མཁས་གྲུབ་བྱམས་པ་བཟང་བོའི་རྣམ་ཐར་མདོར་བསྡུས།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2020-06-03 09:32:17     རྩོམ་པ་པོ།   ཐར་ཤུལ་ཤེས་རབ་བསྟན་དར།    ཀློག་ཐེངས།  

微信图片_20200603190013.jpg

  དམ་པ་འདི་ཉིད་རབ་ཡིད་ཤིང་ཡོས་སྤྱི་ལོ་༼   ༡༨༥༠-༡༩༣༣༽་ལ་མགོ་ལོག་གི་ས་ཆ་ཞིག་ཏུ་སྐུ་འཁྲུངས། ཆུང་དུས་ནས་གཅེན་པོ་དང་མཉམ་དུ་ཕྱོགས་ངེས་མེད་དུ་འགྲིམ་ནས་མཐར་རྭ་རྒྱ་དགོན་དུ་ཕེབས། དགོན་པར་སླེབས་མ་ཐག་ཚོགས་བརྡའི་དུང་སྒྲ་བཏང་བ་དང་དུས་ཁེལ་བས་རྟེན་འབྲེལ་ལེགས་པོ་འགྲིག   རྒྱུད་པའི་ཆོས་སྒོར་ཞུགས་ནས་ཆོས་སྤྱོད་དང་འདོན་རྟ་དབྱངས་ཐིག་རྡུལ་ཚོན་སོགས་རྒྱུད་པའི་ཕྱག་ལེན་ངེས་གཙང་བ་རེ་སྦྱང་། གཅེན་པོའི་ཚབ་ཏུ་ཚོགས་ཀྱི་དབུ་མཛད་ལ་ཉིན་རེ་འགར་བཞུགས་ཀྱང་ལོ་ཆུང་སྟབས་མཆོད་རོལ་སྐབས་ཙེན་ལག་པས་མི་ཐེག་ན་འང་དབུ་བསྐུལ་སྟངས་དང་འདོན་རྟ་དབྱངས་ཕྱག་རྒྱ་བཅའ་བ་སོགས་ལ་ངེས་ཆ་ཡོད་པས་ཀུན་ཀྱིས་བསྔགས་བརྗོད་གནང་།  

ཁོང་དགེ་རྒན་མཆོག་དང་མཉམ་དུ་ཨ་རིག་དགེ་བཤེས་ཆེན་མོ་མཆོག་གི་བཞུགས་ཤག་རལ་བའི་ཤུལ་དུ་ཕེབས་ནས་ལྡེབས་ངོས་སུ་གཟིགས་ནས་ཁོང་ཡར་ཐེག་གསུང་བས་ཡར་བཏེགས་པས་རྩིག་ངོས་ལ་ཐིག་བཏབ་ནས་བརྐོས་པས་དགེ་བཤེས་ཆེན་མོ་མཆོག་གི་རྒྱུན་གཏོར་དང་བརྒྱ་རྩའི་ཉེར་སྤྱོད་ཡོ་ཆས་འགའ་རྩིག་གསེང་ལས་བླང་། དེར་བསྡུས་ཚད་སོགས་ལ་སྦྱང་ཀྱང་རྐྱེན་སྣ་ཚོགས་ཀྱིས་དབང་གི་ཐུགས་ཡིད་ཚིམ་པ་རེ་མ་བྱུང་བས་དབུས་ཕྱོགས་སུ་ཕེབས་པར་ཞེ་དམ་གནང་། 

ཕེབས་ལམ་དུ་དགེ་འདུན་གྱི་སྡེ་ཞིག་ཏུ་རྡོ་རྗེ་མི་འཁྲུགས་པའི་རྡུལ་ཚོན་གྱི་ཐིག་བཏབ་པ་ནོར་བར་གཟིགས་ནས་ཐིག་རྩའི་རྩ་བཤད་དང་སྦྱར་ཏེ་ཐིག་ཚངས་ལ་མ་ནོར་བ་བཏབ་པས་དེར་བཞུགས་གྲྭ་བཙུན་དག་གིས་ཁོང་ལ་ཞབས་ཏོག་ལེགས་པོ་བྱས། དབུས་ཀྱི་སེར་བྱེས་གྲྭ་ཚང་དུ་ཞུགས་ནས་སློབ་གཉེར་ལ་གཅིག་ཏུ་གཞོལ། བཞེས་རྩམ་ཚར་བ་སོགས་ལ་ཅི་མི་སྙམ་པར་ཆོས་ཕུག་སྤྲང་ལ་གཏད་ནས་བཞུགས་སྐབས་ཡོངས་འཛིན་རྒྱལ་མཚན་ཐོག་མེད་ཁོང་གི་སར་ཕེབས་པ་ལ་ཁོང་ཡར་བཞེངས་ཀྱང་ལུས་ཀྱི་མ་ལྕོགས་པར་སར་འགྱེད་པ་སོགས་སྤྲང་ཕུག་ཤི་ལ་གཏད་པའི་རྣམ་ཐར་བསྐྱངས། ཡོངས་འཛིན་མཆོག་གིས་ཁོང་ལ་བཞེས་རྩམ་གང་འཚམ་རེ་གནང་། གཞུང་བཀའ་པོད་ལྔ་ལ་སྦྱང་ཚར་རྗེས་སྨད་རྒྱུད་གྲྭ་ཚང་དུ་ཕེབས་ནས་སྔགས་ཕྱོགས་རྒྱུད་སྡེ་སོགས་ལ་སློབ་གཉེར་ཚུལ་བཞིན་གནང་།

རབ་ཚེས་ཤིང་རྟ་སྤྱི་ལོ་༡༨༩༤ལ་ཕྱིར་མདོ་སྨད་དུ་ལམ་ལ་ཆོས་ཡོངས་འཛིན་མཆོག་གིས་དངུལ་སྲང་འགའ་གནང་བ་དང་། མདོ་སྨད་ཕྱོགས་སུ་ཕེབས་ནས་ལུང་རྟོགས་ཀྱི་བསྟན་པའི་བྱ་བ་ཁུར་དུ་བཞེས་དགོས་པ་དང་དགོན་པ་ཞིག་ཀྱང་འདེབས་དགོས་པའི་བཀའ་ལུང་རྡོ་རྗེ་ཚིག་གིས་མནན། ལྷ་སའི་སྲང་ལ་ཕེབས་ནས་ལམ་རིམ་པཎ་ཆེན་བདེ་ལམ་ཞིག་བླུས་པའི་ཡོན་ཡོངས་འཛིན་མཆོག་གིས་གནང་བའི་དངུལ་སྲང་དེ་དག་དང་ཏག་ཏག་འགྲིག  ཕྱིར་མདོ་སྨད་རྭ་རྒྱ་དགོན་དུ་ཕེབས་ནས་ཀིརྟི་རིན་པོ་ཆེས་རྭ་རྒྱ་དགོན་དུ་ཕེབས་པ་དང་ཞལ་འཛོམས་ནས་ཡབ་སྲས་གཉིས་ཀ་ཐུགས་དགྱེས་པའི་ངང་གསུང་གླེང་མང་དུ་གནང་བ་དང་དབུས་སུ་སློབ་གཉེར་གནང་ཚུལ་སོགས་ཞིབ་རྒྱས་སུ་ཞུས།  

ཁོང་གི་མདུན་ནས་ནཱ་རོ་མཁའ་སྤྱོད་མའི་དབང་དང་འཇིགས་བྱེད་ཀྱི་དབང་གཞན་ལུང་ཁྲིད་འགའ་རེ་ཞུས། ལྷག་པར་ནཱ་རོ་མཁའ་སྤྱོད་མའི་དབང་གི་སྟ་གོན་གྱི་རྨི་ལམ་བརྟག་པར་བུད་མེད་ཅིག་གིས་ལྡེ་མིག་སྤར་གང་བྱིན་པ་རྨིས་པ་ཞུས་པར་ཁོང་ཐུགས་དགྱེས་ཏེ་མཁའ་འགྲོ་མའི་གསང་རྒྱ་ཁྲོལ་བ་ཡིན་པས་སྙན་རྒྱུད་ཀྱི་གསེར་ཆོས་ཟབ་མོ་འདི་སྤེལ་ཅི་ཐུབ་བྱོས་གསུང་། དེ་དུས་ཁོང་མཁས་པའི་གོ་འཕང་མཐོན་པོར་གཤེགས་ནའང་ཁེ་གྲགས་སོགས་ཀྱི་དྲི་མས་ཅུང་ཟད་ཀྱང་མ་གོས་པར་གྲྭ་རྐྱང་གིས་འཕགས་པའི་རིགས་བཞིའི་རྣམ་ཐར་ཚུལ་བཞིན་བསྐྱངས་ཏེ་བཞུགས། 

ཀིརྟི་རིན་པོ་ཆེས་དབང་གནང་སྐབས་རྗེ་འདི་བ་གཅེན་གཅུང་གཉིས་ཀ་དབང་གྲལ་དུ་མ་ཐོན་པར་ཅུང་འགོར་དྲག་ནའང་དབང་མ་གསུང་བར་སྐལ་ལྡན་གྱི་སློབ་མའི་མཆོག་དུ་གཟིགས་ཏེ་ཆེད་སྒུག་གནང་། ཕྱིས་སུ་ཀིརྟི་རིན་པོ་ཆེས་ཤིང་བཟའ་མཆོག་ལ་བདེ་མཆོག་གི་ལྷ་ཡབ་ཡུམ་གཉིས་ཀ་གཟན་ཤམ་རལ་བའི་བུ་ག་ལས་རུས་རྒྱན་ཁྲོ་ལོ་ལོ་དབང་གྲལ་དུ་ཕེབས་པས་ང་ཁྲི་ཁར་འདུག་མི་བཟོད་པ་བྱུང་གསུང་། ཤིང་བཟའ་རིན་པོ་ཆེས་བདེན་དེ་ངས་མ་ཤེས་པ་མིན་ངེད་ཀྱི་དགོན་པ་འདིར་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པའི་སྐྱེས་ཆེན་དམ་པ་མང་བོ་བཞུགས་ཡོད་ཀྱང་ཁོང་ཚོ་འཕྲིན་ལས་ལ་གནོད་དོགས་ནས་རེ་ཞིག་སྦས་ཆོས་སུ་མཛད་པ་ཡིན་གསུངས། 

རབ་ཚེས་ས་མོ་གླང་སྤྱི་ལོ་༡༨༨༩ལ་རྙེ་ཐམས་ཅད་མཁྱེན་པ་བློ་བཟང་ཆོས་ཀྱི་ཉི་མས་ཀླུ་ཚང་དགོན་ཕྱག་བཏབ་སྟེ་ངེས་པ་དོན་གྱི་དགེ་བཤེས་ཤིག་དགེ་རྒན་ལ་དགོས་ཚུལ་ཤིང་བཟའ་རིན་པོ་ཆེར་ཡང་ཡང་ཞུས་པས་ཁྱེད་ལ་དགོས་པ་སུ་ཡིན་དྲིས་པར་བྱམས་པ་བཟང་བོ་ཡིན་ཟེར། རྗེ་དེ་བ་ཨ་རིག་དགེ་བཤེས་ཆེན་མོའི་ཐུགས་ཀྱི་སྤྲུལ་བ་ཡིན་པས་ངེད་ཀྱི་དགོན་པ་ལ་དགོས་གལ་ཤིན་ཏུ་ཆེ་ཡང་ཁྱེད་ཀྱི་ངོ་བཟློག་མ་ནུས་ཞེས་ཀླུ་ཚང་དགོན་གྱི་རིགས་ཀྱི་ཅོད་པན་དུ་གནང་། ཀླུ་ཚང་དགོན་དུ་ཕེབས་ནས་བྱང་ཆུབ་སེམས་འབྱུང་གི་གདམས་པའི་གཙོ་བོ་ལམ་རིམ་ཚར་དྲུག་ཅུ་བརྒལ་བ་རེ་ཁྲིད། བདེ་མཆོག་སྤྲུལ་བའི་ལྷ་ཁང་བཞེངས་སར་མི་ངོ་མི་ཤེས་པ་འགའ་རེ་ཡོད་ཅེས་ཉེ་གནས་པས་ཁོང་ལ་ཞུས་པར་ལྟ་རུ་ཕྱིན་པས་ཅི་ཡང་མཐོང་རྒྱུ་མེད་པ་སོགས་ངོ་མཚར་བའི་ལྟས་ཚ་མཚན་པ་འགའ་རེ་བྱུང་། བདེ་མཆོག་སྤྲུལ་བའི་ལྷ་ཁང་རྟེན་དང་བརྟེན་པ་སྟེང་ཁར་བདེ་མཆོག་བློས་བསླངས་དང་བཅས་པ་ལེགས་པར་བཞེངས། 

ཉིན་ཞིག་ཁོང་གིས་ཤིང་སྐམ་གྱིས་གྲུབ་པའི་ཡུ་བ་ཞིག་ས་ལ་བཙུགས་པས་ཁྱེད་ཀྱིས་ཅི་བྱེད་དྲི་བར་སྡོང་བོ་འཛུགས་ཀྱིན་ཡོད་གསུང་། སྐྱེས་ནས་ཞེས་པར། སྐྱེ་བར་ཐལ། སྐྱེས་པ་ཡིན་པའི་ཕྱིར་ཞེས་བདེན་སྟོབས་ཚིག་གིས་རྒྱ་བཏབ་པས་ང་བརྒྱད་ལོ་བར་དུ་སྐྱེས་པའི་གྲུབ་བསིལ་ཅན་གྱི་སྡོང་བོ་ཆེན་པོ་ཞིག་དུ་གྱུར་ཡོད་ཅེས་དེར་བཞུགས་ཀྱི་རྒན་པ་དག་གི་གསུང་སྒྲོས་ལས་དངོས་སུ་ཐོས། མང་རའི་ཐར་ཤུལ་གུར་དགོན་དུ་ཕེབས་ནས་གཞི་གསུམ་གྱི་ཆོ་ག་བཙུགས་ནས་མ་ཉམས་པར་གྱིས་དང་སྐྱེས་པུ་དམ་པ་ཞིག་མགོན་དུ་འབྱོན་ཞེས་ལ་མོ་ཡོངས་འཛིན་རིན་པོ་ཆེ་དགོན་དེའི་བདག་པོར་ལུང་བསྟན། ཨ་ཚོགས་དགོན་དུ་ཡང་ཕེབས་ནས་ཆོ་ག་ཆོས་སྤྱོད་ཕྱག་ལེན་སོགས་ལ་དག་ཐེར་གནང་། 

རབ་ཚེས་ས་མོ་ལུག་སྟེ་སྤྱི་ལོ་༡༩༡༩ལ་རྨ་ཆུའི་བྱང་རྒྱུད་དུ་ཆིབས་ཁ་བསྒྱུར། དཔལ་ཁ་གསེར་གཞུང་བརྒྱུད་ནས་ཆོས་ལུང་སྒྲུབ་ཕུག་ཏུ་སྐུ་མཚམས་ལ་བཞུགས་ནས་ཕྱོགས་སོ་སོར་དགོན་སར་འོས་པ་རེ་རྩད་གཅོད་གནང་བ་དང་བརྟག་པ་བགྱིས་པ་སོགས་ཀྱི་མཐར་མགོན་པོ་ཡིད་བཞིན་གྱི་ནོར་བུས་དགོན་ས་འཚོལ་བའི་གྲོགས་མཛད་དེ་ད་ལྟའི་དགོན་པ་ཆགས་སའི་བྲག་དམར་བཀྲ་ཤིས་ཐང་རིང་ཟེར་བ་འདིར་རབ་ཚེས་ཆུ་ཕག་སྤྱི་ལོ་༡༩༢༣ ཟླ་ ༢ ཚེས་༡༡ ལ་དབུས་གཞུང་ཐར་ཤུལ་དགོན་ཕྱག་བཏབ་སྟེ་མ་དགོན་རྭ་རྒྱའི་ཕྱག་ལེན་ཅི་ལྟ་བ་བཞིན་ཆོས་ཐོག་སོགས་ཀྱི་འདོན་རྟ་དབྱངས་ཐིག་རྡུལ་ཚོན་གཏོར་མ་བཅའ་བཟོ་སོགས་རིམ་པས་བཙུགས། 

ཕྱོགས་སོ་སོའི་སྐལ་ལྡན་གྱི་སྐྱེས་པུ་དམ་པ་མང་བོ་ལ་ཀིརྟི་རིན་པོ་ཆེས་ཁྱེད་ཀྱིས་དབང་གང་གསུང་ཁྲོམ་ཆོས་སུ་གནང་ཆོག་ཅེས་དགོངས་པ་ཁྲོལ་བ་ནང་བཞིན་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་དབང་གི་གཙོའི་དབང་ལུང་མན་ངག་ཁྲིད་རྗེས་གནང་གཞུང་རྩོམ་པ་སོགས་གསུང་རབ་པོ་ཏི་གཉིས་བཅས་བཤད་སྒྲུབ་ཀྱི་བྱ་བ་འཁོར་ལོ་གསུམ་གྱིས་མཚོན་པས་ཡབ་རྗེ་རྒྱལ་བ་གཉིས་པའི་གསེར་སྦྱང་བཙོ་མ་ལྟ་བུའི་རིང་ལུགས་དྲི་མ་མེད་པ་འདི་ཉིད་བདག་གིར་བཞེས་ཏེ་བོད་རབ་བྱུང་བཅུ་དྲུག་པའི་ཆུ་སྤྲེལ་ཟླ་༤ཚེས་༡༥སྤྱི་ལོ་༡༩༣༢ཟླ་༤ཚེས་༡༥ལ་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།