ་ཡང་ཡང་བསྒོམ་པ་ལ་བརྟེན་ནས་ཁྱབ་བྱེད་ཀྱི་རླུང་གི་ཆ་ཤས་གཅིག་དང་རྩ་བ་དང་ཡན་ལག་གི་རླུང་རྣམས་སྙིང་ཁའི་དྷི་ཏུའི་ནང་དུ་གནས་ཐིམ་གསུམ་བྱས་པ་ལས་སྣང་མཆེད་ཐོབ་གསུམ་གྱི་ཡེ་ཤེས་སྐྱེས།དེ་ནས་བསམ་གཏན་གཉིས་ཀྱི་བསྡུ་རིམ་བསྒོམ་པ་ལ་བརྟེན་ནས་འཆི་རིམ་ཇི་ལྟ་བ་བཞིན་དུ་སྙིང་ཁའི་ཐིག་ལེའི་ནང་དུ་རླུང་མ་ལུས་པར་བསྡུས་པའི་སྟོབས་ཀྱིས།དབེན་གསུམ་ལུགས་ལྡོག་གི་བགྲོད་ལམ་ཕྱི་ཅིག་མ་ལོག་པར་ཉི་མ་ཟླ་བའི་རྒྱུ་བ་མཐའ་དག་མི་ཤིགས་པ་ལ་ཞུགས་གནས་ཐིམ་གསུམ་བྱས་པ་ལས་དགའ་བཞིའི་ཡེ་ཤེས་ཀྱི་མཉམ་བཞག་དང་།དེ་ལས་ལངས་པའི་རྗེས་ཐོབ་ཏུ་གང་སྣང་སྟོང་བ་དང་སྟོང་བ་བདེ་བ།བདེ་བ་ལྷན་སྐྱེས་ཀྱི་རྣམ་རོལ་ཏུ་འཆར་བའི་གསང་སྔགས་ཐབས་ཀྱི་རིམ་པ་ལ་མངའ་བརྙེས་པ་ཞིག་ཡིན་པར་མ་ཟད།

སྔ་འགྱུར་རྙིང་མའི་སེམས་སྡེ་ཀློང་སྡེ་མན་ངག་གི་སྡེ་ལ་སོགས་པར་གསན་བསམ་རྒྱལ་ཆེར་བཞེས་ཏེ་དེའི་ཕྱོགས་ཀྱི་མན་ངག་སྲུང་འཁོར་ཆོ་ག་སོགས་ལའང་མཁས་ཤིང་ཕྱག་ལེན་དུ་གནང་བར་མཛད།རབ་བྱུང་བཅུ་བཞི་སྐྱེས་བདག་ལྕགས་ལུག་ལོ་སྟེ་སྤྱི་ལོ་༡༨༡༡་ལོར་རྗེ་བླ་མ་ཟླ་གྲགས་མཆོག་ཞིང་ཁམས་གཞན་དུ་གཤེགས་ལ་ཉེ་བའི་སྐབསཤིག་ཏུ།རྗེ་བཙུན་བླ་མ་དམ་པ་མཁན་སྤྲུལ་དགེ་འདུན་བསྟན་པའི་རྒྱལ་མཚན་མཆོག་གཡེར་གཤོང་བསམ་གཏན་གླིང་དུ་ཕེབས་ཏེ་བླ་སློབ་གཉིས་ཀྱི་ཉིན་ཞག་དུ་མའི་རིང་ལ་རྒྱལ་བའི་མདོ་སྔགས་ཀྱི་བསྟན་པའི་དཀའ་གནད་དང་གངས་ཅན་འགྲོ་བའི་བདེ་སྡུག་གི་ཕྱོགས་ལ་གསུང་གླེང་ཡུན་རིང་མཛད་པར་མ་ཟད།སྐབས་དེར་རྗེ་ཟླ་གྲགས་མཆོག་གིས་ངང་རུང་མཁན་སྤྲུལ་མཆོག་ལ་བཀའ་ཤོག་ཅིག་ཞལ་གདམས་ཐ་མའི་ཚུལ་དུ་གནང་བ་ནི་ཕ་ཤུལ་བུས་འཛིན་དགོས་པའི་བསླབ་བྱ་ཞིག་ཡིན་པ་ནི་གོར་མ་ཆགས།དེ་ནས་ཆེར་མ་འགྱངས་བར་རྗེ་བླ་མ་དགེ་འདུན་ཟླ་གྲགས་མཆོག་མྱ་ངན་ལས་འདས་ཏེ་དགོངས་རྫོགས་ཀྱི་རིམ་པའི་ཐུགས་འཁུར་རྣམས་ངང་རུང་མཁན་སྤྲུལ་དམ་པས་གཙོ་བོར་བཞེས་ཏེ་བདེ་ཆེན་སྤྲུལ་སྐུ་དང་མཁན་ཆེན་དགེ་འདུན་རྒྱ་མཚོའི་ཡང་སྤྲུལ་རྣམས་ཀྱིས་སྐུ་གདུང་ཡིད་བཞིན་ནོར་བུའི་མདུན་དུ་དངོས་འབྱོར་ཡིད་ཀྱིས་སྤྲུལ་བའི་མཆོད་པའི་རྣམ་གྲངས་བཀོད་མཛེས་སུ་བཤམས་ཏེ།ལྷག་པའི་ལྷ་ཡི་ངོ་བོར་བཞེངས་ཏེ་བླ་མ་དཀྱིལ་འཁོར་གྱི་གཙོ་བོར་སྤྱན་དྲངས་པའི་དྲུང་དུ་ཁྲུས་གསོལ་དང་ཕྱི་ནང་གསང་བའི་མཆོད་པ་མཐའ་ཀླས་པར་ཕུལ།གཞན་ཡང་སྤྲུལ་སྐུ་མྱུར་ཕེབས་ཀྱི་འདོད་གསོལ་བརྩམས་པ་སོགས་ཀྱིས་ཐུགས་དམིགས་དྲག་པོའི་སྒོ་ནས་དགོངས་རྫོགས་ཀྱི་བྱ་བ་རྣམས་རྒྱ་ཆེར་སྤེལ་ཏེ།མཁན་སྤྲུལ་མཆོག་ཕྱིར་རང་དགོན་དུ་ཕེབས་ནས་སྐུ་འཚམས་དམ་པོས་སྒོ་ནས་ཐུགས་དམ་ལ་རྩེ་གཅིག་ཏུ་གཞོལ།

ཤིང་བྱིའི་ལོ་སྟེ་སྤྱི་ལོ་༡༨༡༤་ལོར་འདུ་ཁང་ཆེན་མོ་ཞིག་གསོ་དང་ནང་རྟེན་ཡང་རྗེ་བཙུན་བྱམས་པ་མགོན་པོ་དགུང་ལོ་བདུན་པའི་ཚད་ཙམ་ལ་རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲ་རྒྱན་ཕུན་སུམ་ཚོགས་པས་སྤྲོས་པའི་བྱོན་ལགས་ཅན་དང་།ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ།སྐྱབས་འགྲོ་ཚོགས་ཞིང་།བདེ་གསང་འཇིགས་གསུམ།པདྨ་སཾ་བྷ་ཝ།རྟ་མཆོག་རོལ་བ་བཅས་ཀྱི་སྐུ་བརྙན་ཁྱད་པར་ཅན་མང་དུ་བསྐྲུན།དེའི་ཕྱི་ལོར་རང་དགོན་གྱི་དགེ་འདུན་པ་ཡོངས་དང་གཉུག་མར་འཁོད་པའི་དད་ལྡན་པ་མང་དག་ཅིག་གིས་ཞུ་བའི་ངོར་ཐེག་ཆེན་ཆོས་ཀྱི་རྩ་བ་བླ་མ་ལྔ་ཅུ་བའི་རྣམ་བཤད་དང་བྱང་ཆུབ་གཞུང་ལམ་གཉིས་ཀྱི་ཁྲིད་རྒྱས་པ།ཆོས་སྐྱོང་ཆེན་པོ་ལྕམ་སྲིང་དང་འཕྲིན་ལས་རྒྱལ་པོའི་རྗེས་གནང་སྲོག་གཏད་བེའུ་བུམ་དང་བཅས་པའི་བཀའ་དྲིན་བསྩལ།

ཆོས་རྗེ་བླ་མ་ཞབས་དཀར་བ་དགུང་ལོ་ལྔ་ཅུ་ང་དགུའི་སྟེང་དུ་རང་དགོན་བཀྲ་ཤིས་ཆོས་འཕེལ་གླིང་དུ་ཕེབས་ཏེ་མཁན་སྤྲུལ་རིན་པོ་ཆེ་དང་ཞལ་འཇལ་སྒོའི་གསུང་གླེང་དང་དགེ་འདུན་པ་རྣམས་ལང་བསྙེན་བཀུར་བྱས་ཅེས་རང་རྣམ་དུ་གསུངས་ཡོད་ཀྱང་།དེ་ལྟར་ན་མོག་ཀྱཱའི་མཁན་སྤྲུལ་གཉིས་པ་རྒན་ཀྱཱ་ཚང་དེ་དུས་དགུང་ལོ་བདུན་ཅུ་དོན་དགུ་ཡིན་དགོས་ཏེ།ཁོང་ཆོས་རྗེ་བླ་མ་ཞབས་དཀར་བ་ལས་ལོ་ཉི་ཤུས་སྔ་བར་རྗེ་ཟླ་གྲགས་མཆོག་གི་འཁྲུངས་རབས་གསེར་གྱི་སྒོ་མང་དང་འཇམ་པའི་དབྱངས་དངོས་བླ་མ་རིན་པོ་ཆེ་ཚེ་ཏན་ཞབས་དྲུང་མཆོག་གིས་ཞལ་སྔ་ནས་མཛད་པའི་བསྟན་རྩིས་གཉིས་བསྡུར་ན་ཤིན་ཏུ་གསལ།ངང་རུང་མཁན་སྤྲུལ་གཉིས་པ་རྒན་ཀྱཱ་ཚང་དགུང་ལོ་ལྔ་ཅུ་འི་རྩ་སྟོད་ཙམ་བཞུགས་པ་ཡིན་ན་དུས་ཚིགས་ཆེས་འགྲིགས་ཀྱང་།བདུན་ཅུ་དོན་དགུའི་སྟེང་དུ་ཆོས་རྗེ་ཞབས་དཀར་བ་དང་འཇལ་བ་བདེན་ན་སྐུ་ཕྲེང་གསུམ་པ་སྐྱ་ཀྱཱ་ཚང་དགུང་ལོ་ཉི་ཤུ་རྩ་གྲངས་ཙམ་ལས་མ་བཞུགས་པ་སོགས་ཀྱིས་ལོ་ཚིགས་ཆེས་ཤིན་ཏུ་འགྲིགས་དཀའ་བས།བློ་གྲོས་ཀྱི་འཇུག་པ་འདབ་ལྟར་ཡངས་པའི་མཁས་པ་དག་གིས་དཔྱད་པར་འཚལ།དེས་ན་རྨོངས་པ་བདག་གིས་ལོ་རྒྱུས་ཀྱི་ཡིག་ཆ་རྣམས་དང་རྒན་རབས་པ་རྣམས་ཀྱི་ངག་ལས་བླངས་ཏེ་ངེས་ཐུབ་ཀྱི་འདོད་པ་བཀོད་པ་ནི་འདི་ལྟར།མོག་ཀྱཱའི་མཁན་ཆེན་འཇམ་དབྱངས་རྒྱ་མཆོག་དགུང་ལོ་བདུན་ཅུ་དོན་གསུམ་བཞུགས་པ་དང་།སྐུ་ཕྲེང་གཉིས་པ་རྒན་ཀྱཱ་ཚང་དགེ་འདུན་བསྟན་པའི་རྒྱལ་མཚན་དགུང་ལོ་ལྔ་ཅུ་རྩ་དྲུག་དང་།སྐུ་ཕྲེང་གསུམ་སྐྱ་ཀྱཱ་ཚང་འཇམ་དབྱངས་དགེ་བའི་དཔལ་དགུང་ལོ་བཞི་ཅུ་ཞེ་དགུ་དང་།སྐུ་ཕྲེང་བཞི་བ་བཀའ་ཀྱཱ་གོང་མ་ཚང་དགེ་འདུན་དཔལ་ལྡན་མཆོག་དགུང་ལོ་སུམ་ཅུ་སོ་བདུན་སྟེང་དུ་ཞིང་བཞེས་པ།སྐུ་ཕྲེང་ལྔ་བ་བཀའ་ཀྱཱ་ཞོལ་མ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་ཚང་དགུང་ལོ་ལྔ་ཅུ་ང་དྲུག་གི་སྟེང་དུ་ཞི་བར་གཤེགས་པའི་ལོ་ནི་རབ་བྱུང་བཅུ་དྲུག་ས་ཁྱི་རྣམ་འཕྱང་ལོ་སྟེ་༡༩༥༨་ལོའི་ཟླ་དྲུག་པའི་ཚེས་ཉེར་དྲུག་ཉིན་ཡིན་ཞིང་།དེ་ནས་བརྩིས་ཏེ་ད་ལྟའི་རབ་བྱུང་བཅུ་བདུན་དབང་ཕྱུག་མེ་གླང་སྤྱི་ལོ་༡༩༩༧་ལོར་འཁྲུངས་རབས་འདི་བྲིས་པའི་བར་དུ་ལོ་ངོ་སུམ་ཅུ་སོ་དགུ་སོང་།དེས་ན་མཁན་ཆེན་རབ་བྱུང་བཅུ་གཉིས་ས་འབྲུག་རྣམ་འབྱུང་གི་ལོ་སྟེ་སྤྱི་ལོ་༡༦༨༦་ལོར་འཁྲུངས་ནས་རབ་བྱུང་བཅུ་བདུན་པ་དབང་ཕྱུག་མེ་གླང་ལོ་སྟེ་སྤྱི་ལོ་༡༩༩༧་བར་དུ་དགོན་པ་འདིར་མི་ལོ་༣༠༩་འགོར་ཞིང། སྤྱི་ལོ་༢༠༡༩་བར་དུ་མི་ལོ་༣༣༡་སོང་བ་དང་། མཁན་ཆེན་དམ་པས་དགོན་པ་འདི་ཕྱག་འདེབས་མཛད་པ་ནས་སྤྱི་ལོ་༡༩༩༧་ལོའི་བར་དུ་མི་ལོ་༢༥༨་དང་སྤྱི་ལོ་༢༠༡༩་བར་དུ་མི་ལོ་༢༨༠་ལོ་རྒྱུས་ཡོད།

གཞན་ཡང་རྗེ་བླ་མ་མཁན་སྤྲུལ་འདིས་ཏང་རྒྱ་སྙན་གྲགས་རྒྱ་མཚོ་དང་ཆོས་རྗེ་བླ་མ་ཞབས་དཀར་སོགས་བཤེས་གཉེན་དུ་བསྟེན་ནས་སྔ་འགྱུར་རྫོགས་པ་ཆེན་པོ་སྤྱི་དང་ཁྱད་པར་མགོན་པོ་འོད་དཔག་མེད་རྡོ་རྗེ་སློབ་དཔོན་གྱི་སྐུར་བཞེངས་པ་སངས་རྒྱས་གཉིས་པ་པདྨ་ཀ་ར་ཞེས་སྐུ་གཅིག་ལ་མཚན་བརྒྱད་དུ་གྲགས་པ་དེ་ཉིད་ལས་བརྒྱུད་པའི་འོད་གསལ་རྫོགས་པ་ཆེན་པོ་དམ་ཆོས་ཀུན་ཀྱི་ཡང་སྙིང་བཅུད་དུ་དྲིལ་བ་བླ་མ་ཞི་དྲག་གི་གདམས་སྐོར་དང་།རིག་འཛིན་ཆེན་པོ་དཔལ་གྱི་སེང་གེ་ལས་བརྒྱུད་པའི་རྫོགས་པ་ཆེན་པོ་སེམས་སྡེ་ཀློང་རྒྱུན་མན་ངག་དང་བཅས་པ།ཀུན་མཁྱེན་དྲི་མེད་ཞབས་ནས་བརྒྱུད་པའི་གསང་བ་ཡང་ཏིག་གི་གདམས་པ་ཟབ་མོས་གདོས་བཅས་ཀྱི་ཕུང་བོ་འོད་སྐུར་བསྐྲུན་པའི་མན་ངག་རྣམས་ལ་གསན་བསམ་རྒྱ་ཆེན་བཞེས་ཏེ།རང་དགོན་ངང་རུང་བཀྲ་ཤིས་ཆོས་འཕེལ་གླིང་དུ་སྔགས་འཆང་རལ་བ་གཙུག་རྒྱན་དུ་འཛིན་པའི་གོས་དཀར་ཅན་བགྲང་གིས་མི་ལངས་པ་སྟོང་ཕྲག་བཅུ་ལྷག་ལ་རྫོགས་པ་ཆེན་པོ་སྒྲུབ་པ་བཀའ་བརྒྱད་ཀྱི་དཀྱིལ་འཁོར་ཞལ་ཕྱེ་སྟེ་གདོད་མའི་མགོན་པོའི་འོད་སྐུའི་ངོ་བོ་ཕྱོགས་དང་རིས་སུ་མ་ཆད་པར་སྨིན་བྱེད་དབང་ལ་བརྟེན་ནས་གྲོལ་བྱེད་རྫོགས་རིམ་གྱི་རྟོགས་པ་འབད་མེད་ལྷུན་གྱིས་གྲུབ་པར་མཛད།

སྨྲས་པ།

མང་ཐོས་གསར་རྙིང་རྒྱ་ཆེན་ཆོས་ཀྱི་སྒོ། །འབུམ་ཕྲག་ལྷན་ཏུ་ཕྱེ་བས་ཨོ་རྒྱན་གྱི། །

སློབ་དཔོན་པད་འབྱུང་ཞེས་བྱའི་མཚན་སྙན་དབྱངས། །མངོན་སུམ་ཁྱོད་ལ་འཕོ་བའི་ཉེར་བསྡོགས་རྩོམ། །

ཡོད་མེད་སྤྲོས་བྲལ་ཀླུ་ཡི་ལྟ་བ་དང་། །འོད་གསལ་སྒྱུ་མ་དགའ་བཞིའི་ལྷན་ཅིག་སྐྱེས། །

འཁྲེག་ཆོད་ཐོལ་བརྒལ་གཞོན་ནུའི་བུམ་སྐུ་རྣམས། །སྒྲོ་བཏགས་ཙམ་ལས་རང་བཞིན་གཅིག་ཏུ་གསུངས། །

དེ་ཚེ་ཁྱེད་གསུང་ལྷ་ཡི་རྔ་བོ་ཆེ། །མ་སྐུལ་རང་སྒྲ་བསྒྲགས་པས་ས་གསུམ་ཁྱོན། །

བྱིང་ཕྲར་བདེ་ལ་སྲེད་པའི་སྒོམ་ཆེན་རྣམས། །མི་རྟོག་ཏིང་འཛིན་བསྒྲུབ་པའི་ལམ་ལ་བཙུད། །

ཅེས་བྱ་བ་ནི་དབྱངས་ཅན་དགའ་མའི་རྒྱུད་མངས་འགྱུར་ཁུགས་ལས་དྲངས་པའི་ངལ་གསོའི་ཚིག་བཅད་དོ། །

མེ་བྱའི་ལོར་འདི་གའི་སྔགས་ཁང་གསར་བཞེངས་དང་ཆོས་ཚང་མ་ནས་སྔགས་འཆང་སློབ་མང་བོ་གདན་དྲངས་ཏེ་ལོ་རེར་བསྟན་པ་སྤྱི་ལ་དམིགས་ནས་བཅོམ་ལྡན་དཔལ་རྟ་མཆོག་རོལ་བ་གསང་སྒྲུབ་ཀྱི་སྒོ་ནས་གཏོར་བཟློག་གི་ཆོས་རྒྱུན་བཙུགས།དམ་པ་འདིར་གྲུབ་མཐའ་ལ་ཕྱོགས་རིས་མེད་ཅིང་གདུལ་བྱ་དུས་བབས་ཀྱི་འགྲོ་དོན་སྐྱོ་ངལ་མེད་པར་བསྒྲུབ་པ་དང་།རྒྱུན་ཏུ་བསྟན་པ་སྤྱི་དང་སེམས་ཅན་ལ་གང་ཕན་ཆེད་དམིགས་ཀྱིས་ཞར་ལ་རང་དོན་ཐོབ་བྱ་ཐམས་ཅད་ནི་ཐོབ།སྤང་བྱ་མཐའ་དག་ནི་སྤངས་པ་ཞིག་ཏེ།ཇི་སྐད་དུ་གོང་མའི་གསུང་སྒྲོས་ལས།  /མཁས་པ་འཆལ་བར་མ་ཤོར་བ།བཙུན་པ་རྨོངས་པར་མ་ཤོར་བ།འཆད་པ་ཁ་བཤད་དུ་མ་ཤོར་བ།སྒྲུབ་པ་རང་དོན་དུ་མ་ཤོར་བ་/་ཇི་ལྟ་བ་བཞིན་མཛད་པ་ཞིག་ལགས་པས།གཞན་ཕྱོགས་གང་གི་གྲུབ་མཐའ་འཛིན་པ་ཞིག་ཡིན་ནའང་ཁོང་ལ་ཐུགས་དད་ཆེ་ཞིང་ཡི་རིང་བསྟོད་བསྔགས་ཀྱི་སྒྲ་དབྱངས་དེང་སང་གི་བར་བསྒྲགས་དང་སྒྲོག་བཞིན་པ་འདི་ལགས་པས།སུས་ཀྱང་གྲུབ་མཐའ་ཁ་འཛིན་གྱིས་མི་ཤེས་ཤེས་ཁུལ་གྱིས་གངས་ཅན་ཁ་བའི་བསྟན་སྲིད་ཀྱི་སྲོག་རྩར་གནོད་པའི་ཉེས་པ་མཐའ་དག་སྤང་ཏེ་མཐུན་སྒྲིལ་རྡོག་རྩ་གཅིག་མཐུན་ཡོང་དགོས་བསླབ་བྱ་དམ་པ་ཁོང་གིས་སྔ་ས་ནས་བསྟན་ཡོད་པས་སུས་ཀྱང་མཁྱེན་དགོས་པའི་དོན་དག་ཅིག་རེད་འདོད།

དམ་པ་འདིས་ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པའི་རྡོ་རྗེའི་ཡིག་ཆའི་སྟེང་ནས་རྩོད་གྲྭ་བཙུགས་ཏེ་གྲྭ་བ་སུམ་བརྒྱ་ལྷག་འདུས་ཏེ་འཆད་ཉན་ཡང་ཤིན་ཏུ་དམར་བ་བྱུང་། དུས་ཚིགས་མ་ངེས་ཀྱང་ཆོས་རྗེ་བླ་མ་མཁན་སྤྲུལ་དམ་པ་དགེ་འདུན་བསྟན་རྒྱལ་མཚན་མཆོག་གི་ཞལ་སྔ་ནས།གངས་ལྗོངས་ཀྱི་རྗེ་བཙུན་མི་ལ་གཉིས་པ་ཆོས་རྗེ་ཞབས་དཀར་བ་ལ་བསྟོད་བསྔགས་མེ་ཏོག་གི་ཕྲེང་བ་ཞེས་བྱ་སྙན་ཚིག་ལམ་ནས་ཕུལ་བ་འདི་ལྟར།སྙིང་ནས་རབ་ཏུ་དྲེགས་པའི་འཁྲི་ཤིང་ཅན། །ཚངས་དབང་བྱེ་བས་བསྙེམས་པ་ཡོངས་དོར་ནས། །

གུས་པས་བཏུད་པའི་གཙུག་རྒྱན་ནོར་བུའི་འོད། །གང་དང་འདྲེས་པའི་ཞབས་སེན་དམར་པོའི་མདངས། །

མཚམས་སྤྲིན་གཞོན་ནུས་ནམ་ཡང་མཚོན་མིན་པའི། །ཡིད་འོང་འོད་ཟེར་སྟོང་གི་དཔལ་འབར་བ། །

དེ་ཡིས་ཉེ་བར་ཕྱེས་པའི་པདྨ་དེས། །དྲུང་དུ་ཐལ་མོ་སྦྱར་ཏེ་འདི་སྐད་གསོལ།།

རྒྱལ་ཀུན་མཁྱེན་བརྩེ་གོ་ལའི་ལམ་ཡངས་བོར། །ལྷག་བསམ་འོད་དཀར་འབུམ་གྱི་དྲ་བ་ཅན། །

མཚན་དཔེའི་ཟླ་གཞོན་གསར་བ་ཁྱོད་ཤར་ཚེ། །གངས་ཅན་བདེ་སྐྱིད་ཀུ་མུད་ཅི་ཡང་འཛུམ། །

ས་གསུམ་ལུས་ཅན་སྲིད་ལས་སྒྲོལ་བའི་ཁུར། །མགོན་པོ་ཁྱོད་ཀྱིས་བདག་གིར་མཛད་པའི་ཚེ། །

གྲགས་པ་སྲིད་པའི་ཁོངས་ལས་རབ་བརྒལ་ཏེ། །རྒྱལ་རྣམས་དགྱེས་པའི་རོལ་མོར་གྱུར་བ་མཚར། །

གཞན་ལ་ཕན་པ་འབའ་ཞིག་ལྷུར་ལེན་པ། །རྒྱལ་སྲས་དཔའ་བོ་རྣམས་ཀྱི་ངང་ཚུལ་ཏེ། །

ཆེས་ཆེར་དམན་ལ་ལྷག་པར་ཆགས་པ་འདི། །འདྲེན་པ་ཁྱེད་ཀྱི་ཐུན་མོང་མིན་པའི་ཆོས། །

ཕྱི་དང་ནང་གི་བདོག་པ་ཀུན་བཏང་ཡང་། །སྤྱིན་པ་པོ་ཞེས་བསྔགས་པར་མི་འགྱུར་ཏེ། །

གང་ཕྱིར་སློང་བ་རྣམས་ཀྱིས་ཁྱོད་ཀྱི་ནོར། །རང་གི་གོ་སྐལ་ཉིད་དུ་བསམ་ནས་ལེན། །

ཕྱོགས་ལྷུང་གདོན་གྱིས་ཡིད་རབ་བརླམས་པ་ཡི། །མི་བསྲུན་སྐྱེ་བོས་ཁྱོད་ལ་གླགས་བཙལ་ཀྱང་། །

རིང་མོ་ཉིད་ནས་བཟོད་པ་གོམས་པའི་ཡིད། །ཁྲོ་བས་གཡོ་བ་མེད་ལ་མཚར་དུ་ཅི། །

དེ་ལ་བུ་གཅིག་ལྟ་བུའི་བརྩེར་དགོངས་ནས། །རབ་ཏུ་ཕན་པ་འབའ་ཞིག་སྒྲུབ་པ་ཡི། །

བླ་ན་མེད་པའི་ངོ་མཚར་མཛད་པ་འདིས། །བདག་གི་ཡིད་དབང་ཞགས་པ་མེད་པར་བཅིངས། །

དེས་ན་སྐོམ་པས་གདུང་བའི་གླང་ཆེན་བཞིན། །ཁྱོད་དྲུང་པདྨའི་རྫིང་བུར་འཇུག་པའི་བློ། །

ཉིན་རེར་བཞིན་དུ་རྣམ་པར་འཕེལ་གྱུར་ཀྱང་། །རྣམ་གཡེང་ལྕགས་ཀྱུ་རྣོན་པོས་གཞན་དབང་གྱུར། །

དེ་ལྟ་ན་ཡང་རིང་བོར་མི་ཐོགས་པར། །བསོད་ནམས་བརྒྱ་ཡི་ཞབས་ཀྱི་འཁོར་ལོ་ནི། །

སྤྱི་བོར་རེག་པའི་སྐལ་བཟང་མངོན་གྱུར་ཏེ། །ཁྱོད་གསུང་ལེགས་བཤད་བདུད་རྩིའི་འཚོ་བར་ཤོག །

འཚམ་ཞུ།

བསླུ་མེད་བླ་མ་མཆོག་གསུམ་བདེན་སྟོབས་ཀྱིས། །བསྟན་དང་འགྲོ་བའི་ཕན་བདེའི་རྩ་ལག་མཆོག །

ཁྱོད་ཞབས་རྡོ་རྗེའི་རང་བཞིན་ཆོས་ཀྱི་ཁྲིར། །བསྐལ་བརྒྱར་གཡོ་བ་མེད་པར་བརྟན་གྱུར་ཅིག །

བདག་ཀྱང་ཚེ་རབས་ཕྲེང་བ་ཐམས་ཅད་དུ། །ཁྱོད་ཉིད་མཉེས་པ་འབའ་ཞིག་ལྷུར་བྱེད་ཅིང་། །

ནམ་ཡང་ཐུགས་རྗེའི་ལྕགས་ཀྱུས་མི་འདོར་བའི། །གསུང་མཆིད་གངྒཱའི་རྒྱུན་བཞིན་འཆད་མེད་ཞུ། །

དེ་སྐད་ཞུ་མཆིད་བུང་བ་ན་ཆུང་མ། །བཀྲ་ཤིས་ལྷ་རྫས་གསར་བའི་སྐྱེས་དང་བཅས། །

ཁྱོད་དྲུང་མཚོ་སྐྱེས་བཞད་པའི་དགའ་ཚལ་དེར། །དད་གུས་འདབ་མའི་གཤོག་ཟུང་བསྐྱོད་དེ་འཕུར། །

ཞེས་ཕུལ་བས་ཆོས་རྗེ་བླ་མ་ཞབས་དཀར་བ་ཐུགས་ཤིན་ཏུ་དགྱེས་པའི་ངང་ནས་གསུང་ལན་དང་ཕྱག་རྟགས་ཀྱང་མང་དུ་གནང་། གསར་དུ་བྲིས་པའི་ངང་རུང་མཁན་སྤྲུལ་གྱི་ལོ་རྒྱུས་ཤིག་ལས་/མཚོ་སྔོན་ཇོ་སྐོར་ཐེག་ཆེན་ཆོས་འཁོར་གླིང་དུ་ཕེབས་པ་དང་སྨན་སྤྱིན་དང་ཕྱག་དབང་གནང་/ཞེས་བཤད་ཡོད་ཀྱང་། ཇོ་སྐོར་དང་རང་དགོན་གཉིས་ཀྱི་འབྲེལ་བ་དང་། སྨན་གྱི་ཕྱག་ལས་མཛད་མཁན་སྐུ་ཕྲེང་གསུམ་པ་སྐྱ་ཀྱཱ་ཚང་ནས་ཡིན་པ་ལས་སྐུ་ཕྲེང་གཉིས་པ་རྒན་ཀྱཱ་ཚང་ཡིན་པའི་ལོ་རྒྱུས་གང་ནའང་རིག་རྒྱུ་མེད།

མཁན་སྤྲུལ་དམ་པ་འདིས་སྐུ་ཚེ་ཧྲིལ་བོར་ཆོས་ཐོས་བསམ་ལ་བསྐྱལ་བ་དང་ཐོས་པའི་ལག་རྗེས་ཀྱང་གདུལ་བྱའི་རྒྱུད་ལ་གང་ཕན་གྱི་སྒོ་ནས་གང་མ་སྨིན་པ་སྨིན་པ་དང་སྨིན་པ་གྲོལ་བར་མཛད་པའི་ཕྱིར། དབང་ཁྲིད་མན་ངག་དང་ལུང་རྗེས་གནང་གང་གནང་བའི་སྐབས་སུ་དམ་པའི་ཕྱག་བཞེས་བཞིན་རྒྱུན་རྣམ་དག་གིས་བརྒྱན་ཅིང་ཆད་ལྷག་ནོར་གསུམ་དང་བྲལ་བ།སྤྱི་དང་བྱེ་བྲག་གི་གསུང་བཤད་རྣམས་ཀྱང་གྲུབ་མཐའ་རང་རང་གི་རྒྱུད་དང་དགོངས་འགྲེལ་གྱི་བསྟན་བཅོས་རྣམས།  /ཚད་ལྡན་གྱི་གྲུབ་ཆེན་དག་གི་འགྲེལ་བ་ཡང་འགྲེལ་དང་བཅས་བར་གཏུགས་ཤིང་གསུངས་པས།མཁས་བླུན་ཀུན་གྱི་ཡིད་དབང་མེད་དུ་འཕྲོག་པ་ཞིག་སྟེ།ཐོས་པའི་ནོར་གྱིས་ཕོངས་པ་དང་ཁུངས་མེད་གདམས་ངག་ཏུ་རློམ་པའི་དེང་དུས་ཀྱི་བླ་སྤྲུལ་གྲྭ་གཟུགས་ཆོས་བརྒྱད་ཀྱི་ཡོ་ལང་ལ་དགྱེས་པ་རྣམས་ཀྱི་གོ་དགོས་སོ/ ཞེས་འཇམ་པའི་དབྱངས་དང་གཉིས་སུ་མེད་པའི་བླ་མ་རིན་པོ་ཆེ་[རྗེ་འཇིགས་མེད་མཚན་ཅན]་གྱིས་གསུངས།

དེས་ན་བསྟན་པ་ལ་ཤ་ཚ་བ་དང་མི་རིགས་ལ་འགན་ཁུར་ཡོད་པ་ཞིག་ཡིན་ན་ཆོས་ཐོས་པས་གོ་བ་དང་ལམ་སྒོམ་པས་ཉམས་མྱོང་ཡོད་དགོས་པར་མ་ཟད།དེ་དག་གི་བརྒྱུད་པའི་གདམས་པ་ཡང་བླ་མ་གོང་མ་རྣམས་ལས་སློབ་རྒྱུན་དང་དབང་རྒྱུན་བཤད་རྒྱུན་ཁྲིད་རྒྱུན་ལུང་དང་རྗེས་གནང་གི་རྒྱུན་སོགས་བར་མ་ཆད་པ་དགོས་པ་ལས།ཐོས་པས་ནོར་གྱིས་དབུལ་ཞིང་བསམ་པ་རླུང་ལ་བསྐུར་བའི་དེང་གི་བླ་སྤྲུལ་མཁན་གསུམ་གྲྭ་གཟུགས་དག་སྙིང་ཁམས་འདོད་ཡོན་རྒྱལ་གདོན་གྱིས་བརླམས་ཏེ་མེད་པ་ཡོད་པར་མི་ཆོས་བླ་མའི་རྫུན་ཁོ་ནས་སེམས་ཅན་ལ་མགོ་སྐོར་བསླུ་བྲིད་ཀྱིས་རྨོངས་དད་ཀྱི་ལམ་ནག་པོ་ཞིག་ཏུ་འཁྲིད་ཀྱིན་ཡོད་པ་འདི་དང་། མིའི་རིགས་ཀྱི་འགྲོ་ལུགས་འདུག་སྟངས་ཀྱང་བཙན་པོ་རིམ་བྱོན་རྣམས་ཀྱིས་དཀའ་ལས་བརྒྱབ་པའི་སྲོལ་རྒྱུན་གྱི་རིག་གནས་དང་ལུགས་སྲོལ་གཤིས་ཀ་རང་ཚུགས་ཆིག་སྒྲིལ་སོགས་ལ་རྒྱབ་ཀྱིས་ཕྱོགས་ཏེ་གསར་བཤད་དང་དགག་ཚིག་འཁྱོག་བཤད་ཀྱིས་བོད་ཁམས་ཕོངས་ལ་སྦྱོར་བ་འདི་དག་ལ་ངོ་མ་མི་རང་ལ་འགན་ཁུར་མེད་པར་མ་ཟད།མི་རིགས་ལའང་འགན་ཁུར་གཏན་ནས་མེད་པའི་དུད་འགྲོ་དང་གཅིག་མཚུངས་རེད་།

ད་ནི་དཀྱུས་སུ་འཇུག་པར་བྱ་སྟེ།དམ་པ་འདིའི་ལྗགས་རྩོམ་གྱི་སྐོར་ལ།མདོ་སྔགས་ལམ་གྱི་རིམ་པར་སྒྲོལ་ཚུལ་གྱི་ཟིན་བྲིས་དང་།བསླབ་བྱ་དང་མགུར་མའི་སྐོར།སྒོ་དམར་བ་བློ་བཟང་རྒྱ་མཚོའི་རྣམ་པར་ཐར་བ་སྐལ་ལྡན་ཐར་བར་འདྲེན་པའི་ཤིང་རྟ།ལྷ་མོ་རིག་བྱེད་མའི་སྒྲུབ་ཐབས་མུན་པའི་དྲ་བ་གཅོད་པའི་འོད་སྣང་དང་།རྙིང་ཕྱོགས་ཀྱི་སྐོར་ལའང་རྫོགས་ཆེན་གདམས་ངག་གི་ཆུ་བོ་གནད་ཡིག་དམར་ཁྲིད་དང་།བྱིན་རླབས་དབང་གི་ཆུ་བོ་བསྐུར་ཐབས་ངོ་སྤྲོད་དང་བཅས་པ།ཕྱག་བཞེས་འཕྲིན་ལས་སྒྲུབ་ཐབས་ཆུ་བོ་བསྟན་སྲུང་དྲག་སྔགས་ཀྱི་ཟིན་བྲིས།དཔལ་ཕྱག་ན་རྡོ་རྗེའི་སྒོ་ནས་སྲུང་ཟློག་གི་སྒྲུབ་ཐབས་དྲེགས་པ་ཀུན་འདུལ་སོགས་པོད་བདུན་ཙམ་བཞུགས་ཀྱང་།ཕྱིས་སུ་རྐྱེན་དུ་མ་ལ་བརྟེན་ནས་དཔར་དུ་བཀོད་མ་ཐུབ་པར་རྨོངས་པ་འགའ་ཞིག་གིས་ཁོང་གི་སྐུ་གདུང་དང་དགོན་པའི་མདུན་དུ་བཞུགས་ཡོད་པའི་དབྱེན་འདུམས་མཆོད་རྟེན་གྱི་གཟུངས་བཞུགས་སུ་ཕུལ་བ་ནི་ངོ་མ་གྱོང་གུད་ཆེན་པོ་ཞིག་རེད།དེ་ལྟར་མཁན་སྤྲུལ་དམ་པ་རྒན་ཀྱཱ་ཚང་ནི་ངོ་མ་གྲུབ་མཐར་ཕྱོགས་རིས་མེད་ཅིང་བསྟན་པ་སྤྱི་དང་ཁྱད་པར་འཇམ་དབྱངས་བླ་མ་ཤར་ཙོང་ཁ་བ་ཆེན་པོའི་བསྟན་པ་རིན་པོ་ཆེ་བཤད་སྒྲུབ་ཟུང་གི་སྒོ་ནས་ཡར་ལྡན་དུ་སྤེལ་ཏེ་མཐར་རབ་བྱུང་བཅུ་བཞིའི་ས་སྟག་ལོ་སྟེ་སྤྱི་ལོ་༡༨༡༨་ལོར་གཟུགས་སྐུའི་རགས་པ་འོད་གསལ་དུ་བསྡུས་པའི་ཚུལ་བསྟན་ཏོ། །

སྨྲས་པ།

གང་གི་ཐུགས་བསྐྱེད་མ་དྲོས་མཚོ་མོ་ལས། །མང་ཐོས་གསར་རྙིང་གངྒཱ་ལྷ་ཡི་ཆབ། །

རྣམ་དཔྱོད་ཡུར་ལས་གདུལ་བྱའི་ཞིང་ས་རུ། །འགོག་མེད་དལ་གྱིས་དྲངས་པ་ཁྱོད་གཅིག་བུ། །

གསར་རྙིང་ཆོས་ཚུལ་ཉི་ཟླ་ཟུང་། །རང་འདོད་སྤྲིན་གྱིས་མ་བསྒྲིབ་པར། །

ཐུབ་བསྟན་ས་འཛིན་ཕྲག་པ་ལ། །འཁུར་བའི་རྣ་ལུང་ཁྱོད་ཀྱིས་བཀོད། །

དེ་ཡང་རང་གི་དམ་ཆོས་འོ་མའི་མཚོར། །ཕྱོགས་རིས་བདུད་ཀྱིས་ཡིད་བརླམས་རྙོག་མའི་ཆུ། །

ཅི་དགར་གཏོར་བའི་ཐོས་ཉུང་བྱིས་པ་རྣམས། །མི་སྨྲ་རང་འདོད་དད་པའི་གནས་སུ་བཀོད། །

དེ་ལྟའི་སྔ་ཕྱིར་འགྱུར་ཆོས་ཡོན་ཏན་གྱི། །རབ་མཛེས་གསེར་གྱི་དབྱངས་སྙན་ཏམྦུ་ར། །

གཟུར་གནས་མཁས་དབང་སྙན་དུ་བརྡུངས་པའི་ཚེ། །རྫོགས་ཆེན་གྲུབ་དབང་ཚོགས་རྣམས་དབྱིངས་ནས་འཛུམ། །

ཞེས་བྱ་བ་ནི་རྗེ་བཙུན་བླ་མ་མཁན་འཇམ་དབྱངས་རྒྱ་མཚོ་དཔལ་བཟང་བོ་མཆོག་གི་འཁྲུངས་རབས་འབྲེལ་བའི་རྣམ་པར་ཐར་བ་རབ་གསལ་ཤེས་ཀྱི་མེ་ལོང་ལས་སྐུ་ཕྲེང་གཉིས་པ་རྒན་ཀྱཱ་དགེ་འདུན་བསྟན་པའི་རྒྱལ་མཚན་གྱི་རྣམ་པར་ཐར་བ་བརྗོད་པའི་ལེའུ་སྟེ་གསུམ་པའོ། །

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།