ངང་རུང་མཁན་ཆེན་འཇམ་དབྱངས་རྒྱ་མཚོ་དཔལ་བཟང་བོ་མཆོག་གི་སྐུ་ཚེ་སྔ་མ་རྣམས་ཀྱི་སྐྱེས་པ་བཞེས་པའི་རྣམ་གྲངས་ཙམ་བརྗོད་པ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2020-06-06 18:40:14     རྩོམ་པ་པོ།   ངང་རུང་བློ་བཟང་ཚུལ་ཁྲིམས།    ཀློག་ཐེངས།  

རང་བཞིན་སྒྲིབ་བྲལ་མེད་པའི་ནམ་མཁའ་ལས། །ཀུན་རྫོབ་སྒྱུ་མའི་སྤྲིན་གྱི་སྣང་བ་འབུམ། །

མཐའ་དང་ཟད་དུ་མེད་པའི་བྱིན་རླབས་ཆར། །འབེབས་མཛད་བུ་རམ་ཤིང་བའི་དགེ་ལེགས་སྩོལ། །

བློ༷་བཟ༷ང་དྷི་ཏུའི་མི་ཤིགས་ཐིག་ལེའི་དབུས། །རིན༷་ཆེན༷་རྣམ་བཞིའི་སྙིང་བོ་ཧེ་རུ་ཀ །

སྒྱུ་འོད་གར་དུ་སྦྲུམ་པའི་མགོན༷་པོ༷་ལ། །བྱང་ཆུབ་སྙིང་བོའི་བར་དུ་སྐྱབས་སུ་མཆིས། །

སྒྲིབ་གཉིས་བུད་ཤིང་ཟད་པའི་ཡེ་ཤེས་གཟུགས། །མཁྱེན་རབ་རལ་གྲི་འཆང་བའི་གཞོན་ནུའི་ཚུལ། །

དེ་ཡི་ཟུར་ཕུད་དོར་ནས་མིའི་གཟུགས་ཀྱི། །རྣམ་རོལ་མཁ༷ན་ཆེན༷་འཇམ༷་བའི་དབྱ༷ངས་ལ་འདུད། །

མཚོན་ཆ་ལྔ་བའི་བདག་པོ་འཛུམ་གྱིས་བཏུལ། །ལེགས་བཤད་བདུད་རྩིས་འཁོར་བ་དོང་ནས་དཀྲུགས། །

སུས་ཀྱང་མ་རྟོགས་མདོ་སྔགས་བྱེ་བའི་མཛོད། །བློ༷་བཟ༷ང་བསྟ༷ན་པའི༷་རྒྱལ༷་མཚ༷ན་མཆོག་ཏུ་གུས། །

ཉམ་ཐག་འགྲོ་ལ་མཁའ་ལས་ཐུགས་རྗེའི་ཆར། །འཛད་མེད་ཆོས་ཀྱི་གཏེར་ལ་དབང་འབྱོར་བ། །

རྒྱལ་སྲས་བདག་ཉིད་དམ་པའི་རྗེས་བཞུགས་པའི། །མཁྱེན༷་རབ༷་རྒྱ༷་མཚོ༷་མཆོག་གིས་སྣང་བ་སྩོལ། །

རྒྱལ་ཀུན་མཁྱེན་པའི་ཡུམ་གྱུར་གསུང་དབང་ཕྱུག །སྣང་སྟོང་དངོས་པོ་ཀུན་གྱི་རང་བཞིན་ཆོས། །

སྙན་མཇེབས་རྒྱུད་མངས་འཁྲོལ་བའི་ཉམས་འགྱུར་ཅན། །སྙིང་གི་པད་དཀར་རོལ་ལ་ཤིས་པ་སྩོལ། །

ངང༷་རྒྱུད་འཇམ་པོའི་གཡུ་རལ་གསིགས་པས་བདུད་བཞི་དགྲ་ཡི་སྙིང་ཁམས་གཏོར། །

ཁྱབ་ཆེ་ཁྱབ་ཆུང་འཛིན་ཚུལ་རུང༷་བས་བཀྲ༷་ཤིས༷་དཔལ་གྱིས་འབྲུག་སྒྲ་བསྒྲགས། །

ཐལ་འགྱུར་རིག་པའི་ཆོས༷་སྐད་གཅིག་གིས་སྙན་གྲགས་གངས་རིའི་དབུ་རྩེར་འཕེལ༷། །

འཛམ་གླིང༷་ལྷོ་བརྒྱུད་འཛིན་མའི་ཁྱོན་ལ་སྐྱེས་ཆེན་ཞིག་གིས་ལག་རྗེས་བཞག །

མགོན་པོ་དེ་ཡི་མཛད་འཕྲིན་རྒྱ་མཚོ་ཆེར། །བྱིས་ཆུང་རི་བོང་རྐྱལ་བས་མི་སྒྲོལ་ཡང་། །

འཇིག་རྟེན་རྒན་མོས་ལམ་གྱི་སྙེ་མ་ལྟར། །བཏུས་ཏེ་བྱུང་བ་ཅུང་ཟད་བརྗོད་པར་བྱ། །

དེ་ཡང་ཇི་སྐད་དུ།  [ས་སྐྱ་པཎ་ཊི་ཏས]་/མཆོད་བསྟོད་འདུད་པའི་བདག་ཉིད་ཅན། །ཤིས་པ་བརྗོད་པར་མི་འགལ་ཏེ། །ཐམས་ཅད་དུ་ཡང་སྟོན་པ་ལ། །ཆེ་བ་འགའ་ཞིག་སྟོན་ཕྱིར་རོ/། །ཞེས་དང་། /གང་གི་བྱ་བ་གང་བརྩམས་པའི། །དེ་ཡི་སྔོན་དུ་སྟོན་པ་མཆོད་/། །ཅེས་པ་ལྟར་ཤིས་བརྗོད་དང་ཕྱག་འཚལ་ཅི་རིགས་ཀྱིས་དགེ་ལེགས་སུ་བྱ་བའི་ཚིགས་སུ་བཅད་པ་དུ་མ་སྔོན་དུ་བཏང་སྟེ་བརྗོད་པར་བྱ་བ་ནི།  ཇི་སྐད་དུ།  གང་ཕྱིར་དགེ་ལེགས་ཐམས་ཅད་ནི། །རྟག་ཏུ་སྦྱིན་ཞིང་འཕེལ་འགྱུར་བའི། །ཐུབ་བསྟན་དཔག་བསམ་ལྗོན་ཤིང་གི །ངོ་མཚར་གླེང་ལ་སུ་མི་གུས། །ཅེས་འཕྲལ་ཡུན་ལེགས་ཚོགས་ཐམས་ཅད་འཕེལ་བའི་གཞི་བསྟན་པ་དང་དེ་འཛིན་གྱི་སྐྱེས་བུ་དམ་པའི་ཕྱག་རྗེས་བླ་ན་མེད་པ་རྣམས་གཏམ་དུ་གླེང་བར་བྱ་བ་གཙོ་བོ་སྟེ།

འདི་ལ་བརྒྱད།   དམ་པ་སྔ་མ་རྣམས་ཀྱི་སྐྱེ་བ་བཞེས་པའི་ཚུལ་དང་།  ལུང་རྟོགས་ཀྱི་ཡོན་ཏན་ལ་མངའ་བརྙེས་ཏེ་དཔལ་འཁོར་ཆོས་སྡེ་ཆེན་པོའི་མཁན་པོར་བཞུགས་ནས་གདན་ས་མཛད་པའི་ཚུལ།  སྐུ་ཕྲེང་ཕྱི་མ་ལྔས་འགྲོ་དོན་མཛད་པའི་ཚུལ།  ཕྱིའི་གནས་དང་ནང་བཅུད་ཀྱི་བཀོད་པར་བསྟོད་པ།  སྐུ་གསུང་ཐུགས་རྟེན་གྱི་རིམ་པར་བཤད་པ།  མཇུག་གི་གཏམ་བཅས་སོ། །

དང་བོ་ནི།   དེ་ཡང་སྙིགས་དུས་ཀྱི་འགྲོ་བ་མ་ལུས་པའི་སྡུག་བསྔལ་ཚ་གདུང་བསིལ་བའི་རྔ་ཡབ་དཀར་བོ།  ཤེས་བྱ་ཐམས་ཅད་ལ་མི་འཇིགས་པའི་སྤོབས་པ་མཆོག་ཐོབ་པ།  བརྩེ་བ་སྙིང་རྗེ་ཆེན་པོའི་ཆུ་འཛིན་མཁའ་ལས་དུས་ནམ་ཡང་ཡལ་བ་མེད་པ།  རྗེ་བཙུན་བླ་མ་རྡོ་རྗེ་འཆང་དང་དབྱེར་མ་མཆིས་པ་ངང་རུང་མཁན་ཆེན་འཇམ་དབྱངས་རྒྱ་མཚོ་དཔལ་བཟང་བོ་ནི་སྔོན་བསྐལ་བ་དཔག་ཏུ་མེད་པའི་སྔ་རོལ་ཏུ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་ཐོབ་མངོན་དུ་མཛད་ཟིན་ན་ཡང་། སྐལ་བ་འདིའི་གདུལ་བྱ་དམན་པ་རྣམས་ཀྱི་སྣང་ངོར་ཐེག་ཆེན་དབང་བོ་ཡང་རབ་ཀྱི་ཚུལ་དུ་ཆོས་ཀུན་སྒྱུ་མའི་དོན་ཐམས་ཅད་སྣང་ལ་རང་བཞིན་མེད་པའི་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་ངེས་ཤེས་གཞན་དྲིང་མི་འཇོག་པའི་སྤོབས་པ་མཆོག་ཐོབ་ཏེ།  ཟབ་མོ་རྟེན་འབྱུང་གི་ལྟ་བས་ཉོན་མོངས་མཐའ་དག་གི་རྩ་བ་བདག་འཛིན་ལྷན་སྐྱེས་དང་དེའི་བག་ཆགས་བརྩད་ནས་གཞོམ་པ་ལ།  བསོད་ནམས་ཀྱི་ཚོགས་རླབས་པོ་ཆེས་རྒྱབ་བརྟེན་དཔུང་སྦྲེལ་ནས་ཐེག་ཆེན་གྱི་ས་རེ་རེའི་རྗེས་ཐོབ་ཏུ་ཀུན་ཉོན་ཕྱོགས་ཀྱི་སྤང་བྱ་རེ་རེ་སྤངས་པ་དང་།  རྣམ་བྱང་ཕྱོགས་ཀྱི་ཡོན་ཏན་རེ་རེ་ལ་ངེས་ཤེས་མི་འདྲ་བ་རེ་རེས་ས་བཅུ་བའི་བར་རིམ་གྱིས་བསྒྲོལ་པ་དེར།  རྒྱུད་སྡེ་འོག་མའི་ལུགས་ཀྱི་མཚན་བཅས་མཚན་མེད་ཀྱི་རྣལ་འབྱོར་ལ་བརྟེན་ནས་བསྐལ་ཆེན་མང་བོར་ཐུབ་པའི་ཚེའི་རིག་འཛིན་བསྒྲུབ་ཏེ་ས་བཅུའི་སྲིད་པ་མཐའ་མའི་བར་དུ་སྒྲོལ་པ་དེ་ལ།  སྔགས་བླ་མེད་ཀྱི་སྣོན་པ་གདབ་དགོས་གསུང་བ་ལྟར། དེ་འདྲའི་སྲིད་པ་མཐའ་མ་དེ་མི་གཡོ་བའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པའི་ཚེ།  ཕྱོགས་བཅུའི་མཁའ་ཁྱབ་ཏུ་བཞུགས་པའི་རྫོགས་པའི་སངས་རྒྱས་རྣམས་ཀྱི་སེ་གོལ་གྱི་སྒྲས་ཏིང་ངེ་འཛིན་ལས་བསླངས་ཏེ་མཚན་ཕྱེད་དུ་དབང་གསུམ་པ་དངོས་དབང་དུ་བསྐུར་པས།  སྣང་མཆེད་ཐོབ་གསུམ་སྔོན་དུ་འགྲོ་བའི་སྒོ་ནས་འོད་གསལ་མཚོན་པར་བྱས།  དེ་ནས་ཕ་རོལ་ཏུ་ཕྱིན་པའི་བྱང་སེམས་ཀྱི་ལུས་རྟེན་དེ་རུ་ལངས་པ་ན།  ཐོ་རངས་འོད་གསལ་དང་ཟུང་འཇུག་གི་གདམས་པ་འཕོག་ཏེ་དབང་བཞི་བ་ཚིག་དབང་མནོས་ཏེ།  ཐོ་རངས་དེ་ཉིད་ལ་དོན་གྱི་འོད་གསལ་མངོན་དུ་བྱས།  འོད་གསལ་དེ་ལས་རླུང་ཅུང་ཟད་གཡོས་བ་དང་མཉམ་དུ་ལུགས་ལྡོག་གི་ཉེར་ཐོབ་གྲུབ་པ་དང་མཉམ་དུ་ཆུ་ལས་ཉ་ལྡིང་གི་ཚུལ་གྱིས་དག་པའི་སྒྱུ་མའི་སྐུ་བཞེངས།  དེ་ནས་བསམ་གཏན་གཉིས་ཀྱི་སྡུད་རིམ་ཡང་ཡང་གོམས་པར་བྱས་པ་ལས་རླུང་སེམས་ངོ་བོ་གཅིག་པའི་ཡ་གྱལ་གྱི་རླུང་དེ་དང་སེམས་ཀྱི་ལྷན་ཅིག་བྱེད་རྐྱེན་གྱི་འོད་གསལ་གཉིས་ཆུ་ལ་ཆུ་བཞག་པ་བཞིན་མཉམ་དུ་འདྲེས་པ་སྤངས་པའི་ཟུང་འཇུག་དང་།  དེ་ནས་སླར་ཡང་སྤངས་པ་ཟུང་འཇུག་དེས་སྟོང་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པས་ཟུང་འཇུག་གི་གཙོ་བོ་རྟོགས་པ་ཟུང་འཇུག་མངོན་དུ་བྱས་ཏེ་འཁོར་བ་ཇི་སྲིད་པར་མྱ་ངན་ལས་མི་འདའ་བར་བཞུགས་པ་ཡིན་ན་ཡང་།

སེམས་ཅན་གྱི་ཁམས་དང་བསམ་པ་མོས་པ་སྣ་ཚོགས་ལ་གཟིགས་ནས་སླར་ཡང་སྟོན་པ་ཐུབ་པའི་དབང་བོར་སེམས་བསྐྱེད་ཀྱི་རྫས་སུ་ཀླུ་ལས་བྱུང་བའི་ཡིད་བཞིན་གྱི་ནོར་བུ་ཕུལ་བའི་བྱང་ཆུབ་སེམས་དཔའ་ཆེན་པོ་དགའ་བའི་ཏོག་དང་།  རཏྣ་བོདྷིའི་སྲས་ཀྱི་ཐུ་བོ་བྱང་སེམས་འགྲོ་བཟང་བོ།  རྒྱལ་བའི་མདོ་སྔགས་ཀྱི་ཆོས་ཇི་སྙེད་ཅིག་གསུང་བ་མཐའ་དག་དང་ཁྱད་པར་དམ་ཆོས་འདུལ་བའི་སྡེ་སྣོད་ཀྱི་མངའ་བདག་ཆེན་པོ་སློབ་དཔོན་ཡོན་ཏན་འོད།  སྟོན་པའི་བསྟན་པ་མི་ནུབ་པར་ཡུན་དུ་སྲུང་ཞིང་སྤེལ་བར་མཛད་པའི་གནས་བརྟན་ཆེན་པོ་བ་ཀུ་ལ། འཕགས་ཡུལ་མཁས་གྲུབ་ཀུན་གྱི་བླ་མར་གྱུར་ཅིང་མཁའ་འགྲོ་མ་རྣམས་ཀྱི་ཚོགས་དཔོན་མཛད་པའི་པན་ཆེན་ནཱ་རོ་བ།  བོད་ཡུལ་མུན་པའི་གླིང་དུ་ཆོས་ཀྱི་སྒྲོན་མེ་སྦར་མཁན་འཇམ་དབྱངས་ཐོན་མི་སམ་བྷོ་ཊ།  འཇིག་རྟེན་གསུམ་གྱི་མིག་གཅིག་སྔ་འགྱུར་བསྟན་པའི་སྐད་གཉིས་སྨྲ་བའི་ལོ་ཆེན་བེེ་རོ་ཙ་ན།  དུས་གསུམ་རྒྱལ་བའི་ནུས་མཐུ་ཐམས་ཅད་གཅིག་ཏུ་བསྡུས་པ་གསང་བདག་གྲུབ་པའི་དབང་ཕྱུག་ལྷ་ལུང་དཔལ་གྱི་རྡོ་རྗེ།  ལྔ་བརྒྱའི་གཙུག་རྒྱན་དཔལ་ལྡན་ཨ་ཏི་བོད་དུ་སྤྱན་དྲངས་ཏེ་རྒྱལ་བསྟན་རྣམ་པར་དག་པར་མཛད་པའི་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ།  ཏིང་ངེ་འཛིན་དང་མངོན་པར་ཤེས་པ་རྒྱ་ཆེན་པོ་ལ་མངའ་བརྙེས་ཀྱང་བྱང་ཆུབ་ལམ་རིམ་ལ་བཅོས་མིན་གྱིས་མྱོང་བ་འདོན་པའི་ཕྱིར་ཉིན་མཚན་ཁོར་མོ་ཡུག་ཏུ་ཉམས་ལེན་ལ་བརྩེ་གཅིག་ཏུ་གཞོལ་བ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དཔལ་ལྡན་དགོན་པ་བ་དབང་ཕྱུག་རྒྱལ་མཚན།  འཇམ་དབྱངས་ཆོས་ཀྱི་རྒྱལ་བོ་ཙོང་ཁ་བ་ཆེན་པོའི་རིགས་ཀྱི་བདག་པོ་ཆོས་རྗེ་ཀརྨ་བ་སྐུ་ཕྲེང་བཞི་བ་རོལ་བའི་རྡོ་རྗེ།

མཁས་དང་གྲུབ་པའི་དབང་ཕྱུག་ཆེན་པོ་ཀོའུ་བ་གཞོན་ནུ་བྱང་ཆུབ་འོད་ཟེར།  བསྐལ་བ་དཔག་ཏུ་མེད་པའི་སྔོན་རོལ་ནས་ཐུགས་བསྐྱེད་དེ་རྒྱལ་སྲས་ཀྱི་སྦྱོད་པ་རྒྱ་མཚོ་ལ་སློབ་བཞིན་ལས་ཞིང་འདིར་རྗེ་བླ་མའི་བསྟན་པ་སྦེལ་བའི་ཕྱིར་དུ་བསམ་བཞིན་དུ་སྐྱེ་བ་བཞེས་པའི་འདུལ་འཛིན་ཆེན་པོ་གྲགས་པ་རྒྱལ་མཚན།  རིམ་གཉིས་ཀྱི་མན་ངག་ཟབ་མོ་ཉམས་སུ་བཞེས་པས་རྫོགས་རིམ་གྱི་རྟོགས་པ་ཁྱད་པར་ཅན་བརྙེས་ཏེ།  ལྷ་དང་བླ་མས་ལུང་བསྟན་པ་ལྟར་མདོ་སྨད་དུ་རྗེ་རྒྱལ་བ་གཉིས་པའི་བསྟན་པ་ཕྱོགས་བཅུར་སྤེལ་བའི་ཚ་ཁོ་ངག་དབང་གྲགས་པ། རྫོགས་རིམ་ཟབ་མོའི་རྣལ་འབྱོར་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་ལ་བརྟེན་ནས་འོད་གསལ་རྩེ་གཅིག་ཏུ་སྒོམ་པས།  དོན་དམ་འོད་གསལ་མངོན་དུ་བྱས་པ་ལས་རླུང་སེམས་ངོ་བོ་གཅིག་ཏུ་འདྲེས་པའི་ཟུང་འཇུག་རྡོ་རྗེ་གི་སར་གཤེགས་པ་དབེན་ས་བ་སྐྱབས་མཆོག་དཔལ་བཟང་།  རྣམ་དཔྱོད་གསེར་གྱི་ཤིང་རྟས་ལེགས་བཤད་ནོར་བུའི་མཛོད་ལ་མངའ་བརྙེས་པའི་ཆོས་རྗེ་ལེགས་པ་དོན་འགྲུབ།

རབ་འབྱམས་ཤེས་བྱའི་དཀྱིལ་འཁོར་ཐུགས་ཀྱི་མེ་ལོང་གཅིག་ཏུ་ཟོན་ཞིང་སྐལ་ལྡན་སྨིན་གྲོལ་གྱི་ལམ་ལ་འཁྲིད་མཁས་ཆོས་རྗེ་བཟང་བོ་བཀྲ་ཤིས།  སྒྲུབ་པ་སྙིང་བོར་གཅིག་ཏུ་དྲིལ་བས་ཉམས་དང་རྟོགས་པའི་ཀློང་བརྡོལ་བའི་སྒོམ་ཆེན་ངག་དབང་གྲགས་པ།  བྱང་ཆུབ་སེམས་ཀྱི་མན་ངག་ཐུགས་གསང་དཔལ་བེའུར་འཁྱིལ་བའི་གྲུབ་ཆེན་བྱམས་པ་རྣམ་རྒྱལ།  བཅུ་ཕྲག་མདོ་རྒྱུད་གསང་བའི་གནད་ཐམས་ཅད་རྣམ་དཔྱོད་ཀྱིས་སྒྲོ་འདོགས་ཆོད་པར་མཛད་པའི་ཀོའུ་བ་བཀའ་བཅུ་བ་ཆོས་རྒྱ་མཚོ་རྣམས་ཀྱི་སྐྱེ་བ་བཞེས་པའི་རྣམ་གྲངས་ཙམ་བརྗོད་པ་ནི་རྗེ་བཙུན་བླ་མ་མཁན་ཆེན་འཇམ་དབྱངས་རྒྱ་མཚོ་དཔལ་བཟང་བོ་མཆོག་གི་འཁྲུངས་རབས་དང་འབྲེལ་བའི་རྣམ་པར་ཐར་བ་རབ་གསལ་ཤེལ་གྱི་མེ་ལོང་ལས་སྐུ་ཚེ་སྔོན་མ་རྣམས་སུ་དམ་པ་གང་གི་སྐྱེ་བ་བཞེས་པའི་ཚུལ་བརྗོད་པའི་ལེའུ་སྟེ་དང་བོའོ། །

སྨྲས་པ།

ལས་ཉོན་རྩ་བ་ལྷན་སྐྱེས་རི། །རྟེན་འབྲེལ་མེ་ཆར་དྲག་པོ་ཡིས། །

མ་རིག་རྩད་ནས་སྤངས་ན་ཡང་། །མགོན་ཁྱེད་སྨོན་ལམ་དབང་གིས་སྤྲོས། །

ཐུགས་རྗེ་ཆུ་འཛིན་དལ་གྱིས་གཡོ་བ་ལས། །འཕྲལ་ཡུན་ཕན་བདེའི་གྲུ་ཆར་འཇོ་དང་ལྷན། །

གདུལ་བྱ་འདབ་མའི་སྦུབས་རྒྱ་ཡོངས་གྲོལ་ཏེ། །ཐུབ་བསྟན་གླིང་བཞི་འཛིན་མར་རྒྱན་དུ་བྱས། །

མགོན་ཁྱེད་ཆུ་ལྷའི་རྩེ་མོ་ནས། །སྣང་བྱེད་དྲ་བ་མ་སྡུད་པར། །

སླར་ཡང་འཆར་ཀའི་སྣང་བ་དང་། །འགྲོགས་པ་དེ་ཡང་གང་གིས་མཚོན། །

ཞེས་བྱ་བ་ནི་བར་སྐབས་ཀྱི་ངལ་གསོའི་ཚིག་བཅད་དོ། །


རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།