རྗེ་ཞྭ་དམར་རིན་པོ་ཆེའི་སྐུ་ཕྲེང་རིམ་བྱོན་གྱི་རྣམ་པར་ཐར་བ་བརྗོད་པ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2020-05-28 17:55:37     རྩོམ་པ་པོ།   སེང་གཤོང་དགེ་འདུན་འཇིགས་མེད།    ཀློག་ཐེངས།  

གདན་རབས་ཚིགས་བཅད་མ་ལས། 

བྱང་རྒྱུད་འཛིན་མའི་ལྟེ་བར་ནཱ་ལེནྡྲའི། །

དགེ་ལེགས་འབུམ་ཕྲག་ཆགས་པ་ཆོས་ཀྱི་ཞིང་། །

དཔལ་ལྡན་མི་འགྱུར་བཀྲ་ཤིས་ཆོས་སྡིངས་ཀྱི། །

ཐོག་མར་འདེབས་པ་བོ་ནི་འདི་ལྟར་ཏེ། །ཞེས་བྱུང་། 

མདོ་ཁམས་སྨད་ཀྱི་ཡུལ་དེ་ལ་རྨ་ཀླུང་རིང་མོའི་འགྲོས་ཀྱིས་ཕྱེ་བའི་བྱང་རྒྱུད་དུ་གཏོགས་པའི་འཛིན་མའི་དཀྱིལ་འཁོར་གྱི་ལྟེ་བར་ཤར་ཙོང་ཁའི་སྐྱེས་རིའི་ཉེ་འདབས་སུ་དཔལ་ནཱ་ལེནྡྲ་ལྟ་བུའི་སྣོད་བཅུད་ཀྱི་བཀོད་པའི་དགེ་ལེགས་འབུམ་ཕྲག་དཔལ་དུ་ཆགས་པའི་ཆོས་ཀྱི་ཞིང་ཁམས། དཔལ་ལྡན་མི་འགྱུར་བཀྲ་ཤིས་ཆོས་སྡིངས་ཞེས་སྲིད་ན་སྙན་པ་རིང་དུ་སོང་བའི་ཆོས་ཀྱི་སྡེ་ཆེན་པོ་ཐོག་མར་ཕྱག་འདེབས་མཛད་པ་བོ་ནི་འདི་ལྟར་བརྗོད་པར་བྱ་སྟེ། 

གདན་རབས་ཚིགས་བཅད་མ་ལས། 

མ་སྨད་རིགས་བཟང་ཀུན་དགའི་སྐྱེད་ཚལ་དུ། །

ཁམས་གསུམ་འགྲོ་བའི་བསོད་ནམས་ཞིང་གི་མཆོག །

སྐྱབས་གཅིག་མིག་གི་བདུད་རྩིར་ལེགས་འཁྲུངས་ཏེ། །

གོང་མའི་ཡང་སྤྲུལ་ཉིད་དུ་ངོས་འཛིན་མཛད། །ཅེས་བྱུང་། 

འཕགས་མཆོག་འཇིག་རྟེན་དབང་ཕྱུག་མིའི་གར་གྱི་རྣམ་པར་རོལ་པ་༧གོང་ས་རྒྱལ་དབང་བཅུ་གསུམ་པ་ཆེན་པོའི་རིགས་ཀྱི་ཅོད་པན།རང་ཅག་རྣམས་ཀྱི་མེ་ཏོག་ཕོག་པའི་ལྷ་སྐལ་གཅིག་པུ།རྗེ་ཞྭ་དམར་རིན་པོ་ཆེའི་སྐུ་ཕྲེང་བཞི་བ་རྡོ་རྗེ་འཆང་དགེ་འདུན་བསྟན་འཛིན་རྒྱ་མཚོ་དཔལ་བཟང་བོ་མཆོག་ནི།སློབ་དཔོན་ཆེན་པོ་པདྨ་ཀ་རའི་དགོངས་འདུས་གསེར་ཆོས་སུ་གྲགས་པའི་ལུང་བསྟན་ཉི་ཟླའི་འཁོར་ལོ་ལས།བྱང་སེམས་བདུད་རྩི་འཇོ་ནུས་པའི།།ལུང་རིགས་དེད་དཔོན་བླ་མ་འབྱུང་།།དམར་པོ་ཞྭ་མིང་སྐྱེས་བུའང་འབྱུང་།།མདོ་སྔགས་རིས་མེད་སྒྲོན་མེ་བྱེད།།ཅེས་པ་དང་།དེ་སོགས་པད་འབྱུང་ངའི་སྤྲུལ་པ།།སུ་ཡིས་ཚད་བཟུང་ག་ལ་སྲིད།།ཅེས་རྡོ་རྗེའི་ཚིག་གིས་གསལ་བར་ལུང་བསྟན་ཅིང་།ངེས་པའི་དོན་དུ་མགོན་པོ་འོད་མཐའ་ཡས་པ་དང་འཕགས་མཆོག་ཕྱག་ན་པདྨོ་ངུར་སྨྲིག་གི་རྣམ་རོལ་ཏུ་བྱོན་པ་ཡིན་ལ།དྲང་དོན་གདུལ་བྱའི་སྣང་ངོར་ཡང་།མཉམ་མེད་བུ་རམ་ཤིང་བའི་འཁོར་དུ་དགེ་སློང་ཆོས་ཀྱི་བློ་གྲོས། འཕགས་པའི་གནས་བརྟན་བཅུ་དྲུག་གི་ཞབས་འབྲངས་པ་དགེ་བསྙེན་དྷརྨ་ཏཱ་ལ། སངས་རྒྱས་གཉིས་པ་སློབ་དཔོན་དབྱིག་གཉེན། བུ་སྟོན་ཐམས་ཅད་མཁྱེན་པ། ཇོ་ནང་ཀུན་མཁྱེན་ཆེན་པོ། སྒྲུབ་བརྒྱུད་བསྟན་པའི་མངའ་བདག་སྤྱན་སྔ་བ་གྲགས་པ་བྱང་ཆུབ། རྗེའི་དངོས་སློབ་བློ་གྲོས་བརྟན་པ། ཁྱབ་བདག་སྟག་ཕུ་བ་གར་གྱི་དབང་ཕྱུག་སོགས་འཕགས་བོད་ཀྱི་ལྗོངས་སུ་མཁས་གྲུབ་དམ་པ་མཐའ་ཡས་པའི་རྣམ་པར་བྱོན་ཅིང་། ཁྱད་པར་དུ་ཡོངས་སུ་གྲགས་པའི་ཞྭ་དམར་སྐུ་ཕྲེང་ཐོག་མ་རབ་འབྱམས་གཞུང་བརྒྱ་སྨྲ་བའི་དབང་ཕྱུག་རྗེ་ངག་དབང་འཕྲིན་ལས་ནི། རབ་བྱུང་བཅུ་གཅིག་པའི་ལྕགས་གླང་སྤྱི་ལོ་༡༦༦༡ལོར་འབལ་གཞུང་དུ། ཞྭ་དམར་ཀརྨ་སྐྱབས་ཟེར་བའི་སྲས་སུ་འཁྲུངས། དགུང་ལོ་གཞོན་ནུའི་དུས་སུ་དབུས་འགྱུར་ཆོས་ཀྱི་སྐྱེད་ཚལ་དུ་བྱོན་ཏེ་དཔལ་ལྡན་འབྲས་སྤུངས་ཀྱི་གྲྭ་ཚང་བཞིའི་ཡ་གྱལ་བཀྲ་ཤིས་སྒོ་མང་གི་ཆོས་གྲྭར། བསྡུས་གྲྭ། རྣམ་འགྲེལ། དབུ་ཕར་འདུལ་མཛོད་སོགས་གཞུང་ལུགས་ཆེན་པོ་རྣམས་ལ་ཞིབ་པར་སྦྱངས་པས་རིགས་པ་སྨྲ་བའི་ཡང་རྩེར་སོན། ཀུན་གཟིགས་ལྔ་བ་ཆེན་པོ་ལས་བསྙེན་པར་རྫོགས་ཤིང་མཁས་པ་དང་གྲུབ་པའི་སྐྱེས་ཆེན་དུ་མའི་དྲུང་ནས་དབང་ཁྲིད་མན་ངག་གི་རྒྱུན་མཐའ་ཡས་པ་གསན། ལྷ་ལྡན་སྨོན་ལམ་གྱི་དམ་བཅའ་གྲུབ་རྗེས། རྒྱུད་སྨད་དུ་ཡུན་རིང་འགྲིམ། དུས་དེར་སེ་འབྲས་དགེ་གསུམ་རྒྱུད་གྲྭ་སྟོད་སྨད་རྭ་སྟོད་བཅས་ཀྱི་མཁས་མང་རྒྱ་མཚོ་ལྟ་བུའི་ཁྲོད་ན་རྗེ་འདིའི་རྩོད་ཟླ་ཕེར་བ་དཀའ་བར་གླེང་། ལཱ་མོའི་དཔོན་སློབ་ངག་དབང་བློ་བཟང་བཀྲ་ཤིས་དང་ལྷན་ཅིག་མདོ་སྨད་དུ་བྱོན་ནས་ཀྱང་དགེ་བཤེས་ང་མཁས་ཟེར་བ་མང་བོ་ལུང་རིགས་ཀྱིས་ཚར་བཅད་པའི་སྙན་གྲགས་ཆེ། ལཱ་མོའི་གདན་ས་ཆེན་པོ་གསར་འདེབས་མཛད་དེ་བཀའ་པོད་ལྔའི་འཆད་ཉན་གསར་དུ་བཙུགས་སྐབས་དཔོན་སློབ་ཆེན་མོའི་ཕྱགས་ཕྱིར་བྱོན་པའི་དགེ་བཤེས་ཤིན་ཏུ་མང་ཡང་རྗེ་འདི་ཉིད་སྲས་ཀྱི་ཐུ་བོར་གྱུར་པས། བློ་གསལ་རྣམས་ལ་གཞུང་སོ་སོའི་མཛུབ་ཁྲིད་དང་ཆོས་གྲྭར་ལུང་རིགས་ཀྱིས་བརྡར་ཤ་གཅོད་ཚུལ་ཞིབ་པར་སློབ་པ་གནང་། ཁྱད་པར་ཀུན་མཁྱེན་འཇམ་དབྱངས་བཞད་པ་བདེ་ཆེན་ཆོས་གླིང་དུ་ཕེབས་སྐབས་སྟོན་ཆེན་དང་བོའི་བཞུགས་གྲལ་དུ་སྨྲ་བའི་ཁྱུ་མཆོག་བཀའ་བཅུ་བ་བསེ་ངག་དབང་བཀྲ་ཤིས་པ་དང་མཉམ་དུ་ཚོགས་གླེང་མཛད་པས་ཕྱོགས་གླང་དང་ཆོས་གྲགས་གཉིས་དམ་པའི་ཆོས་ཀྱི་བརྒལ་བརྟག་ལ་གདན་འཛོམས་པ་ལྟ་བུར་གྱུར། བསེ་ཚང་གིས་ཡིག་ཆ་གསར་བའི་ཁས་ལེན་བསྐྱར་བས་རྟོག་གེ་མགོ་མཁྲེགས་ཀྱི་སྤྱི་ལུགས་ཀྱིས་དེ་ལྟར་ན་རྩོམ་པ་བོ་དང་རྩོད་པ་བོ་གཉིས་ཀ་ལ་འཁོར་གསུམ་བྱས་པས། བསེ་ཚང་ཐུགས་འཇིགས་ཉམས་ལྟ་བུས་ཁྱོད་དཀོར་གྱིས་ཚོས་འདུག་ཞུས། དེ་ཀ་རང་། ང་ཚིག་ཟིན་དང་། ཁྱོད་འཚིག་དགོས་ཡིན་པའི་ཕྱིར་གསུངས། ཁོང་བ་ཕྱིས་སུ་བཀྲ་ཤིས་འཁྱིལ་གྱི་ཁྲི་མཛད། གདུལ་བྱ་རྒྱས་པས་ད་ངག་དབང་འཕྲིན་ལས་ཀྱི་ལུང་བསྟན་ཐོག་ལ་བབས་སོང་ཞེས་ཐུགས་སྐྱོ་ཉམས་མཛད་པར་གྲགས་སོ། །དགུང་ལོ་ང་བཞི་བ་ཤིང་རྟ་སྤྱི་ལོ་༡༧༡༤ལོར་གདན་ས་ཆེན་པོའི་མཁན་ཁྲིར་ཕེབས། དེ་ནས་བཟུང་མེ་རྟའི་བར་ལོ་བཅུ་གསུམ་གྱི་རིང་འཆད་ཉན་གྱི་རྒྱལ་མཚན་བསྒྲེངས་པས་འདི་དུས་དགེ་བཤེས་ཤིན་ཏུ་ཐོན་ཆེ་བར་གླེང་། 

སྐུ་ཕྲེང་གཉིས་པ་གྲུབ་པའི་དབང་ཕྱུག་རྗེ་ངག་དབང་འཕྲིན་ལས་དཔལ་བཟང་ནི་རབ་བྱུང་བཅུ་གཉིས་པའི་མཇུག་གི་ལོ་ཚིགས་གང་རུང་ལ་འབལ་དུ་རྒྱ་སྐོར་གྱི་རིགས་སུ་འཁྲུངས། དགུང་ལོ་གཞོན་དུས་ཁྲི་སྤྲུལ་བློ་བཟང་བསྟན་པའི་ཉི་མ་དང་། བཀའ་བཅུ་སྨོན་ལམ་དཔལ་འབྱོར་སོགས་ཡོངས་འཛིན་མཁས་པ་དུ་མའི་དྲུང་ནས་མདོ་སྔགས་ཀྱི་ཟབ་ཆོས་མང་ཙམ་གསན་པར་མངོན། སེང་གདོང་དུང་ཕྱུར་དང་། ནཱ་རོ་མཁའ་སྤྱོད་མའི་སྔགས་དུང་ཕྱུར་ཞལ་འདོན་མཛད་པར་གསུངས། གཞན་ཕན་རླབས་ཆེ་བས་དད་འབུལ་རྣམས་ཆུད་མི་ཟ་བའི་ཕྱིར་འབལ་གཞུང་དུ་སྒྲུབ་པའི་སྡེ་ཞིག་གསར་འདེབས་མཛད་ཅིང་གཙུག་ལག་ཁང་རྟེན་བརྟེན་པ་མང་པོ་གསར་བཞེངས་དང་ཆོས་སྤྱོད་ཉམས་བཞེས་ཀྱི་རྒྱུན་བཙུགས་ཏེ་ཆོས་སྲིད་ཀྱིས་བསྐྱངས་པའི་དགེ་འདུན་པ་བརྒྱ་ཕྲག་ལྷག་འདུས་པར་གྲགས་པ་རྗེས་སོར་དུས་ཀྱི་འཕོ་འགྱུར་གྱིས་ཡུན་རིང་དུ་མ་གནས། འབལ་གཞུང་དུ་དགོན་ཤུལ་ད་ལྟ་ཡོད་པ་ལ་དཔགས་ན་འཕྲིན་ལས་རྒྱས་ཡོད་པར་མངོན་ནོ། །ཞྭ་དམར་ཁྱུང་རྩེ་མཚམས་ཁང་ད་ལྟའང་འབལ་གཞུང་དུ་མཇལ་རྒྱུ་ཡོད་དོ། །

སྐུ་ཕྲེང་གསུམ་པ་མཁས་རྒུའི་གཙུག་རྒྱན་རྗེ་ངག་དབང་བསྟན་འཛིན་རྒྱ་མཚོ་ནི་ཡབ་ཞྭ་དམར་ཡི་དམ་དང་ཡུམ་དཀར་མོ་སྐྱིད་ཟེར་བ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་པའི་ཐོག་མ་མེ་ཡོས་སྤྱི་ལོ་༡༨༠༧ལོར་སྐུ་འཁྲུངས། དོགས་གནས་འགའ་དང་བཅས་གུང་ཐང་འཇམ་པའི་དབྱངས་བསྟན་པའི་སྒྲོན་མེའི་མདུན་དུ་ཐུགས་བརྟག་ཞུས་པར་འདི་ཀ་ངོ་མཐོ་བའི་གསལ་ཆ་གནང་། མར་ཁའི་དཔོན་སློབ་རིན་པོ་ཆེ་ངག་དབང་བསྟན་འཛིན་པའི་དྲུང་ནས་རབ་ཏུ་བྱུང་སྟེ། མཚན་ངག་དབང་བསྟན་འཛིན་རྒྱ་མཚོར་གསོལ། རང་དགོན་གྱི་ཆོས་གྲྭར་བསྡུས་གྲྭ་ནས་སློབ་གཉེར་ལ་བརྩོན་པ་ཤུགས་དྲག་མཛད། དགུང་ལོ་ཉི་ཤུའི་དུས་གཡོན་རུ་དཔོན་སློབ་ངག་དབང་སྙན་གྲགས་ལས་བསྙེན་པར་རྫོགས་ཤིང་དེ་ཉིད་ལས་སུམ་རྟགས། སྙན་ངག དབྱངས་ཅན་སྒྲ་མདོ། སྡེབ་སྦྱོར། རྩིས་དཀར་ནག་སོགས་ཐ་སྙད་རིག་གནས་ཕལ་མོ་ཆེར་སྦྱངས་པས་མཁས་པའི་ཕུལ་དུ་ཕྱིན། རྔ་སྒར་བྱང་ཆུབ་གླིང་དང་ཨོ་བསྭོ་དགོན་གྱི་ཁྲི་བའང་མཛད། 

ཕྱིས་སུ་གོང་ས་ཞབས་དྲུང་རིན་པོ་ཆེ་ནས་གདན་ས་ཆེན་པོའི་མཁན་ཁྲི་འགའ་རེ་མཐར་མ་ཕྱིན་སྟབས་ཁྲི་གེགས་འདུལ་ཕྱིར་རྗེ་ཉིད་ཅིས་ཀྱང་མཁན་ཁྲིར་བཞུགས་དགོས་ཚུལ་གྱི་བཀའ་གསུང་ཕེབས་པས།དགུང་ལོ་ཉེར་ལྔ་བ་ལ་གདན་ཁྲིར་བཞུགས་ཏེ་ལོ་གསུམ་གྱི་རིང་འཆད་ཉན་གྱིས་བསྐྱངས་ཤིང་།དེ་ནས་བཟུང་ཁྲི་བ་རྣམས་ཀྱང་སྐུ་ཚེ་བརྟན་པ་བྱུང་ངོ་།།རྗེ་གསེར་ཁང་བ་ཆེན་པོའི་མདུན་ནས་གང་གི་རྣམ་ཐར་བཞིན་ཀུན་སྤངས་མཛད་རྒྱུའི་སྐྱབས་འཇུག་ཞུས་ནས་ཁོང་གི་ཕྱགས་ཕྱིར་ཕྱོགས་ཡས་མས་སུ་ཕེབས་པ་དང་།དབེན་པའི་རི་སུལ་དུ་མར་ཡང་དག་པའི་ཉམས་བཞེས་གནད་དུ་སྨིན་པ་གནང་།རི་ཁྲོད་དུ་ཕེབས་པ་ནས་སྔ་མོར་ཐུན་ལ་བཞུགས་པ་དང་།ཉི་ཤར་ཙམ་ལ་བརྒྱ་རྩ།སྨན་བླ།སྤྱོད་འཇུག་གསུང་བཞིན་ཏིང་ཕོར་སྟོང་ཕྲག་ཏུ་ཡོན་ཆབ་འབུལ་ཞིང་བརྐྱངས་ཕྱག་མང་པོ་གནང་།སྔ་དྲོར་དཔེ་གཟིགས་དང་།གུང་ཚིགས་དུས་ཆོས་གོས་བསྣམས་ནས་རྟེན་འབྲེལ་བསྟོད་པ་དཀོན་མཆོག་རྗེས་དྲན་མཇུག་ཏུ་ཟས་བསྔོ་ཡོན་སྦྱོང་བཅས་མཛད།སླར་སྨན་ཐུང་སྒོས་ཡོན་ཆབ་སྟོང་འབུལ་དང་བསྟོད་སྤྲིན་རྒྱ་མཚོ་གསུང་བཞིན་འཇམ་དབྱངས་ཀྱི་སྐུ་བརྙན་བརྒྱ་ཕྲག་རེ་པར་འདེབས་པ་གནང་རྗེས་ལམ་རིམ་དང་སྔགས་རིམ་ཤོག་གྲངས་ཉི་ཤུ་རེ་གསུངས།དེ་ནས་དཔེ་གཟིགས་དགུང་ཇའི་འཕྲོར་མཁའ་སྤྱོད་མའི་ཆོ་གའི་སྒོས་ཨོཾ་གསུམ་མའི་བཟླས་པ་མང་ཙམ་གནང་ཞིང་ནམ་གྱི་ཆ་སྟོད་སྨད་ལ་ཉམས་ལེན་གྱིས་དུས་འདའ་བར་མཛད་དོ།།ལམ་རིམ་ཆེན་མོ། སྔགས་རིམ་ཆེན་མོ། ལེགས་བཤད་སྙིང་བོ། བྱམས་ཆོས་སྡེ་ལྔ། སྤྱོད་འཇུག་ཆེན་མོ་སོགས་གཞུང་ཆེན་དུ་མ་ཐུགས་ལ་བཞུགས་ཤིང་རྒྱུན་པར་སྐྱོར་སྦྱང་གནང་། ཟལ་མོ་དགོན་དུ་བཞུགས་དུས་ཡབ་རྗེ་གསེར་ཁང་བས་བཀའ་ཆོས་གནང་སྐབས་སུ་རྗེ་འདི་ལ་སྐུ་གསུང་ཐུགས་རྟེན་སོགས་དངོས་འབུལ་བཅས། ཕྱིན་ཆད་རི་ཁྲོད་སྐྱབས་འཇུག་ཞུ་ནའང་ཞྭ་དམར་ཚང་དང་སྐུ་མཆེད་རྣམ་པ་གཉིས་ལ་ཞུས། ལམ་ཁྲིད་སོགས་བཀའ་ཆོས་རེ་གནང་ནས་བསྟན་འགྲོར་གང་ཕན་རེ་མཛད་དགོས། ངས་ཁྱེད་ལ་གཏད་པ་ཡིན་ཞེས་ཁོང་གི་རྒྱལ་ཚབ་ཏུ་དབང་བསྐུར་བའི་ཞལ་གསུང་ཡང་གནང་ངོ་། །

དགུང་ལོ་སོ་བརྒྱད་པ་ཤིང་འབྲུག་སྤྱི་ལོ་༡༨༤༤ལོའི་སྟོན་རི་བོ་རྩེ་ལྔར་ཆས་ཏེ་སོག་ཡུལ་ཨོ་ཐོག་པེ་ལིའི་སར་འབྱོར།ཤི་ནི་ཇོའི་དགོན་དུ་མྱུར་ལམ་གྱི་ཁྲིད་ཉིན་བཅོ་ལྔར་གནང་།རྩེ་ལྔར་ཕེབས་འཕྲལ་སྐུ་མཚམས་གནང་བ་དབྱར་སྐུ་མཚམས་གྲོལ་ཏེ་གནས་མཇལ་མཛད་སྐབས་ཆིས་ཉན་ཏུང་ཟེར་བའི་སྒྲོལ་མའི་ལྷ་ཁང་དང་། པི་པོ་ཐར་ཟེར་བའི་འོད་དཔག་མེད་ཀྱི་ལྷ་ཁང་ཉིན་ལམ་དྲུག་བདུན་གྱི་ས་ན་ཡོད་པ་དང་།ཕ་དམ་པས་རྒྱ་གར་ནས་གདན་དྲངས་པའི་རྣམ་རྒྱལ་མའི་གཟུངས་ཀྱི་རྡོ་ཡིག་ཕུ་ཟུན་ཏེན་གྱི་ནུབ་ཕྱོགས་སུ་སའི་འོག་ཏུ་ནུབ་འདུག་པ་རྣམས་རྒྱའི་ཡིག་ཚང་ལས་མཁྱེན་ནས་རྩད་བཅད་ཅིང་ངོས་འཛིན་མཛད་དེ་མཇལ་བའི་སྲོལ་བཏོད།དེ་དག་ལ་སོགས་པའི་སྔར་རྒྱུས་མེད་པའི་རྟེན་མང་བོ་ངོས་འཛིན་གནང་།པེ་ཅིན་དུ་ཕེབས་ཏེ་ཙན་དན་ཇོ་བོར་མཇལ་ཞིང་མཆོད་རྫས་དུ་མས་ཉིན་མང་བོར་མཆོད་འབུལ་ངང་ཐུགས་སྨོན་རྒྱ་ཆེན་པོ་གནང་།ཞལ་ནས་ལྟད་མོ་གཞན་ཡོད་སར་ང་མི་འགྲོ་ཡང་སྒྱུ་མ་མཁན་ཡོད་སར་ང་འགྲོ་རྒྱུ་ཡིན།དེ་སྟོང་ཉིད་ཀྱི་ལྟ་བ་ལ་གསོས་འདེབས་བྱེད་ཀྱི་བློ་སྦྱོང་ཡག་པོ་ཞིག་རེད་གསུངས།ཨ་ལགས་ཇ་སགཆེན་པོ་ཁྲིན་ཝང་།སྟོང་སྐོར་ཧུ་ཐོག་ཐུ།གཞན་ཝང་པེ་ལི་པེ་སི་གུང་ཇ་སག་སོགས་དྲེགས་ལྡན་དུ་མས་གཙུག་ཏུ་བཀུར་ཞིང་འདོད་ཆོས་དུ་མ་ཞུས་པ་རྣམས་སོ་སོའི་འདུན་པ་བཞིན་གནང་། མི་ཆེན་སོ་སོས་རང་རང་གི་ཡུལ་དུ་གདན་འདྲེན་པ་དང་། ཕྱི་ལོག་ནང་ལོག་གར་བཞུགས་ཀྱང་གཟིམ་ཁང་འབུབ་རྒྱུ་སོགས་ཡུན་རིང་བཞུགས་དགོས་ཚུལ་ཅི་ཙམ་ཞུས་ཀྱང་ཞལ་བཞེས་ཡེ་མ་གནང་བས། ཆེན་པོ་དེ་དག་གྲོས་མཐུན་པར་ཁོང་བཞུགས་ཐབས་སུ་གོང་མ་ཆེན་པོར་ཞུ་བ་ཕུལ་ནས། དབུ་བླའི་ཐོབ་བསྩལ་ཏེ་བཞུགས་དགོས་ཀྱི་བཀའ་གནང་རྒྱུ་ཡིན་ཚུལ་གྱི་འཕྲོས་ངེས་འདྲོངས་གསན་འཕྲལ། ང་རི་ཁྲོད་པ་ཞིག་གིས་དེ་འདྲ་ཞིག་བྱས་ཚེ་ངེས་པར་ཞབས་འདྲེན་ཡིན་གསུངས་ཤིང་བྲོས་སྟབས་ཀྱིས་རྒྱ་ཚུགས་བརྒྱུད་དེ་མགར་ཐང་དུ་བྱོན། མི་ཉག་དགེ་བཤེས་ཆེན་པོ་ཚུལ་ཁྲིམས་རྣམ་རྒྱལ་བའི་དྲུང་དུ་གཞུང་ཆེན་དུ་མའི་གཟབ་བཤད་མང་ཙམ་གསན། ལམ་རིམ་སྐོར་ལ་ཁྱེད་ཀྱི་གོ་བ་ལས་ལྷག་ང་ལ་བཤད་རྒྱུ་མེད་གསུངས་ཤིང་ཐུགས་ཤིན་ཏུ་དགྱེས་ཏེ། ང་མི་རྒན་ས་མཐའ་འཁོབ་ཅིག་ཏུ་ཨ་མདོ་སྤྲུལ་སྐུ་ལྟ་བུའི་མཁས་པའི་དབང་ཕྱུག་ཆེན་པོ་ཞིག་དང་འཕྲད་སྙམ་པ་མེད། ངའི་དགེ་ཕྲུག་དགའ་ལྡན་ཐེ་བོ་སྤྲུལ་སྐུ་ཡང་སེ་འབྲས་དགེ་གསུམ་གྱི་མཁས་པའི་མཆོག་ཏུ་གྱུར་པ་ཤེས་རབ་ཆེན་པོ་དང་ལྡན་པ་ཡིན་ཀྱང་ཨ་མདོ་སྤྲུལ་སྐུ་ལྟ་བུའི་གཞུང་དོན་ལ་འཇུག་པའི་ཤེས་རབ་ཟབ་པ་མེད། ད་ངའི་བསམ་དོན་འགྲུབ་པ་ཡིན། ང་ལ་ཡང་ཆོས་འབྲེལ་ཞིག་གནང་དགོས་གསུངས་ནས་ཚུར་ལ་ཆོས་འབྲེལ་ཞུས། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་འདས་ཚུན་ལ་དབུས་གཙང་གི་ལམ་ཁྲིད་ཀྱི་རྒྱུན་ཉམས་འདུག་པ་གསོ་ཨེ་ཐུབ་ཐུགས་ལ་ཟུངས། ཞེས་སོགས་བསླབ་སྟོན་ཀྱང་བསྩལ། འདི་དུས་རང་དགོན་ནས་མཚོ་ཁ་རབ་འབྱམས་པ་སོགས་སླེབས། དབུས་ཕེབས་བཤོལ་ཏེ་ཅིས་ཀྱང་རང་ཡུལ་དུ་ཕེབས་དགོས་ཞེས་ཨུ་ཚུགས་བྱས་ཀྱང་བཤོལ་མ་ཐེབས་པར། ཁྱིའི་ལོར་ཅིས་ཀྱང་རང་དགོན་དུ་སླེབས་པ་བྱེད་ཅེས་དགོངས་གཞི་ཅན་གྱི་ཞལ་བཞེས་གནང་། དེ་ནས་འགའ་དྭགས། ལི་ཐང་། འབའ་ཆོས་རྗེའི་དགོན། ཆབ་མདོ་སོགས་བརྒྱུད་དེ་ཁྱུང་བོ་གཅམ་མདའ་ཟམ་ཁར་ཕེབས། དེ་སྔོན་ལྔ་བའི་ཉི་ཤུ་ནས་སྐུ་ཅུང་མི་བདེ་ཚུལ་མཛད་པ་འདི་དུས་བབས་ཇེ་ལྕིར་སོང་སྟབས། རྒྱ་ཤོད་བན་སྒར་དུ་ཉིན་ལམ་བདུན་ཡོད་པས་ཅིས་ཀྱང་སླེབས་པ་བྱེད་དགོས་གསུངས་ཏེ། དགུང་ལོ་ཞེ་གསུམ་པ་ས་བྱ་སྤྱི་ལོ་༡༨༤༩ལོའི་ཟླ་བ་བཅུ་བའི་ཚེས་ལྔ་ལ་ཕྱགས་བཏེགས། ཚེས་བརྒྱད་ཀྱི་ཉིན་ཞམ་རིང་བ་ཚོས་ནན་ཞུས་བགྱིས་ཏེ་ནགས་གསེབ་ཅིག་ཏུ་ངལ་བསོས་པར་དགོང་མོར་ཞམ་རིང་བ་རྣམས་སྐུ་མདུན་དུ་བསྡུས་ཏེ། ཁྱེད་རྣམས་ཀྱིས་ཀྱང་རང་ཚོད་ཀྱི་ལམ་རིམ་ལ་བག་ཆགས་རེ་འཇོག་ཨེ་ཐུབ་ལྟོས། རྗེའི་ལམ་རིམ་ཆེན་མོ་ལ་བློ་རབ་འབྲིང་ཐ་མ་གང་གིས་བལྟས་ཀྱང་བློ་དང་འཚམ་པའི་གོ་རྒྱུ་རེ་ཡོད་ཅིང་ཉམས་ལེན་བྱེད་ནའང་རང་རང་ཚོད་ཀྱི་བག་ཆགས་འཇོག་ཚུལ་ཡོད་པ་དེའི་ཁྱད་ཆོས་ཡིན། ངས་ཀྱང་ལམ་རིམ་ལ་བག་ཆགས་བཟང་བོ་ཞིག་འཇོག་ཁུལ་བྱས་པ་ཡིན། ལམ་རིམ་ཉམས་སུ་ལེན་ཚུལ་གང་ཡིན་ཞེ་ན། དེ་ལ་གཉིས། ལམ་གྱི་རྩ་བ་བཤེས་གཉེན་བསྟེན་པའི་ཚུལ་དང་། བསྟེན་ནས་བློ་ཇི་ལྟར་སྦྱངས་པའི་རིམ་པའོ། །ཞེས་ས་བཅད་བཀྲམ་སྟེ་སྦྱོར་བས་བསྟེན་ཚུལ་བར་གསུངས་ཤིང་མཇུག་ཏུ་གནས་བཅུའི་དབུ་བསྐུལ་ཏེ་ཐམས་ཅད་ཀྱིས་གསུངས། བཅུ་གཅིག་གི་ཉིན་རྒྱ་ཤོད་བན་སྒར་དང་ཉེ་བར་སླེབས། ཞལ་གསུང་མི་གནང་ཡང་གློ་གཡས་པ་ཕབ་སྟེ་སེངྒེའི་ཉལ་སྟངས་ཀྱིས་བཞུགས་ཤིང་། སྡོང་བོ་བཀོད་པ་ལས་གསུངས་པའི། དགེ་བའི་བཤེས་གཉེན་རྣམས་ནི་བདག་ངན་སོང་ཐམས་ཅད་ལས་སྐྱོབ་པའོ། །ཞེས་སོགས་གསུང་བཞིན་ཞལ་དབུགས་ཀྱི་རྒྱུ་བ་མི་མངོན་པར་གྱུར་ཏེ་མྱ་ངན་ལས་འདས། སྐུ་གདུང་རིན་པོ་ཆེ་རྒྱ་ཤོད་བན་སྒར་དུ་གདན་དྲངས། སྟག་ཕུ་སྤྲུལ་པའི་སྐུ་ནས་ཐུགས་དམ་གསལ་འདེབས་གནང་ཞིང་སྤྲུལ་སྐུ་མྱུར་འབྱོན་ཞིག་ཀྱང་ལྗགས་རྩོམ་མཛད། དགོན་དེ་ཀའི་གྲྭ་བ་རྣམས་ནས་ཉེར་ལྔའི་བར་གདུང་མདུན་དུ་གསང་བདེ་འཇིགས་གསུམ་ཀུན་རིག་སོགས་ཀྱི་བདག་འཇུག་བཞེས། ཞག་བདུན་ནས་ཐུགས་དམ་གྲོལ་རྟགས་བྱུང་ཞིང་དྲོད་ཀྱང་ཡལ། ཉེར་ལྔའི་ཉིན་ཞུགས་མཆོད་ཕུལ་ཞིང་གདུང་རུས་རྣམས་དབུས་སུ་ཞུས་ཏེ་གསེར་ཟངས་ལས་གྲུབ་པའི་བྱང་ཆུབ་མཆོད་རྟེན་ཁྲུ་དོ་བ་ཕྲ་རྒྱན་གྱིས་སྤྲས་པ་བཞེངས་པའི་གཟུངས་སུ་ཕུལ་པ། དགེ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ཀླུ་འབུམ་ཁམས་ཚན་གྱི་ཚོམས་སུ་བཞུགས་སོ། །

༈ ཀླུ་རྒྱལ་ནག་པོ་ཆེན་པོའི་འཕྲིན་བཅོལ་བཞུགས་སོ། །

ན་མོ་མཉྫུ་གྷོ་ཥཱ་ཡ།ངེས་པའི་དོན་དུ་འཇམ་པའི་རྡོ་རྗེ་དང་།།མཁའ་ལ་མཁའ་བཞིན་དབྱེ་བ་མི་དམིགས་ཀྱང་།།མིག་འཕྲུལ་ཆུ་ཟླའི་རོལ་པ་ཇི་བཞིན་དུ།།གཉིས་མེད་གཉིས་སུ་ཤར་བའི་བཀའ་སྡོད་མཆོག།ཀླུ་རྒྱལ་ཆེན་པོ་འཁོར་དང་བཅས་རྣམས་ལ།།རྩེ་གཅིག་དད་པའི་གདུང་ཤུགས་དྲག་པོ་ཡིས།།ཡིད་ལ་བརྣག་པའི་དོན་ཀུན་གསོལ་བྱེད་ན།།འདོད་པའི་རེ་བ་འབྲས་བུ་མཆིས་པར་མཛོད།།སྐྱེ་དགུ་ཕན་བདེ་འབྱུང་གནས་རྒྱལ་བའི་བསྟན།།དེ་ཡི་ཡང་སྙིང་རྒྱལ་བ་གཉིས་པའི་ལུགས།།འཁྲུལ་བྲལ་མདོ་སྔགས་བཤད་སྒྲུབ་བསྟན་པའི་སྲོལ།།ཕྱོགས་ཀུན་དར་ཞིང་རྒྱས་པའི་འཕྲིན་ལས་མཛོད།།བསྟན་འཛིན་མཐའ་དག་ཞབས་པད་བསྐལ་བརྒྱར་བརྟན།།འཕྲིན་ལས་དཔག་བསམ་ཤིང་ལྟར་རྒྱས་པ་དང་།།དགེ་འདུན་སྡེ་རྣམས་ཐུགས་མཐུན་ཁྲིམས་གཙང་ཞིང་།།བཤད་སྒྲུབ་ཐོས་བསམ་འཕེལ་བའི་འཕྲིན་ལས་མཛོད།།གནམ་བསྐོས་འཇམ་དབྱངས་གོང་མ་ཆེན་པོ་ཡི།།ཆོས་སྲིད་མངའ་ཐང་དགུང་ལ་རེག་པ་དང་།།ཆབ་འབངས་མཐའ་དག་དགེ་བཅུ་དཀར་ཁྲིམས་ཀྱིས།།རྟག་ཏུ་བདེ་བར་འཚོ་བའི་འཕྲིན་ལས་མཛོད།།ཁྱད་པར་བདག་སོགས་འཁོར་བཅས་ཐམས་ཅད་ལ།།རྗེས་སུ་འཛིན་པའི་ཉིན་མཚན་དུས་དྲུག་ཏུ།།ཡེ་ཤེས་སྤྱན་གྱིས་བྱ་ར་མ་གཡེལ་བར།།རྣམ་ཀུན་བུ་བཞིན་སྐྱོང་བའི་འཕྲིན་ལས་མཛོད།།སྔོན་ལས་འཕྲལ་རྐྱེན་ངན་པས་བྱེད་པ་ཡི།།མི་ཕྱུགས་ནད་རིམས་འཐབ་རྩོད་འཁྲུག་ལོང་སོགས།།མི་འདོད་ཉེར་འཚེའི་མིང་ཡང་མི་འབྱུང་བར།།བདེ་སྐྱིད་དཔལ་ལ་རོལ་བའི་འཕྲིན་ལས་མཛོད།།ཚེ་དང་བསོད་ནམས་དཔལ་དང་འབྱོར་བ་དང་།།མངའ་ཐང་སྙན་གྲགས་གཟི་བརྗིད་ལ་སོགས་པའི།།ལེགས་པའི་ཚོགས་ཀྱི་ཡོན་ཏན་མ་ལུས་པ།།ཡར་ངོའི་ཟླ་ལྟར་རྒྱས་པའི་འཕྲིན་ལས་མཛོད།།ཡངས་པའི་རྒྱལ་ཁམས་སྤྱི་དང་ཡུལ་ཕྱོགས་འདིར།།ཆར་ཆུ་དུས་འབབ་རྩི་ཤིང་ལོ་ཏོག་སྨིན།།ཟས་ནོར་ལོངས་སྤྱོད་ཕྱུགས་ཀྱི་འཕེལ་ཁ་སོགས།།རྫོགས་ལྡན་དུས་བཞིན་འཕེལ་བའི་འཕྲིན་ལས་མཛོད།།སྐྱེས་བུ་མཐའ་དག་བསམ་ངན་སྦྱོར་རྩུབ་དང་།།བྲལ་ནས་རྟག་ཏུ་བློ་མཐུན་དགེ་ལེགས་སྤྱོད།།ཉིན་མཚན་བདེ་སྐྱིད་དཔལ་གྱིས་འདའ་བ་སོགས།།བཀྲ་ཤིས་རྒྱ་མཚོས་ཕྱོགས་ཀུན་ཁྱབ་པར་མཛོད།ཅེས་རྗེ་བཙུན་འཇམ་པའི་དབྱངས་ཀྱི་བཀའ་སྡོད་ཀླུ་རྒྱལ་ཆེན་པོའི་འཕྲིན་བཅོལ་འདི་ནི།ཀླུ་རྒྱལ་ལྷ་ཁང་གི་གནས་འཛིན་ཧྭ་ཤང་གིས་ལྷ་རྫས་བཅས་བསྐུལ་བ་ལྟར།ཞྭ་དམར་བྱ་བྲལ་བས་སངས་རྒྱས་རབ་བདུན་གྱི་ལྷ་ཁང་དུ་སྦྱར་བའོ།།པར་འདི་རི་བོ་རྩེ་ལྔའི་འཇམ་དབྱངས་ཆོས་འཁོར་གླིང་དུ་བཞུགས།དགེའོ།

གསུང་འདི་ནི་སྤྱི་ལོ་༢༠༡༣ལོའི་ཟླ་བདུན་པའི་ཚེས་མགོ་ནས་ཕྲན་གྱིས་རི་བོ་རྩེ་ལྔའི་རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་སྒྲུབ་ཕུག་དགོན་པ་(观音洞)དེར་རྗེ་བཙུན་འཇམ་དབྱངས་ཀྱི་བསྙེན་མཚམས་ལ་གནས་པའི་སྐབས་སུ་ལག་ཏུ་ཆུད་པས་འདི་བའི་གསུང་ཡིན་ནམ་སྙམ་ནས་འདིར་བཀོད་པའོ།

སྐུ་ཕྲེང་བཞི་བ་རྡོ་རྗེ་འཆང་དགེ་འདུན་བསྟན་འཛིན་རྒྱ་མཚོ་དཔལ་བཟང་བོ་དང་།སྐུ་ཕྲེང་ལྔ་བ་བློ་བཟང་བཤད་སྒྲུབ་བསྟན་འཛིན་རྒྱ་མཚོ།སྐུ་ཕྲེང་དྲུག་པ་བློ་བཟང་འཇིགས་མེད་བསྟན་འཛིན་རྒྱ་མཚོ། སྐུ་ཕྲེང་བདུན་པ་ད་ལྟའི་མཆོག་སྤྲུལ་དམ་པ་བསྟན་འཛིན་དགེ་འདུན་ཕུལ་བྱུང་རྒྱ་མཚོ་ཡིན་ལ་འདི་རྣམས་ཀྱི་རྣམ་པར་ཐར་བ་འཆད་པར་འགྱུར་རོ། །

  སྐུ་ཕྲེང་བཞི་བ་ཡབ་རྗེ་བླ་མ་ཡོངས་འཛིན་ནོ་མོན་ཧན་ཞྭ་དམར་རྡོ་རྗེ་འཆང་གང་ཉིད་སྐུ་བལྟམས་པའི་ཡུལ་ནི།ཆུ་གཏེར་ཆེན་པོ་ཁྲི་གཤོག་རྒྱལ་མོའི་ཉེ་འགྲམ།རྒྱལ་དབང་བསོད་ནམས་རྒྱ་མཚོས་སོག་པོ་རྣམས་མི་ཤི་ན་ཕྱུགས་མང་བོ་གསོད་དགོས་པའི་སྲོལ་ངན་ལས་བཟློག་པར་མཛད་པས་དཀར་ཐང་མར་ཁུའི་མཚོ་མོར་གྲགས་པ།ལྔ་བ་ཆེན་མོ་ཡུན་རིང་བཞུགས་ཤིང་རྒྱལ་དབང་ཡོན་ཏན་རྒྱ་མཚོའི་རྣམ་ཐར་བཀའ་རྩོམ་གནང་སའི་གནས་ཆོས་ལུང་དུ་གྲགས་པ་དེ་ཡིན་ལ།གནས་དེར་མདའ་བཞིའི་ནང་ཚན་ཉིན་ཐུབ་ཤོག་ཁའི་ཞྭ་དམར་དུ་གྲགས་པའི་ཚོ་ཚན་བྱུང་སྟེ།དེ་ཡང་ཞྭ་ལ་ཕོད་ཁ་དམར་བོ་བཙུགས་པས་ཞྭ་དམར་དུ་གྲགས་ཟེར་བའི་ཚོ་བ་དེ་ཉིད་སྔར་འབལ་གཞུང་དུ་ཡོད་ཀྱང་རྗེས་སུ་ལྕགས་ཡོས་སྤྱི་ལོ་༡༨༣༡ཡས་མས་སུ་མཚོ་སྔོན་མདའ་བཞི་ས་ཆར་རུ་ཡོང་བར་ཐོས་སོ།

རྗེ་འཇིགས་མེད་རིགས་པའི་བློ་གྲོས་ཀྱི་ཞལ་ནས།ཞྭ་དམར་པཎྜི་ཏ་ཞེས་པའི་ཞྭ་དམར་གྱི་དོན་ནི།མཚོ་སྔོན་མདའ་བཞི་ན་ཞྭ་དམར་ཞེས་པའི་ཚོ་བ་ཞིག་ཡོད།ཞྭ་དམར་རིན་པོ་ཆེ་སྔ་ཕྱིར་སྐུ་ཕྲེང་བཞི་ཚོ་བ་དེར་འཁྲུངས།སྔོན་ཆད་སོག་པོ་ཧོར་གྱི་རྒྱལ་བློན་གྱི་ཆོ་ལོ་ལ་ཞྭ་ཡི་ཀླད་དུ་ཀྱ་ལ་དམར་བོ་བསྟོད་པ་ཞིག་ཡིན་པས་ཚོ་བ་དེའི་སྡེ་དཔོན་ཞིག་ལ་དེ་འདྲའི་ཆོ་ལོ་ཡོད་པའི་དབང་གིས་ཞྭ་དམར་ཞེས་བཏགས་པར་གླེང་། ཞེས་གསུངས་པ་ལྟར། རྗེ་ངག་དབང་འཕྲིན་ལས་དང་། སྐུ་ཕྲེང་གསུམ་པ་ལ་སོགས་སྐྱེས་ཆེན་དམ་པ་མང་བོ་འཁྲུངས་པའི་ཁྱིམ་གཞིས་སུ་མ་སྨད་རིགས་རྒྱུད་བཟང་བོའི་ཡབ་ནི་མེས་པོ་ཞྭ་དམར་ཡི་དམ་ལ་བུ་གཉིས་ཡོད་པའི་ཆེ་ཤོས་ནི་རྗེ་གོང་མ་ངག་དབང་བསྟན་འཛིན་རྒྱ་མཚོ་ཡིན་ལ། དེའི་གཅུང་བན་སྨུག་ཅེས་པ་དང་། ཡུམ་མ་ཅིག་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་བའི་ཆུ་བྱི་སྤྱི་ལོ་༡༨༥༢ལོར་ངོ་མཚར་བའི་ལྟས་དང་བཅས་ཀུན་དགའི་སྐྱེད་ཚལ་དེར་སྐུའི་མཚན་དཔེའི་མེ་ཏོག་བཞད།

 དགུང་ལོ་གསུམ་བཞེས་པའི་དུས་ཐེངས་ཤིག་ཡབ་ཀྱི་པང་ན་བཞུགས་སྐབས་རྔོན་པ་ཞིག་གིས་རི་དྭགས་བསད་པའི་ཤ་ཞིག་བྱིན་བྱུང་བ་ཡབ་ཀྱིས་དམ་པ་ཉིད་ཀྱི་ཞལ་དུ་ཅུང་ཟད་བཞག་པ་ན། དེ་མ་ཐག་ཕྱིར་བསྐྱུར་ཞིང་ལྗགས་ཀྱི་སྟེང་ཕྱག་གིས་བྲད་དེ་ཤིན་ཏུ་གདུངས་པའི་ཉམས་ཀྱིས་ཆོ་ངེ་བཏབ་ཅིང་ངུས་པས། རྔོན་པ་དེ་འཇིགས་སྐྲག་སྐྱེས་ཏེ་ལངས་ནས་ཕྱག་འཚལ་ཞིང་ཕྱིན་ཆད་རི་དྭགས་མི་གསོད་པའི་དམ་བཅའ་ཕུལ་པ་དང་། སྐབས་ཤིག་ཆུ་འགྲམ་ཞིག་ཏུ་བྱིས་པ་ཁ་ཤས་དང་ལྷན་ཅིག་རྩེད་མོ་མཛད་བཞིན་པའི་ཚེ་བྱིས་པ་ཚོས་ཕོར་བའི་ནང་དུ་ཕྱེ་མ་དཔར་ཏེ་གུར་ཡིན་ཁུལ་བྱས་པར། རྗེ་ཉིད་ནས་ཕོར་བར་ཆུ་བླུགས་པ་ཡང་ཕྱེ་མ་བཞིན་དཔར་ཏེ་གུར་གྲལ་དུ་བསྒྲིགས་པ་སོགས་སྐུ་བྱིས་པའི་དུས་ནས་ངོ་མཚར་བའི་མཛད་པ་ཤིན་ཏུ་མང་ངོ་། །

གདན་རབས་ཚིགས་བཅད་མ་ལས། 

སྟོན་པ་མཆོག་དང་ངོ་བོ་དབྱེར་མེད་པའི། །

ཐར་ཤུལ་ཆོས་སྐྱོང་རྒྱ་མཚོའི་སྐུ་དྲུང་ནས། །

ཁྱིམ་ནས་ཁྱིམ་མེད་རབ་ཏུ་བྱུང་མཛད་དེ། །

བསྟན་པའི་རྒྱལ་མཚན་ཐོག་མར་བསྒྲེངས་འདི་མཚར། །ཞེས་བྱུང་། 

དགུང་ལོ་བརྒྱད་བཞེས་པ་སྤྱི་ལོ་༡༨༥༩ལོར་སྟོན་པ་ཐུགས་རྗེ་ཅན་མཆོག་དང་ངོ་བོ་དབྱེར་མེད་པའི་སྐྱབས་རྗེ་ཐར་ཤུལ་རིན་པོ་ཆེ་དགེ་འདུན་ཆོས་སྐྱོང་རྒྱ་མཚོའི་སྐུ་དྲུང་ལས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཞིང་། དགེ་འདུན་བསྟན་འཛིན་བཟང་བོ་ཞེས་པའི་མཚན་གསོལ། རྗེ་གོང་མའི་ཞམ་རིང་བ་རྒྱུན་པར་འཇམ་དབྱངས་ཡི་དམ་དུ་བྱེད་ཅིང་ཨ་ར་པ་ཙ་དུང་ཕྱུར་གསུམ་ལྷག་གསུངས་པའི་ཞྭ་དམར་རི་ཁྲོད་པ་ཀུན་སྤངས་སེམས་དཔའ་ཆེན་པོ་བསྟན་འཛིན་རྒྱལ་མཚན་དགེ་རྒན་དུ་བསྟེན་ཏེ་ཐོག་མར་འཇམ་དཔལ་མཚན་བརྗོད་ཐུགས་འཛིན་མཛད་པས་ཧ་ཅང་ཟིན་དཀའ་བའི་ཚུལ་མཛད་པར། དགེ་རྒན་ཚང་ནས་ཀྱང་ཐུགས་ཁྲེལ་གནང་ཞིང་རྟིང་བསྐུལ་གང་དྲག་མཛད་པས་ཤོག་ལྡེབ་གཉིས་གསུམ་ཙམ་སློབ་པ་ལ་དཀའ་ཚེགས་ཆེན་པོ་བྱུང་། ཉིན་གཅིག་རྗེ་ཉིད་ནས་གུར་ནང་དུ་ཕྱག་དཔེ་སྐྱོར་བཞིན་པའི་དུས་དགེ་རྒན་ཁམས་སངས་ནས་སླར་ཕེབས་ཏེ་གུར་གྱི་ཕྱི་ནས་གསན་པས་སྔར་གྱི་བསླབ་མཚམས་མན་གྱི་ཤོག་བྱང་ཁ་ཤས་ཤར་ཤར་གསུངས་པ་ཐོས་པས་ཐུགས་ཤིན་ཏུ་དགྱེས། དེ་ཕྱིན་ཆད་ཀློག་སློབ་པ་ལ་ཧ་ཅང་ཙག་ཙག་མ་བྱས་ཀྱང་བསྟན་པ་ཙམ་གྱིས་མཁྱེན་པ་བྱུང་སྟེ། རྒྱན་འཇུག་ཆོས་སྤྱོད། གསང་བདེ་འཇིགས་གསུམ་གྱི་ཆོ་ག་སོགས་འདོན་ཆའི་སྐོར་དུ་མ་ཐུགས་འཛིན་མཛད་ཅིང་སྒྲ་དག་གསལ་གསུམ་གྱི་སྒོ་ནས་སྙན་པའི་གདངས་ཀྱིས་ཡང་ཡང་སྐྱོར་སྦྱང་གནང་བས་གཟུར་གནས་མཐའ་དག་རྗེས་སུ་ཡི་རངས་པས་བསྔགས་པ་བརྗོད་པས་དུས་འདའ་བར་བྱེད། དགུང་ལོ་དགུ་བཞེས་པའི་དུས་སུ་ཁྱབ་བདག་འཁོར་ལོའི་མགོན་པོ་རྗེ་སྐུ་མཆེད་རིན་པོ་ཆེས་བཅོམ་ལྡན་དུས་དགྲའི་དབང་བོའི་དཀྱིལ་འཁོར་དུ་དབང་བསྐུར་ཏེ་ཐོག་མར་སྨིན་པར་མཛད་དོ། །

དགུང་ལོ་བཅུ་བཞེས་པ་སྤྱི་ལོ་༡༨༦༡ལོར་སྐུ་ཕྲེང་གོང་མ་རྣམས་ཀྱི་གདན་ས་བཤད་སྒྲུབ་ཟུང་དུ་འབྲེལ་བའི་ཆོས་སྡེ་ཆེན་པོ་བདེ་ཆེན་ཆོས་འཁོར་གླིང་དུ་ཚོགས་ཞུགས་གནང་།དགུང་ལོ་བཅུ་གཅིག་བཞེས་པ་ཆུ་ཁྱི་ལོའི་དུས་ཚེས་དགེ་བར་ལཱ་མོའི་གདན་ས་ཆེན་པོ་བདེ་ཆེན་ཆོས་འཁོར་གླིང་དུ་ཆིབས་ཀྱི་ཁ་ལོ་བསྒྱུར་ཏེ།སྐུ་ཕྲེང་གོང་མ་རིམ་བྱོན་གྱིས་བྱིན་གྱིས་བརླབས་པའི་ཆོས་ཀྱི་ཁྲི་ལ་ཞབས་སྐྱེས་པདྨོའི་རྡུལ་ཕྲེང་ཉེ་བར་བཀོད་དེ་དགེ་མཚན་གྱི་སྣང་བ་རྒྱས་པར་གྱུར་ཏོ།

དེ་དུས་ཨ་ཁུས་རི་ཁྲོད་པ་དཀྱུས་མའི་ལུགས་བཞིན་སྟོན་དུས་སུ་འབྲུ་བསོད་རེ་བསླངས་པས་ངེད་དཔོན་གཡོག་རྣམས་ཀྱིས་འཚོ་ཆས་མཛད་པ་མ་གཏོགས་ཇ་མར་སོགས་ཀྱང་མོད་ཆིལ་ལེ་བ་མེད་ཅེས་གསུངས་སོ།

དགུང་ལོ་བཅུ་བཞི་བ་སྤྱི་ལོ་༡༨༦༥ལོར་བདེ་ཆེན་ཆོས་འཁོར་གླིང་གི་རྩོད་པའི་གྲྭར་ཞུགས་ཏེ།ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་སྟག་རི་རབ་འབྱམས་པ་བློ་བཟང་ཉི་མ་དགེ་རྒན་དུ་བསྟེན་ནས།དཔེ་ཁྲིད་ལ་མ་ཆག་པར་ཕེབས་པ་དང་ཆབས་ཅིག་བསྡུས་གྲྭའི་ཡིག་ཆ་ཐུགས་འཛིན་གནང་ཞིང་།གྲོགས་རིགས་པ་སྨྲ་བ་རྣམས་དང་ལྷན་དུ་ཆོས་གྲྭར་བགྲོ་གླེང་ལ་བརྩོན་པས་བསྡུས་གྲྭའི་རིགས་འཕྲུལ་མ་ལུས་པ་ཐུགས་སུ་ཆུད་ཅིང་སྙན་པའི་གྲགས་པ་རྒྱས།དེ་ནས་བློ་རྟགས་ཀྱི་ཡིག་ཆ་ཐུགས་འཛིན་གནང་ཞིང་དཔེ་ཁྲིད་ཞིབ་ཏུ་མནོས་ཏེ།ལོ་གཅིག་གཉིས་ཀྱི་ཁོངས་སུ་བསྡུས་གྲྭར་གྲགས་པ་ཚད་མ་རྣམ་འགྲེལ་གྱི་རིགས་པའི་སྒོ་དུ་མ་ཕྱོགས་གཅིག་ཏུ་དྲིལ་བ་དང་།བློ་རྟགས་སོགས་རྟོག་གེའི་གསང་ཚིག་མ་ལུས་པ་ཐུགས་སུ་ཆུད་དེ་རྟགས་གསལ་གཏོང་བ་དང་ལན་འདེབས་པ་ལ་ཐོགས་པ་མེད་པར་སྨྲ་བའི་སྤོབས་པ་བླ་ན་མེད་པར་གྱུར་པས་དཔྱོད་ལྡན་གཟུ་བོར་གནས་པ་རྣམས་ཀྱིས་བསྔགས་པའི་གནས་སུ་གྱུར་ཏོ།

གདན་རབས་ཚིགས་བཅད་མ་ལས། 

ལྷོ་རྒྱུད་གདན་སར་སློབ་གཉེར་མཛད་སྐབས་སུ། །

སྔོན་ནས་འབྲེལ་ཟབ་ལུང་རིགས་མཚན་ཅན་ལ། །

ཡིད་དགའ་ཆོས་འཛིན་གཉིས་པར་ཐོག་མར་མཇལ། །

མགོན་དེས་ཐུབ་པའི་ལི་སྐུ་ཚད་ལྡན་བཅས། །

ཕྱག་གིས་བསྩལ་བས་ཕྱི་ནས་རྒྱལ་ཚབ་ཏུ། །

དབང་བསྐུར་མཛད་པ་ལགས་ཞེས་ཀུན་གྱིས་གླེང་། །ཞེས་བྱུང་། 

དགུང་ལོ་བཅོ་ལྔ་བ་མེ་སྟག་ལོའི་སྟོན་དུས་སྒྲུབ་རྒྱུད་བསྟན་པའི་མངའ་བདག་སྐྱབས་རྗེ་བློ་བཟང་ལུང་རིགས་རྒྱ་མཚོ་རེབ་གོང་སྨད་ཀྱི་སྒྲུབ་པའི་སྐྱེད་ཚལ་ཡིད་དགའ་ཆོས་འཛིན་དུ་ཕྱགས་ཕེབས་པའི་གནས་ཚུལ་གསན་འཕྲལ་དད་པའི་སྤུ་ལོང་གཡོས་ཤིང་དངོས་མཇལ་ལ་ཤིན་ཏུ་རིངས་པར་གསུངས་པ་ཡང་སྔོན་ཡུན་རིང་ཡོངས་སུ་འཛིན་པར་གྱུར་པའི་འབྲེལ་ཟབ་པ་དང་། རྗེ་བཙུན་མི་ལས་ལྷོ་བྲག་མར་བའི་མཚན་ཐོས་པ་ཙམ་གྱིས་ཐུགས་དད་དཔེ་མེད་འཁྲུངས་པས་ཕྱིས་སུ་བླ་མ་དེ་ལ་བསྟེན་ནས་སྐུ་ཚེ་དེར་མཆོག་གི་དངོས་གྲུབ་བརྙེས་པ་དང་ཚུལ་མཚུངས་པའི་རྣམ་པར་ཐར་པའོ། །

དེ་འཕྲལ་ལམ་དུ་ཆས་ཏེ་སྒྲུབ་པའི་སྡེ་ཡིད་དགའ་ཆོས་འཛིན་དུ་ཕེབས། སྐྱབས་མགོན་མཆོག་གི་དགྱེས་ཞལ་ཐོག་མར་མཇལ་བ་ཙམ་གྱིས་དད་གུས་ཚད་མེད་པ་འཁྲུངས་ཚུལ་གསུངས་ཤིང་། ལྕགས་སྟག་ལོར་ཨ་མཛོའི་སྒར་དུ་ཐུགས་རྗེ་ཆེན་པོའི་དབང་གནང་བའི་བརྒྱུད་རིམ་གསུང་བཤད་སྐབས་ངའི་བླ་མ་ཨ་རོལ་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་སྐལ་ལྡན་དད་པ་ཅན་ལ་འཕགས་པ་སྤྱན་རས་གཟིགས་ཕྱག་བཞི་བའི་རྣམ་པར་དངོས་སུ་མཐོང་རྒྱུ་ཡོད་པ་ཞིག་ཡིན། ངས་ཁོང་གི་མདུན་ནས་ཐོབ་པ་ཡིན་པས་འཕགས་པ་སྤྱན་རས་གཟིགས་དངོས་ལས་ཐོབ་སྙམ་པ་ཡོད་གསུངས། གཞན་དཔལ་རྡོ་རྗེ་འཇིགས་བྱེད་བདུད་ལས་རྣམ་རྒྱལ་དཔའ་བོ་གཅིག་པ་དང་། བདེ་མཆོག་ལཱུ་ཨི་པ་ལྷ་རེ་གཉིས། སྨན་བླ་ལྷ་ང་གཅིག་རྣམས་ཀྱི་དབང་དང་། རིགས་གསུམ་སྤྱི་སྒྲུབ། ཀླུ་དབང་རྒྱལ་བོ། སེངྒེའི་སྒྲ། ཆོས་རྒྱལ། ལྷ་མོ་རྣམས་ཀྱི་རྗེས་གནང་སོགས་ལེགས་བཤད་བདུད་རྩིའི་དགའ་སྟོན་ཀྱང་ཕངས་མེད་དུ་བསྩལ། སྐབས་སྐབས་སུ་སྐུ་མདུན་དུ་བོས་ཏེ་གསོལ་ཚིགས་དང་ཞལ་འཕྲོས་ཀྱང་ཡུན་རིང་དམར། ཕྱིར་ཕེབས་ཁར་ཡབ་སྲས་འབྲལ་མི་ཕོད་པ་ལྟ་བུའི་བརྩེ་ཉམས་དང་བཅས་ཐུབ་པའི་སྐུ་རྒྱ་གར་ལི་མ་ཞིག་གནང་སྟེ་སློབ་གཉེར་ཧུར་ཐག་བྱེད་དགོས་ཚུལ་སོགས་ཐོས་བསམ་དང་ཉམས་བཞེས་ཇི་ལྟར་མཛད་ཚུལ་གྱི་བསླབ་སྟོན་དང་སླད་མར་བརྩེ་བས་རྗེས་འཛིན་གྱི་ཞལ་བཞེས་ཀྱང་མཛད་དོ། །

ཚུལ་འདི་ནི་མཉམ་མེད་ཇོ་བོ་ཆེན་པོ་གསེར་གླིང་ནས་ཕེབས་ཁར་གསེར་གླིང་བ་ནས་སྟོན་པའི་གསེར་སྐུ་གནང་ཞིང་བསྟན་པའི་བདག་པོར་བྱིན་གྱིས་བརླབས་པ་དང་ཚུལ་མཐུན་པར་རིང་མིན་སྐྱབས་རྗེ་ཉིད་ཀྱི་ཆོས་ཀྱི་རྒྱལ་ཚབ་ཏུ་གྱུར་ནས་འཇམ་མགོན་རྒྱལ་བ་གཉིས་པའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་བརྒྱར་སྤེལ་བར་བྱེད་པའི་འབྱུང་འགྱུར་མངོན་སུམ་དུ་གཟིགས་པར་མངོན་གསུངས། ཡང་ཉིད་ཀྱི་ཞལ་ནས། ང་ཡི་སྒར་དུ་སོང་སྐབས་གནས་ཚང་གི་ཤག་དེར་རོང་བོའི་དགེ་བཤེས་ཤིག་བཞུགས་འདུག་པར། ཉིན་གཅིག་ཁོང་བཞུགས་སའི་དྲ་སྒོའི་ཕྱི་ནས་གྲྭ་བ་ཞིག་དང་ངེད་གཉིས་ཀྱིས་རྩོད་པ་བྱས་པར་དགེ་བཤེས་ཚང་ཐུགས་རྒྱལ་བཞེངས་ཏེ་སྒོར་ཕེབས་ནས་ཁ་རོག་འདུག་མི་ཐུབ་པར་ཅི་བཤད་པ་ཡིན་གསུངས། བགྲོ་གླེང་བྱས་ཚུལ་ཞུས་པར། ཡ་ཐོངས་དང་གསུངས། དེ་དུས་ངེད་རྟགས་གསལ་ལ་བྱང་བོ་ཡིན་ཅིང་སྐྲག་རྒྱུ་མ་ཤེས་པར་རྟགས་གསལ་བརྒྱུད་མར་བཏང་བས་དགེ་བཤེས་ཚང་ཐུགས་རྒྱལ་ཞི་ཞིང་ཐུགས་དགྱེས་ཏེ། ཨ་ཙི་བཀའ་དྲིན་ཆེ། སྐྱེས་བུ་དམ་པའི་རྟགས་རེད། དེ་མིན་ན་བྱིས་པ་ཆུང་ངུ་ཞིག་གིས་རྟགས་གསལ་འདི་འདྲ་གཏོང་ག་ལ་ཤེས། ཕྱིན་ཆད་སློབ་གཉེར་ལ་ཐུགས་བརྩོན་མ་ལྷོད་པ་མཛོད་དང་། ངེས་པར་རྗེ་བླ་མའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་ཞིག་ཕེབས་རྒྱུ་རེད། ཅེས་བསྔགས་བརྗོད་དང་ཐུགས་བརྩེ་བརྩེ་གནང་། ཕེབས་ཁར་ཡང་གང་ཅིའི་བསླབ་སྟོན་དང་རྗེས་སོར་བདེ་ཆེན་དུའང་ཕྱག་བྲིས་ཡང་ཡང་བསྐུར་ཞིང་སློབ་གཉེར་གྱི་རྟིང་བསྐུལ་མཛད་པའི་ཡི་གེ་ཞིག་གི་ནང་དུ། བཀའ་བསྟན་གཞུང་བརྒྱའི་ཆུ་གཏེར་ལས། །བློ་བཟང་དེད་དཔོན་གྱིས་བླངས་པའི། །ལེགས་བཤད་གསེར་གྱི་ཕྲེང་བ་གང་། །བློ་གྲོས་མགུལ་དུ་དལ་གྱིས་བཞེས། །ཟེར་བ་ཞིག་ཡོད་པ་དྲན་གསུངས། འཛིན་གྲྭ་གཞུང་དུ་ཕེབས་པ་ནས་བཟུང་གཞུང་བརྒྱའི་མངའ་བདག་བཤེས་གཉེན་ཆེན་པོ་ཤེས་རབ་རྒྱ་མཚོ། ལུང་རིགས་སྨྲ་བ་ཚུལ་ཁྲིམས་དཔལ་ལྡན་སོགས་ལས་གཞུང་སོ་སོའི་མཛུབ་ཁྲིད་དང་དོགས་གཅོད་རྒྱུན་པར་གནང་ཞིང་། མངོན་པར་རྟོགས་པའི་རྒྱན་གྱི་ལུས་རྣམ་གཞག་དང་བསྡུས་དོན་གྱི་འགྲེལ་བ་ཡིག་ཆའི་དོན་བདུན་ཅུ་ཐུགས་འཛིན་དང་འབྲེལ་བར་དངོས་བརྒྱད་དོན་བདུན་ཅུའི་མཚན་ཉིད་མཚན་གཞི་སྒྲ་དོན་དབྱེ་བ་ས་མཚམས་ངེས་པ་གཞིར་བཟུང་། འགྲེལ་བ་དོན་གསལ། ཕར་ཕྱིན་མཐའ་དཔྱོད། བསམ་གཟུགས་ཆེ་ཆུང་། བསེའི་རྟེན་འབྲེལ་ཆེན་མོ། དྲང་ངེས་ཆེ་འབྲིང་ཆུང་གསུམ་སོགས་ཀུན་མཁྱེན་བླ་མ་ཡབ་སྲས་ཀྱི་ཡིག་ཆའི་སྐོར་རྣམས་དང་། ཁྱད་པར་དུ་རྗེ་ཐམས་ཅད་མཁྱེན་པས་འཕགས་སེང་གི་འགྲེལ་བ་དག་གཞིར་བཞག་ཅིང་རྒྱ་འགྲེལ་གཞན་རྣམས་ཀྱི་ཚིག་དོན་གྱི་དྲི་མ་མཐའ་དག་ཞིབ་པར་བསལ་ཞིང་འཕགས་བོད་ཀྱི་གཞུང་ལུགས་མཐའ་དག་གི་ལེགས་པའི་ཆ་བསྡུས་པ་འགྲན་ཟླ་མེད་པའི་ལེགས་བཤད་གསེར་གྱི་ཕྲེང་བ་དང་། རྗེ་ཐམས་ཅད་མཁྱེན་པས་ཤེར་ཕྱིན་གྱི་དོན་ལ་དཔྱད་པ་རྫོགས་རྗེས་སུ། རྗེ་བཙུན་འཇམ་པའི་དབྱངས་ཀྱི་མན་ངག་གིས་བརྒྱན་ནས་ཤེར་ཕྱིན་གྱི་དོན་ཞིབ་མོར་ཉམས་སུ་ལེན་ཚུལ་ལམ་གྱི་རིམ་པར་བསྒྲིགས་པ་སྲས་ཀྱི་ཐུ་བོ་རྒྱལ་ཚབ་དར་མ་རིན་ཆེན་གྱི་ཟིན་བྲིས་རྣམ་བཤད་སྙིང་བོའི་རྒྱན་དང་ལམ་བསྒྲིགས་སོགས་ལ་ཡང་ཡང་གོམས་འདྲིས་མཛད་པས། ནང་གི་དཔྱད་པ་དང་ཆོས་གྲྭའི་རྩོད་པ་ཟུང་འབྲེལ་གྱིས་ཐལ་འཕྲེང་ཟུར་བཀོལ་སོ་སོའི་ལམ་གྱི་ལུས། དཀའ་གནད་ཀྱི་དོགས་གནས། རྒྱ་བོད་མཁས་པ་མང་བོའི་དགག་སྒྲུབ་ཀྱི་རིགས་པའི་འགྲོས་ཕྲ་ཞིང་ཕྲ་བ་དག་ལ་ངེས་པ་གཏིང་ཚུགས་པ་རྙེད་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དགོངས་དོན་མ་ལུས་པ་ཐུགས་སུ་ཆུད་པར་གྱུར་ཏོ། །

ས་འབྲུག་སྤྱི་ལོ་༡༨༦༨ལོར་འཛིན་གྲྭའི་དབང་གིས་ཆོས་གྲྭར་མངོན་ཚན་ཆེ་བའི་རྩོད་པ་མ་སོང་ཡང་། ཡུམ་དོན་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་ཟབ་རྒྱས་གཉིས་ཚོགས་ཀྱིས་འཇུག་པའི་བསྟན་བཅོས་ཆེན་མོ་དབུ་མ་རྩ་ཤེས་དང་འཇུག་པ་རང་འགྲེལ་དང་བཅས་པའི་དོན། རྣམ་བཤད་དགོངས་པ་རབ་གསལ་དང་། འཇུག་ཊཱིཀ་གསལ་བའི་མེ་ལོང་། དབུ་མ་རྒྱས་པ་དང་། ལུང་རིགས་སྒྲོན་མེ་རྣམས་ཀྱི་སྟེང་ནས་མཛུབ་ཁྲིད་དང་། དཔེ་གཟིགས་མཛད་པ་སོགས་གཞན་གྱིས་བསྐུལ་བ་ལ་མ་ལྟོས་པར་ཇི་ལྟར་ཉི་མས་གདུངས་པའི་ལག་ལྡན་པད་མཚོར་འཇུག་པའི་དཔེ་བཞིན་གྱུར་པས་རིང་བོར་མི་ཐོགས་པར་གཞུང་དོན་ཡིད་བཞིན་གྱི་ནོར་བུའི་བང་མཛོད་ལ་འདོད་རྒུར་དབང་འབྱོར་བའི་ཆོས་ཀྱི་དེད་དཔོན་བླ་ན་མེད་པར་གྱུར་ཏོ། །སྐབས་དེ་དག་ཏུ་ཡང་ཞང་སྟོན་ཆོས་ཀྱི་རྒྱལ་བོས། ཚིལ་བུ་ཐལ་མོས་གཞལ་དགོས་ཚོན་པོའི་ཤ །མར་ཕྱུར་བཅུད་བཟང་བསྡུས་པའི་ཞུན་དང་ཐུད། །སྤུངས་པའི་དཀྱིལ་ན་གང་འཇམ་གང་ལེགས་ཀྱིས། །བཀླུབས་པའི་གཅེས་ཕྲུག་ལང་ལ་ཤོར་བའི་ཚུལ། །མ་ཡིན་བྲག་སྟར་གདུས་པའི་ཁུ་བ་དང་། །ལོ་གཏོར་སྐམ་པོ་བརྡུངས་པའི་ཐུག་པ་སོགས། །ཟས་གོས་སྲོག་འཚོ་ཙམ་ལ་བརྟེན་ནས་སུ། །ཚ་གྲང་བཀྲེས་སྐོམ་དཀའ་ཐུབ་དང་དུ་བཞེས། །ཞེས་གསུངས་པ་དང་ཚུལ་མཐུན་པར་འཚོ་བ་ངན་ངོན་གྱི་དཀའ་སྤྱད་ལ་བརྟེན་ནས་ཐོས་བསམ་ལ་བརྩོན་པར་མཛད་པ་ཡིན་ཏེ། བཀའ་ལས། བླ་སྤྲུལ་ཆུང་ངུ་ཚོར་བདག་པོ་བཟང་བོ་ཞིག་མེད་ན་ལད་འགྲོ་ཟེར་ཡང་སྔོན་གྱི་ལས་སྨོན་ཞིག་ཡོད་ན་དྲག ང་ཆུང་དུས་བདེ་ཆེན་དུ་སོང་སྟེ་ལོ་གཅིག་ཙམ་གྱི་འཕྲོར་དགེ་རྒན་ཨ་ཁུ་གཉིས་མ་འཆམས་པར་གཉིས་ཀ་བུད་སོང་།ཕུ་བོ་མཆོག་གྲུབ་དང་ངེད་གཉིས་བསྡད་པ་ཡིན།ཁོ་གཞན་དུ་སོང་སྟེ་མ་ཡོང་དུས་གུང་ཚིགས་སྐབས་ཇ་འཁྱག་རེའི་ནང་དུ་རྩམ་པ་ཟོས་ནས་བསྡད་དུས་མང་། ཚོགས་གླེང་ལྟ་བུའི་སྐབས་སུ་ཡང་སྐུ་ཕྱོགས་སྒོ་མང་ཚང་གི་ན་བཟའ་རེ་གཡར་བོ་བྱས་པ་ལས་རང་ལ་གོན་པ་བཟང་པོའང་མེད། གཅིག་པུར་བསྡད་ན་སུན་སྣང་སྐྱེ་སྐབས་རྗེ་གོང་མའི་ཕྱག་དཔེ་མང་བས་དཔེ་ཀློག་རེ་བྱས་ན་སུན་རྒྱུ་མེད། སྐབས་སྐབས་སུ་དཔེ་ཁྲིད་རེ་ལ་འགྲོ་བའི་ཞར་ལ་ཁྲི་སྤྲུལ་རིན་པོ་ཆེའི་མདུན་དུ་སོང་ཚེ། ཁོང་གི་ཉེ་འཁོར་དུ་ཕྱག་དཔེ་ཆ་རེ་མ་གཏོགས་གཞན་ཁྲ་ཁྲ་རིག་རིག་ཅི་ཡང་མེད་པར་གཙང་སང་ངེ་བཞུགས་ཡོད་པ་ཞིག་ཡིན་སྟབས། དེས་ཡིད་དྲངས་ཏེ་འདི་ལྟ་བུ་ཞིག་བྱས་ནས་འདུག་ཐུབ་ན་སྙམ་པ་རྒྱུན་དུ་འཆར། གཞན་དོ་དམ་བྱེད་མཁན་མེད་ཀྱང་རང་གིས་རང་ངན་ལང་དུ་མ་བཏང་བར་སློབ་གཉེར་ལ་སྡུག་རུས་བྱས་པ་ཡིན་ཞེས་གསུངས་སོ། །

སྐབས་ཤིག་ནས་སྤྱིར་མཚན་ཉིད་ཀྱི་སློབ་གཉེར་དཔྱིས་ཕྱིན་པ་ཞིག་བྱེད་ཐུབ་ན་ཤིན་ཏུ་ལེགས་ཀྱང་། དེང་སང་གི་མཚན་ཉིད་པ་ཕར་ཆེར་གཞུང་དོན་གལ་ཆེན་ལམ་དང་འབྲས་བུའི་གནད་ལ་རྟོག་དཔྱོད་ཡེ་མ་ཞུགས་པར་ཚིག་གི་ཟེར་ལུགས་ཙམ་གྱི་རིགས་ལམ་ཉི་ཚེ་འབའ་ཞིག་ལ་མགོ་འཁོར་ཏེ་མི་ཚེ་སྐྱེལ་བར་འདུག་པས། དེ་ལྟ་བུའི་གང་ཤེས་ཁ་བཤད་དུ་འཁྱེར་བ་ཙམ་ལས་རྒྱུད་ལ་སྦྱོར་བའི་ཉམས་ལེན་གཅིག་ཀྱང་མེད་པར་སངས་རྒྱས་ལའང་འཁོར་གསུམ་བསྐོར་ཆོག་སྙམ་པའི་རང་མཐོང་ཅན་ཞིག་ཏུ་གྱུར་ན་ངེས་པར་འཕུང་ཚབས་ཆེ་བས། མཉམ་མེད་ཇོ་བོ་ཆེན་པོས། ཚེ་ནི་ཡུན་ཐུང་ཤེས་བྱའི་རྣམ་པ་མང་། །ཚེ་ཡི་ཚད་ཀྱང་ཅི་ཙམ་མི་ཤེས་པས། །ངང་བས་ཆུ་ལས་འོ་མ་ལེན་པ་བཞིན། །བདག་གི་འདོད་པ་དང་དུ་བླང་བར་བྱ། །ཞེས་གསུངས་པ་བཞིན་ཐོས་དོན་རྒྱུད་ལ་སྦྱོར་བའི་ཉམས་ལེན་ཞིག་ཅིས་ཀྱང་བྱེད་དགོས་སྙམ་པའི་ཐུགས་འདུན་རྒྱུན་ཆགས་སུ་ཡོད་པའི་ཁར་ལྔ་ཕྲག་སྙིགས་མའི་རང་མཚང་ལྷག་པར་བདོ་བའི་དབང་གིས་སྲིད་འབྱོར་གྱིས་དྲེགས་པར་རློམས་པའི་སྐྱེ་བོ་མི་བསྲུན་པ་དུ་མས་ལོག་སྤྱོད་ཀྱིས་ཐུགས་ལྷག་པར་སྐྱོ་སྟེ། སྙིགས་མའི་དུས་འདིར་སྡེ་དགོན་ཞིག་ཏུ་གནས་པའང་ཆགས་སྡང་གི་རུ་མར་སོང་འདུག་གཤིས། ཡབ་རྗེ་གསེར་ཁང་བ་ཆེན་པོའི་རྣམ་ཐར་བཞིན་གནས་ངེས་མེད་དུ་འཚོ་བ་བསོད་སྙོམས་ཙམ་ལ་བརྟེན་ནས་ཐོས་དོན་རྒྱུད་ལ་སྦྱོར་བའི་ཉམས་ལེན་རྡོ་རུས་ཐུག་པ་ཞིག་བྱ་བར་ཐག་བཅད་དེ། དགུང་ལོ་བཅོ་བརྒྱད་བཞེས་པ་ས་སྦྲུལ་སྤྱི་ལོ་༡༨༦༩ལོའི་སྟོན་སྐུ་དབོན་བློ་གྲོས་དཔལ་བཟང་དང་ལྷན་ཅིག་གསང་སྟབས་གྱིས་སྔོན་ཀརྨ་རོལ་བའི་རྡོ་རྗེ་དང་། ཀོའུ་བ་ཆོས་རྒྱ་མཚོ་དང་། འགྲོ་མགོན་གསེར་ཁང་བ་ཆེན་པོ་སོགས་སྐྱེས་ཆེན་དུ་མས་བྱིན་གྱིས་བརླབས་པའི་གནས་ཆེན་ལོ་བའི་བྲག་དཀར་དུ་གྲགས་པ་དེའི་མདུན་ངོས་སེངྒེའི་རི་ཁྲོད་དུ་ཕེབས་ནས་སྒྲུབ་པ་ཉམས་ལེན་ལ་གཞོལ་བར་མཛད་ཅིང་དུས་དེ་ནས་བཟུང་ཐོས་དོན་རྒྱུད་ལ་སྦྱོར་བའི་ཉམས་ལེན་གནད་ལ་ཁེལ་བ་ཞིག་ཅིས་ཀྱང་བྱེད་དགོས་སྙམ་པའི་ཐུགས་འདུན་རྒྱུན་ཆགས་སུ་མཆིས་སོ། །

གདན་རབས་ཚིགས་བཅད་མ་ལས། 

གསེར་མོ་ལྗོངས་སུ་གྲགས་པའི་ཕྱོགས་དེ་རུ། །

མགོན་པོ་དེ་ཡི་སྤྱན་སྔར་ལོ་མང་བཞུགས། །

ཡབ་རྗེ་གསེར་ཁང་བ་ཡི་རྣམ་ཐར་བཞིན། །

ཀུན་སྤངས་དཀྱུས་མའི་རྣམ་ཐར་བདག་གིར་བཞེས། །ཞེས་བྱུང་། 

དགུང་ལོ་བཅུ་དགུ་བར་རེབ་གོང་གསེར་མོ་ལྗོངས་ཞེས་གྲགས་པའི་རིག་པའི་ཞིང་ཁམས་སུ་ཕེབས་ཏེ་ཡར་ནང་བདེ་ཆེན་བཀྲ་ཤིས་ཆོས་གླིང་དུ་སྐྱབས་རྗེ་ཨ་རོལ་རིན་པོ་ཆེ་བློ་བཟང་ལུང་རིགས་རྒྱ་མཚོ་དཔལ་བཟང་བོ་བཞུགས་པ་དང་མཇལ་ཏེ།རྗེ་བླ་མ་མཆོག་གི་རྣམ་ཐར་བཞིན་དབེན་པར་ཐོས་དོན་རྒྱུད་ལ་སྦྱོར་བའི་ཉམས་ལེན་ལ་ཆིག་དྲིལ་མཛད་རྒྱུའི་དམ་བཅའ་དང་།བཞེད་དོན་མཐར་ཕྱིན་པའི་སྐྱབས་འཇུག་ཞུས་པར་བླ་མ་རིན་པོ་ཆེ་ཐུགས་དགྱེས་པའི་རྩེར་སོན་ཅིང་།ཞལ་ནས།ཁྱེད་རི་ཁྲོད་དུ་ཕེབས་པ་དེ་ཤིན་ཏུ་བཟང་།འོན་ཀྱང་སྐུ་ན་གཞོན་རིང་ཐོས་པ་བྱེད་པ་ཤིན་ཏུ་གལ་ཆེ་བས་ད་དུང་བླ་བྲང་དུ་ཕེབས་ནས་རེ་ཞིག་སློབ་གཉེར་བྱེད་ཐུབ་ན་ལེགས་མོད། དེ་མིན་ཀྱང་ཨ་ཁུ་རྡོ་རྗེ་འཆང་ཆེན་པོའི་ཞབས་ལ་གཏུགས་ཏེ་ཆོས་བཀའ་གསན་བཞེས་གནང་རྒྱུ་ངེས་པར་གལ་ཆེ་ཞེས་ནང་བཅར་གྱི་སློབ་སྟོན་གནད་འདྲིལ་དང་། རྒྱ་དངུལ་བཅུ་མགོ་མའི་གསོལ་རས་སོགས་བསྩལ། དེ་དུས་རྗེ་ཉིད་ནས་རྗེ་བཙུན་ཤེས་རབ་རྒྱ་མཚོའི་མཚན་ཐོས་པ་ཙམ་གྱིས་དད་གུས་དང་དགའ་སྤྲོ་ཆེན་པོས་འཕྲལ་དུ་ཕེབས་འདུན་བཟློག་ཏུ་མེད་པ་ཐུགས་ལ་འཁྲུངས་ཏེ་བཀའ་བཞིན་སྒྲུབ་པའི་དམ་བཅའ་ཕུལ་པར་གསུངས་པ་ཡང་སྐུ་ཚེ་དུ་མར་རིགས་ཀྱི་བདག་པོར་གྱུར་ཏེ་ཟབ་རྒྱས་གསུང་གི་བདུད་རྩིས་བསྐྱངས་པའི་སྔོན་གོམས་དགེ་བའི་བག་ཆགས་ཀྱི་མཐུ་མངོན་པར་གྱུར་པར་གདོན་མི་ཟ་བར་གནས་སོ། །

གདན་རབས་ཚིགས་བཅད་མ་ལས། 

དེ་ནས་བླ་མའི་བཀའ་ལུང་ཇི་བཞིན་དུ། །

བཀྲ་ཤིས་གཡས་སུ་འཁྱིལ་བའི་གདན་ས་རུ། །

འཇམ་མགོན་པྲཛྙཱ་སོགས་ཀྱི་མདུན་དྲུང་ནས། །

དབང་ལུང་རྗེས་གནང་ཁྲིད་སོགས་ཆོས་ཀྱི་རྒྱུན། །

བུམ་པ་གང་བྱོའི་ཚུལ་གྱིས་ལེགས་བཞེས་ཏེ། །

བསྟན་པའི་བདག་པོ་ཉིད་དུ་གྱུར་པ་ལགས། །ཞེས་བྱུང་། 

དེ་ནས་བླ་མ་རྡོ་རྗེ་འཆང་གི་བཀའ་བཞིན་ལོ་དེར་མདོ་སྨད་བཤད་གྲྭ་ཀུན་གྱི་དབུས་ན་རྒྱལ་མཚན་གྱི་ཏོག་ལྟར་མངོན་པར་མཐོ་བ་དཔལ་ལྡན་བཀྲ་ཤིས་འཁྱིལ་དུ་ཕེབས་ཏེ།ཡོངས་རྫོགས་བསྟན་པའི་མངའ་བདག་རྗེ་ཤེས་རབ་རྒྱ་མཚོ་དེ་ཉིད་ཀྱི་དགྱེས་ཞལ་མཇལ་བ་ཙམ་གྱིས་སྨྲ་མི་ཤེས་པའི་དགའ་སྤྲོ་དང་དད་གུས་ཚད་མེད་འཁྲུངས།རྗེ་བཙུན་སྒྲོལ་བའི་མགོན་པོས་ཕྱོགས་གཅིག་ཏུ་བསྒྲིགས་པའི་སྒྲུབ་ཐབས་རིན་པོ་ཆེའི་འབྱུང་གནས་ནས་བཤད་པའི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྗེས་གནང་བཟླས་ལུང་བཀའ་གཏད་ལུང་དང་བཅས་པ་ཡོངས་སུ་རྫོགས་པ་དང་།གཡུ་ཐོག་པའི་ཆ་ལག་བཅོ་བརྒྱད་ཀྱི་ལུང་གྲུབ་མཆོག་མི་ཏྲ་ཛོ་ཀིའི་ཐུགས་བཅུད་མི་ཏྲ་བརྒྱ་རྩར་གྲགས་པའི་ནང་ཚན་རྡོར་ཕྲེང་དང་ཐུན་མོང་མ་ཡིན་པའི་དབང་དྲུག་ཅུ་རེ་ལྔ་དང་། ཕྲེང་ཀྲ་སྦྲགས་པའི་དབང་ཞེ་ལྔ། མགོན་པོའི་བཀའ་ཆེན་བཅུ་གསུམ། རྣམ་སྲས་བཀའ་བཅོ་ལྔའི་རྗེས་གནང་སོགས་དབང་ལུང་ཁྲིད་རྗེས་གནང་སོགས་ཟབ་པ་དང་རྒྱ་ཆེ་བའི་ཆོས་རྒྱུན་མཐའ་ཡས་པ་གསན་བཞེས་གནང་། 

དགུང་ལོ་ཉི་ཤུ་བ་ལྕགས་ལུག་སྤྱི་ལོ་༡༨༧༡ལོའི་ཟླ་བཞི་བའི་ཚེས་བཅོ་ལྔར་རྗེ་བཙུན་ཤེས་རབ་རྒྱ་མཚོ་དཔལ་བཟང་བོ་ལས་བསྟན་པའི་གཞི་མ་སོ་སོ་ཐར་བའི་སྡོམ་པ་ཡོངས་སུ་རྫོགས་པའི་དངོས་པོ་ཡང་དག་པར་བཞེས་ཤིང་སྔར་གྱི་མཚན་ལ་མཁན་པོའི་མཚན་ཟུར་ཙམ་བསྣན་ནས།དགེ་འདུན་བསྟན་འཛིན་རྒྱ་མཚོ་དཔལ་བཟང་བོར་གསོལ།དེ་འཕྲལ་མཁས་དབང་དགེ་འདུན་བཟང་བོ་ལས་འདུལ་བའི་བསླབ་བྱ་ལག་ལེན་དང་བཅས་པའི་ཞིབ་ཁྲིད་ལེགས་པར་གསན་ཏེ།དགག་སྒྲུབ་གནང་གསུམ་གྱི་བཅས་མཚམས་ཕྲ་རགས་ཐམས་ཅད་ཐུགས་སུ་ཆུད་པར་མཛད་ཅིང་ལྟུང་བ་འབྱུང་བའི་སྒོ་ཁེགས་ངེས་གནང་།རྗེ་བཙུན་ཤེས་རབ་རྒྱ་མཚོ་དཔལ་བཟང་བོ་དང་།ཐུའུ་བཀྭན་ཡོངས་འཛིན་རིན་པོ་ཆེ་ཞང་སྟོན་བསྟན་པ་རྒྱ་མཚོ་སོགས་ལས་རྗེ་ཙོང་ཁ་བ་ཆེན་པོའི་བཀའ་འབུམ་ལས།སྔགས་རིམ་ཆེན་མོ།རིམ་ལྔ་གསལ་སྒྲོན།སྦས་དོན་ཀུན་གསལ།འགྲེལ་བ་བཞི་སྦྲགས།སྦྱིན་སྲེག་དངོས་གྲུབ་རྒྱ་མཚོ།ལམ་རིམ་ཆེ་ཆུང་།ལམ་རིམ་མཆན་བཞི་མ།ལེགས་བཤད་སྙིང་བོ།རྟེན་འབྲེལ་བསྟོད་པ།བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ་སོགས་ཀྱི་བཤད་ལུང་།གྲུབ་མཐའ་རིན་ཆེན་ཕྲེང་བའི་གཟབ་བཤད་དང་རྣམ་བཤད་སྙིང་བོ་རྒྱན་གྱི་མཛུབ་ཁྲིད།བདེ་མཆོག་ལཱུ་དྲིལ་གཉིས་ཀྱི་བསྐྱེད་རྫོགས་ཀྱི་ཁྲིད་སོགས་ཁྲིད་ཀྱི་སྐོར་དང་།ཇོ་བོའི་ཆོས་ཆུང་བརྒྱ་རྩ།ས་ཆེན་ཀུན་རྒྱལ་བས་མཛད་པའི་བཀའ་གདམས་ཆོས་འབྱུང་།སྐྱིད་ཤོད་སྤྲུལ་སྐུའི་བཀའ་འབུམ།ཐུའུ་བཀྭན་ཆོས་ཀྱི་ཉི་མའི་གསུང་འབུམ།ཏེ་ལོ།ནཱ་རོ།མར་བ་གསུམ་གྱི་རྣམ་ཐར།འབྲོང་རྩེ་ལྷ་བཙུན་པའི་འཇིགས་བྱེད་བསྐྱེད་རྫོགས།ཐང་སག་པའི་འཇིགས་བྱེད་བསྐྱེད་རྫོགས།ལམ་ཁྲིད་གསེར་གྱི་ཡང་ཞུན།དྭགས་པོ་སྒོམ་ཆེན་པའི་ལམ་རིམ་ཚིགས་བཅད་མ།བཀའ་གདམས་གླེགས་བམ།དཔེ་ཆོས་རྩ་འགྲེལ།བེའུ་བུམ་སྔོན་པོ་རྩ་འགྲེལ།ཆིག་ལབ་རིང་མོ།བྱང་སེམས་རྭ་སྒྲེང་བའི་བློ་སྦྱོང་།དིང་རི་བརྒྱད་ཅུ་བ།དབེན་ས་བཀའ་འབུམ་སོགས་ལུང་གི་སྐོར་མང་བོ་དང་།གསང་འདུས་བསྐྱེད་རྫོགས་ཀྱི་ཁྲིད།བླ་མ་མཆོད་པ་དང་ལམ་གཙོའི་ཁྲིད་སོགས་གསན་བཞེས་གནང་། མི་ཏྲ་རྡོར་ཕྲེང་དང་བརྒྱ་རྩ། ཟུར་བཀའི་དབང་མང་བོ། སྒྲུབ་ཐབས་རིན་འབྱུང་དང་རྒྱ་མཚོ། སྣར་ཐང་བརྒྱ་རྩ། ས་སྐྱའི་གསེར་ཆོས། འཇམ་དབྱངས་ཆོས་སྐོར། མགོན་པོ་བཀའ་བཅུ་གསུམ་དང་། རྣམ་སྲས་བཀའ་བཅོ་ལྔ་སོགས་སྤྱི་ཟུར་གྱི་རྗེས་གནང་སྐོར་དང་།བདེ་ལམ་གྱི་ཁྲིད་ཚར་གསུམ།འཇམ་དཔལ་ཞལ་ལུང་གི་ཁྲིད། བདེ་གསང་འཇིགས་གསུམ་གྱི་བསྐྱེད་རྫོགས་སོགས་ཁྲིད་ཀྱི་སྐོར་སོགས་བཤད་ལུང་གི་རྒྱུན་གང་བཞུགས། བཀའ་འགྱུར། རྒྱ་གཞུང་། རྗེ་ཡབ་སྲས་ལྔའི་གསུང་འབུམ་སོགས་ལུང་གིས་མཚོན་པའི་དབང་དང་རྗེས་གནང་ཁྲིད་ལུང་སོགས་མདོ་སྔགས་ཀྱི་ཟབ་ཆོས་མང་དུ་གསན་པས་ཆོས་རྒྱུན་གྱི་བང་མཛོད་དུ་གྱུར། 

སླར་རེབ་གོང་དུ་ཕེབས་ཏེ་སྐྱབས་རྗེ་ཨ་རོལ་རིན་པོ་ཆེའི་དྲུང་དུ་མཇལ་བར། བླ་མ་མཆོག་ནས་སྔར་མ་གསན་པའི་ཆོས་རྒྱུན་དུ་མ་གནང་དགོས་ཚུལ་གྱི་གསུང་ནན་ལྕི་བ་བསྩལ་བ་བཟློག་མ་ནུས་པར་འཕྲལ་དུ་དབུ་བཙུགས་ནས་རྗེ་ཤེས་རབ་རྒྱ་མཚོའི་གསུང་འབུམ་གྱི་ལུང་སོགས་ཕུལ་པར་བསྟུན། བླ་མ་རིན་པོ་ཆེ་ཐུགས་དགྱེས་པའི་རྩེར་སོན་ཅིང་ཡབ་རྗེ་གསེར་ཁང་བའི་རྣམ་ཐར་བདག་གིར་བཞེས་ཏེ་སྐུ་གཟན་སེར་པོ་བཞེས་འཕྲོ་སོགས་དངོས་འབུལ་བཅས་མགོན་པོ་གང་གི་ཆོས་ཀྱི་རྒྱལ་ཚབ་ཏུ་མངའ་གསོལ་བར་མཛད།སྐྱབས་རྗེ་དམ་པ་བློ་བཟང་ལུང་རིགས་རྒྱ་མཚོས་གཙོས་མཁས་གྲུབ་དམ་པ་དུ་མ་ལས་ཆོས་བཀའ་རྒྱ་མཚོ་ལྟ་བུ་གསན་བཞེས་གནང་བ་དང་།རི་ཁྲོད་དུ་ཕེབས་པ་ནས་ཚེ་འདིའི་འཁྲི་བ་བཙན་ཆོད་གནང་སྟེ་གནས་ངེས་མེད་དུ་ལོ་མང་བོའི་རིང་ལ་དགུན་བཅད་རྒྱའི་ངོས་ལམ་ཡོངས་རྫོགས་ཀྱི་ཉམས་བཞེས་དང་འབྲེལ་ལྷག་ལྷ་དུ་མའི་བསྙེན་སྒྲུབ་དང་ཡང་དག་འཇོག་ལ་ཁོར་མོ་ཡུག་ཏུ་གཞོལ་བར་མཛད་ཅིང་།དབྱར་བླ་བྲང་དུ་ཕེབས་ནས་རྗེ་ཤེས་རབ་རྒྱ་མཚོ་སོགས་ལས་ཆོས་རྒྱུན་རྣམ་དག་མཐའ་ཡས་པ་གསན་པ་མ་ཆག་པར་མཛད་དེ། གངས་ཅན་གྱི་ལྗོངས་འདིར་དར་རོ་ཅོག་གི་ཆོས་རྒྱུན་རྣམ་དག་མ་གསན་པ་མེད་པ་ལྟ་བུ་གནང་ནས་མང་ཐོས་རྒྱ་མཚོའི་ཕ་རོལ་ཏུ་སོན། 

ཤིང་ཕག་སྤྱི་ལོ་༡༨༧༥ལོའི་ཟླ་ལྔ་བའི་ནང་སྒིས་སྟེང་ཆོས་འཕེལ་གླིང་དུ་སྐྱབས་རྗེ་ཨ་རོལ་རྡོ་རྗེ་འཆང་ལ་རི་ཁྲོད་པའི་གཞུང་ནས་ཞུས་ངོར། ཡོངས་འཛིན་ཁྲིད་ཡིག་བློ་བཟང་དགོངས་རྒྱན་གྱི་སྟེང་ནས་བློ་སྦྱོང་དོན་བདུན་མའི་ཉམས་ཁྲིད་གནང་བ་གསན། འདི་སྐབས་ཆོས་གྲྭ་ཆེན་པོ་དཔལ་ལྡན་བཀྲ་ཤིས་འཁྱིལ་ནས་སྙིགས་མའི་དུས་སུ་རྒྱལ་བའི་དམ་ཆོས་འཛིན་པ་ལ་ཐུགས་བསྐྱེད་ཀྱི་མཐུ་མཚུངས་མེད་རྗེ་བཙུན་ཤེས་རབ་རྒྱ་མཚོ་དཔལ་བཟང་བོ་དེ་ཉིད་ཞིང་ཁམས་གཞན་དུ་དགོངས་པ་གཏད་པའི་གནས་ཚུལ་གསན་འཕྲལ་འཇིགས་སར་སྐྱེལ་མས་བོར་བ་ལྟ་བུའི་ཐུགས་ངལ་ཚད་མེད་པ་དང་བཅས་སྐྱབས་མགོན་རྡོ་རྗེ་འཆང་དང་རི་ཁྲོད་པ་རྣམས་ལ་སྐུ་འགྱེད་ཞུས་ཤིང་། ཆུ་སྟོད་ཟླ་བའི་ཚེས་བཅོ་བརྒྱད་ཀྱི་དགོང་མོར་བླ་མ་རིན་པོ་ཆེ་དེ་སྔོན་ལྔ་བའི་ནང་ཞི་བར་མནལ་སྟབས་ཁོང་གི་རྣམ་ཐར་དང་བཀའ་དྲིན་དྲན་པས་ཡིད་གཏིང་ནས་སྐྱོ་བ་ཞིག་བྱུང་སྟེ། ལེགས་བཤད་འཚོལ་ལ་མའི་གསོལ་འདེབས་བཅས་སྙིང་ཐག་པ་ནས་གསོལ་བ་དྲག་ཏུ་བཏབ་སྟེ་ཉལ་བའི་རྨི་ལམ་དུ་བཀའ་ཆོས་ཤིག་ལ་སོང་བར་སྐུ་ཞབས་ཐར་ཤུལ་རིན་པོ་ཆེ་ཡིན་རྒྱུ་བ་ཞིག་གིས་གསུང་ཟབ་མོ་མང་བོ་ཞིག་གནང་བྱུང་བ་ཐོས་པས་བདག་གི་ཡིད་ལ་ཁོང་གིས་བཀའ་ཆོས་མ་གནང་བ་མ་གཏོགས་གནང་ན་ངེས་པར་གཞན་དང་མི་འདྲ་སྙམ་དུ་དད་པ་བྱས་པས་ཨ་ཁུ་རྡོ་རྗེ་འཆང་གི་གསུང་གདངས་ལྟ་བུའི་སྒྲ་གྲགས་པར་ཡར་བལྟས་པའི་ཨ་ཁུ་བཀའ་དྲིན་ཅན་དངོས་སུ་མཇལ་བ་ལྟར་བཞུགས་འདུག་པས་གསུང་བཤད་ཤིན་ཏུ་འགང་ཆེ་བ་དུ་མ་ཞིག་གནང་བའི་མཐར་ཐུགས་བརྩེ་བའི་ཉམས་ཀྱིས་ཡུན་རིང་སྤྱན་རས་བཙའ་བ་ཞིག་རྨིས། ཞེས་གསུངས་པ་ནི་རྗེ་བཙུན་བླ་མ་ཉིད་ཐུགས་ཤིན་ཏུ་སྒམ་ཞིང་བཀའ་གདམས་རྣམ་ཐར་གཙང་མ་ལྷུར་བཞེས་མཛད་པའི་དབང་གིས་དེ་ཙམ་ལས་མ་གསུངས་པ་མ་གཏོགས། དོན་དུ་སྒྲ་སྒྱུར་མར་བས་པཎ་ཆེན་ནཱ་རོ་བ་འདས་པའི་རྗེས་སུ་ལན་ལྔའི་བར་དུ་ཞལ་གཟིགས་ཤིང་གདམས་ངག་གསན་པ་དང་། མཁས་གྲུབ་རིན་པོ་ཆེ་ལ་རྗེ་ཐམས་ཅད་མཁྱེན་པ་མྱ་ངན་ལས་འདས་པའི་རྗེས་སུ་ལན་ལྔའི་བར་དུ་ཞལ་གཟིགས་ཤིང་གདམས་པ་མཐའ་ཡས་པ་བསྩལ་པའི་ཚུལ་རྣམ་ཐར་རྣམས་སུ་གསལ་བ་དང་ཆ་མཐུན་པར་རྗེ་བཙུན་བླ་མ་མཆོག་ལ་ཡང་ཁྱབ་བདག་པྲཛྙཱའི་མཚན་ཅན་ཉིད་ཞི་བར་མནལ་བའི་རྗེས་སུ་སླར་ཡང་དགྱེས་ཞལ་དངོས་སུ་བསྟན་ཏེ་གདམས་པའི་བདུད་རྩི་བསྩལ་པར་གོར་མ་ཆག་པར་གསུངས་ལ། རྗེ་ཉིད་ཀྱིས་མཛད་པའི་སྙན་དངགས་དཔེར་བརྗོད་ལེགས་བཤད་བདུད་རྩིའི་མཆོད་ཡོན་དུ་ཉམས་ལྡན་རྒྱན་གྱི་དཔེར་བརྗོད་སྐབས། གང་ཉིད་ཞི་བར་གཞོལ་ཚེ་གདུང་ཤུགས་ཀྱིས། །མཇལ་ཕྱིར་ཕ་རོལ་ལམ་དུ་བགྲོད་བརྩམས་པ། །ཁྱབ་བདག་བླ་མ་དམ་པའི་དགྱེས་འཛུམ་ཞལ། །མངོན་སུམ་གྱུར་འདི་རྨི་ལམ་མིན་ནམ་ཅི། །ཞེས་གསུངས་པའང་དོན་འདི་ལ་དགོངས་པར་སྣང་། 

མེ་གླང་སྤྱི་ལོ་༡༨༧༧ལོར་མཁས་པའི་དབང་ཕྱུག་ཚངས་སྲས་དགྱེས་པའི་བློ་ལྡན་ནམ་ཡོངས་གྲགས་ལ་ཨ་ཁུ་ཐུབ་བསྟན་ཞུ་བ་དེ་ཉིད་ལས། སྙན་ངག་མེ་ལོང་དབྱངས་ཅན་དགྱེས་གླུ་དང་སྦྲགས་ཏེ་བོད་མཁས་འགྲེལ་བ་དང་དཔེར་བརྗོད་སོགས་ཀྱིས་ཟུར་བརྒྱན་པའི་གཟབ་ཁྲིད་ཞིབ་རྒྱས་སུ་བསྩལ་པ་གསན་ཅིང་། རྩོམ་རྒྱུགས་ཕུལ་པ་ལ་བདག་གིས་ཀྱང་རྩོམ་འདི་འདྲ་ཡོང་དཀའ། ཁོང་སྔོན་ནས་སྙན་ངག་གི་ཕ་རོལ་ཏུ་ཕྱིན་འདུག་ཅེས་བསྔགས་བརྗོད་ཚད་མེད་པ་གནང་བར་གྲགས། 

ས་ཡོས་སྤྱི་ལོ་༡༨༧༩ལོར་གནས་ལྔ་གཟིགས་པ་རྗེ་ཚྭ་འདམ་པ་ཆེན་པོ་ལས་སྒྲའི་བསྟན་བཅོས་ཆེན་པོ་དབྱངས་ཅན་བྱཱ་ཀ་ར་ཎ་རྩ་འགྲེལ་གྱི་ཞིབ་ཁྲིད་མནོས་ཏེ་ས་རིས་ཕལ་ཆེར་རྫོགས་པར་ཉེ་བར་གནང་། རི་ཁྲོད་དུ་ཕེབས་འཕྲལ་ལོ་བཞིའི་རིང་དབྱར་ཐོག་བླ་བྲང་དུ་ཕེབས་པ་མ་གཏོགས་ལོ་བཅུ་བདུན་ཙམ་གྱི་རིང་ལ་ཕེབས་བཞུད་དང་དགུན་མཚམས་མིན་པའི་སྐབས་ཐམས་ཅད་དུ་ཨ་རོལ་རིན་པོ་ཆེ་མཆོག་གི་ཉེ་འཁོར་དུ་བཞུགས་བཞིན་པ་ཡིན་པས་བཀའ་ཆོས་གང་གནང་ཕལ་ཆེར་མ་གསན་པ་མེད་པར་གནང་ངོ་། །

དགུང་ལོ་ཉེར་དགུ་བ་ལྕགས་འབྲུག་སྤྱི་ལོ་༡༨༨༠ལོའི་ཟླ་ལྔ་བའི་ནང་ཆེད་གཉེར་གྱིས་རྙེ་དགོན་ལྷུན་གྲུབ་ཆོས་རྫོང་དུ་ཕེབས་ཏེ། མདོ་རྒྱུད་རྒྱ་མཚོའི་མངའ་བདག་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་བདེ་ཆེན་ས་བགོས་རབ་འབྱམས་པ་ཚུལ་ཁྲིམས་བསྟན་འཛིན་དཔལ་བཟང་བོ་ལས། སྙིགས་དུས་ཀྱི་ཐམས་ཅད་མཁྱེན་པ་ཡབ་རྗེ་གསེར་ཁང་བ་ཆེན་པོ་བློ་བཟང་བསྟན་འཛིན་རྒྱ་མཚོ་ལས་བརྒྱུད་པའི་ཆེ་བ་བཞི་ལྡན་བྱང་ཆུབ་ལམ་གྱི་རིམ་པའི་བཤད་ལུང་། སྐུ་མཆེད་བསྟན་པ་རྒྱ་མཚོ། ཞྭ་དམར་ངག་དབང་བསྟན་འཛིན་རྒྱ་མཚོ། རྙེ་བློ་བཟང་བསྟན་པའི་རྒྱལ་མཚན་ཏེ་ཕྱོགས་གླང་ཆོས་གྲགས་ལྟ་བུའི་རིགས་པའི་དབང་ཕྱུག་རྣམ་པ་གསུམ་ལས་གསན་པའི་གསུང་བཤད་ཀྱི་རྒྱུན་ལུང་དང་རིགས་པའི་ལམ་ནས་དྲངས་པ་དགག་སྒྲུབ་ཀྱི་སྤྲོས་པ་རྒྱ་ཆེན་པོ་དང་བཅས་ཆོས་ཐུན་ཤིན་ཏུ་རིང་བ་ཉིན་ཉེར་གཉིས་ཀྱི་བར་དུ་བསྩལ་པ་གསན་པས་སྔོན་མེད་ལེགས་པར་བཤད་པའི་བདུད་རྩིས་ཐུགས་ཀྱི་བུམ་བཟང་ཡོངས་སུ་གཏམས་པར་མཛད་དེ་རེག་ཟིག་ཀྱང་མཛད་དོ། །

ལྕགས་སྦྲུལ་སྤྱི་ལོ་༡༨༨༡ལོའི་དགུན་ཁར་རེབ་གོང་རྒྱལ་བོ་གླིང་ཚང་གི་སྡེ་དགོན་དབེན་གནས་རི་ཁྲོད་ཚ་རྒྱལ་ཐར་བ་གླིང་དུ་ཕེབས་ནས། ཚེ་ཡི་རིག་བྱེད་འཛིན་པ་ཆུ་ཆཱ་འཚོ་བྱེད་ལས་དཔལ་ལྡན་རྒྱུད་བཞི་རྩ་འགྲེལ་དང་། རྗེས་འབྲང་གི་ཡིག་ཆ་དུ་མ་གུང་བསྒྲིགས་ཏེ་གསོ་རིག་གཞུང་གི་མན་ངག་ལ་སྦྱངས་པ་ཕུལ་ཕྱིན་མཛད། 

དགུང་ལོ་སོ་གཅིག་པ་ཆུ་རྟ་སྤྱི་ལོ་༡༨༨༢ལ་ཉ་ལུང་སྔགས་རམས་པ་དགེ་འདུན་བསྟན་འཛིན་མཆོག་ལས། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་དགོངས་དོན་ཕྱི་དུས་ཀྱི་འཁོར་ལོ་སྐར་རྩིས་རི་མོས་གཏན་ལ་འབེབ་ཚུལ། ལྔ་བསྡུས། སྒྲ་གཅན། གདོང་མཇུག ལོ་འཕོ། ཟླ་འཕོ། གཟའ་འཛིན་གཟའ་ལྔ། དེ་དག་གི་མྱུར་རྩིས། ཉི་ལྡོག་འཁོར་ལོ། དུས་སྦྱོར། ཞག་གསུམ་རྣམ་དབྱེ་གོ་ལ་བྲི་ཚུལ་སོགས་ཞིབ་སྦྱངས་མཛད། 

སྤྲུལ་པའི་སྐྱེས་མཆོག་དམ་པ་ཀིརྟིའི་མཚན་ཅན་ལས། གངས་ཅན་བོད་ཀྱི་བརྡ་སྤྲོད་ཀྱི་ཕྱི་མོ་སུམ་རྟགས་སོགས་སྦྱང་བ་འཕྲིགས་སུ་ཆུད་པར་བྱས། སྔ་སོར་ཆུ་རྟ་ལོར་བླ་བྲང་བཀྲ་ཤིས་འཁྱིལ་དུ། མཁན་ཆེན་ངག་དབང་ཐུབ་བསྟན་རྒྱ་མཚོ་མཆོག་གིས་བཀའ་འགྱུར་གྱི་ལུང་གནང་སྐབས། རྗེ་ཚཱ་འདམ་པ་ཆེད་གཉེར་གྱིས་ཕེབས་ཏེ་གསན་ནས་སླར་རེབ་གོང་དུ་ཕེབས་འཕྲལ། རྗེ་ཉིད་ཀྱིས་ཡང་ཡང་ཞུས་པས་ཤེས་བྱའི་དཀྱིལ་འཁོར་མ་ལུས་པ་གཟིགས་པའི་མཚོ་སྔོན་བཀའ་འགྱུར་བ་ཆེན་པོ་འཇམ་དབྱངས་ཚུལ་ཁྲིམས་རྒྱ་མཚོ་མཆོག་ལས་ཤིང་སྤྲེལ་ཟླ་དང་བོའི་ཚེས་བཅུ་གསུམ་ནས་དབུ་བཙུགས་ཏེ་རྒྱལ་བའི་བཀའ་འགྱུར་རོ་ཅོག་གི་བཀླག་ལུང་གསན་བཞེས་མཛད། 

དགུང་ལོ་སོ་བཞི་བ་ཤིང་བྱ་སྤྱི་ལོ་༡༨༨༥ལོའི་ཟླ་གཉིས་པའི་ཚེས་མགོར་སྙིགས་དུས་ཀྱི་ཐམས་ཅད་མཁྱེན་པ་སྐྱབས་རྗེ་ཨ་རོལ་རྡོ་རྗེ་འཆང་གཉན་ཐོག་དགོན་པར་བཞུགས་པ་དང་མཇལ་བར། སྔ་མོ་ནས་བཀའ་ཆོས་གནང་དགོས་ཚུལ་གྱི་ཐུགས་བཀོད་སྐབས་རྣམས་སུ་ཉིད་སྔགས་ཕྱོགས་ལ་འདྲིས་ཆ་ཆུང་སྟབས་དབང་ཆེན་གནང་སོང་ཟེར་བ་ཞིག་གཏན་ནས་བྱེད་རྒྱུ་མིན་ཞེས་ཡང་ཡང་ཞུ་བཞིན་པ་ཡིན་ཀྱང་། འདི་དུས་ཡང་བསྐྱར་གྱིས་ཁོང་ནི་རྒས་པས་ནོན་ཏེ་ཕུང་བོས་མི་ལྕོགས་པར་འདུག་པས་ཁྱེད་ཀྱིས་དབང་རེ་ཅིས་ཀྱང་གནང་དགོས་པའི་ཞལ་གསུང་ནན་ཆེན་བསྩལ་པས། ཉིན་གཅིག་ཁ་དར་བཅས་རྭ་རྒྱའི་གྲྭ་བ་གཉིས་ལ་འཇིགས་བྱེད་དཔའ་བོ་གཅིག་པའི་དབང་ཞིག་ཅིས་ཀྱང་གནང་དགོས་ཞེས་དབང་ཆས་སོགས་སྐུ་མདུན་ནས་བསྐུར་བྱུང་བས། བཀའ་ནན་བསྩལ་པ་བཟློག་མ་ནུས་པར་དེ་འཕྲལ་སྒོ་དམར་དགའ་ལྡན་ཕུན་ཚོགས་གླིང་དུ་གཞིས་བྱེས་ཀྱི་གསན་མཁན་སུམ་བརྒྱ་ལྷག་ལ། སྟ་གོན་སྔོན་དུ་འགྲོ་བའི་བཅོམ་ལྡན་འདས་འཇིགས་མཛད་དུས་དགྲའི་དབང་བོ་བདུད་ལས་རྣམ་པར་རྒྱལ་གྱི་དབང་ཆེན་དམ་པའི་ཕྱག་བཞེས་བཞིན་དུ་གསུང་བཤད་འབྱམས་སུ་ཀླས་པས་བརྒྱན་ཏེ་བསྩལ་པ་འདི་ཉིད་སྐུ་ཚེ་འདིར་བླ་མེད་ཀྱི་དབང་གནང་བའི་ཐོག་མ་ཡིན་པར་གསུངས། ས་ག་ཟླ་བའི་ཚེས་བཅོ་ལྔ་ལ་བཤད་སྒྲུབ་བསྟན་པའི་འབྱུང་གནས་རོང་བོ་དཔལ་གྱི་དགོན་ཆེན་བདེ་ཆེན་ཆོས་འཁོར་གླིང་དུ་ཕེབས་ཏེ། ཁྲི་ལས་ཐོག་པ་རྫོང་ཆུང་སྤྲུལ་སྐུ་འཇིགས་མེད་བསྟན་པའི་རྒྱལ་མཚན། བྱང་རྩེ་མཁན་སྤྲུལ། ལྕང་ལུང་ཁྲི་རྒན་མཆོག་སྤྲུལ་དམ་པ། བཀའ་རབ་འབྱམས་དགེ་བའི་བཤེས་གཉེན་སོགས་གསན་མཁན་བཞི་བརྒྱ་ཉེ་བ་ལ། བྱང་ཆུབ་ལམ་རིམ་ཆེན་མོའི་བཤད་ལུང་སོགས་གནང་། དྲུག་པའི་ཚེས་མགོར་རོང་བོ་བཀྲ་ཤིས་འཁྱིལ་བའི་རྒན་པས་དབྱར་བཞུགས་ཞུས་པ་བཞིན་དུ། ཤར་རབ་དགའ་ནས་དབྱར་ཁས་ལེན་དང་། ཨ་རོལ་རྡོ་རྗེ་འཆང་གི་གསུང་འབུམ་གྱི་ལུང་གནང་། ཤར་རབ་དགའི་གནས་བསྟོད་པད་དཀར་ཆུན་པོ་ལྗགས་རྩོམ་མཛད། 

ལྔ་རིག་སྨྲ་བའི་རྗེ་ཚཱ་འདམ་པ་ཆེན་པོའི་དྲུང་དུ་སྒྲ་བ་ཆོས་དཔལ་དང་ཨ་ཀྱཱ་ཡོངས་འཛིན་གཉིས་ཀྱི་འགྲེལ་བ་བསྡུར་ཏེ་སྡེབ་སྦྱོར་རིན་ཆེན་འབྱུང་གནས་ཞིབ་ཁྲིད་ཞུས། ལོ་འདིའི་ལྔ་བའི་ཚེས་མགོར་བླ་བྲང་དུ་ཕེབས་ཏེ་མཁས་གྲུབ་གཉིས་ལྡན་གྱི་མཁན་ཆེན་ངག་དབང་ཐུབ་བསྟན་རྒྱ་མཚོར་མཇལ་ཏེ།གསུང་ཆོས་ཞུས་ངོར་བླ་མཆོད་དང་ཕྱག་ཆེན་སྦྲགས་མ་དང་།གླང་རི་ཐང་བའི་བློ་སྦྱོང་ཚིགས་བརྒྱད་མ་དང་། གྲུབ་ཆེན་མི་ཏྲ་ཛོ་ཀིའི་གདམས་པ་སྙིང་བོ་དོན་གསུམ་པ་དང་། དགེ་ལྡན་སྙན་བརྒྱུད་ཀྱི་ལྟ་ཁྲིད་དྲན་པ་བཞི་ལྡན་གྱི་ཁྲིད་སོགས་བཀའ་ཆོས་མང་བོ་གསན། 

རྗེ་གནས་ལྔ་གཟིགས་པ་ཚྭ་འདམ་པ་ཆེན་པོ་འཇམ་དབྱངས་ཚུལ་ཁྲིམས་རྒྱ་མཚོ་ལས་སྒྲའི་བསྟན་བཅོས་དབྱངས་ཅན་བྱཱ་ཀ་ར་ཎ་རྩ་འགྲེལ་གྱི་ཞིབ་ཁྲིད་མནོས་ཏེ་ས་རིས་ཕལ་ཆེར་རྫོགས་པར་མཛད། ཡང་རྗེ་འདི་ཉིད་ལས་སྒྲ་བ་ཆོས་དཔལ་དང་། ཨ་ཀྱཱ་ཡོངས་འཛིན་སོགས་ཀྱི་འགྲེལ་བ་བསྡུར་ཏེ་སྡེབ་སྦྱོར་རིན་ཆེན་འབྱུང་གནས་ཀྱི་ཞིབ་ཁྲིད་གསན་པས་མཚོན། ཤེས་བྱ་རིག་པའི་གནས་མཐའ་ཡས་པར་སྦྱངས་པ་མཐིལ་ཕྱིན་གནང་ནས་གནས་ལྔ་རིག་པའི་པཎྜི་ཏ་ཆེན་པོར་གྱུར་ཏོ། །

རི་ཁྲོད་དུ་ཕེབས་པ་ནས་ཉམས་བཞེས་ལ་གཞོལ་བའི་སྐབས་ཧྲིལ་བོར་གྲུབ་དབང་སྐལ་ལྡན་རྒྱ་མཚོའི་རྣམ་ཐར་བཞིན་བཤད་སྒྲུབ་ཟུང་འབྲེལ་གནང་ཞིང་། དེ་ཡང་འབྱོན་བཞུད་དང་བཀའ་ཆོས་གསན་གནང་གི་སྐབས་རེ་འགའ་མ་གཏོགས་ཐུན་བཞིའི་རྣལ་འབྱོར་རྒྱུན་འཁྱོངས་སྒོས་ལམ་རིམ་གཉིས་ཀྱི་ཉམས་བཞེས་ལ་གཞོལ་བར་མཛད་པའི་ཞོར་བཀའ་བསྟན་མང་བོར་གཟིགས་རྟོག་ཞིབ་ཏུ་གནང་ཞིང་། ཐུན་མཚམས་རྣམས་སུ་གཞུང་བརྒྱའི་མངའ་བདག་བཤེས་གཉེན་ཆེན་པོ་སངས་རྒྱས་ཆོས་གྲགས་སོགས་ལས་བཀའ་པོད་མང་བོའི་མཛུབ་ཁྲིད་གསན་ཅིང་། སྨྲ་བའི་དབང་ཕྱུག་ཧོར་ཆེན་ཡེ་ཤེས་རྒྱ་མཚོ་སོགས་དང་མཉམ་དུ་བརྒལ་བརྟགས་ཀྱིས་གཏན་ལ་ཕབ་པས། རབ་འབྱམས་གཞུང་བརྒྱའི་མངའ་བདག་དང་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །

གདན་རབས་ཚིགས་བཅད་མ་ལས། 

སྔོན་བྱོན་ཀུན་དགའ་བོ་ཡི་རྣམ་ཐར་བཞིན། །

བླ་མའི་ཉེ་གནས་འཇམ་དབྱངས་དཔལ་ལྡན་གྱིས། །

གང་གི་ཚེམས་གཅིག་ཀུན་སྤངས་མཚན་ཐོ་བཅས། །

ཕུལ་ཚེ་བླ་མའི་རྒྱལ་ཚབ་ཉིད་དུ་བཞུགས། །ཞེས་བྱུང་། 

དགུང་ལོ་སོ་ལྔ་བ་མེ་ཁྱི་སྤྱི་ལོ་༡༨༨༦ལོའི་རྒྱལ་ཟླའི་ཚེས་བཅོ་ལྔའི་ཉིན་སྐྱབས་རྗེ་ཨ་རོལ་རྡོ་རྗེ་འཆང་མཆོག་གིས་མཛད་པའི་མཐའ་མ་བདག་གིར་བཞེས་པའི་སྐབས་སུ། ཐུགས་དམ་གསལ་འདེབས་དང་། མཆོད་འབུལ་རྒྱ་ཆེར་མཛད་ཅིང་། མཆོག་སྤྲུལ་མྱུར་འབྱོན་གྱི་སྨོན་ཚིག་ཀྱང་ལྗགས་རྩོམ་མཛད། རྒྱལ་ཟླའི་ཚེས་བཅོ་ལྔའི་ཉིན་འདིར། བཀའ་སློབ་རི་ཁྲོད་པ་བླ་གྲྭ་མང་ལྷན་རྒྱས་ཏེ། གདུང་མདུན་མཆོད་འབུལ་སོགས་མཛད་པའི་དབུས་སུ། སྔོན་སྟོན་པའི་འཁོར་དུ་བྱོན་པའི་ཀུན་དགའ་བོས་སྟོན་པ་ལ་རིམ་གྲོ་སྒྲུབ་པའི་རྣམ་ཐར་བཞིན་མཉེས་པ་གསུམ་གྱི་སྒོ་ནས་དཔལ་ལྡན་བླ་མ་སྐྱབས་རྗེ་ཨ་རོལ་རིན་པོ་ཆེས་ཟིན་པའི་ཉེ་གནས་ཆེན་པོ་རྗེ་བཙུན་འཇམ་དབྱངས་དཔལ་ལྡན་མཆོག་གིས་བླ་མ་རྡོ་རྗེ་འཆང་གི་ཚེམས་དང་། ལྷ་རྫས་ནང་མཛོད་ཟུང་འབྲེལ་བཅས་རི་ཁྲོད་པའི་མཚན་ཐོ་རྗེ་ཉིད་ཀྱི་ཕྱག་ཏུ་ཕུལ་ཏེ་སྐྱབས་རྗེ་བླ་མ་མཆོག་གི་ཐུགས་དགོངས་བཞིན་དུ་རྒྱལ་བ་ཚེ་མཐའ་ཡས་པའི་ངོ་བོར་བརྟན་པར་བཞུགས་ནས། འཇམ་མགོན་སྙན་བརྒྱུད་ཀྱི་ལུང་རྟོགས་ཆོས་ཀྱི་རྒྱལ་སྲིད་ལ་བཤད་སྒྲུབ་གསེར་གྱི་འཁོར་ལོས་དབང་བསྒྱུར་ཏེ། བཀའ་སློབ་བྱ་བཏང་རི་ཁྲོད་འཛིན་པ་རྣམས་ཀྱིས་གཙོས་སྐལ་བཟང་གདུལ་བྱའི་ཚོགས་རྣམས་ལེགས་བཤད་བདུད་རྩིས་ཅི་དགར་སྐྱོང་དགོས་ཞེས་འཇམ་མགོན་སྒྲུབ་བརྒྱུད་བསྟན་པའི་བདག་པོ་གང་གི་རྒྱལ་ཚབ་དམ་པར་མངའ་གསོལ་ཞིང་། རྗེ་ཉིད་ནས་བླ་མའི་སྐུ་ཡོན་དང་བཀའ་དྲིན་དྲན་པས་སྤྱན་ཆབ་མང་དུ་གསིལ་བཞིན་ཞལ་བཞེས་ཀྱི་གསུང་ལན་དང་། བསླབ་བྱ་ཡིད་ཀྱི་གསོས་སྨན་དུ་འགྱུར་ངེས་པ་བསྩལ་ཏོ། །

གདན་རབས་ཚིགས་བཅད་མ་ལས། 

མ་ཅིག་གུང་རུ་ཡེ་ཤེས་མཁའ་འགྲོ་མས། །

བྱང་རྒྱུད་སྐྱེས་རི་མཐོན་པོའི་ཉེ་འདབས་ན། །

མགོན་པོ་ཁྱོད་ཀྱི་གདན་ས་ཡོད་དོ་ཞེས། །

གསལ་བར་ལུང་བསྟན་ཡོད་པ་དེ་བཞིན་དུ། །ཞེས་བྱུང་། 

གུང་རུ་ཡེ་ཤེས་མཁའ་འགྲོ་མ་དཀོན་མཆོག་རིག་འཛིན་དབང་མོར་འཕྲལ་ཕུགས་གང་སར་རེབ་གོང་དང་། མཚེར་མོ་ཆེ་གཉིས་གང་ལེགས་སོགས་བརྟག་པ་ཞུས་པར། ཕག་བྱི་གཉིས་ལ་ཅུང་འཚུབ་པས། རེབ་གོང་དུ་ཡུན་རིང་མ་བསྡད་ན་བཟང་། འདུ་འཛིའི་བྲེལ་གཡེང་བསྐྱུངས་ཏེ་གནས་སྐབས་མཚེར་མོ་ཆེ་རང་དུ་མཚམས་བྱས་ན་ལེགས་ཤིང་།སླར་དེ་དང་།རེབ་གོང་གཉིས་ཀར་ཕར་ཕེབས་ཚུར་ཕེབས་གནང་ན་ཨེ་དགའ་གསུངས་པ་དང་།སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེས་བརྟག་པ་མཛད་དེ་རྣམ་པ་གཉིས་ཀྱིས་ཞལ་མཐུན་པར་རེབ་གོང་དུ་ཡུན་རིང་མ་བཞུགས་པར་བྱང་རྒྱུད་ཙོང་ཁའི་སྐྱེས་རི་མཐོན་པོའི་ཉེ་འདབས་མཚེར་མོ་ཆེར་ཕེབས་ན་མགོན་པོ་ཁྱོད་ཀྱི་གདན་ས་གནས་དེར་ཡོད་དོ་ཞེས་གསལ་བར་ལུང་བསྟན་འཁྲུལ་མེད་གསུངས་ཡོད་པ་དེ་བཞིན་དུ་གནང་བའི་ཚུལ་ནི། 

གདན་རབས་ཚིགས་བཅད་མ་ལས། 

ངོ་མཚར་སྐྱེས་རིའི་བསམ་གཏན་ཆོས་སྡིངས་སུ། །

ཞབས་ཀྱི་པདྨོ་ཐོག་མར་བཀོད་པ་ནས། །

ཆོས་རྒྱུན་མང་བོ་ཕྱོགས་འདིར་སྤེལ་བྱས་ཏེ། །

བསྟན་པ་ཉི་འོད་བཞིན་དུ་གསལ་བར་མཛད། །

དད་གུས་མི་འགྱུར་རྩ་བ་རབ་ཏུ་བརྟན། །

མངའ་འབངས་ཡལ་འདབ་མ་ལུས་ཕྱོགས་སུ་རྒྱས། །ཞེས་བྱུང་། 

རྗེ་ཉིད་དགུང་ལོ་སོ་དྲུག་ཏུ་སོན་པ་མེ་ཕག་སྤྱི་ལོ་༡༨༨༧ལོར། སྐྱབས་མགོན་ལུང་རིགས་རྒྱ་མཚོ་དང་། ཤིང་བཟའ་རྡོ་རྗེ་འཆང་། གུང་རུ་ཚང་རྣམས་ཀྱི་ལུང་བསྟན་དང་། རྗེ་ཉིད་ཀྱི་རྨད་དུ་བྱུང་བའི་ཐུགས་བསྐྱེད་ཀྱི་མཐུས་རྨ་ཉིན་གྲུབ་པའི་བསྟི་གནས་མཚེར་མོ་ཆེའམ་སྐྱེས་རིའི་བསམ་གཏན་ཆོས་སྡིངས་སུ་རེབ་གོང་ནས་སློབ་བུ་བྱ་བཏང་བ་བཅུ་ཕྲག་དུ་མ་དང་བཅས་བཅོམ་ལྡན་འཁོར་བཅས་ཐོག་མར་ཞབས་ཀྱིས་བཅགས་ཤིང་གཞུང་ལུགས་འཆད་སྤེལ་ཉམས་བཞེས་གནང་། ཚེ་འདིའི་འཁྲི་བ་བཙན་ཆོད་ཀྱིས་ཐོས་དོན་རྒྱུད་ལ་སྦྱོར་བའི་ཀུན་སྤངས་སོགས་ཐར་འདོད་སྐྱེ་བོ་པདྨའི་ཚལ་ལ་བུང་བ་འདུས་པ་བཞིན་རྗེ་ཉིད་ཀྱི་དྲུང་དུ་གདན་འཛོམས་ཏེ་ལེགས་གསུང་སྦྲང་རྩིའི་བཅུད་ལ་ངོམས་མེད་དུ་རོལ་མཁན་མང་བོ་བྱུང་ཞིང་།ཁྱད་པར་ས་གླང་སྤྱི་ལོ་༡༨༨༩ལོར་སྐྱབས་རྗེ་ཐར་ཤུལ་རིན་པོ་ཆེའི་གདུང་མཆོད་དུ་དམིགས་ཏེ། མགོན་པོ་ཉིད་ཀྱིས་གཙོས་ཉེ་འཁོར་དུ་བཞུགས་པའི་སྒྲུབ་པའི་རྒྱལ་མཚན་འཛིན་པ་བཅུ་ཕྲག་ལྔ་ལྷག་ཞལ་འཛོམས་ཏེ། བྱ་ཁྱུང་གསེར་གདུང་ཆེན་མོའི་དྲུང་དུ་མཆོད་འབུལ་རྒྱ་ཆེར་གནང་ནས་རྒྱལ་སྲས་ཀྱི་སྨོན་ལམ་རླབས་པོ་ཆེ་ཐུགས་ཉམས་སུ་བསྟར་བ་ན། ལྷ་ཁང་ཕྱི་ནང་དུ་དྲི་བཟང་བོས་ཁྱབ་ཅིང་མཆོད་རྟེན་ལས་བདུད་རྩི་ཤིན་ཏུ་མང་བོ་བབས་པ་སོགས་བཀྲ་ཤིས་དང་དགེ་བའི་མཚན་མ་རྒྱ་ཆེར་བྱུང་བ་ནས་བཟུང་། ལོ་རེ་བཞིན་འཆར་ཅན་མཆོད་འབུལ་ཆེན་མོ་བཙུགས་ཏེ་འགྲོ་མགོན་ཉིད་ཀྱིས་གཙོས་ཀུན་སྤངས་རི་ཁྲོད་འཛིན་པ་བརྒྱ་ཕྲག་དུ་མའི་འཁོར་དང་བཅས་གནས་ངེས་མེད་དུ་བཤད་སྒྲུབ་ཀྱི་བྱ་བ་རླབས་པོ་ཆེ་མཛད་བཞིན་ལྷོ་བྱང་གི་སྡེ་དགོན་དུ་མར་བྱོན་ཏེ། འཆར་ཅན་གྱི་མཆོད་འབུལ་གནང་བ་ཡང་མ་ཆག་པར་མཛད་པ་ཡིན་ནོ། །

ལྕགས་ཡོས་སྤྱི་ལོ་༡༨༩༡ལོར་ཨ་རོལ་རྡོ་རྗེ་འཆང་གི་རྣམ་ཐར་བརྩམས་གྲུབ་བྱུང་བའི་པར་ཡིག་དང་།ཐར་ཤུལ་རིན་པོ་ཆེའི་གསུང་འབུམ་གྱི་པར་ཡིག་ཞུ་དག་གནང་།ཆུ་འབྲུག་སྤྱི་ལོ་༡༨༩༢ལོར་སྐྱབས་རྗེ་ཐར་ཤུལ་རིན་པོ་ཆེའི་གསུང་འབུམ་དཀར་ཆག་ལྗགས་རྩོམ་གནང་།ལོ་འདིའི་ཧོར་ཟླ་བརྒྱད་པའི་ནང་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་དཔའ་རིས་རབ་གསལ་ཕེབས་ནས།མཚམས་ཁོངས་སུ་མཇལ་འཛོམས་མཛད།བཀའ་གདམས་གླེགས་བམ་གྱི་ལུང་ཞུས་པ་བཞིན་ཉིན་བདུན་བརྒྱད་ཙམ་ལ་ཐུན་བར་རྣམས་སུ་གནང་།ཉིན་བཞིན་ཚ་བཞེས་དང་གསོལ་ཚིགས་ལྷན་ཅིག་གནང་ཞིང་། གཞུང་ཆེན་དུ་མའི་དཀའ་གནད་ལས་བརྩམས་པའི་འདྲི་རྨེད་མཛད་པས་མཁྱེན་རབ་ཀྱི་རྩལ་དང་ཡོན་ཏན་ལ་དོན་དང་མཐུན་པའི་བསྔགས་བརྗོད་དང་། གསར་དུ་ལྗགས་རྩོམ་མཛད་པའི་ཨ་རོལ་རིན་པོ་ཆེའི་རྣམ་ཐར་གཟིགས་ཏེ། གཞུང་ཆེན་མོའི་བརྡ་ཆད་ལ་བྱང་ཆ་སོང་ན་ཅི་བྱེད་ལས་སླ་བོ་རེད། ཅེས་གསུངས་ནས་རྗེས་སུ་ཡི་རང་གི་བསྔགས་པ་ཚད་ལས་བརྒལ་བ་མཛད། དགུན་ཐོག་སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེའི་རྣམ་ཐར་རྩོམ་པའི་དབུ་བཙུགས། 

དགུང་ལོ་ཞེ་གཉིས་པ་ཆུ་སྦྲུལ་སྤྱི་ལོ་༡༨༩༣ལ་དགེ་བའི་བཤེས་གཉེན་ཆེན་པོ་དཔའ་རིས་རབ་གསལ་ཚང་ཨ་མདོའི་དགོན་ཆེན་རྣམས་སུ་གྲྭ་སྐོར་མཛད་པའི་དུས་འདིར་མཚེར་མོ་ཆེར་ཕེབས་ཏེ་བླ་མ་རྡོ་རྗེ་འཆང་དང་མཇལ་འཕྲད་གནང་ཞིང་། མདོ་སྔགས་ཀྱི་གཞུང་ཆེན་མོའི་འཕྲོས་པ་གནང་ནས་ཞག་ཤས་བཞུགས། བརྒྱད་པའི་ནང་བྱ་ཁྱུང་དུ་ཕེབས་ནས་དམ་བཅའ་བཞག ཕྱིར་ཕེབས་པར་ཐུགས་ཀུན་ནས་དགྱེས་ཏེ་གསོལ་སྟོན་བཅས་མདོ་སྨད་འདིར་གྲྭ་སྐོར་གྱི་སྲོལ་ནུབ་ནས་མི་ལོ་དྲུག་ཅུ་ལྷག་སོང་བ་ཁྱེད་ཀྱིས་སླར་གསོ་བྱས་པ་ངེས་པར་བསྟན་པ་ལ་བྱ་བ་རླབས་པོ་ཆེ་མཛད་པ་ཡིན་པས་བཀའ་དྲིན་ཆེ་ཞེས་རྗེས་སུ་ཡི་རང་གི་གསུང་དང་། དགྱེས་པའི་ལེགས་སྐྱེས་མང་བོ་བསྩལ། 

ཤིང་རྟ་སྤྱི་ལོ་༡༨༩༤ལོར་རྗེ་ཉིད་ཀྱིས་སྔོན་བླ་བྲང་ནས་སྙན་ངག་གསན་སྐབས་ཀྱི་དཔེར་བརྗོད་ལ་བསྒྱུར་བཅོས་ཕྲན་བུ་གནང་སྟེ་སྙན་ངག་གི་དཔེར་བརྗོད་ལེགས་བཤད་བདུད་རྩིའི་མཆོད་ཡོན་གསར་དུ་གྲུབ་པར་བྱས། ཤིང་ལུག་སྤྱི་ལོ་༡༨༩༥ལོའི་ཟླ་བརྒྱད་པའི་ནང་ནས་བཅད་རྒྱ་མཛད་ཅིང་ཐུན་མཚམས་རྣམས་སུ་བཤེས་གཉེན་ཆེན་པོ་སངས་རྒྱས་ཆོས་གྲགས་མཚན་ཅན་ལས། མཆིམས་མཛོད་མངོན་པའི་རྒྱན། ཐར་ལམ་གསལ་བྱེད་སོགས་ཡིག་ཆ་མང་བོ་གུང་བསྒྲིགས་ནས་སྦྱང་བ་ཞིབ་རྒྱས་གནང་བར་གསུངས། བཤེས་གཉེན་ཆེན་པོ་འདི་བ་ལས་སྔ་ཕྱི་ཀུན་ལ་མདོ་སྔགས་གཞུང་ཆེན་མང་བོར་འཕྲོས་པ་དོགས་གཅོད་གཟབ་རྒྱས་མཛད་པ་ཡིན་ནོ། །

སྔོན་སྐྱེས་རིའི་ལྷ་ཞོལ་རི་ཁྲོད་བསམ་གཏན་ཆོས་སྡིངས་སུ་བཞུགས་སྐབས་ཉིན་ཞིག་ལ་སྐུ་དབོན་བློ་གྲོས་དཔལ་བཟང་དང་གསུང་འཕྲོས་ཀྱི་ལྷོངས་ཤིག་ཏུ།དབོན་རྒན་ནས་སྔོན་རྗེ་གོང་མ་དེ་ཉིད་བར་ཁམས་སུ་སྐུ་བསྙུན་བཞེས་ཏེ་ཆབ་མདོ་བརྒྱུད་ཁྱུང་བོར་ཕེབས།དེ་ནས་རྒྱ་ཤོད་བན་སྒར་ཟེར་བའི་དགོན་པར་ཉིན་ལམ་བདུན་ཡོད་ཟེར་བས་དེར་ཅིས་ཀྱང་ཐོན་ཐབས་བྱེད་དགོས་གསུངས་ཏེ།ཟླ་བ་བཅུ་བའི་ཚེས་ལྔ་ལ་གཅམ་མདའ་ཟམ་ཁ་ནས་བཏེགས་པ།ངལ་མ་གསོས་ན་སླེབ་རྒྱུ་ཡིན་ཀྱང་།སྐུ་ཉམས་ཤིན་ཏུ་ཞན་སྟབས་ཞམ་རིང་བ་ཚོས་ཅིས་ཀྱང་ངལ་གསོ་དགོས་ཚུལ་ཞུས་ཏེ་ཚེས་བརྒྱད་ཀྱི་བཅགས་མལ་བགྱིས་པས།ཚེས་བཅུ་གཅིག་ཉིན་རྒྱ་ཤོདབན་སྒར་གྱི་ཐག་ཉེར་སླེབས་པས་དེར་མྱ་ངན་ལས་འདས་ཚུལ་དང་།སྔ་སོར་ཁྲི་ལུང་དུ་བཞུགས་སྐབས་ཤིགང་ལ་དགོན་པ་ཞིག་གི་སྣང་བ་རྒྱུན་དུ་འཆར་གིན་འདུགཁ་ལྟ་ཕྱོགས་ལུང་བ་འདི་ལྟ་བུ། ལུང་བ་ཡངས་པོ་མདུན་ན་ཆུ་ཆེན་ཞིག་ཡོད་པ། རྒྱབ་རི་བྲག་རིར་ཤུག་པ་སྐྱེས་པ་དང་། མདུན་རི་ལའང་ནགས་ཚལ་ཅུང་ཟད་ཡོད་པ་ཞིག་རེད། ཅེས་ཡང་ཡང་གསུངས་པ། ཕྱིས་སུ་རྒྱ་ཤོད་བན་སྒར་གྱི་དགོན་པ་ཡོད་ས་དེ་ངེས་པར་དེ་ཇི་མ་ཇི་བཞིན་རེད་ཞུས་པར། ཞལ་ནས། ཨ་ཁུ། དེ་ཡིན་ན་ཆོག་རྒྱུ་རེད། དགོན་པ་དེ་ཁམས་སྟག་ཕུ་བའི་དགོན་པ་ཞིག་རེད། རང་རེའི་གོང་མ་ཚང་དེ་བ་སྟག་ཕུ་བའི་སྤྲུལ་སྐུ་ཡིན་ཞེས་གྲགས་ཆེ་བ་རེད། ཅེས་གསུངས་སོ། །

མེ་སྤྲེལ་སྤྱི་ལོ་༡༨༩༦ལོ་ལ་ཁྲི་རྒན་འཇམ་པའི་དབྱངས་སོགས་ཀྱིས་ཞུས་ངོར། རོང་བོ་དཔལ་གྱི་དགོན་ཆེན་དུ་གསན་མཁན་ལྔ་བརྒྱ་ལས་བརྒལ་བར་ཆོས་རྒྱུན་མང་བོ་སྤེལ། 

མེ་བྱ་སྤྱི་ལོ་༡༨༩༧ལོའི་ཟླ་དགུ་བའི་ཚེས་མགོར་རྨ་འགྲམ་ཆོས་ཀྱི་བསྟི་གནས་བན་གྲོ་དགེ་ལེགས་ཆོས་རྫོང་གི་སྒྲུབ་ཁང་དུ་ཕེབས་ནས།ཆ་གན་ཧུ་ཐོག་ཐུ་སོགས་ཀྱིས་སྔ་ཕྱི་དང་།དགེ་བཤེས་ཆེན་པོ་སངས་རྒྱས་ཆོས་གྲགས་པས་ཀྱང་གསུང་བསྐུལ་ནན་ཆེར་ཕེབས་པ་ལྟར་ལྷག་མཐོང་ཆེན་པོའི་དཀའ་འགྲེལ་གསར་རྩོམ་གྱི་དབུ་བཙུགས། སྐབས་འདིར་སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེའི་དགོངས་པ་གཞན་དུ་གཏད་པས་ཕྱག་མཛོད་ཀྱིས་ཞུས་པ་བཞིན་མཆོག་སྤྲུལ་མྱུར་འབྱོན་གྱི་གསོལ་འདེབས་ལྗགས་རྩོམ་མཛད་དོ། །

གདན་རབས་ཚིགས་བཅད་མ་ལས། 

ལྗོངས་འདིའི་མགོན་མེད་ཟས་སྦྱིན་གཉིས་པའི་ཟླ། །

ས་ཡི་ཚངས་པ་བཀྲ་ཤིས་ཚེ་རིང་ནས། །

ཡབ་རྗེ་རྣམ་འདྲེན་དམ་པ་འཁོར་ཚོགས་བཅས། །

ཐོག་མར་སྤྱན་དྲངས་བསྙེན་བཀུར་ཚད་མེད་བྱས། །

ངོ་མཚར་ཀུན་དགའ་ར་བ་གསར་བསྒྲུབས་ཏེ། །

དགོན་གནས་ཐོག་མར་ཕུལ་པ་ཞལ་གྱིས་བཞེས། །ཞེས་བྱུང་། 

སྤྱིར་རིག་པའི་གནས་ཆེ་ཆུང་ཐམས་ཅད་དང་།ཁྱད་པར་བཀའ་པོ་ཏི་ཆེན་པོ་ལྔ་ལ་སློབ་གཉེར་བྱེད་པའི་སྲོལ་བཙུགས་ན་རྣམ་གྲོལ་དོན་དུ་གཉེར་བ་དག་དང་།ཕྱོགས་མཐའི་འགྲོ་བ་མང་བོའི་སྨན་ཡོན་དུ་འགྱུར་བར་དགོངས་ནས།དགུང་ལོ་ང་གཉིས་པ་ཆུ་ཡོས་སྤྱི་ལོ་༡༩༠༣ལོར་རབ་འབྱམས་གཞུང་བརྒྱའི་མངའ་བདག་ཧོར་ཆེན་སྨྲ་བའི་སེངྒེ་རྗེ་ཡེ་ཤེས་རྒྱ་མཚོ་གདན་དྲངས་ནས་སྐལ་བཟང་རྣམ་དཔྱོད་ལྡན་པའི་ཚོགས་ལ་དཔེ་ཁྲིད་སྩོལ་དུ་བཅུག་སྟེ་མཚན་ཉིད་གསར་དུ་བཙུགས་པ་ནས།རྗེ་ཉིད་ཀྱིས་ཀྱང་གཞུང་ཆེན་མང་བོ་གུང་བསྒྲིགས་ཏེ།དོན་གྱི་འགང་གཤོག་པའི་བཤད་རྒྱུན་དུ་མ་དང་།དཀའ་བའི་གནས་རྣམས་བརྒལ་བརྟག་གི་སྒོ་ནས་གོ་བ་སྟེར་ཕུལ་ཆེ་བའི་ལེགས་བཤད་ཐང་མར་བརྡལ་བས།གཟིམ་སྤྱིལ་གྱི་ཉེ་འཁོར་དུ་རྒྱུན་བཞུགས་གནང་ནས་ལེགས་བཤད་དོན་གཉེར་གྱི་མང་ཐོས་སྒྲུབ་ལ་གཞོལ་བའི་ཀུན་སྤངས་བརྒྱ་ཕྲག་གསུམ་ལྷག་འདུས་ཤིང་།དེ་ལ་བརྟེན་ནས་དད་གཏོང་ནོར་གྱིས་མཛེས་པའི་བསྟན་པའི་སྦྱིན་བདག་ནང་སོ་བཀྲ་ཤིས་ཚེ་རིང་གིས་འདུ་ཁང་དང་ནང་ཆེན་སོགས་གསར་དུ་བཞེངས་ཏེ་སྡེ་ཚའི་པང་ལས་ཤར་ཞེས་པའི་དགོན་གནས་ཐོག་མར་ཕུལ་པ་ཞལ་གྱིས་བཞེས་ཏེ་དཔལ་མི་འགྱུར་རི་ཁྲོད་བཀྲ་ཤིས་ཆོས་སྡིངས་ཞེས་སྲིད་པ་གསུམ་ན་ཡོངས་སུ་གྲགས་པའི་བཤད་སྒྲུབ་ཟུང་དུ་འབྲེལ་བའི་ཆོས་ཀྱི་སྡེ་ཆེན་པོ་ཕྱག་འདེབས་མཛད་དོ།

གདན་རབས་ཚིགས་བཅད་མ་ལས། 

དེ་ནས་རིམ་བཞིན་གདན་ས་ཆེན་པོ་འདི། །

མྱུར་དུ་དར་ཞིང་རྒྱས་པས་མཚན་སྙན་འབར། །

དཔལ་ལྡན་རི་ཁྲོད་བཀྲ་ཤིས་ཆོས་སྡིངས་ཞེས། །

དཔལ་ལྡན་འཕགས་ཡུལ་ནཱ་ལེནྡྲ་ཡི་ཟླར། །

ཟླ་མེད་ལྷ་རྟེན་ཇི་ལྟར་བཞུགས་ཚུལ་ཀུན། །

ཀུན་ནས་བགྲང་ལ་སོར་མོ་ངལ་བར་གྱུར། །

ངོ་མཚར་བསྟན་པའི་རིན་ཆེན་གདུགས་དཀར་བོ། །

ཉམས་པ་མེད་པར་ཕྱོགས་བཞིར་བསྒྲེངས་མཛད་པའི། །

རང་སྲས་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེ། །

དུ་མའི་མཛད་འཕྲིན་ཀུན་གསལ་མཐའ་དང་མཉམ། །ཞེས་བྱུང་། 

སྡེ་འདིར་གཞུང་བརྒྱའི་དགོངས་དོན་མ་ནོར་བར་སྨྲ་བའི་དགེ་བའི་བཤེས་གཉེན། ལམ་ཡོངས་རྫོགས་ཀྱི་ཉམས་བཞེས་ལ་གཞོལ་བའི་བྱ་བཏང་སྒྲུབ་པའི་རྒྱལ་མཚན་འཛིན་པ། ལྔ་རིག་ནོར་བུའི་ཕྲེང་བ་རྣམ་དཔྱོད་ཀྱི་རྒྱན་དུ་ངོམ་པའི་པཎྜི་ཏ་སོགས་བསྟན་འཛིན་དམ་པ་བགྲང་ཡས་པ་རིམ་བཞིན་བྱོན་པའི་གདན་ས་ཆེན་པོ་འདི། ཡུན་ཐུང་ཞིག་ལ་མྱུར་དུ་དར་ཞིང་རྒྱས་པས་མཚན་སྙན་སྲིད་པ་གསུམ་ན་འབར་བའི་དཔལ་ལྡན་རི་ཁྲོད་བཀྲ་ཤིས་ཆོས་སྡིངས་ཞེས། དཔལ་ལྡན་འཕགས་ཡུལ་གྱི་ནཱ་ལེནྡྲའི་སྣོད་བཅུད་ཀྱི་བཀོད་པས་འགྲན་ཟླ་མེད་པ་ལྟ་བུའི་ལྷ་རྟེན་ཇི་ལྟར་བཞུགས་པ་རྒྱུ་སྐར་ཕྲེང་ཐག་ཆད་པ་ས་ལ་འཐོར་བ་དང་ཚུལ་ཀུན་ནས་མཚུངས་པས་རེ་རེ་བགྲང་བ་ལ་ཐུབ་པའི་སོར་མོའང་ངལ་བར་གྱུར་ཏོ། །

འགྲོ་བའི་མགོན་པོ་འདི་ཉིད་བསྟན་འགྲོའི་དོན་སྒྲུབ་པར་སྐྱོ་ངལ་གཏན་ནས་མི་མངའ་བས།རོང་བོ་དགོན་ཆེན་དང་བཀྲ་ཤིས་འཁྱིལ་སོགས་རེབ་གོང་ཕྱོགས་ཀྱི་དགོན་མ་ལག་ཐམས་ཅད་དང་།གདན་ས་བདེ་ཆེན་ཆོས་གླིང་དང་།མགུར་རྣམ་རྒྱལ་གླིང་སོགས་ལཱ་མོའི་དགོན་མ་ལག་རྣམས་དང་།གོང་བ་གྲྭ་ཚང་སོགས་ཁྲི་ཀའི་ཕྱོགས་ཀྱི་དགོན་སྡེ་དུ་མ་དང་།བིས་མདོ་དགོན་ཆེན།སྐུ་འབུམ།བྱ་ཁྱུང་།དགོན་ལུང་།གསེར་ཁོག་སོགས་ཙོང་ཁ་ཉིན་སྲིབ་ཀྱི་དགོན་སྡེ་མང་བོ་དང་།ཨ་རིག་དགོན་ཆེན་དང་རྐང་ཚའི་དགོན་ཆེན་སོགས་མཚོ་སྔོན་ཕྱོགས་ཀྱི་སྡེ་དགོན་དུ་མས་མཚོན།མདོར་ན་མདོ་ཁམས་སྨད་ཀྱི་བཤད་སྒྲུབ་ཆོས་ཀྱི་སྡེ་ཕལ་ཆེར་དུ་ལན་དུ་མར་ཞབས་ཀྱིས་བཅགས་ཤིང་།དབང་ལུང་ཁྲིད་མན་ངག་སོགས་ཆོས་ཆར་ཅི་འདོད་དུ་བསྩལ་པས།སྐལ་བཟང་གདུལ་བྱ་མ་སྨིན་པ་སྨིན་པར་མཛད་ཅིང་། སྨིན་པ་གྲོལ་བ་དང་། གྲོལ་བ་མཐར་ཕྱིན་པར་མཛད་པ་དང་ཆབས་ཅིག་ཞལ་མཇལ་གསུང་ཐོས་ཀྱི་འགྲོ་བ་སའི་རྡུལ་གྲངས་དང་མཉམ་པའི་རྒྱུད་ལ་ཐར་བའི་ས་བོན་ཁྱད་པར་ཅན་བསྐྲུན་པར་མཛད་དོ། །

དེ་ལྟར་ངོ་མཚར་བའི་མཛད་འཕྲིན་གྱི་འོག་ཏུ་བསྟན་པ་རིན་པོ་ཆེའི་གདུགས་དཀར་བོ་དུས་ནམ་ཡང་ཉམས་པ་མེད་པར་ཕྱོགས་བཞིར་བསྒྲེངས་པར་མཛད་པ་ཁོང་རང་ཉིད་ཀྱི་སྲས་སུ་གྱུར་པའི་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་དུ་མའི་མཛད་འཕྲིན་ནི་ཀུན་གསལ་གྱི་མཐའ་དང་མཉམ་པ་བྱུང་ངོ་ཞེས་པའོ། །

གདན་རབས་ཚིགས་བཅད་མ་ལས། 

ཁྱད་པར་གངས་ཅན་རྣམ་འདྲེན་བཅུ་གསུམ་པའི། །

རིགས་ཀྱི་ཅོད་པན་ཉིད་དུ་གྱུར་པ་ན། །

གཟུར་གནས་བློ་ལྡན་ཀུན་གྱིས་མེ་ཏོག་འཐོར། །

ཁ་ཅིག་ཡིད་ལ་དུཿཁ་སྐྱེས་པར་གླེང་། །ཞེས་བྱུང་། 

གངས་ལྗོངས་འགྲོ་བའི་མགོན་པོ་རྒྱལ་སྲས་ཕྱག་ན་པདྨོ་བཤེས་གཉེན་གར་གྱི་རྣམ་པར་རོལ་པ་ཀུན་གཟིགས་རྒྱལ་བའི་དབང་བོ་བཅུ་གསུམ་པ་ཆེན་པོ་༧རྗེ་བཙུན་ངག་དབང་བློ་བཟང་ཐུབ་བསྟན་རྒྱ་མཚོ་དཔལ་བཟང་བོ་དེ་ཉིད་རབ་ཚེས་མེ་རྟ་སྤྱི་ལོ་༡༩༠༦ལོར། ཇི་སྐད་དུ་བཀའ་གདམས་རིན་པོ་ཆེའི་གླེགས་བམ་ལས། བོད་བྱང་གི་ཕྱོགས་ནས་བྱང་ཕྱོགས་སུ། །མི་ཁྱོད་ཀྱི་སྤྲུལ་པ་དམ་པ་ཞིག །འབངས་མགོན་མེད་མང་བོ་འདུལ་དུ་འགྲོ། །ཞེས་ལུང་བསྟན་པ་བཞིན་ཆེན་པོ་ཧོར་གྱི་ཡུལ་གྲུར་ཆིབས་ཀྱི་ཁ་ལོ་བསྒྱུར་ཏེ། ཧལ་ཧ་ཁུ་རེ་ཆེན་མོ། ཛ་ཡའི་དགོན་ཆེན་སོགས་ཧོར་ཡུལ་དུ་བླ་སྤྲུལ་རྒྱལ་བློན་སེར་སྐྱ་དྲག་ཞན་སའི་རྡུལ་གྲངས་དང་མཉམ་པ་རྣམས་ལ་རང་མོས་དང་འཚམས་པའི་ལེགས་བཤད་གསར་བའི་བདུད་རྩི་ཕངས་མེད་དུ་བསྟབས་ཤིང་། འཆད་རྩོད་རྩོམ་གསུམ་གྱི་ལེགས་མཛད་འོད་ཀྱི་སྣང་བས་མཐའ་འཁོབ་རྒུད་པའི་མུན་ཚོགས་དྲུངས་ནས་ཕྱུང་སྟེ་ཡུལ་དབུས་འགྱུར་འཆང་དང་སྐལ་བ་མཉམ་པར་བསྒྲུབས། རིམ་གྱིས་བོད་ཆེན་པོའི་ཡུལ་གྲུ་མདོ་ཁམས་སྨད་དུ་གཏོགས་པའི་གདུལ་བྱ་རྣམས་ཡང་དག་པའི་ལམ་དུ་བཀྲི་བ་དང་། རྗེ་བཙུན་བླ་མ་མཆོག་ལས་ལེགས་བཤད་བདུད་རྩིའི་དགའ་སྟོན་གསོལ་བཞེད་ཀྱིས་གངས་ཅན་འཛིན་མའི་རྒྱན་གཅིག ལུམྦིའི་དགའ་ཚལ་གཉིས་པ་མཁས་པའི་འདུན་ས་ཆེན་པོ་སྐུ་འབུམ་བྱམས་པ་གླིང་དུ་ཞབས་ཀྱི་པདྨོ་ཉེ་བར་བཀོད་པའི་གནས་ཚུལ་གསན་འཕྲལ།རྗེ་ཉིད་ཞམ་རིང་བ་དང་རྗེས་འབྲང་ཀུན་སྤངས་སུམ་བརྒྱ་སྐོར་བཅས་ཐ་སྐར་ཟླ་བའི་ཚེས་ཉེར་གཅིག་ལ་སྐུ་འབུམ་བྱམས་པ་གླིང་དུ་ཕེབས་ཏེ།ཆེ་ཤོས་སྒར་བར་བཞུགས།ཕྱི་ཉིན་ཆེ་ཤོས་མཆོག་སྤྲུལ་རིན་པོ་ཆེ་ནས་ཞུ་སྣ་མཛད་དེ།རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་བཅུ་གསུམ་པ་ཆེན་པོར་གཟིམ་ཆུང་དུ་མཇལ་ཁ་ཞུས་སྐབས།སྲིད་དུ་རིང་བའི་ལྷ་དར།སྐུ་གསུང་ཐུགས་རྟེན་སོགས་དངོས་འབུལ་སྤུས་གཙང་བཅས།ཀུན་གཟིགས་རྒྱལ་བའི་དབང་བོ་ཉིད་ནས་བདག་ཅག་མདོ་སྨད་ཀྱི་གདུལ་བྱ་རྣམས་ལ་བརྩེས་གཟིགས་ཆེན་པོས་ཆིབས་བསྒྱུར་མཛད་པ་བཀའ་དྲིན་ཆེ་ཚུལ།སླད་མར་ཡང་འཇམ་མགོན་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཐུགས་ལ་བསྣམས་དགོས་ཚུལ་སོགས་ལས་བརྩམས་པའི་ཞུ་འབུལ་མཛད་པར།གོང་ས་མཆོག་ནས་ཀྱང་དགྱེས་པའི་གསུང་ལན་ཐུགས་ཀྱི་གསོས་སྨན་དུ་འགྱུར་ངེས་བཀའ་དྲིན་བསྐྱངས།འདི་དག་གི་སྐབས་སུ་རྗེ་བཙུན་བླ་མ་ཡབ་སྲས་ཀྱི་དག་པའི་གཟིགས་ངོར་འཇམ་མགོན་རྒྱལ་བའི་དབང་བོ་དང་ལྷོ་བྲག་ནམ་མཁའ་རྒྱལ་མཚན་ཡབ་སྲས་མཇལ་དུས་ལྟ་བུའི་གཟིགས་སྣང་ངོ་མཚར་ཅན་ཕལ་བའི་བསམ་བརྗོད་ཀྱི་ཡུལ་ལས་འདས་པ་དག་བྱུང་བར་གདོན་མི་ཟ་ལ།ཚུར་མཐོང་གི་སྣང་ཚོད་ལ་ཡང་རྒྱལ་དབང་མཆོག་ནས་གཟིགས་མ་ཐག་ཕྱག་ཐལ་མོ་སྦྱོར་བ་གནང་ཞིང་།ལྔ་བ་ཆེན་པོ་དངོས་སུ་འདུག་གསུངས་ཏེ་གང་ལྟར་དགྱེས་བརྩེའི་ཉམས་ཁྱད་དུ་འཕགས་པ་དང་།བླ་མ་མཆོག་ནས་ཀྱང་དད་གུས་སྤྲོ་ཉམས་རྨད་དུ་བྱུང་བས་ཡུན་རིང་སྟོར་བའི་མ་བུ་ལྷན་ཅིག་གསར་འཕྲད་ལྟ་བུ་ཉེ་འཁོར་ན་ཡོད་པ་ཐམས་ཅད་ལ་མཐུན་སྣང་དུ་མཇལ་རྒྱུ་བྱུང་བའང་། རིང་མོ་ཉིད་ནས་བསྟན་འགྲོར་གཅིག་ཏུ་སྨན་པའི་ཐུགས་བསྐྱེད་དང་། རྒྱལ་སྲས་ཀྱི་སྨོན་ལམ་རླབས་པོ་ཆེས་ཕན་ཚུན་ལུ་གུ་རྒྱུད་དུ་བཅིངས་པའི་རང་མདངས་ཁོ་ནར་གསལ་ལོ། །ཤག་ཏུ་ཕེབས་པ་ན། ༧ གོང་ས་མཆོག་ནས་ཉིད་ཀྱི་གསན་ཡིག་ལ་གཟིགས་རྒྱུའི་བཀའ་གནང་བ་བཞིན། འཕྲལ་དུ་གསན་ཐོ་རགས་བསྡུས་ཤིག་བྲིས་ཏེ་ཕུལ་པར་ཞིབ་གཟིགས་མཛད་དེ། དུས་ཚེས་དགེ་བར་དྲི་བྲལ་སྲིད་དུ་རིང་བའི་ལྷ་དར་བཅས་ཆེ་ཤོས་རིན་པོ་ཆེ་ཆེད་མངགས་ཀྱིས། རྒྱལ་བའི་དབང་བོ་ཉིད་ནས་མ་གསན་པའི་ཆོས་རྒྱུན་མང་བོ་ཞིག་ཅིས་ཀྱང་གནང་དགོས་ཚུལ་བཟློག་ཏུ་མེད་པའི་བཀའ་ལུང་ནོར་བུའི་དོ་ཤལ་ཆེས་ལྕི་བ་བསྩལ་པས་ཞལ་བཞེས་མི་གནང་ཀ་མེད་བྱུང་བ་བཞིན་བཀའ་བཞིན་སྒྲུབ་པའི་ཞལ་བཞེས་མཛད། རྗེས་སོར་བཀའ་ལས། དེ་དུས་ ༧ གོང་ས་རྒྱལ་བའི་དབང་བོ་མཆོག་ནས་སྔར་མ་གསན་པའི་ཆོས་བཀའ་མང་བོ་འབུལ་དགོས་ཚུལ་བཟློག་ཏུ་མེད་པའི་བཀའ་ལུང་ནོར་བུའི་ཅོད་པན་སྤྱི་བོར་བསྩལ་བྱུང་བར། ངའི་སེམས་ལ་སྐྱབས་མགོན་རིན་པོ་ཆེ་འཕགས་པ་སྤྱན་རས་གཟིགས་དངོས་ཡིན་པས་དེ་ཉིད་ཀྱི་གསུང་བཞིན་སྒྲུབ་རྒྱུ་བྱུང་ན་སྐལ་བ་བཟང་སྙམ་པ་དང་། ཁོང་ལ་ཆོས་རྒྱུན་རྣམ་དག་རེ་འབུལ་ཐུབ་སོང་ན་ཁོང་འཕྲིན་ལས་ནམ་མཁའ་དང་མཉམ་པས་བསྟན་འགྲོར་ཕན་རླབས་ཆེ་ཞིང་རང་ལ་ཡང་བསོད་ནམས་རྒྱ་ཆེན་པོ་ཐོབ་རྒྱུ་རེད་སྙམ་པ་མ་གཏོགས། ང་རང་རི་ཁྲོད་པ་ལྟ་བུ་ཞིག་གི་མིང་བཟུང་ཡོད་སྟབས། སྐྱབས་མགོན་ཐམས་ཅད་མཁྱེན་པའི་ཡོངས་འཛིན་དུ་གྱུར་པས་གོ་ས་མཐོན་པོ་ཞིག་ཐོབ་བྱུང་། མཚན་སྙན་གྲགས་ཆེན་པོ་ཞིག་ཡོང་རྒྱུ་རེད་སྙམ་པའི་དགའ་སྤྲོ་ཅུང་ཟད་ཙམ་ཡང་མ་སྐྱེས་ཞེས་གསུངས་པ་ཞལ་ལས་ཐུགས་སྲས་གྲགས་པའི་ཞབས་ཀྱིས་དངོས་སུ་ཐོས་པའི་ཚུལ་འདི་ནི། ཆོས་བརྒྱད་མགོ་སྙོམས་པའི་བདག་ཉིད་ཆེན་པོའི་རྣམ་པར་ཐར་བ་ཁྱད་པར་དུ་འཕགས་པ་ཞིག་སྟེ། གཞན་དུ་ན་ཇི་ལྟ་བུའི་བླ་མ་ཆེན་པོ་ཞིག་ཡིན་རུང་འབད་རྩོལ་ཆེན་པོ་བྱས་ཀྱང་ཐོབ་པར་དཀའ་བའི་གནས། རྒྱལ་དབང་པད་དཀར་འཆང་བའི་ཡོངས་འཛིན་འབད་རྩོལ་མེད་པར་གནམ་བབས་ཀྱི་ཚུལ་དུ་ཕྱག་ཏུ་འབྱོར་ཚེ་ཐུགས་དགྱེས་དྲགས་པས་སྐུ་ལུས་ཞིག་འགྲོ་བའི་ཚོད་དུ་འདུག་གོ །འདི་སྐབས་རྗེ་གོང་མའི་སྐུ་དབོན་རྒྱ་སྐོར་རི་ཁྲོད་པ་བློ་གྲོས་དཔལ་བཟང་ཞུ་བ་རྗེ་ཉིད་ལ་སྐུ་དྲིན་ཤིན་ཏུ་ཆེ་བ་དེ་ཉིད་དགུང་ལོ་གྱ་དགུར་སླེབས་པ་ཞལ་མ་འཚོ་བས། གོང་ས་མཆོག་ལ་བསྔོ་རྟེན་དང་། རྗེ་ཉིད་རེ་ཞིག་དྷཱིཿཚར་ཕེབས་ནས་ཁུ་བོའི་དགེ་སྒྲུབ་བགྱིས་འཕྲལ་སླར་ཕེབས་ཆོག་པའི་དགོངས་ཞུ་ཕུལ་ཏེ་སླར་དྷཱིཿཚར་ཕེབས། དེ་འཕྲལ་དྷཱིཿཚ་རེབ་གོང་ཁྲི་ཀ་ཕྱོགས་གསུམ་གྱི་རི་ཁྲོད་པ་རྣམས་དང་། སྐུ་འབུམ། བྱ་ཁྱུང་། བདེ་ཆེན། གསེར་དགོན་སོགས་དགོན་ཆེ་ཆུང་དུ་མར་མང་འགྱེད། ལྗོངས་འདིའི་བླ་སྤྲུལ་བཞུགས་ཚད་ལ་བསྔོ་རྟེན་ཕུལ་པ་བཅས་དངུལ་ཕབ། སྲང་སྟོང་ཕྲག་གཉིས་དང་ལྔ་བརྒྱ་སུམ་ཅུ་ཙམ་ཐོབ་ངེས་ཀྱིས་དགེ་སྒྲུབ་ཆེན་པོ་དང་། རྗེ་ཉིད་ཀྱང་བཅད་རྒྱའི་ངོས་ཆེད་དམིགས་ཀྱི་ཐུགས་དམ་རྣལ་འབྱོར་ཟབ་མོའི་སྒོ་ནས་ཁུ་བོར་དྲིན་གཟོ་མཛད། བཅུ་བའི་ཚེས་ཉེར་དགུ་ལ་ ༧ གོང་ས་མཆོག་གི་མི་སྣ་ཆེ་ཤོས་ཕྱག་མཛོད་སོགས་གདན་འདྲེན་པ་མང་བོ་སླེབས་པས་ཕེབས་བྱམས་ལ་གདན་དྲངས་ཏེ་སྐུ་འབུམ་དུ་ཕེབས་ནས་ཁོང་བཀྲ་ཤིས་བཟང་བོའི་ཤག་ཏུ་བཞུགས་སྟན་འཇགས། མགོ་ཟླའི་ཡར་ཚེས་ལ་གངས་ཅན་འཛིན་མའི་རྒྱན་གཅིག་ལུམྦིའི་དགའ་ཚལ་གཉིས་པ། གདན་ས་ཆེན་པོ་སྐུ་འབུམ་བྱམས་པ་གླིང་གི་བླ་བྲང་རྩེའི་གཟིམ་ཆུང་བཀྲ་ཤིས་ཁང་གསར་དུ། རྒྱལ་དབང་པད་དཀར་འཆང་བས་གཙོས་གངས་ཅན་མཁས་གྲུབ་བྱེ་བའི་གཙུག་ཏོར་གྱི་ནོར་བུས་མངོན་པར་མཆོད་པའི་ཁྲི་འཕང་ཤར་གྱི་རི་བོའི་སྤོར། སྔོན་གྱི་ཐུགས་བསྐྱེད་དང་སྨོན་ལམ་རླབས་པོ་ཆེའི་རྟ་མཆོག་བདུན་གྱི་ཤིང་རྟས་མངོན་པར་དྲངས་ཤིང་། ལུང་དང་རྟོགས་པའི་ཡོན་ཏན་གྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་ལས་གཞན་ཕན་འཕྲིན་ལས་ཀྱི་འོད་སྟོང་ཕྱོགས་བརྒྱར་སྤྲོ་བ་སྙིགས་མའི་དུས་ཀྱི་སངས་རྒྱས་བཅོམ་ལྡན་འདས་རྗེ་བཙུན་དགེ་འདུན་བསྟན་འཛིན་རྒྱ་མཚོ་དཔལ་བཟང་བོ་ཞེས་ཡོངས་སུ་གྲགས་པའི་ཀུན་གཟིགས་སྨྲ་བའི་ཉི་མ་དེ་ཉིད་མངོན་པར་འཛེགས་ཏེ། སྲིད་ཞིའི་གཙུག་གི་རྒྱན་གཅིག་རྒྱལ་བའི་དབང་བོ་བཅུ་གསུམ་པ་ཆེན་པོ་རྗེ་བཙུན་ངག་དབང་བློ་བཟང་ཐུབ་བསྟན་རྒྱ་མཚོ་འཇིགས་བྲལ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་དེ་ཉིད་ལ་ཐོག་མའི་ལེགས་བཤད་ཀྱི་སྐྱེས་སུ། དུས་གསུམ་གྱི་རྒྱལ་བ་མ་ལུས་པའི་བགྲོད་པ་གཅིག་པའི་ལམ་བཟང་། གསུང་རབ་ཐམས་ཅད་ཀྱི་གནད་བསྡུས་པ་ཤིང་རྟ་ཆེན་པོ་ཀླུ་སྒྲུབ་དང་ཐོགས་མེད་གཉིས་ཀྱི་ལམ་སྲོལ། དཔལ་ཨ་ཏི་ཤ་དང་འཇམ་མགོན་རྒྱལ་བ་གཉིས་པའི་ཐུགས་ཀྱི་ཉིང་ཁུ་ལེགས་བཤད་མཐར་ཐུག་པ། བྱང་ཆུབ་ལམ་གྱི་རིམ་པ་ཉམས་སུ་ལེན་ཚུལ། གཙང་བརྒྱུད་ཀྱི་ལམ་རིམ་ཐམས་ཅད་མཁྱེན་པར་བགྲོད་པའི་བདེ་ལམ་གྱི་ཁྲིད་དམིགས་སྐྱོང་ཚུལ་རྗེ་ཉིད་ཀྱིས་མཛད་པའི་ལམ་ཁྲིད་དགེ་ལེགས་འོད་སྣང་འགྱེད་པའི་ཉིན་བྱེད་ཀྱི་སྟེང་ནས་ལུང་གི་རྒྱབ་རྟེན། དཔེ་དང་གཏན་ཚིགས་དམ་པའི་གསུང་སྒྲོས་ཀྱིས་བརྒྱན་པའི་ཉམས་མྱོང་གི་བཤད་པ་རྒྱས་བསྡུས་འཚམས་ཤིང་གོ་བདེ་བ་ཉིན་བཅུའི་རིང་ལ་གྲུབ་པར་མཛད་པས་དབུ་བཙུགས་ཏེ། རིམ་གྱིས་ཐུགས་བསྐྱེད་གསེར་གྱི་ཤིང་རྟས་ཉེ་བར་བཟུང་བའི་དབང་ཁྲིད་མན་ངག་རིན་པོ་ཆེ་སིལ་མའི་ཕུང་བོ། ཀུན་གཟིགས་རྒྱལ་བའི་དབང་བོ་མཆོག་གི་ཐུགས་མཛོད་ནོར་བུའི་བ་གམ་དུ་ཉི་མ་རེ་རེ་བཞིན་འདྲེན་པའི་ཁུར་ཆེན་བདག་གིར་མཛད་དོ། །

རྒྱལ་ཟླའི་ནང་རྗེ་ཉིད་ནས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་ཚེ་སྒྲུབ་གནད་སྨིན་མཛད་དེ་མེ་ལུག་སྤྱི་ལོ་༡༩༠༧ལོའི་གནམ་ལོ་གསར་ཚེས་ལ།རྒྱལ་དབང་ཐམས་ཅད་མཁྱེན་པའི་སྐུ་དྲུང་དུ་ཆེ་ཤོས་རིན་པོ་ཆེ་དང་རྣམ་པ་གཉིས་ཀྱིས་རི་ཁྲོད་པའི་ལུགས་བཞིན་ཚེ་བུམ་ཕུལ་ཏེ་ཞབས་པད་ཡུན་བརྟན་གྱི་བདེན་ཚིག་དང་བརྟན་བཞུགས་ཀྱི་ཞུ་འབུལ་མཛད།གོང་ས་མཆོག་ནས་ཀྱང་དགྱེས་པའི་ཞལ་བཞེས་ཐུགས་ཀྱི་གསོས་སྨན་དུ་འགྱུར་ངེས་དང་།འབུལ་ནོད་ཀྱང་བསྟར།ཆོ་འཕྲུལ་མཆོད་པའི་མཚན་དུས་འདོ་ལི་ལ་བཞུགས་ཏེ་ཞིབ་མཇལ་མཛད།གོང་ས་མཆོག་ནས་རྒྱའི་ལུགས་ཀྱི་རྩེད་མོ་མང་བོ་སྤྱན་ལམ་དུ་བསྟར་རྒྱུའི་བཀའ་གནང་ཡང་།ཉིད་ཆུང་དུས་ནས་རྩེད་མོ་སོགས་ལ་གཏན་ནས་བལྟ་འདོད་མེད་པ་ཞིག་ཡིན་ཚུལ་ཞུས་ཏེ་གཟིགས་རྒྱུར་བཤོལ།འདི་དང་སྔོན་བྱ་ཁྱུང་དང་གསེར་དགོན་དུ་འཆམ་གཟིགས་ལ་ཅིས་ཀྱང་ཕེབས་དགོས་ཚུལ་ཨུ་ཚུགས་མཐར་སྐྱེལ་བྱས་ཀྱང་གསན་དགོངས་གཏན་མ་མཛད་ཚུལ་གོང་དུ་བཤད་པ་དག་ཀྱང་འདི་སྣང་ཆོས་བརྒྱད་ཀྱི་ཡོ་ལང་ལ་ཐུགས་གཏིང་ནས་ལོག་པའི་གཏན་ཚིགས་སུ་འཁུམས།འཆར་ཅན་མཆོད་འབུལ་ཆེན་མོའི་དུས་ཀྱིས་གཏུགས་པས།གོང་ས་མཆོག་ལ་དགོངས་ཞུས་ཕུལ་ཏེ་ཉི་ཤུའི་ནང་དྷཱིཿཚར་ཕེབས།དབོ་ཟླའི་ཚེས་ནས་ཀུན་སྤངས་རི་ཁྲོད་པའི་ཚོགས་དང་ལྷན་ཅིག་མཆོད་འབུལ་མཛད་པས་མཆོད་མེ་ཁྲི་ལྔ་ དང་།མཆོད་པ་འབུམ་གཏེར་མང་བོ་ཕུལ་ཏེ་བསྟན་འགྲོར་སྨན་པའི་རྒྱལ་བའི་སྲས་ཀྱི་སྨོན་ལམ་རླབས་པོ་ཆེ་ཐུགས་ཉམས་སུ་བསྟར།རི་ཁྲོད་པ་རྣམས་ལ་དངུལ་དོང་ཚེ་ཁ་དར་ཀར་སིལ་སོགས་ཀྱི་འགྱེད་དང་།སྤྲང་འགྱེད་ཀྱང་གཟབ།སྡེ་ཚའི་དཔོན་འབངས་རྣམས་ཀྱིས་ཇ་ཐུག་འགྱེད་སོགས་གང་གཟབ་ངོས་མཆོད་མེའི་མཇུག་ཏུ་ཞབས་བརྟན་མང་བོ་བསྒྲུབས་ཏེ་བརྟན་བཞུགས་འབུལ་བ་སོགས་དཀྱུས་ལྟར་དང་།ལྷག་ལྷ་འགའ་ཞིག་གི་ལྗགས་བསྙེན་ཡང་གནང་།

ས་གའི་ཚེས་ལ་གོང་ནས་མགྲོན་གཉེར་ཆེན་པོ་ལྷ་སྡིངས་ཆོས་མཛད་སོགས་གདན་འདྲེན་པ་ཆེད་མངགས་བཞིན་སྐུ་འབུམ་དུ་ཆིབས་བསྐྱོད་དེ་ཤིང་བཟའ་སྒར་བར་བཞུགས།གོང་ས་མཆོག་དང་དངོས་མཇལ་གྲུབ་བསྟུན་གཡུ་ཐོག་ཡོན་ཏན་མགོན་པོས་མཛད་པའི་སྨན་གྱི་ཆ་ལག་བཅོ་བརྒྱད་ཀྱི་ལུང་།རྔོག་དཀྱིལ་བདུན་དང་སྦྱོང་རྒྱུད་དཀྱིལ་འཁོར་བཅུ་གཉིས་ཀྱི་དབང་སོགས་ཆོས་བཀའ་མང་བོ་རིམ་པར་ཕུལ།སྐབས་ཤིག་སྐྱབས་མགོན་མཆོག་གི་ཕྱག་བྲིས་དངོས་མ་ཞིག་ཞུས་པ་བཞིན།གོང་ནས་གསུང་རྩོམ་ཚིགས་བཅད་ཁ་ཤས་དང་ཡིག་གཟུགས་མི་གཅིག་པ་དུ་མ་ཕྱག་བྲིས་མཛད་དེ་གནང་ ཞིང་།སྐྱབས་མགོན་མཆོག་གི་བཀའ་བཞིན་བླ་མ་རྡོ་རྗེ་འཆང་ནས་ཀྱང་གསུང་རྩོམ་ཚིགས་བཅད་ཁ་ཤས་ཕུལ་པས་མཚོན་ཡབ་སྲས་ཐུགས་ཡིད་གཅིག་འདྲེས་ཀྱི་ཐུགས་ནང་གཤིན་པའི་མཛད་སྒོ་ཁྱད་པར་ཅན་མང་བོ་མཇལ་རྒྱུ་བྱུང་བས། དེ་ཡན་ལ་རང་རེའི་བླ་མ་རིན་པོ་ཆེ་ཆོས་ཀྱི་ངོས་ནས་ལུང་དང་རྟོགས་པའི་ཡོན་ཏན་ནམ་མཁའ་དང་མཉམ་ཡང་། འཇིག་རྟེན་ངོས་ནས་དྲག་ཞན་སུ་དང་ཡང་མི་བསྟུན་ཞིང་ཕྲན་བུ་རེ་ཞུས་ནའང་ཉིད་ནས་བོད་ཀྱི་འགྲོ་ཚུལ་མི་ཤེས་གསུངས་ཏེ་གསན་དགོངས་ཡེ་མི་མཛད་པས་ཅི་འདྲ་སྙམ་དུ་བློ་མ་བདེ་ཡང་།འདི་དུས་ནས་བཟུང་སྟེ་སེམས་བདེ་འབོལ་གྱིས་སོང་ཞེས་ཆེ་ཤོས་མཆོག་སྤྲུལ་རིན་པོ་ཆེའི་ཞལ་ལས་གྲགས་པ་རིན་པོ་ཆེས་དངོས་སུ་ཐོས།བརྒྱད་པའི་ནང་རེབ་གོང་ནས་སྐྱབས་རྗེ་ཤར་རིན་པོ་ཆེ། མཁན་ཆེན་མཆོག་སྤྲུལ།མཚན་སྒྲོགས་ཚང་།ཚོ་འདུ་ཚང་།དྲུང་ཡིག་ཚང་སོགས་དྲག་རིམ་དུ་མའི་སྐུ་འཁོར་བཅས་རྒྱལ་དབང་ཐམས་ཅད་མཁྱེན་པར་མཇལ་དུ་ཕེབས།སྐུ་འབུམ་དུ་སླེབས་འཕྲལ་ཉེ་གནས་ཆེན་པོ་འཚམས་ཞུར་མངགས་པ་དང་།ཕྱི་ཉིན་སྐུ་མདུན་དུ་ཕེབས་པའི་ཚེ་ཡང་རྗེ་ཉིད་ནས་གཟིམ་ཁང་སྒོར་བསུས་ཤིང་།སྐུ་མདུན་དུ་གདན་ཁྲི་བཤམས་པ་སོགས་བཀུར་གཟོས་ཆེན་པོ་གནང་ཞིང་།ཕན་ཚུན་གང་བཅར་གྱི་བཀའ་མཆིད་ཡུན་རིང་མཛད་ལ།རྗེས་སོར་ཀུན་གཟིགས་རྒྱལ་བའི་དབང་བོ་ཚོགས་དབུར་ཞུས་སྐབས་ཀྱི་མཎྜལ་བཤད་པའང་ཉིད་ནས་ལྗགས་རྩོམ་མཛད།འདི་དུས་ཟླ་བ་ངོ་མཐོང་བདུན་ཙམ་བཞུགས་པ་སོགས་སྔ་ཕྱིའི་སྐབས་ཐམས་ཅད་དུ་རྗེ་བཙུན་བླ་མ་འཁོར་བཅས་ལ་བཞེས་ཆས་སྤུས་གཙང་མོད་ཆིལ་ལེ་བའི་གསོལ་ཕོག་གཞུང་ས་མཆོག་ནས་གནང་སྟེ་ཕུན་སུམ་ཚོགས་པའི་བསྙེན་བཀུར་དང་།ཕེབས་ཁར་ཡང་ན་བཟའ་སྐོར།རྒྱ་དངུལ།ཁ་ཆེ་གུར་ཀུམ་བམ་པོ།དབུས་སྤོས།གཟིམ་སྤོས།རྣམ་འཇོམས་རིལ་བུ།རྟེན་འདུས་དང་ལོ་གྱོན་ཕོན་ཆེ།རྗེ་ཉིད་ཞམ་རིང་བཅས་རི་ཁྲོད་པ་དམངས་ལ་འདང་ངེས་ཀྱི་ཕྱག་ཚྭ་དང་།ནང་མཛོད་ཆེ་ལེགས་དུ་མ་སོགས་འབུལ་ནོད་ཀྱང་སྤམ་མཐོ་བ་བསྩལ་ཅིང་བཅུ་བའི་ཚེས་ལ་དྷཱིཿཚར་ཕེབས།བཅུ་གཅིག་པའི་ཚེས་ལ་༧ གོང་ས་མཆོག་ནས་རྒྱ་དངུལ་རྡོ་ཚད།ལྷ་རྫས་ནང་མཛོད་བཅས་རྗེ་བཙུན་བླ་མ་མཆོག་གི་འདྲ་ཐང་གསར་སྐྲུན་མཛད་པའི་སྐུ་རྒྱབ་ཏུ་ཕྱག་པར་དང་འདོད་གསོལ་གསར་རྩོམ་དགོས་ཚུལ་གསུངས་པ་བཞིན།མཐའ་ཀླས་ཞིང་ཁམས་ཡངས་པོར་འཚོ་གཞེས་པའི།།རྒྱལ་བ་ཀུན་གྱི་མཉེས་གཤིན་སྙིང་རྗེའི་མཚོ།།རླབས་ཆེན་ལེགས་བྱས་རི་དབང་གིས་བསྲུབས་པས།།མཚན་དཔེའི་ཟླ་གཞོན་སྐྱེ་རྒུའི་གཉེན་དུ་ཤར།།མཛད་བཟང་བདུད་རྩིའི་ཟེགས་མ་ཆ་རེས་ཀྱང་། །ས་གསུམ་གདུང་བ་མ་ལུས་དྲུངས་འབྱིན་པའི། །ཐུགས་རྗེ་གཏེར་ཁྱོད་དེང་ནས་བྱང་ཆུབ་བར། །གཏན་གྱི་སྐྱབས་སུ་བསྟེན་པའི་གཡར་དམ་བགྱིད། །དེ་སླད་མཁས་མང་ལྷ་བརྒྱའི་ཟུར་ཕུད་རྩེར། །ཞབས་ཟུང་གཞོམ་མེད་ལང་ཚོར་བརྟན་བཞུགས་ནས། །བྱམས་བརྩེའི་ལྕགས་ཀྱུས་བདག་ཅག་སྙིགས་མའི་འགྲོ། །རིང་མིན་གཏན་བདེའི་ས་ལ་དྲང་དུ་གསོལ། །ཞེས་པའི་ཤོ་ལོ་ཀ་གསུམ་དང་ཕྱག་པར་སོགས་བཀའ་བཞིན་བསྒྲུབས། 

ས་བྱ་སྤྱི་ལོ་༡༩༠༩ལོའི་ཟླ་བཞི་བའི་ཡར་ཚེས་ལ་གསང་སྒྲོགས་དགོན་པར་དཔྱིད་ཆོས་ཚུགས།  རྗེ་ཉིད་ཕེབས་ལམ་སྐར་མ་ཐང་དུ་ ༧ རྒྱལ་དབང་ཐམས་ཅད་མཁྱེན་པ་བྱ་ཁྱུང་དུ་ཕྱགས་ཕེབས་ཏེ་གདན་འདྲེན་གྱི་བཀའ་གླེགས་འབྱོར་འཕྲལ་སླར་བྱ་ཁྱུང་དུ་བཏེགས། སྐྱབས་མགོན་མཆོག་ཡབ་སྲས་ལྷན་རྒྱས་ལ་དགོན་དེ་ཀའི་རིགས་སྨྲ་རྣམས་ཀྱིས་རྩོད་རྒྱུགས་ཕུལ་པར་གཟིགས་རྟོག་མཛད། 

དེ་ཡང་མེ་རྟ་སྤྱི་ལོ་༡༩༠༦ནས་བཟུང་སྟེ་ལོ་ངོ་མཐོང་གསུམ་གྱི་རིང་ལ་སྔ་ཕྱིར། ༧ གོང་ས་རྒྱལ་བའི་དབང་བོར་ཆོས་བཀའ་ཇི་སྙེད་ཅིག་ཕུལ་པའི་རིམ་པ་ནི། ཉིད་ཀྱིས་མཛད་པའི་ཁྲིད་ཡིག་སྟེང་ནས་ལམ་གྱི་རིམ་པའི་མྱོང་ཁྲིད།བླ་མཆོད་བདེ་སྟོང་དབྱེར་མེད་མ་དང་སྦྲགས་ཏེ་དགེ་ལྡན་སྙན་བརྒྱུད་ལས་འོངས་པའི་ཕྱག་རྒྱ་ཆེན་པོའི་ཟབ་ཁྲིད།ཁྱུང་བོ་མགུར་བརྒྱད་དང་རྭ་བའི་ཆོས་བརྒྱད་ཀྱི་མན་ངག་བྱིན་རླབས་ཀྱི་ཁྲིད།རྗེ་བདག་ཉིད་ཆེན་པོས་མཁས་གྲུབ་རྗེ་ལ་ཆིག་བརྒྱུད་དུ་གནང་བའི་བླ་མའི་རྣལ་འབྱོར་གྱི་ཁྲིད།དབེན་ས་སྙན་བརྒྱུད་ལས་བྱུང་བའི་འོད་དཔག་མེད་ཀྱི་འཕོ་བ་དཔའ་བོ་གཡུལ་འཇུག་མའི་ཁྲིད།དེས་རྒྱས་བཀབ་དགའ་ལྡན་འཕོ་ཁྲིད།ལྷའི་དགེ་བསྙེན་གྱིས་བྱང་སྒྲ་མི་སྙན་ནས་སྤྱན་དྲངས་ཏེ་དགྲ་བཅོམ་པ་འཆི་མེད་ལ་ཕུལ་པའི་སྒྲ་མི་སྙན་གྱི་ཚེ་ཁྲིད།དགེ་ལྡན་ལྟ་ཁྲིད་དྲན་པ་བཞི་ལྡན།གླང་རི་ཐང་བ་རྡོ་རྗེ་སེང་གེའི་ལུགས་ཀྱི་བློ་སྦྱོང་ཚིགས་བརྒྱད་མའི་ཁྲིད།མེ་ཏོག་བཅུད་ལེན་གྱི་ཁྲིད།དརྦན་ཨ་ཙར་ཡའི་ལུགས་འཇམ་དབྱངས་ཆོས་སྐོར་གྱི་ཁྲིད།རྗེ་བདག་ཉིད་ཆེན་པོས་ཐུགས་ཉམས་སུ་བཞེས་པའི་སྙིང་རླུང་གི་གེགས་སེལ་མན་ངག་ཧ་འདོན་ནམ་མ་ནིང་ཧ་འདོན་དུ་གྲགས་པའི་རླུང་སྦྱོར་གྱི་ཁྲིད།དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མའི་བསྐྱེད་རྫོགས་ཀྱི་དམར་ཁྲིད་ཞལ་ཤེས་བཅས་དང་།གསང་འདུས་རིམ་ལྔ།དུས་འཁོར་སྦྱོར་དྲུགནཱ་རོ་ཆོས་དྲུགལཱུ་ཨི་པའི་རྣལ་འབྱོར་ཆེན་པོ།དྲིལ་བུ་རིམ་ལྔ།འཇིགས་བྱེད་ཀྱི་རྣལ་འབྱོར་བཞི་རིམ།ཕྱག་རྡོར་འཁོར་ཆེན་གྱི་བྱིན་རླབས་བཞི་ལྡན།འཇམ་རྡོར་གྱི་ཐིག་ལེ་བཞི་རིམ་སྟེ་སྨད་རྒྱུད་ཁྲིད་ཆེན་བརྒྱད་དུ་གྲགས་པའི་རྫོགས་རིམ་སྐོར་གྱི་ཁྲིད།ཇོ་ནང་རྗེ་བཙུན་ཀུན་དགའ་གྲོལ་མཆོག་གིས་དཀའ་བ་བརྒྱ་ཕྲག་དུ་མའི་སྒོ་ནས་བཙལ་བའི་མདོ་སྔགས་སྣ་ཚོགས་ཀྱི་ཁྲིད་བརྒྱ་རྩ་བརྒྱད་ཕྱོགས་བསྒྲིགས་མཛད་པ་ཁྲིད་བརྒྱར་གྲགས་པའི་ཁྲིད་ལུང་དང་བཅས་པ།རྔོག་དཀྱིལ་ལས་མ་རྒྱུད་དཀྱིལ་འཁོར་དྲུག་གི་དབང་།རྣལ་འབྱོར་རྒྱུད་དེ་ཉིད་བསྡུས་པའི་དུམ་བུ་དང་བོ་ལས་གསུངས་པའི་རྡོར་དབྱིངས་ཀྱི་དབང་།དེའི་དུམ་བུ་གཉིས་པ་ལས་འཕྲོས་པའི་སྦྱོང་རྒྱུད་ཀྱི་རྟོག་པ་ནས་བཤད་པ་དགེ་ལུགས་ཀུན་རིག་རྩ་བའི་དབང་།ས་ལུགས་སྦྱོང་རྒྱུད་དཀྱིལ་འཁོར་བཅུ་གཉིས་ཀྱི་དབང་།འཇམ་དཔལ་གསང་ལྡན་གྱི་དབང་།བཀའ་གདམས་ཐིག་ལེ་བཅུ་དྲུག་གི་དབང་།གསང་འདུས་དང་བདེ་མཆོག་སྔགས་བཏུའི་རྗེས་གནང་།གྲུབ་ཆེན་བརྒྱད་ཅུའི་རྗེས་གནང་།སྒྲོལ་མ་ཉེར་གཅིག་སོ་སོར་ཕྱེ་བའི་རྗེས་གནང་།ལྷོ་བྲག་སྙན་བརྒྱུད་སྐོར་ལ་རྣམ་འཇོམས་སྣུར་ལུགས་རྩ་བའི་ལྷ་སོ་ལྔ་ཁྱམས་ཀྱི་རྡོ་རྗེ་ཕོ་ཉ་མོ་དྲུག་ཅུ་རྩ་བཞི་དང་བཅས་པའི་དབང་།དོན་དམ་སེམས་བསྐྱེད་ཀྱི་བྱིན་རླབས་སུ་གྲགས་པ་ཐུབ་དབང་ལ་ཉེ་སྲས་བརྒྱད་ཀྱིས་བསྐོར་བའི་རྗེས་གནང་།སྐུའི་ཕྱག་ན་རྡོ་རྗེ།གསུང་གི་ཕྱག་ན་རྡོ་རྗེ།ཐུགས་ཀྱི་ཕྱག་ན་རྡོ་རྗེ།ཡོན་ཏན་གྱི་ཕྱག་རྡོར་ཞལ་གསུམ་ཕྱག་བཞི་བ།འཕྲིན་ལས་ཀྱི་ཕྱག་རྡོར་ཞལ་གསུམ་ཕྱགདྲུག་སྟེ་ཕྱག་རྡོར་སྐུ་ལྔའི་རྗེས་གནང་།ཕྱག་རྡོར་གཏུམ་པོ་ཞལ་གཅིག་ཕྱག་གཉིས་པའི་ཐུགས་ཀར་ཕྱག་དྲུག་པ་བཀོད་པ་རྡོ་རྗེ་གཅེས་འཕྲེང་གི་རྗེས་གནང་།ཡང་གསང་བདུད་རྩིའི་རྒྱ་མཚོར་གྲགས་པ་གཏུམ་པོ་མེ་འབར་གྱི་རྗེས་གནང་།ཕྱག་རྡོར་དྲག་པོ་གསུམ་སྒྲིལ་གྱི་རྗེས་གནང་།ཚེ་དཔག་མེད་ལྷ་བཅུ་དགུའི་ཚེ་དབང་འཆི་བདག་བདུད་འཇོམས་སུ་གྲགས་པ་རྣམས་དང་།མཁས་གྲུབ་སྨྲ་བའི་ཉི་མས་མཛད་པའི་དཔལ་གསང་བ་འདུས་པའི་བསྐྱེད་རིམ་དངོས་གྲུབ་རྒྱ་མཚོའི་བཤད་ལུང་།རྗེ་བདག་ཉིད་ཆེན་པོས་མཛད་པའི་གསང་འདུས་རྫོགས་རིམ་རིམ་ལྔ་གསལ་སྒྲོན་གྱི་བཤད་ལུང་།བདེ་མཆོག་གི་རྒྱུད་འགྲེལ་སྦས་དོན་ཀུན་གསལ་གྱི་བཤད་ལུང་།དུས་འཁོར་འགྲེལ་ཆེན་དྲི་མེད་འོད་འབྲོ་ལོ་ཙཱ་བའི་འགྱུར་ལ་ཤོང་སྟོན་གྱིས་འགྱུར་བཅོས་མཛད་པ་བུ་སྟོན་རིན་པོ་ཆེའི་མཆན་དང་སྦྲགས་པའི་བཤད་ལུང་།ཀུན་མཁྱེན་བར་བས་མཛད་པའི་ལྟ་མགུར་འགྲེལ་བ་ཚིག་གི་སྒྲོན་མེའི་བཤད་ལུང་།དབལ་མང་པཎྜི་ཏའི་མདོ་རྒྱན་འགྲེལ་བའི་བཤད་ལུང་རྣམས་དང་།རྩིས་ཐང་ལ་ས་ཆེན་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི་བཀའ་གདམས་ཆོས་འབྱུང་གསལ་བའི་མེ་ལོང་།འབྲོམ་གྱིས་མཛད་པའི་མི་ཆོས་གནད་ཀྱི་ཕྲེང་བའི་ལུང་། པོ་ཏོ་བའི་ཆིག་ལབ་རིང་མོ་དང་བྱང་ཆུབ་འོད་ཀྱི་ཞལ་གདམས་གཉིས་ཀྱི་ལུང་། ཕ་དམ་པས་མཛད་པའི་དིང་རི་བརྒྱད་ཅུ་བའི་ལུང་། བློ་སྦྱོང་དོན་བདུན་མའི་ལུང་། བློ་སྦྱོང་ཚིག་རྐང་བརྒྱད་མའི་རྩ་བའི་ལུང་།དགེ་བཤེས་ཤ་ར་བ་ཡོན་ཏན་གྲགས་ཀྱི་ལམ་རིམ་ཆུང་བ་དབུར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀྱིས་བསྟན་པའི་ཆོས་ཐམས་ཅད་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པར་འདུས་ཏེ། ཞེས་དང་། དལ་བ་དོན་མེད་པར་མི་འགྱུར་རོ།།སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ཤཱཀྱའི་དགེ་སློང་ཡོན་ཏན་གྲགས་ཀྱིས་སྦྱར་བའོ།།ཞེས་པའི་མཐའ་ཅན།ཁ་རག་སྒོམ་ཆུང་བས་མཛད་པའི་ཐོ་ཆོས་དང་བློ་སྦྱོང་བློ་ལྡོག་བཞི་བ།ཨང་ཡིག་དོན་གཉིས་མ་རྣམས་ཀྱི་ལུང་།པོ་ཏོ་བའི་གསུང་རྒྱུན་དགེ་བཤེས་ཡ་གད་པའམ་དོལ་བོ་ཤེས་རབ་རྒྱ་མཚོས་བསྒྲིགས་པ་དོན་གྱི་ལམ་རིམ་བེའུ་བུམ་སྔོན་པོའི་རྩ་བ་དང་།དེའི་འགྲེལ་བ་སློབ་དཔོན་ཇོ་བོ་ལྷ་འབྲི་སྒང་བས་མཛད་པ།པོ་ཏོ་བའི་གསུང་དགེ་བཤེས་གྲབ་པ་དང་བྲག་དཀར་བས་བསྡེབས་པ་དཔེ་ཆོས་རྩ་བའི་ལུང་། དེའི་འགྲེལ་བ་ལྕེ་སྒོམ་ཤེས་རབ་རྡོ་རྗེས་མཛད་པའི་ལུང་།བེའུ་བུམ་དང་དཔེ་ཆོས་གཉིས་ལ་མཁོ་བའི་གཏམ་རྒྱུད་རིན་ཆེན་ཕྲེང་མཛེས་ཀྱི་ལུང་།སྤོང་བ་བསམ་གཏན་པ་རྣམས་ལ་དགེ་སྦྱོར་གྱི་གེགས་སེལ་བོགས་འདོན་མེད་དུ་མི་རུང་བ་མན་ངག་རིན་ཆེན་སྤུངས་པ་ལེའུ་བཅུ་གསུམ་གྱི་བདག་ཉིད་ཅན་ལྕེ་སྒོམ་ཤེས་རབ་རྡོ་རྗེས་མཛད་པའི་ལུང་།མཉམ་མེད་དྭགས་པོ་ལྷ་རྗེ་བསོད་ནམས་རིན་ཆེན་གྱིས་མཛད་པའི་ལམ་རིམ་ཐར་བ་རིན་པོ་ཆེའི་རྒྱན་གྱི་ལུང་།རྒྱལ་སྲས་ཐོགས་མེད་པའི་དངོས་སློབ་འགྲོ་མགོན་དཔལ་ལྡན་ཡེ་ཤེས་ཀྱི་ཟིན་བྲིས་བློ་སྦྱོང་སྙན་བརྒྱུད་ཆེན་མོའམ་བློ་སྦྱོང་གསུང་སྒྲོས་མར་གྲགས་པའི་ལུང་།བྱང་སེམས་རྭ་སྒྲེང་བ་ཤཱཀྱ་བསོད་ནམས་ཀྱིས་མཛད་པའི་ཐེག་ཆེན་བློ་སྦྱོང་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་གྱི་ལུང་།དྭགས་པོ་སྒོམ་ཆེན་ངག་དབང་གྲགས་པས་མཛད་པའི་ལམ་རིམ་ཚིགས་བཅད་མ་ལེགས་གསུང་ཀུན་གྱི་ཉིང་ཁུའི་ལུང་།རྗེ་ངག་དབང་བྱམས་པས་མྱུར་ལམ་གྱི་ཁྲིད་གནང་སྐབས་ཀྱི་ཟིན་བྲིས་བླ་མའི་སྐུ་ཚབ་ཏུ་གྲགས་པའི་ལུང་།འཇམ་དབྱངས་དགའ་བའི་བློ་གྲོས་ཀྱིས་མཛད་པའི་ལྟ་ཁྲིད་འབྲིང་བོ་དེ་ཉིད་གསལ་བྱེད་དང་།ལྟ་ཁྲིད་བསྡུས་པ་འཇམ་དཔལ་ཞལ་ལུང་གཉིས་ཀྱི་ལུང་།རྩེ་བཤེར་བཟང་བའི་རིམ་ལྔའི་བཤད་པ་རྡོ་ལག་བརྒྱུད་མའི་ལུང་།ཆུ་མིག་ལུང་བའི་ཁྲིད་ཡིག་རྡོ་ལག་བརྒྱུད་མའི་ལུང་།འབྲོང་རྩེའི་འཇིགས་བྱེད་བསྐྱེད་རྫོགས།ཐང་སག་པའི་འཇིགས་བྱེད་བསྐྱེད་རྫོགས།སྒོམ་སྡེའི་འཇིགས་བྱེད་བསྐྱེད་རྫོགས།ཞི་སྤྲུལ་པའི་མཁའ་སྤྱོད་བསྐྱེད་རྫོགས་རྣམས་ཀྱི་ལུང་འཇམ་དབྱངས་སྨྲ་བའི་སེངྒེའི་ཆོས་སྐོར་གྱི་ལུང་།སྔགས་འཆང་འཇམ་དབྱངས་བློ་གྲོས་ཀྱི་མི་ཏྲའི་དབང་ཆོག་གི་ལུང་། འཇམ་དབྱངས་བདེ་བའི་རྡོ་རྗེའི་བཀའ་འབུམ་གྱི་ལུང་། སྙེ་ནམ་རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་ཡབ་སྲས་གཉིས་དང་། ཆོས་རབ་ཀྱི་སྲས་རྭ་ངྷརྨ་སེངྒེ་དང་། རྭ་ཡེ་ཤེས་སེངྒེ་སོགས་རྭ་ཤར་ནུབ་ནས་བརྒྱུད་པའི་གདམས་པ་ནག་འཇིགས་སྐོར་གསུམ་གྱི་གླེགས་བམ་རྭ་པོད་དུ་གྲགས་པའི་ལུང་། ཞང་སྟོན་ནམ་མཁའ་གྲགས་ཀྱི་སློབ་མ་འབྲི་གུང་དཔལ་འཛིན་གྱིས་མཛད་པའི་རྡོ་རྗེ་འཇིགས་བྱེད་ཀྱི་ཆོས་སྐོར་དཔལ་པོད་ཀྱི་ལུང་། མཁའ་སྤྱོད་སྐོར་གསུམ་གྱི་བེའུ་བུམ། རིགས་བྱེད་མའི་བེའུ་བུམ། རྣམ་སྲས་བེའུ་བུམ། ལྷ་མོའི་བེའུ་བུམ། ཞལ་གྱི་བེའུ་བུམ་ཧ་ལ་ནག་པོ་མ་ཡིག་བཅས། བེ་རྒྱེའུ་བེའུ་བུམ། ན་བཟའ་བེའུ་བུམ། སྒྱུ་མ་བེའུ་བུམ། ཕ་དམ་པའི་མཁྱུད་སྤྱད་དཀར་ནག་ཁྲ་གསུམ། ཇག་ཆིངས་རྭ་རུ་མ། གཡུ་ཐོག་ཡོན་ཏན་མགོན་པོའི་སྨན་གྱི་ཆ་ལག་བཅོ་བརྒྱད། རྗེ་ཉིད་ཀྱི་གསུང་ལས། ལྟ་ཁྲིད་དྲན་པ་བཞི་ལྡན་གྱི་ཟིན་བྲིས། བློ་སྦྱོང་ཚིགས་བརྒྱད་མའི་ཟིན་བྲིས། མེ་ཏོག་བཅུད་ལེན་གྱི་ཟིན་བྲིས་རྣམས་ཀྱི་ལུང་དང་། འདི་སྐབས་ཀྱང་འཁོར་ཆེན་ཆོ་ག སྙན་ངག་དཔེར་བརྗོད། རིགས་བྱེད་མའི་ཚེ་སྒྲུབ་སོགས་ལེ་ཚན་ཁ་ཤས་དང་། སྐྱབས་རྗེ་ཤིང་བཟའ་རྡོ་རྗེ་འཆང་གི་རྣམ་ཐར་རྒྱལ་སྲས་སྤྱོད་པའི་རྒྱན་གྱི་ལུང་གི་མཇུག་ཏུ་ལམ་རིམ་ཆེན་མོ་དབུ་ཚུགས་ཙམ་མཛད་དེ། བསྟན་པའི་ཆུ་མགོ་འཇམ་མགོན་བླ་མ་ཡབ་སྲས་ཀྱི་གདན་ས་འདི་ཉིད་དུ་བཀའ་ཆོས་ཀྱི་མཇུག་གྲུབ་པར་མཛད་པ་ལ་དགོངས་གཞི་ཆེ་བར་མངོན། 

ས་ག་ཟླ་བའི་ཚེས་བཅུའི་ཉིན་སྐྱབས་མགོན་ཐམས་ཅད་མཁྱེན་པར་དངོས་འབུལ་བཅས།རྒྱལ་ཀུན་སྙིང་རྗེའི་བདག་ཉིད་འཕགས་མཆོག་ཕྱག་ན་པདྨོའི་སྒྱུ་འཕྲུལ་༧སྐྱབས་མགོན་ལྷ་མིའི་རྣམ་འདྲེན་ཆེན་པོའི་ཞབས་པད་དགེ་མཚན་གྱི་འདབ་བརྒྱ་གྲོལ་བའི་ཉེ་དྲུང་དུ།ཕྲན་ཆུང་ཞྭ་དམར་སྐྱེ་མིང་བ་ནས་གུས་ཕྱག་གྲངས་མང་སྔོན་དུ་འགྲོ་བས་ཞུ་གསོལ།ཉེ་བར་སྐྱབས་མགོན་ཐམས་ཅད་མཁྱེན་གཟིགས་ཆེན་པོ་བོད་ཡུལ་དབུས་འགྱུར་ཆོས་ཀྱི་དགའ་ཚལ་དུ་ཆིབས་ཞལ་བསྒྱུར་ཉེ་བའི་ཕེབས་རྫོངས་མཚོན་བྱེད་ཙམ་དུ།མཎྜལ་རྟེན་དོད་སྲང་ལྔ།རྒྱ་དངུལ་རྟ་རྨིག་མ་གསུམ།བཟང་གོས་སེར་བོ་གྱོན་འདང་གཉིས།དམར་སེར་བཟོ་འདང་གཅིགདམར་བོ་འབྲུག་རིས་མ་གཅིགགསེར་ཐིས་ནག་པོ་བུབས་གཅིགམགོ་སྣམ་བཟོ་འདང་།ཕྲུག་དམར་བོ་གཉིས།ཡི་མོའུ་དན་བཟོ་འདང་གསུམ།ཅེན་ཁྲོའུ་བཟོ་འདང་གསུམ།བི་ཏང་ཁེ་ལིང་བཟོ་འདང་།ཡང་གོས་སྔོ་ནག་ཡུག་གཅིགདམར་བོ་ཡུག་ཆེན་གཅིནང་མཛོད་ཆེ་ལེགས་བཅས་འབུལ་ལམ་ཞུ་བ་ལགས་ན།ལུས་ཅན་ཕན་བདེའི་རྩ་ལག་འཁྲུལ་བྲལ་བསྟན་པའི་སྙིང་བོ་དར་རྒྱས་ཡུན་རིང་དུ་གནས་པ་ཁོ་ནའི་ཆེད་དུ་༧སྐྱབས་མགོན་སྲིད་ཞིའི་གཙུག་རྒྱན་ཆེན་པོ་ཉིད་ཞབས་ཟུང་གཡོ་མེད་གཞོམ་གཞིག་བྲལ་བ་རྡོ་རྗེའི་རང་བཞིན་དུ་བརྟན་པར་བཞུགས་པའི་བཀའ་དྲིན་མི་ཆུང་བ་དང་སྔ་དུས་ཡང་ཡང་ཞུས་ཟིན་ལྟར་རྒྱལ་སྲིད་ནི་ཁེ་ཉེན་གྱི་གཞིར་སྣང་གཤིས།གཟུ་བོའི་བློ་ཅན་ཞིག་གི་བགོ་སྐལ་དུ་ཆེད་གཏད་ངོས།སྐྱབས་མཆོག་ཉིད་བཤད་སྒྲུབ་བྱ་བ་ལས་ཀྱི་འཁོར་ལོའི་མཛད་བཟང་ཁོ་ནར་རྩེ་གཅིག་གཞོལ་བའི་ཐུགས་རྗེ་མི་ཆུང་བ་དང་།ཕྲན་འབྲེལ་ཐོགས་རྣམས་དང་བཅས་པ་རྣམ་ཀུན་བརྩེ་བས་རྗེས་སུ་བཟུང་སྟེ་གདོད་མའི་ས་ལ་སྨིན་ཅིང་གྲོལ་བའི་སྐྱབས་ཀྱི་འཇུག་པ་ནམ་ཡང་མི་ལྷོད་པ་ཅིས་ཀྱང་མཁྱེན་མཁྱེན་མཁྱེན་ཞེས་ཚིག་ཙམ་མིན་པར་སྙིང་ནས་གསོལ་བ་འདེབས་པ་ལགས།ཞེས་ཞུས་པར།ཀུན་གཟིགས་མཆོག་ནས་ཀྱང་དགྱེས་པ་ཆེན་པོས་གང་གསུང་དང་ལེན་གྱི་ཞལ་བཞེས་མཛད་པ་སོགས་ཆེ་ཤོས་རིན་པོ་ཆེ་ནས་དངོས་སུ་མཇལ།སྐྱབས་མགོན་ཐམས་ཅད་མཁྱེན་པ་ནས་སྲུང་མདུད་ལྷ་རྫས་ནང་མཛོད་བཅས།བླ་མ་རིན་པོ་ཆེར་མཁན་ཐོབ་ཅིག་འབུལ་རྒྱུ་ཡོད་པ་ལེན་ཕྱིར་ཞབས་གྲས་ཤིག་སྐུ་འབུམ་དུ་འགྲོ་དགོས།ཁོང་རིན་པོ་ཆེ་ལ་མཁོ་གལ་མི་ཆེ་ཡང་ངེད་རང་གི་ངོས་ནས་དམ་པའི་ཆོས་ཀྱི་ཆེ་འདོན་དང་།དྲིན་གཟོའི་ཕུ་དུད་ལགས་གཤིས་ཅིས་ཀྱང་བཞེས་དགོས་ཚུལ་གྱི་གསུང་ནན་བཟློག་ཏུ་མེད་པ་དང་།ཐུགས་ལ་བརྣག་པའི་འཕྲལ་ཡུན་གྱི་སྐྱབས་འཇུག་ཀྱང་ཞུ་བར་མཛད་དོ།

དེ་ལྟར་ངེས་པའི་དོན་དུ་རྒྱལ་ཀུན་སྙིང་རྗེའི་ཕུང་བོ་བཞིན་ལག་གར་གྱིས་རྣམ་པར་རོལ་པ་འཕགས་མཆོག་ཕྱག་ན་པདྨོ་ཉིད་ལས་གཞན་དུ་མ་དམིགས་ཀྱང་།དྲང་དོན་གདུལ་བྱའི་སྣང་ངོར་མདོ་དབུས་ཐ་དད་པར་ངུར་སྨྲིག་འཛིན་པའི་བཤེས་གཉེན་མཆོག་གི་སྒྱུ་འཕྲུལ་དྲ་བའི་གར་གྱིས།ཟབ་རྒྱས་གདམས་པ་ནོར་བུའི་ཕུང་བོ་སྤེལ་བ་དང་སྡུད་པའི་ཚུལ་གྱིས་བསྟན་འགྲོའི་དོན་མཛད་པ་དེའི་ཚེ་ན།རྗེ་བཙུན་བླ་མ་མཆོག་ནས་དབང་ཁྲིད་མན་ངག་རྗེས་གནང་ལུང་སོགས་དཀོན་པའི་ཆོས་རྒྱུན་མང་བོ་ཕུལ་པས་མཚོན་བཤད་སྒྲུབ་བསྟན་པའི་རྒྱལ་མཚན།ཐམས་ཅད་གཟིགས་པ་མཆོག་གི་ཕྱག་ཏུ་གཏད་ཅིང་།གོང་ས་མཆོག་ནས་ཀྱང་ཐུགས་བཞེད་གྲུབ་པའི་དགྱེས་ཚོར་ཆེན་པོ་མཛད་དོ།

དེ་ནས་ཡབ་སྲས་ཕན་ཚུན་འབྲལ་མི་ཕོད་པར་ཐུགས་འཁྲེང་བའི་ཉམས་དང་བཅས།རྒྱལ་བའི་དབང་བོ་མཆོག་ནོར་བུ་ལེན་པའི་དེད་དཔོན་བཞིན་དབུས་འགྱུར་ཆོས་ཀྱི་ཞིང་དུ་ཆིབས་ཞལ་བསྒྱུར་ཞིང་།རྗེ་བཙུན་བླ་མ་ཉིད་ལྗོངས་འདིའི་གདུལ་བྱ་རྣམས་ཀྱི་མགོན་དུ་བཞུགས་སྟན་འཇགས་སོ།

ཤར་ཕྱོགས་རྒྱལ་ཁབ་ཆེན་པོར་ཆིབས་བསྒྱུར་སྐབས་སྐུ་འབུམ་ནས་གནང་བའི་བཀའ་གླེགས་འདི་ལྟར།ཁྱབ་བདག་དང་བོའི་ཟློས་གར་གསུམ་ལྡན་ངུར་སྨྲིག་འཛིན་པའི་དམ་པ་རིན་པོ་ཆེར་སྟབས་ཞུ།ད་ལམ་བཀའ་བྲིས་ཕེབས་ཚོགས་བཟང་བོ་དང་།གནང་སྐྱེས་གྱ་ནོམ་དང་བཅས་བསྩལ་འབྱོར་ཐོག་གཞན་གྱིས་ཐོབ་པར་དཀའ་བའི་བུ་སྟོན་ཡོ་ཊཱིཀ་བྱིན་རླབས་ཅན་སྤྱི་ཕེབས་རྣམས་དད་སྤྲོའི་ངང་ནས་ཞུས་ལགས་པ་ནམ་ཡང་གཞལ་དཀའི་བཀའ་དྲིན་ཤིན་ཏུ་ཆེ་ཆེ།སླར་ཞུ་ངོས་ཀྱང་སྨད་ཕྱོགས་ཐོན་རྒྱུ་འདི་དག་བསྟན་འགྲོའི་དོན་ཆེན་ལ་སྨན་ཚེ་རང་ཉིད་ཀྱི་ངལ་བ་ཅི་ཙམ་བསྟེན་ནུས་པ་ངལ་འབྲས་དོན་དང་ལྡན་ཡང་། སྙིགས་དུས་ནག་ཕྱོགས་ཁ་མཐོ་ཞིང་། གནམ་བསྐོས་ཆབ་སྲིད་ཀྱང་ཤུགས་ཀྱིས་ཉམས་དམའ་དུས་འདིར་བདག་ལྟ་བུས་རྔོ་ཐོགས་བྲལ་སྙམ་པའི་རེ་དོགས་འཆའ་ཞིང་།འོན་ཀྱང་རང་གི་བློས་དཔག་ནུས་ཚོད་ཀྱིས་བླ་མའི་མན་ངག་རྗེན་པར་བསྩལ་པ་རྣམས་སྒྲུབ་རྒྱུའི་སྨོན་པ་ཙམ་ཡང་བསོད་ནམས་དཔག་ཏུ་མེད་པ་རྫོགས་པར་འགྱུར་བས་ན།བླ་མ་མཆོག་གསུམ་ལ་གསོལ་འདེབས་ཀྱི་གྲོགས་སྦྱར་ཏེ་ཅི་སྒྲུབ་དང་བླངས་ཐོགརིང་མིན་ཡར་ལམ་སྐུ་འབུམ་འདིར་ལྷགས་ཏེ་དམ་པ་མཆོག་གི་ཞལ་བཟང་མཐོང་ནས་གསུང་གི་བདུད་རྩི་མྱོང་བར་སྨོན་ལགས་པས།རེ་འབྲས་རྣམས་གེགས་བྲལ་བསྟན་འགྲོའི་ཞབས་འདེགས་ཀྱི་ལེགས་ཚོགས་རྒྱ་ཆེན་པོའི་དོན་སོན་པའི་ཐུགས་སྨོན་འདོར་མེད་རྒྱུན་པར་བཅངས་པ་ཅི་ནས་འཚལ།

རྟེན་ལྷ་རེག་བཅས་སློབ་བུའི་ཐ་ཤལ་བས་སྐུ་འབུམ་ནས་ཟླ་ཚེས་བཟང་བོར་ཕུལ།ཅེས་སོགས་ཀྱི་བཀའ་གླེགས་དུ་མ་གནང་ཞིང་།

གོང་ས་མཆོག་ནས་བསྩལ་པའི་ཁོང་རང་ཉིད་ཀྱི་འདྲ་ཐང་ཁྱད་མཚར།སྐུ་རྒྱབ་ཏུ་ཕྱག་པར་དང་།

ཨོཾ་སྭ་སྟི།མ་ལུས་ཞིང་གི་རྣམ་འདྲེན་རིན་ཆེན་ཕུང་།།སྙིང་རྗེའི་རྡུལ་མང་གཅིག་བསྡུས་འཇིག་རྟེན་རྒྱན།།ལྗོངས་འདིའི་འགྲོ་ལ་ལྷག་བརྩེའི་འོད་རྣོན་འབར།།ལྷ་གཅིག་སྐྱེ་རྒུའི་གཙུག་ནོར་རིམ་བྱོན་རྒྱལ།།རྣམ་འདྲེན་རྒྱལ་བར་འོས་པའི་ཚུལ་དབེན་ཀྱང་།།དབང་མེད་རྐྱེན་གྱིས་སྐྱེས་གྲལ་ཚུད་པ་ལ།།དད་འདུན་ཐུགས་བརྩེའི་བཀའ་བཏགས་སྤྱི་བོར་བཅིངས།།ཡང་ཡང་ཐུགས་བསྐྱེད་དྲན་གསོའི་འདྲ་ཐང་བསྐྲུན།།གང་འཁོད་གནས་དེར་མགོན་ཁྱོད་ཞབས་བརྟན་ཅིང་།།རླབས་ཆེན་མཛད་འཕྲིན་བཞེད་དོན་སྐོང་བ་དང་།།བདག་ཀྱང་སྔོན་རབས་རྣམ་ཐར་ལྷུན་འགྲུབ་ཕྱིར།།འབྲལ་མེད་བདེན་ཚིག་བསྐུལ་བའི་རྟེན་དུ་འབུལ། །སརྦ་མངྒ་ལཾ། ཞེས་བཀའ་རྩོམ་ཤོ་ལོ་ཀ་གསུམ་ཅན་དང་། ཡོངས་འཛིན་ཆོས་ཀྱི་རྒྱལ་པོ་མ་ཧཱ་པཎྜི་ཏ་ནོ་མོན་ཧན་ཞེས་བསྔགས་པའི་འཇའ་ས་དང་། བཀའ་ཤོག ཐམ་ག་གྲུ་སྒོར། གདུགས་རྟ་དར། དབུ་ཞྭ་སྣེ་རིང་སོགས་ན་བཟའི་སྐོར་བཅས་མཁན་ཆས་ཆ་ཚང་ཞུས་ཏེ་སླེབས་པར།རི་ཁྲོད་པ་རྣམས་དང་དགོན་དེའི་བླ་གྲྭ་རྣམས་ཀྱིས་སེར་སྦྲེང་དང་།རྗེ་ཉིད་ནས་ཀྱང་གཟིམ་སྤྱིལ་སྒོར་བསུས་ཤིང་བཀུར་སྟི་ཆེན་པོས་ནང་དུ་གདན་དྲངས་ཏེ།བཞེས་སྤྲོ་སྣ་ལྔ་སོགས་ཀྱི་མཆོད་པ་དང་བཅས་པའི་ཁྲི་མཐོན་པོར་བཞུགས་སུ་གསོལ་ཞིང་།རྗེ་ཉིད་འཁོར་བཅས་ཀྱིས་ལྷ་ཕྱག་སྔོན་དུ་འགྲོ་བའི་ཡན་ལག་བདུན་པ་སེམས་བསྐྱེད་འཛིན་པ་བཅས་གནང་རྗེས།རྗེ་ཉིད་གདན་ལ་བཞུགས་པར་ཉེ་གནས་ཆེན་པོས་རེ་རེ་བཞིན་ཕྱག་ཏུ་ཕུལ་པའི་ཚེ་མཇལ་ཁ་དང་ཞིབ་གཟིགས་མཛད་ཅིང་།ཚོགས་མང་ལ་ཡང་མཇལ་ཁ་གནང་།རི་ཁྲོད་པའི་གཞུང་ནས་སྐུ་གསུང་ཐུགས་རྟེན་སོགས་ལེགས་འབུལ་བཅས་རི་ཁྲོད་པའི་དགེ་བསྐོས་བཤེས་གཉེན་ཆེན་པོ་དོར་ཤུལ་ངག་དབང་རྒྱ་མཚོས་མཎྜལ་བཤད་པ་ཞུས་ཤིང་ཚོགས་མང་གིས་དཔའ་དར་ཕུལ་ཏེ་མཇལ་ཁ་ཞུས་པར།བཀའ་ལས།སྐྱབས་མགོན་མཆོག་ནས་ཆོས་ཀྱི་ཆེ་བར་དགོངས་ཏེ་འདི་ལྟ་བུའི་འཇའ་ས་གནང་རྒྱུའི་གསུང་ནན་བསྩལ་པ་བདག་རི་ཁྲོད་པ་ཞིག་ལ་འོས་པ་མེད་ཀྱང་།ཧ་ཅང་ཨུ་ཚུགས་བྱས་ན་འཕགས་པ་སྤྱན་རས་གཟིགས་ཀྱིས་རྗེས་སུ་འཛིན་པའི་རྟེན་འབྲེལ་ལ་གནོད་དོགས་པས་བདག་གིར་མི་བྱེད་ཀ་མེད་བྱུང་། སྔོན་ཀུན་མཁྱེན་བླ་མར་གོང་ནས་ཐོབ་གནང་དུས། བླ་རྒན་ང་ལ་དགོས་པ་མེད་ཀྱང་། ང་ཁྱེད་ཚོའི་བླ་མ་ཡིན་སྟབས་ཁྱེད་ཚོ་ལ་ཕན་སྲིད་གསུངས་པ་ལྟ་བུ་རེད། ང་རི་ཁྲོད་པ་བླ་རྒན་ཞིག་ལ་ཐོབ་གོ་སས་དགའ་རྒྱུ་ཅང་མེད་མོད། ཁྱེད་རྣམ་པའི་བླ་མ་ལ་ཐོབ་བྱུང་ན་ཐུགས་དགྱེས་རྒྱུ་རེད་དེ། ཞེས་སོགས་དགོངས་གཞི་ཅན་གྱི་གསུང་བཀོད་དང་བསླབ་སྟོན་མཛད། བཀའ་ཤོག་དབུ་ནས་མར་གཟིགས་ཏེ་ཀུན་མཁྱེན་བར་བ་ལ་གཞུང་ནས་གནང་བའི་ཐོབ་དེ་རེད་གསུངས་ཏེ་བཞད་མོ་གནང་། མཁས་དབང་མ་ཏི་ཟི་གྲགས་པ་རྒྱ་མཚོ་མཆོག་གིས་ཚོགས་མང་གི་སྙན་གསན་དུ་བཀླགས། དེ་འཕྲལ་༧སྐྱབས་མགོན་ཐམས་ཅད་མཁྱེན་པའི་ཞབས་པད་དུ་རྒྱ་དངུལ་བྲེ་ཆེན་ལྷ་རྫས་ནང་མཛོད་སོགས་ཀྱི་ལེགས་འབུལ་བཅས། སྐྱབས་མགོན་མཆོག་གི་བཀའ་ནན་བཟློག་མ་ནུས་པར་ཆོས་བཀའ་ཁ་ཤས་བགྱིས་པའི་བྱས་པ་དྲིན་དུ་གཟོ་ཕྱིར་གཟེངས་བསྟོད་ཀྱི་བཀའ་ཤོག ཐམ་ག་གྲུ་སྒོར། གདུགས་རྟ་དར། མཁན་ཆས་ཆ་ཚང་བཅས་ཆེན་པོར་འོས་པའི་ལུང་ལས་དགྱེས་བཞིན་བསྩལ་པ་དམན་རྨོངས་བདག་ལྟ་བུར་འོས་པ་ཞིག་མིན་ཡང་ཆོས་ཀྱི་ཆེ་ཁྱད་འདོན་པའི་དགོངས་བཞེད་ཟབ་པ་དང་། འཕགས་པ་སྤྱན་རས་གཟིགས་ཀྱིས་རྣམ་ཀུན་རྗེས་སུ་འཛིན་པའི་བརྡ་ཐབས་སུ་འཁུམས་པས་དགའ་སྤྲོ་ཐོབ་ཚུལ། དེ་ལྟར་བརྩེ་བས་རྗེས་སུ་བསྐྱངས་པའི་བཀའ་དྲིན་གཞལ་བར་དཀའ་བའི་རང་བཞིན་ལས་མ་འདས་ཚུལ། རྣམ་པ་ཀུན་ཏུ་སྐྱབས་མགོན་མཆོག་གི་ཞབས་པད་བརྟན་པ་དང་བཞེད་དགོངས་འགྲུབ་པའི་ཞབས་རིམ་ལ་གཞོལ་བའི་འདུན་པ་ལྷོད་མེད་མཆིས་ཚུལ་སོགས་དོན་རྡོར་འཁོད་པའི་ཞུ་ཤོག་གོང་ས་མཆོག་ལ་ཕུལ་པའོ། །

དེ་ལྟ་བུའི་ཆེན་པོར་འོས་པའི་ལུང་ལས་དགྱེས་བཞིན་གནང་བའི་ཐོབ་བཅུ་གསུམ་ནི། ༡ གསོལ་དཔོན་བཞག་ཆོག་པའི་ཐོབ། ༢ གཟིམ་ཁང་གི་བདག་གཉེར་བ་བཞག་ཆོག་པའི་ཐོབ། ༣ གཞན་གྱི་མཆོད་གནས་ལ་བཞུགས་ཆོག་པའི་ཐོབ། ༤ མཇལ་ཡིག་གི་ཐོབ། ༥ གཞན་ལ་བཀའ་བསྒྲགས་ཆོག་པའི་གསེར་ཡིག་གི་ཐོབ། ༦ ཡུལ་གྱི་རྒྱལ་བོ་བཞིན་མཛོད་ཁང་གཉེར་ཆོག་པའི་ཐོབ། ༧ གཞན་ལ་ཕེབས་དུས་ལམ་བར་དུ་ཇ་ཐབ་བཟུང་ཆོག་པའི་ཐོབ། ༨ གདན་འདྲེན་ཞུ་མི་མངགས་ཆོག་པའི་ཐོབ། ༩ རྒྱལ་བོའི་མདུན་དུ་གདན་ཁྲི་བཤམས་ཆོག་པའི་ཐོབ། ༡༠ མི་སྐྱའི་གཡོག་འཁོར་བཟུང་ཆོག་པའི་ཐོབ། ༡༡ གདུགས་རྟ་དར་ཅན་གྱི་ཐོབ། ༡༢ མཛོ་གཡང་རྭ་ཅན་གྱི་ཐོབ། ༡༣ སྟག་ཁྱི་གཟིག་ཁྱིའི་ཐོབ་བཅས་བཅུ་གསུམ་ཡིན་ནོ། །རྗེ་མ་ཏི་ཟིས་མཛད་པའི་རྡོ་རྗེ་འཆང་གི་རྣམ་ཐར་ཆེན་མོ་ལས། ༧ གོང་ས་རྒྱལ་བའི་དབང་བོ་ཉིད་མདོ་སྨད་ཀྱི་ལྗོངས་འདིར་ཆེད་གཉེར་གྱིས་བྱོན་ནས། རྗེ་བཙུན་བླ་མ་འདི་ཉིད་ཀྱི་ཞབས་ལ་གཏུགས་ཏེ། ལེགས་བཤད་བདུད་རྩིའི་དགའ་སྟོན་ངོམས་མེད་དུ་གསོལ་བར་མཛད་ན། དེ་མན་གྱི་བླ་དཔོན་དྲེགས་ལྡན་སུ་ཞིག་གིས་གུས་འདུད་ལྷུར་ལེན་མི་བྱེད། འོན་ཀྱང་ཁྲོན་པའི་རུས་སྦལ་གྱི་དཔེ་བཞིན་སྡེ་དགོན་དང་ཡུལ་གྲོང་ཁ་ཤས་རེ་ལ་དབང་བསྒྱུར་བའི་རང་མཐོང་གི་ཁེངས་པས་སྙོམས་ལས་ཀྱི་མལ་དུ་བག་བརྐྱངས་ཤིང་ཆོས་བརྒྱད་ཀྱི་རོལ་རྩེད་ལ་གཡེང་བས་བསླུས་ཏེ། སངས་རྒྱས་དངོས་ལྟ་བུའི་ཐེག་པ་མཆོག་གི་དགེ་བའི་བཤེས་གཉེན་འདི་ལྟ་བུའི་ཞལ་མཇལ་བ་དང་ལེགས་གསུང་བདུད་རྩིའི་ཆ་ཤས་ལ་ཡང་ལོངས་སྤྱོད་པའི་སྐལ་བ་ཤིན་ཏུ་དམན་པ་དག་ནི་སྔོན་བྱས་ལས་ཀྱི་འབྲས་བུས་མཐོ་བརྩམས་པར་རྟོགས་སླའོ། །ཞེས་བླ་མ་རྡོ་རྗེ་འཆང་དེ་ཉིད་བྱ་བཏང་དཀྱུས་མའི་ངང་ཚུལ་ལས་མ་འདས་པར་བཞུགས་ནའང་གོང་ས་མཆོག་གིས་རིགས་ཀྱི་ཅོད་པན་དུ་བཀུར་བའི་ཚེ་གཟུར་གནས་མཁས་པ་རྣམས་ཀྱིས་དད་གསུམ་བསྔགས་པའི་མེ་ཏོག་འཐོར་ཞིང་རྗེས་སུ་ཡི་རང་གི་གནས་སུ་གྱུར་མོད། ཡོངས་འཛིན་མཆོག་གི་གོ་ས་ལ་རེ་བའི་ཆེན་པོ་འགའ་ཞིག་གི་རྒྱུད་ལ་ཕྲག་དོག་གི་ཚེར་མས་གདུངས་ཤིང་ཡིད་ལ་མི་བཟོད་པའི་སྡུག་བསྔལ་སྐྱེས་པའི་སྤྱོད་ལམ་ཡང་བསྟན་པར་གྲགས་པས་ཁ་ཅིག་ཡིད་ལ་དུཿཁ་སྐྱེས་པར་གླེང་ཞེས་པའོ། །

ས་བྱ་སྤྱི་ལོ་༡༩༠༩ལོའི་མཆུ་ཟླའི་མཇུག་ཏུ་རྒྱལ་དབང་ཐམས་ཅད་མཁྱེན་པ་ཟི་ལིང་དུ་ཕེབས་འཕྲལ་རྡོ་རྗེ་འཆང་གདན་འདྲེན་དུ་མངགས་པ་ལྟར་དབོ་ཟླའི་མགོར་སྐུ་འབུམ་དུ་ཕེབས། ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་བཞི་བ་བླ་མ་རྡོ་རྗེ་འཆང་ལ་མཇལ་ཕྱིར་དྷཱིཿཚར་ཕེབས་པར་རྗེ་འདིས་མཇལ་བར་གསུང་གླེང་དང་ལེགས་སྐྱེས་བསྩལ། 

གདན་རབས་ཚིགས་བཅད་མ་ལས། 

ཐུབ་པ་གནས་བརྟན་བཅུ་དྲུག་འཁོར་དང་བཅས། །

སྒྲོལ་མ་ཉེར་གཅིག་ལྟུང་བཤགས་སོ་ལྔ་སོགས། །

ལི་སྐུ་མང་བོ་རིན་ཆེན་གཉིས་པ་ཡིས། །

མཚོ་བདུན་ཕྱོགས་ནས་ལེགས་པར་བསྒྲུབས་ཏེ་ཕུལ། །

གསུང་གི་རྟེན་ལ་བཀའ་བསྟན་འགྱུར་རོ་ཅོག །

འཇམ་མགོན་ཡབ་སྲས་རྣམས་ཀྱི་གསུང་འབུམ་དང་། །

རྩོད་ཕྱོགས་ཡིག་ཆ་པོ་ཏི་སྟོང་ཕྲག་བསྒྲུབས། །

ལྗགས་རྩོམ་ལམ་ཁྲིད་སོགས་ཀྱང་བཀའ་དྲིན་མཛད། །ཅེས་བྱུང་། 

རྡོ་རྗེ་འཆང་སྐུ་དངོས་ཀྱིས་སྐུ་འབུམ་མཛོད་ཟུར་ཁོང་བཟོད་པ་བཟང་བོ་འདུ་ཁང་གསར་བཞེངས་ཀྱི་ལས་དཔོན་དུ་བསྐོས་ཏེ། གང་ཅིའི་བཀོད་ཁྱབ་མཐའ་དག་ཡི་གེར་ཕབ་ནས་སྤྲོད་པ་གནང་། རོང་བོ་མཚན་སྒྲོགས་ཧུ་ཐོག་ཐུ་རིན་པོ་ཆེ་སོག་ཡུལ་དུ་ཕེབས་རྒྱུའི་ཐོན་ཕྱག་ལ་ཕེབས་པར་སྔོན་ནས་ལྗགས་བཀོད་གནང་ཡོད་པ་བཞིན་འདུ་ཁང་གསར་བཞེངས་ཀྱི་རྟེན་གཙོར་བཞུགས་རྒྱུའི་སྟོན་པའི་སྣང་བརྙན་མི་ཚད་ལྷག་ཁྲི་དྲུག་འགྱོགས་ཅན་མཆོག་ཟུང་དང་བཅས་པ། མཉམ་མེད་ཇོ་བོ་དང་རྗེ་རིན་པོ་ཆེ་མི་ཚད་རེ། བཤགས་ལྷ་སོ་ལྔ། སྨན་བླ་བདེ་གཤེགས་བརྒྱད། གནས་བརྟན་བཅུ་དྲུག་དགེ་བསྙེན་ཧྭ་ཤང་རྒྱ་ཆེན་བཅས། ཉེ་སྲས་བརྒྱད། རྒྱན་དྲུག་མཆོག་གཉིས། ཇོ་ལུགས་སྒྲོལ་མ་ཉེར་གཅིག རྡོ་རྗེ་འཆང་། རྡོར་དབྱིངས། ཀུན་རིག རྣམ་སྣང་མངོན་བྱང་། ཕྱག་རྡོར་འབྱུང་འདུལ། དམ་ཚིག་གསུམ་བཀོད། ཚེ་དཔག་མེད། འཇམ་དབྱངས་དཀར་བོ། འོད་དཔག་མེད། གདུགས་དཀར། འོད་ཟེར་ཅན་མ་རྣམས་རྩེ་ཁྲུ་ལོངས་པ་རེ་བཅས་བསྒྲུབ་རྒྱུར་དངུལ་རྡོ་ཚད་ལྔ་བཅུ་ང་གཅིག་དང་། གཞན་དངོས་རྫས་མང་བོ་དངུལ་སྲང་ཉིས་སྟོང་བདུན་བརྒྱའི་རྩིས་བཅས་བསྐུར་གནང་མཛད། མཚོ་བདུན་ཕྱོགས་ནས་མཐུན་རྐྱེན་ལེགས་པར་བསྒྲུབས་ཏེ་ཕུལ། ཅོ་ནེ་ནས་དངུལ་རྡོ་ཚད་བཅོ་ལྔ་དང་བཅུ་མགོ་མ་གཉིས་ཀྱིས་བཀའ་འགྱུར་གསར་སྒྲུབ་དང་།རྐང་ཚའི་ཆན་ཧུ་གཅོད་པས་སྣར་ཐང་པར་མའི་བཀའ་བསྟན་གཉིས་ཕུལ་པ་དང་།རྒྱ་ཉག་ཚང་ནས་སྡེ་དགེ་བསྟན་འགྱུར་གཅིག་ཕུལ་པ་སོགས་སྐུ་གསུང་ཐུགས་ཀྱི་རྟེན་མང་བོ་ལྷུན་གྱིས་གྲུབ་ཅིང་། དཔེ་མཛོད་ཁང་དུ་བླ་མ་རྡོ་རྗེ་འཆང་ནས་གསར་བསྒྲུབས་དཔེ་པོད་བདུན་བརྒྱ་ལྷག་བཅས་ཕར་ཕྱིན་སྐོར་པོད་སུམ་བརྒྱ། དབུ་མའི་སྐོར་པོད་བརྒྱ་དང་བདུན་ཅུ།ཟུར་བཀོལ་བློ་རྟགས་སོགས་པོད་བརྒྱ་དང་བརྒྱད་ཅུ།བསྡུས་གྲྭ་སྐོར་པོད་བརྒྱ་ལྷགསྤྱི་མཁོའི་སྐོར་པོད་ཉིས་བརྒྱ།རིག་གནས་སྐོར་དང་སྔགས་ཕྱོགས་པོད་བརྒྱ་ལྷག་བཅས་པོ་ཏི་སྟོང་དང་ལྔ་བརྒྱར་ཉེ་བ་བསྒྲུབས།གཞན་ཕྱོགས་འདིའི་དྲེགས་ལྡན་མཐའ་དག་དང་།བཀའ་འབངས་སེར་སྐྱ་ཀུན་གྱིས་གུས་པས་བཀུར་ཞིང་མཆོད་པའི་ཡུལ་གཅིག་པུར་གྱུར་གཤིས་དཔལ་འབྱོར་ལོངས་སྤྱོད་ཟད་མི་ཤེས་པ་ངང་གིས་འདུ་བ་ཞིག་ལགས་ནའང་།རྒྱུ་རྫས་ལ་འཛིན་ཆགས་གཏན་མི་མངའ་བར་དད་འབུལ་གྱི་རྒྱུ་རྫས་ཡོངས་རྫོགས་ཕྱོགས་ཀྱི་འདུས་སྡེ་མང་བོར་ཆོས་ཐོག་གི་གཏོང་ཐེབས་དང་འགྱེད་ཐེབས། གདན་ས་བདེ་ཆེན་ཆོས་གླིང་དུ་བསྐལ་བཟང་སངས་རྒྱས་སྟོང་སྐུའི་ལྷ་ཁང་རྟེན་བཅས་དང་། ཁྲི་ཀའི་མཆོད་རྟེན་དཀར་བོ། ཏིང་ཀྱའི་ཨ་རིག་དགེ་བཤེས་ཆེན་མོའི་ལྷ་ཁང་རྟེན་བཅས་བཞེངས་པས་མཚོན་སྐུ་གསུང་ཐུགས་ཀྱི་རྟེན་མཐའ་ཡས་པ་གསར་བཞེངས་དང་། ཉམས་གསོ་གནང་བ་དང་། རིས་མེད་དབུལ་ཕོངས་རྣམས་ལ་སྦྱིན་གཏོང་སོགས་ཞིང་དག་པ་ཁོ་ནར་གཏོང་བ་གནང་བ་སོགས་ཀྱི་ལེགས་མཛད་དག་གིས་དད་ལྡན་ཀུན་གྱི་ཡིད་དབང་མེད་དུ་བཀུག་སྟེ། བསྔགས་བརྗོད་ཀྱིས་དུས་འདའ་བར་མ་ཟད། ཁ་ཆེ་བ་རྣམས་ཀྱི་ནང་དུའང་ལྐོག་ཏུ་མཇལ་ཁ་ཞུ་བ་དང་། དངོས་རྫས་རེ་ཕུལ་ཏེ་འདོད་དོན་འགྲུབ་པའི་སྐྱབས་འཇུག་ཞུ་བ་མང་དུ་བྱུང་ལ། ཁྱོད་ཚོའི་བླ་མ་འདི་བ་ཚང་མཐོང་ན་ཡང་གཞན་དང་མི་འདྲ་བར་སེམས་ལ་དགའ་སྤྲོ་སྐྱེ་བ་དང་། ཡང་ཡང་བལྟ་འདོད་པ་ཞིག་ཡོད་ལ། རྒྱུ་རྫས་ལ་གཏན་ནས་ཆགས་ཞེན་མེད་པར་ཆོས་ཕྱོགས་སུ་གཏོང་བ་དང་། ཉམ་ཐག་ཚོ་ལ་ཁྱད་མེད་པར་སྟེར་གང་ཐུབ་བྱེད་པས་ངེས་པར་སངས་རྒྱས་རེད། ཅེས་བསྔགས་པ་བརྗོད་མཁན་ཡང་ཤིན་ཏུ་མང་བོ་བྱུང་བར་གྲགས་སོ། །

ཞན་ཡང་རྗེ་འདི་ཉིད་འཇམ་མགོན་བླ་མའི་ལུགས་བཟང་དྲི་བྲལ་བསྟན་པའི་ཡང་སྙིང་བསྲེས་སླད་མེད་པར་འཛིན་པའི་ཐུགས་བསྐྱེད་ཀྱི་མཐུ་ཕུལ་ཏུ་ཕྱིན་པ་ལགས་ན་ཡང་།གྲུབ་མཐའི་ཕྱོགས་ཞེན་གཏན་མི་གནང་བར་གཞན་གྱིས་འདི་ལས་བརྩམས་པའི་ཚིག་འགའ་རེ་ཞུས་ནའང་སྐྱབས་འགྲོ་འདོར་ཉེན་ཡོད་པ་གསུངས་ནས་གསན་དུ་མི་བཞེད་ལ།ཕྱོགས་འདིར་གནས་པའི་གྲུབ་མཐའ་སོ་སོའི་དགོན་སྡེ་མཐའ་དག་ཆོས་ནོར་གཉིས་ཀྱིས་ལེགས་པར་སྐྱོང་བ་གནང་བས།རིས་མེད་བསྟན་འཛིན་དམ་པ་མ་ལུས་པའི་གཙུག་གི་ནོར་བུ་དང་།སྡེ་དགོན་ཐམས་ཅད་ཀྱིས་གཅིག་ཆོག་གཏན་གྱི་སྐྱབས་གནས་སུ་འཛིན་པ་ཡིན་ནོ།

མདོར་ན་རྗེ་བཙུན་དམ་པ་མཆོག་འདི་ནི་ངེས་པའི་དོན་དུ་འཕགས་མཆོག་ཕྱག་ན་པདྨོ་དང་གཉིས་སུ་མ་མཆིས་ནའང་། ཐུན་མོང་གི་སྣང་ངོར་ཡང་སྡོམ་པ་གསུམ་གྱི་བཅས་མཚམས་མཐའ་དག་མིག་གི་འབྲས་བུ་བཞིན་བསྲུངས་པའི་ཚུལ་ཁྲིམས་རྣམ་པར་དག་པའི་གཞི་ལ་གནས་ཤིང་། ཐོས་བསམ་བསྒོམས་པས་ཐུགས་རྒྱུད་ལེགས་པར་སྦྱངས་ཏེ། བཤད་སྒྲུབ་གཉིས་ཀྱི་སྒོ་ནས་བསྟན་པ་ལ་བྱ་བ་རླབས་པོ་ཆེ་མཛད་པ་ནི། འཕགས་བོད་མཁས་གྲུབ་ཚད་ལྡན་རྣམས་ཀྱི་རྣམ་པར་ཐར་བ་དང་རྗེས་སུ་མཐུན་པ་ཁོ་ན་ལགས་ལ། དེ་ཡང་སྙིགས་དུས་ཀྱི་ཐམས་ཅད་མཁྱེན་པ་རྗེ་བཙུན་ཤེས་རབ་རྒྱ་མཚོ། ཕྱག་ན་པདྨོའི་སྒྱུ་འཕྲུལ་ཨ་རོལ་རྡོ་རྗེ་འཆང་བློ་བཟང་ལུང་རིགས་རྒྱ་མཚོ་སོགས་མཁས་ཤིང་གྲུབ་པ་བརྙེས་པའི་དགེ་བའི་བཤེས་གཉེན་བཅུ་ཕྲག་གསུམ་གྱི་ཞབས་པད་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་བསྟེན་ཏེ་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིས་མཚོན་པའི་ལུང་གི་བསྟན་པ་མཐའ་དག་ལ་ཐོས་བསམ་མཐིལ་ཕྱིན་གནང་ཞིང་། གང་ཤེས་རྒྱུད་ལ་སྦྱོར་བའི་ཉམས་བཞེས་ཀྱི་དགོངས་དོན་འཚོལ་བ་ཉིད་གཙོ་བོར་མཛད་པས་མདོ་སྔགས་མཐའ་དག་གང་ཟག་གཅིག་སངས་རྒྱས་པའི་ཆ་རྐྱེན་འབའ་ཞིག་ཏུ་གཟིགས་ཏེ།གཞུང་ལུགས་ཐམས་ཅད་གདམས་ངག་ཏུ་ཐུགས་ངེས་བརྟན་པོ་འཁྲུངས་ཤིང་གསུང་རབ་ལ་ནང་བྱན་ཆུད་པར་གྱུར་ཏེ་དྲན་དབང་ཆེན་པོའི་གོ་འཕང་མངོན་དུ་གྱུར་ཅིང་།སྐུ་ན་ཕྲ་མོའི་དུས་ནས་སྲིད་པའི་ཕུན་ཚོགས་ཐམས་ཅད་ལ་ཞེན་པ་གཏིང་ནས་ལོག་པའི་ངེས་འབྱུང་དང་ཐོས་དོན་རྒྱུད་ལ་སྦྱོར་བའི་ཉམས་བཞེས་ལ་ཐུགས་འདུན་རང་འཁྲུངས་སུ་ཡོད་པའི་ཁར།སྐྱབས་མགོན་གསེར་ཁང་བ་ཆེན་པོ་ཡབ་སྲས་ཀྱི་རྣམ་ཐར་བཞིན་རི་ཁྲོད་དུ་ཕེབས་འཕྲལ་འདི་སྣང་གི་བྱ་བཞག་ཐམས་ཅད་འཕོངས་ཕྱིས་ཀྱི་རྡོ་བཞིན་དོར་ཏེ། དབྱར་དུས་ཐོས་བསམ་དང་བསགས་སྦྱངས་གཙོར་འདོན་དང་། དགུན་དུས་དབེན་པའི་གནས་མཐའ་ཡས་པར་སྤྲོས་པ་བཙན་ཆོད་ཀྱིས་བཅད་རྒྱའི་ངོས་རིམ་གཉིས་ཀྱི་རྣལ་འབྱོར་ཟབ་མོར་ཉིན་མཚན་ཁོར་མོ་ཡུག་ཏུ་གཞོལ་བར་མཛད་པས་བསླབ་པ་གསུམ་དང་རིམ་པ་གཉིས་ཀྱིས་བསྡུས་པའི་ས་ལམ་གྱི་རྟོགས་པ་ཁྱད་པར་ཅན་རྣམས་ཐུགས་རྒྱུད་ལ་ཇི་བཞིན་འཁྲུངས་ཤིང་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པ་ཡིན་ནོ། །དེའི་མཐུས་ཉེ་རིང་རིས་མེད་ན་ལེགས་བཤད་དོན་དུ་གཉེར་བའི་དཔྱོད་ལྡན་སློབ་ཚོགས་སའི་རྡུལ་གྲངས་དང་མཉམ་ན་ཡང་། དེ་དག་ལས་རེ་འགའ་ཙམ་སྨྲས་ན། གངས་ལྗོངས་འགྲོ་བའི་མགོན་པོ་ཕྱག་ན་པདྨོ་བཅུ་གསུམ་པ་ཆེན་པོ་ཉིད་སློབ་མའི་གཙོ་བོ་ཡིན་ལ། གཞན་ཡང་། ཕན་ཚུན་ཆོས་གསན་རེས་གནང་བའི་བླ་སློབ་གཉིས་ཀར་གཏོགས་པ། ཨ་རོལ་རྡོ་རྗེ་འཆང་བློ་བཟང་ལུང་རིགས་རྒྱ་མཚོ། གྲུབ་པའི་དབང་ཕྱུག་འཇིགས་མེད་བསམ་གཏན་པ་སོགས་མང་བོ་དང་། ཉིད་ཀྱི་བཀའ་སློབ། གོང་ས་༧ལཱ་མོ་ཞབས་དྲུང་རིན་པོ་ཆེ་དགེ་འདུན་བསྟན་འཛིན་ནོར་བུ། ཁྲི་སྐྲ་ནག་པའི་མཆོག་སྤྲུལ་བློ་བཟང་ཐུབ་བསྟན་རྒྱ་མཚོ། རྗེ་ཐར་ཤུལ་བ་དགེ་ལེགས་དབང་ཕྱུག་ཆོས་སྐྱོང་རྒྱ་མཚོ། ཤིང་བཟའ་པཎྜི་ཏ་བློ་བཟང་མཁས་བཙུན་བཤད་སྒྲུབ་དམ་ཆོས་རྒྱ་མཚོ། སྟོང་སྐོར་ཧུ་ཐོག་ཐུ་བློ་བཟང་འཇིགས་མེད་ཚུལ་ཁྲིམས་རྒྱ་མཚོ། གསེར་ཏོག་ནོ་མོན་ཧན་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ། ཆེ་ཤོས་མཁན་ཆེན་བྱང་ཆུབ་བསྟན་པའི་སྒྲོན་མེ། ཚེ་ཏན་མཁན་སྤྲུལ་བློ་བཟང་འཇིགས་མེད་རབ་བརྟན།རོང་བོ་དཔལ་ཆོས་མཁན་སྤྲུལ་བློ་བཟང་ལུང་རྟོགས་ཆོས་ཀྱི་རྒྱ་མཚོ།ཁྲི་རྒན་མཆོག་སྤྲུལ་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོ།ཨ་རོལ་མཆོག་སྤྲུལ་རྗེ་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན།མི་ཉག་མཁན་སྤྲུལ་ངག་དབང་ལེགས་བཤད་རྒྱ་མཚོ།བདེ་ཡངས་མཁན་ཆེན་བློ་བཟང་བསྟན་འཛིན་ནོར་བུ།མཁས་གྲུབ་ཆེན་པོ་ཨ་བྷྱའི་མཆོག་སྤྲུལ་རིན་པོ་ཆེ་རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོ།སྐུ་མཆེད་མཆོག་སྤྲུལ་རིན་པོ་ཆེ་དགེ་འདུན་བསྟན་པ་རབ་རྒྱས།སྒོམ་མཚེར་ཞབས་དྲུང་རྗེ་ངག་དབང་ལུང་རྟོགས་རྒྱ་མཚོ་སོགས་དང་།སྔ་འགྱུར་རིང་ལུགས་འཛིན་པའི་བུ་སློབ་ཐུགས་སྲས་ཞབས་དཀར་མཆོག་སྤྲུལ་རིན་པོ་ཆེ་བློ་བཟང་བྱམས་པ་རྒྱ་མཚོ།རྡོར་བྲག་མཁན་པོ་རིན་པོ་ཆེ་འཇིགས་མེད་བསོད་ནམས་རྣམ་རྒྱལ་སོགས་ཆོས་ཀྱི་གདན་ཁྲི་འཛིན་པའི་དམ་པའི་ཡང་སྤྲུལ་མཐའ་ཡས་པ་དང་། གཤེན་རབ་མི་བོ་ཆེའི་རྗེས་འབྲངས་དད་པའི་ཡོལ་གོར་ལེགས་བཤད་ཀྱི་སྐྱེས་ཐོབ་པ་ཡང་། སྒོམ་པ་ཝ་སེ། སྨར་ཁམས་མཁའ་འགྲོ་མར་གྲགས་པ་སོགས་མང་བོ་དང་། མཁས་ཤིང་གྲུབ་པའི་དབང་ཕྱུག་དར་གྲོང་རབ་འབྱམས་པ་ངག་དབང་བློ་གསལ། རྒྱལ་སྲས་བདག་ཉིད་ཆེན་པོ་ཁ་གྱ་འཇམ་དབྱངས་དཔལ་ལྡན། ཀུན་སྤངས་སེམས་དཔའ་ཆེན་པོ་རྗེ་འདུལ་འཛིན་འཇམ་དབྱངས་རྒྱ་མཚོ། ལྔ་རིག་སྨྲ་བའི་དབང་བོ་མ་ཏི་ཟི་གྲགས་པ་རྒྱ་མཚོ། རབ་འབྱམས་གཞུང་བརྒྱའི་མངའ་བདག་ཁ་སྒང་འཕྲིན་ལས་རྒྱ་མཚོ། ལུང་རིགས་སྨྲ་བའི་དབང་ཕྱུག་མཛོད་དགེ་ཚུལ་ཁྲིམས་རྒྱ་མཚོ། ཟླ་མེད་རིགས་པའི་དབང་ཕྱུག་སྒིས་སྟེང་བློ་བཟང་དཔལ་ལྡན་སོགས་བསླབ་གསུམ་རིམ་གཉིས་ཀྱི་རྣལ་འབྱོར་ལ་གཞོལ་ཞིང་། བཀའ་པོད་ལྔ་དང་རྒྱུད་སྡེ་བཞིའི་དགོངས་དོན་མཐའ་དག་དྲི་མ་མེད་པའི་ལུང་དང་རིགས་པའི་ལམ་ནས་སྨྲ་བ་ལ་ཐོགས་པ་མི་མངའ་བ། གཙུག་ལག་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་བ་དང་པཎྜི་ཏ་ཉི་ཟེར་གྱི་རྡུལ་འཁྲིགས་པ་དང་མཚུངས་པའི་ཕྱིར་དེ་ཐམས་ཅད་ཀྱི་མཚན་རེ་རེ་བཞིན་བགྲང་བར་རྔོ་མི་ཐོགས་སོ། །ད་ལྟའང་རྨ་ཆུའི་ལྷོ་བྱང་གི་དགོན་སྡེ་ཁག་དང་། སློབ་གྲྭ་ཆེ་འབྲིང་དག་ན་བོད་ཀྱི་རིག་གནས་སློབ་པའི་སྲོལ་ཙམ་གནས་པའང་། རྗེ་འདིའི་སློབ་མ་དང་ཡང་སློབ་དུ་མས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་པའི་གནས་མང་བོ་འཆད་སྤེལ་རྒྱ་ཆེར་གནང་བའི་བཀའ་དྲིན་ཁོ་ན་ལས་བྱུང་བ་གཟུར་གནས་རྣམས་ཀྱིས་ཤེས་པར་བྱའོ། །

རྩོམ་པའི་ཡོན་ཏན་ཁྱད་པར་དུ་འཕགས་པ་མངའ་བའི་ཚུལ་ནི། གསུང་རྩོམ་པོད་འདི་ཙམ་བཞུགས་སོ་ཞེས་གྲགས་པ་ཙམ་ལས་དོན་དུ་འཁྱལ་བའི་ངག་གི་རང་བཞིན་ལས་མ་འདས་པ་དག་དང་མི་མཚུངས་པར། རྗེ་འདི་ལ་རྩོམ་པ་ཕུན་སུམ་ཚོགས་པའི་རྒྱུ་གསུམ་ཚང་བས། བཀའ་རྩོམ་གང་གནང་ཐམས་ཅད་བརྗོད་བྱའི་དོན་བརླིང་ཡང་རྟོགས་སླ་བ། རྗོད་བྱེད་ཀྱི་ཚིག་སྙན་ངག་གི་རྒྱན་གྱིས་སྤྲས་པས་གུ་ཡངས་པ། ཚིག་སྦྱོར་འབྲེལ་ཆགས་ཤིང་བརྗོད་བྱའི་གནད་ལ་གཞོལ་བ། ཚིག་གོང་འོག་མི་ཟློས་ཤིང་ཕྱི་མ་སྔ་མའི་སྒྲུབ་བྱེད་དུ་འགྲོ་བ། ཁྱད་པར་ལམ་ཁྲིད་སོགས་མདོ་རྒྱུད་ཁུངས་དང་འབྲེལ་ཞིང་ལག་ཏུ་བླང་བདེ་བ། དོན་གོ་སླ་ཞིང་སེམས་ལ་ཕན་པ། དམ་པའི་མན་ངག་གིས་བརྒྱན་ཅིང་ཉམས་མྱོང་གི་གསུང་དུ་སྣང་བས་སྐྱོང་བདེ་ཞིང་རྒྱུད་འཁུལ་བ་ལ་སོགས་ཁྱད་ཆོས་བསམ་བརྗོད་ལས་འདས་པའི་ཚུལ་གཟུ་བོར་གནས་ཤིང་བློ་གྲོས་ཀྱི་ནོར་དང་ལྡན་པ་རྣམས་ཀྱིས་མཇལ་བ་ཙམ་གྱིས་ཤེས་ནུས་སོ། །

བཀའ་རྩོམ་ནི། བྱང་ཆུབ་བདེ་ལམ་གྱི་ཁྲིད་དམིགས་སྐྱོང་ཚུལ་ཤིན་ཏུ་གསལ་བར་བཀོད་པ་དགེ་ལེགས་འོད་སྣང་འགྱེད་པའི་ཉིན་བྱེད་སོགས་པོད་དགུ་མཛད་དོ། །

གདན་རབས་ཚིགས་བཅད་མ་ལས། 

དགུང་སྙིང་རེ་གཅིག་ཟླ་༧ཚེས་༦ཞིང་གཞན་གཤེགས། །

ཐུགས་ཀྱི་རྟེན་ལ་ཐུགས་ལྗགས་སྤྱན་གསུམ་སོགས། །

བརྩེ་བས་བུ་སློབ་སོགས་ལ་གནང་ཡོད་པ། །

སྟོབས་ཤུགས་བཙན་གྱིས་དབང་མེད་འཕྲོག་འདིས་སྐྱོ། །ཞེས་བྱུང་། 

དེ་ལྟར་མདོ་རྒྱུད་རྒྱ་མཚོའི་དགོངས་དོན་ཐོས་བསམ་བསྒོམས་པས་ཚུལ་བཞིན་ཉམས་སུ་བཞེས་པ་ལ་བརྟེན་ནས་མཁྱེན་བརྩེ་ནུས་གསུམ་དང་མཁས་བཙུན་བཟང་བའི་ཡོན་ཏན་ཡོངས་སུ་རྫོགས་ཤིང་། འཆད་རྩོད་རྩོམ་པ་དང་བྱ་བ་ལས་ཀྱི་འཁོར་ལོས་བསྟན་འགྲོའི་དོན་ཆེན་སྔོན་བྱོན་མཁས་གྲུབ་ཆེན་པོའི་ཆེན་པོ་དག་དང་ཆ་མཚུངས་པ་མཛད་དེ་སྐུ་དངོས་ཀྱི་གདུལ་བྱ་རྫོགས་པ་ན། 

རྗེ་ཉིད་དགུང་ལོ་རེ་གཅིག་བཞེས་པ། རབ་བྱུང་བཅོ་ལྔ་བའི་ཆུ་བྱི་སྤྱི་ལོ་༡༩༡༢ལོའི་གནམ་ལོ་གསར་བཞད་ཀྱི་དགྱེས་སྟོན་དཀྱུས་ལྟར་ལ་མགོན་ཀྱཱ་ཚང་ནས་ཚེ་སྐུ་རྒྱ་གར་ལི་མ་ཞིག་ཕུལ་པར་ཐུགས་མཉེས་མཉེས་མཛད། རི་ཁྲོད་པ་རྒན་པ་རྣམས་སྐུ་མདུན་དུ་ཕེབས་ཏེ་ལོ་འདིར་ཞབས་བརྟན་གལ་ཆེ་བས། ལོ་སྔ་མའི་དཀར་ཐིགས་ཀྱི་འཕྲོ་མས་ཟླ་བ་གཅིག་གི་རིང་ལ་ཞབས་བརྟན་བསྒྲུབས་ཏེ་བརྟན་བཞུགས་རྒྱས་པ་ཞིག་ཕུལ་ན་ཞེས་དགོངས་བསྟུན་ཞུས་པར་དགྱེས་བཞིན་ཞལ་བཀོད་གནང་། རང་རེའི་ཚེ་སྒྲུབ་ཆག་མེད་ཡིན་སྟབས་སྙིང་བོ་དུང་ཕྱུར་མང་བོ་སོང་ཡོད་པས་སྒྲོལ་མ་དཀར་མོའི་སྒོ་ནས་འབུལ་ཆོག་གསར་རྩོམ་ཞིག་བཀའ་དྲིན་བསྐྱང་ན་ཞུས་པར། དེ་ཆོག་གསུངས། བརྟན་བཞུགས་སྐབས་རྗེ་ཉིད་ཕེབས་བྱམས་ལ་མཆོད་རོལ་སྤོས་སྣ་བཅས་འདུ་ཁང་དུ་གདན་དྲངས་ཏེ་ཞབས་བརྟན་ཕུལ་ན་ཞུས་པར། དེ་མི་ཆོག་རྒྱུ་མི་འདུག་ཅེས་དང་ཞལ་ཀུར་གྱི་རྣམ་པས་སྤྲོས་པ་རྒྱ་ཆེན་པོ་གང་ཐུབ་གྱིས། བརྡུང་རྒྱུ་ཡོད་ཚད་པོ་རྡུངས། ཁྱེད་རྣམ་པ་གཅོད་པ་བ་ཚོས་གཅོད་ཌཱར་ཚོ་ཡང་བརྡུངས་ན་ཆོག ཅེས་གསུངས་ཏེ་བཞད་མོ་གནང་ཞིང་ཐུགས་དགྱེས་པའི་རྣམ་པ་མཛད། 

ནག་ཟླའི་ཚེས་ནས་ཞབས་བརྟན་བཙུགས། དེ་ལྟར་ཟླ་བ་གཅིག་རིང་རི་ཁྲོད་པ་ཉིས་བརྒྱ་ལྷག་ཕྱོགས་གཅིག་ཏུ་འཛོམས་པས་ཞབས་བརྟན་གྱི་རིམ་པ་མང་བོ་བསྒྲུབས་ཏེ། ས་གའི་ཡར་ཚེས་དུས་བཟང་ཉིན་གྱི་སྔ་བར་འདུ་ཁང་དུ་རྡོ་རྗེ་འཆང་ནས་ན་བཟའ་གསར་བ་དང་དབུ་པཎ་བཞེས་པ་སྤྱན་དྲངས་ཏེ་སེངྒེའི་ཁྲི་ལ་ཞབས་སེན་ཉེ་བར་བཀོད་པ་ལ་བརྟན་བཞུགས་རྒྱས་པ། སྐུ་གསུང་ཐུགས་རྟེན། ཚེ་བུམ། རིགས་ལྔའི་ཕྱག་མཚན། རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྫས་བརྒྱད་རྣམས་རེ་རེ་བཞིན་ཆོ་གའི་ཚིག་དང་བསྟུན་ཏེ་ཕུལ་རྗེས་བརྟན་བཞུགས་མཎྜལ་རྒྱས་པ་ཕུལ་པའི་མཇུག་ཏུ། སྐྱབས་རྗེ་སྐུ་མཆེད་རིན་པོ་ཆེས་སྙན་ཚིག་ལམ་ནས་དྲངས་པའི་བརྟན་བཞུགས་ཀྱི་བཤད་པ་ཞུས་པའི་ལན་དུ་བཞེད་མཐུན་གྱི་གསུང་ལན་རྒྱས་པར་བསྩལ། འདི་སྐབས་གདན་ས་ཆེན་པོ་དཔལ་ལྡན་བྱ་ཁྱུང་ནས་ཀྱང་ཞབས་བརྟན་མང་དུ་བསྒྲུབས་ཏེ། མཁན་པོ་ལས་སྣེ་བཞི་རྒན་པ་བཅས་ཕེབས་ཏེ་རྟེན་འབྱུང་དངོས་འབུལ་བཅས་བརྟན་བཞུགས་ཕུལ་པར། བཀའ་ལས་བདག་ལ་འདི་ལྟ་བུའི་འོས་མེད་ཀྱང་འདུས་སྡེ་རིན་པོ་ཆེ་ནས་ཞབས་རིམ་མང་དུ་བསྒྲུབས་པ་བཀའ་དྲིན་ཆེ་ཚུལ་དང་། སླད་ནས་སྔོན་གྱི་སྒྲིག་ལམ་བཟང་བོ་མ་ཉམས་པའི་སྟེང་ནས་འཆད་ཉན་གོང་འཕེལ་གནང་དགོས་ཚུལ་ལས་བརྩམས་པའི་བསླབ་སྟོན་གནང་བའི་མཇུག་ཏུ། ང་རང་ཕྱོགས་ཕྱོགས་ནས་འབོད་མི་མང་བས་གར་འགྲོ་མི་ཤེས་ཀྱང་། གང་ལྟར་ལོ་རྗེས་མའི་ད་ཚོད་ང་ས་ཕྱོགས་འདི་ན་མེད། ངའི་རྗེས་ན་ཡོད་པའི་རི་ཁྲོད་པ་འདི་ཕལ་ཆེར་ས་ཐག་རིང་བོ་ནས་ང་བསམས་ཏེ་འོང་བ་ཤ་སྟག་ཡིན་པས། ངས་ཁོང་རྣམ་པ་ཚོ་ལ་བཅོལ་དམ་བྱས་པ་ཡིན། ངའི་འཕྲོ་ནས་འདི་ཚོ་ལ་གཞན་གྱིས་ཐུབ་ཚོད་རེ་མི་བྱེད་པ་ཁོང་རྣམ་པ་ཚོ་མཁྱེན་ཞེས་གསུངས། མ་འགྱངས་པར་རེབ་གོང་རི་ཁྲོད་པ་རྣམས་ཀྱིས་ཀྱང་ཞབས་བརྟན་མང་དུ་བསྒྲུབས་ཏེ་རོང་བོ་ཚོགས་ཆེན་ཁྲི་བ་ཨ་རོལ་མཆོག་སྤྲུལ་རིན་པོ་ཆེ་རི་ཁྲོད་པ་ཕྱེད་དང་ཉིས་བརྒྱ་ལྷག་བཅས་ཕེབས་པ་དང་། ཁྲི་ཀའི་རི་ཁྲོད་པ་རྣམས་ཀྱིས་ཀྱང་ཞབས་བརྟན་མང་དུ་བསྒྲུབས་ཏེ་ཨ་ལགས་ཕུན་ཚོགས་སོགས་དཔོན་གཡོག་མང་དུ་ཕེབས། དུས་ཚེས་དགེ་བར་ཕྱོགས་གསུམ་གྱི་རི་ཁྲོད་པ་འཚོགས་པའི་ཚོགས་དབུར་སྔར་བཞིན་རྗེ་བཙུན་བླ་མ་མཆོག་འདུ་ཁང་དུ་གདན་དྲངས་ཏེ་བདེ་མཆོག་དཀར་བོའི་སྒོ་ནས་བརྟན་བཞུགས་རྒྱས་པ་ཕུལ་ཞིང་ཨ་རོལ་མཆོག་སྤྲུལ་རིན་པོ་ཆེ་ནས། སྙན་ཚིག་གི་ལམ་ནས་དྲངས་པའི་བརྟན་བཞུགས་ཞུ་འབུལ་བགྱིས་པའི་ཕྱིར་ཕེབས་སུ། ང་ལ་ནི་མཆོག་སྤྲུལ་རིན་པོ་ཆེས་གསུངས་པ་ལྟར་གྱི་ཡོན་ཏན་གང་ཡང་མེད། ཁོང་རྣམ་པའི་ཐུགས་འདུན་བཞིན་ཡུན་རིང་འཚོ་བའི་འདུན་པ་བྱེད་ཅེས་དང་། སྔ་སོར་རེབ་གོང་སྐུ་ཕྱོགས་ཐུགས་རྗེ་ཅན་མ་བཞུགས་པའི་རྗེས་སུ་ང་འདི་ཕྱོགས་འོང་།རི་ཁྲོད་པ་རྣམས་ལ་རྟེན་ས་སུ་ཡང་མེད་མོད་རྒན་པ་རྣམས་ནས་ཁུར་བཞེས་མཛད་དེ་ད་ལྟའི་བར་འཐོར་མ་སོང་བ་ངེས་པར་བཀའ་དྲིན་ཆེ།སླན་ཆད་ཀྱང་རྐྱེན་ཅི་ལ་ཐུག་ཀྱང་བླ་མ་རྡོ་རྗེ་འཆང་གི་ཞབས་འདྲེན་དུ་མ་སོང་བ་རེ་གལ་ཆེ་ཚུལ།མཆོག་སྤྲུལ་རིན་པོ་ཆེ་ཡིན་ཀྱང་ཐུགས་ལ་བསྣམས་དགོས་ཚུལ་སོགས་ལས་བརྩམས་པའི་དགོངས་གཞི་ཅན་གྱི་བསླབ་སྟོན་རྒྱས་པར་བཀའ་དྲིན་བསྐྱངས།རེབ་གོང་རི་ཁྲོད་པ་རྣམས་ཀྱིས་ཞུས་ངོར་ལམ་རིམ་བདེ་ལམ་དང་།འཇམ་དཔལ་ཞལ་ལུང་གི་ཁྲིད་ཉིན་གསུམ་རེ་གནང་།ཉིན་གཅིག་ཡོངས་འཛིན་ཚང་ལ་གསང་སྟེ་མཆོག་སྤྲུལ་རིན་པོ་ཆེ་སྐུ་མདུན་དུ་འབོད་པ་གནང་ནས་ཉིད་ཀྱིས་བཞེས་འཕྲོ་སྐུ་གཟན་སེར་བོ། དབུ་པཎ་སྒོམ་ཞུ་གསར་བ་བཅས་བསྩལ་ཏེ་རྗེ་ཉིད་རོང་བོའི་ཁྲི་ཁུར་ཕོག་ཏུ་ཉེ་བས་ད་ནས་བཟུང་སྟེ་ཡབ་རྗེ་གོང་མའི་རྣམ་ཐར་བཞིན་ཀུན་སྤངས་མཛད་དེ་ཐོས་དོན་རྒྱུད་ལ་སྦྱོར་བའི་ཉམས་བཞེས་གཙོར་འདོན་དང་ཀུན་སྤངས་རི་ཁྲོད་པ་རྣམས་སྐྱོང་དགོས་ཚུལ་སོགས་ལས་བརྩམས་པའི་བསླབ་སྟོན་གནང་། མཆོག་སྤྲུལ་རིན་པོ་ཆེ་ཐུགས་ཤིན་ཏུ་དགྱེས་པས་སྙིང་ནས་བཀའ་བཞིན་བསྒྲུབ་པའི་དམ་བཅའ་དང་འབྲལ་མེད་རྗེས་འཛིན་གྱི་སྐྱབས་འཇུག་སྙིང་ནས་ཞུ་བར་མཛད་དོ། །

དོར་ཤུལ་ཚོ་ལྔས་ཞུས་པ་བཞིན་སྟོན་འཁོར་བཅས་དེར་ཕེབས་ནས་སྣྲོན་ཟླའི་ཚེས་ཉི་ཤུ་ནས་དབྱར་ཆོས་ཚུགས་ནས་བསྙེན་བཀུར་གང་གཟབ་ཞུས། ལྔ་བའི་ཚེས་ཉི་ཤུ་ནས་བཟུང་སྐུ་ལྟེམ་ཚུལ་མཛད། ཉིན་ཞིག་ཉེ་འདབས་ཀྱི་སྒང་ཞིག་ཏུ་སྤྲོ་སངས་ལ་ཕེབས་སྐབས་ཞལ་ནས། ང་ཆུང་དུས་བདེ་ཆེན་དུ་སློབ་གཉེར་བྱེད་བཞིན་པའི་སྐབས། ཕྱི་སྐོར་དུ་སོང་དུས་ཚོར་རྨ་ཉིན་ཙོང་ཁའི་སྐྱེས་རིའི་ཕྱོགས་འདིའི་རི་སྐེད་དུ་ན་བུན་ཆགས་པ་མཐོང་ཚེ་སེམས་དགའ་སྤྲོ་དང་བཅས་གནས་དེར་སོང་ནས་འདུག་འདོད་ཅིག་རྒྱུན་དུ་སེམས་ལ་འཆར་བ་རྗེས་ནས་འདི་ཕྱོགས་སུ་འོངས་ཏེ་ཙོང་ཁའི་སྐྱེས་རིའི་གཡས་གཡོན་གྱི་རི་ཁྲོད་རྣམས་སུ་ཁ་ཏོན་དགེ་སྦྱོར་ཡང་དགའ་རབ་བྱས། ཆོས་འཆད་སྤེལ་ལྟ་བུའི་གཞན་ཕན་ཡང་དགའ་མོ་བྱེད་རྒྱུ་བྱུང་བ་དེ་དུས་ནས་སེམས་ཀྱིས་ཤེས་པ་ཡིན་རྒྱུ་རེད། ཅེས་ཉེ་གནས་ཆེན་པོ་ཚ་རྒྱལ་དཀོན་མཆོག་ཤེས་རབ་དང་དྲུང་ཆེན་གྲགས་པ་རྒྱ་མཚོ་རྣམས་ལ་དངོས་སུ་གསུངས་པའང་མ་འོངས་པ་ན་འབྱུང་འགྱུར་མཐའ་དག་མངོན་སུམ་དུ་གསལ་བར་གཟིགས་པ་ཞལ་གྱིས་བཞེས་པའི་གསུང་འཁྲུལ་བ་མེད་པའོ། །

སྐབས་དེར་བླ་བྲང་བཀྲ་ཤིས་འཁྱིལ་ནས་སློབ་གཉེར་བ་ཚོར་ཉེར་མཁོའི་དཔེ་པོད་ཉིས་བརྒྱ་སྐོར་བླུ་ཕྱིར། རི་ཁྲོད་པ་པདྨ་ཚེ་རིང་ལ་དངུལ་སྲང་ཉིས་བརྒྱ་སྤྲད་དེ། འཇམ་བཞད་སྐུ་སྲིང་སོགས་ལ་ཕྱག་ཡིག་བསྲིངས། བདེ་ཆེན་ནས་ཨ་ལགས་བཟོད་པ་ཕེབས་པར་སྔར་གོང་ས་སྒར་བ་རིན་པོ་ཆེ་དང་ངེད་གཉིས་ལ་བཀའ་བགྲོས་ཅུང་ཟད་ཡོད་མེད་ཁོང་ཕེབས་རྒྱུ་མ་བྱུང་བས། ད་ངས་དྷཱིཿཚ་ནས་རི་ཁྲོད་པའི་སློབ་གཉེར་བ་ཚོ་ཚོགས་པའི་ལྷ་ཁང་ཞིག་བཞེངས་རྩིས་བྱས་ཚར། ཁྱེད་ཀྱིས་ཀྱང་གྲོགས་དན་རེ་ཨེ་ཐུབ་ལྟོས། སྐུ་ཕྱོགས་སྒར་བས་དབང་བཀོལ་ས་མི་འགྲོ་ཁྱོད་ཀྱིས་སྐུ་ཕྱོགས་ལ་དེ་ལྟར་ཞུ་དགོས་ཞེས་གསུངས་པར། བཟོད་པས་རྗེ་ཉིད་ནས་གསུངས་ན་ཆོག་མོད་ཞུས་ཚེ། ང་ཐག་རིང་ཞིག་ཏུ་བུད་འགྲོ་གསུངས། ཁོས་མཆི་མ་བཏོན་ཏེ་དེ་འདྲ་གསུངས་མི་ཉན་ཞེས་ཡང་ཡང་ཞུས་པར། གཞན་མིན་གསེར་ཁོག་ཧོར་རྒྱ། འཁྱམ་རུ་སོགས་ཀྱི་བོས་ཡོད་པས་དེ་དག་ལ་འགྲོ་ཤས་ཆེ། ཁྱོད་སྐུ་མདུན་ན་ཡོད་པས་དེ་ལྟར་བཤད་པ་ཡིན་ཞེས་དགོངས་པ་གཞན་དུ་གཏད་ཟིན་པའི་གསུང་ཕེབས། དོར་ཤུལ་སྡེ་བས་བཀྲ་ཤིས་རྩེར་རྗེ་ཉིད་ཀྱི་བླ་མ་གསེར་ཁང་དགེ་བཤེས་སུ་གྲགས་པའི་བྱ་བྲལ་ལྷ་རམས་པ་སྨོན་ལམ་བཟང་བོ་ཡུན་རིང་བཞུགས་སའི་གཟིམ་ཁང་དེ་ཉིད་གསར་སྐྲུན་བགྱིས་ཡོད་པར་ཆོས་ཐོག་གྲོལ་རྗེས་ཕེབས་ཏེ་རེ་ཞིག་བཞུགས་དགོས་ཚུལ་གྱི་སྙན་བསྐུལ་ཕུལ་པ་ཞལ་གྱིས་བཞེས་ཡོད་སྟབས།བཅུ་བདུན་གྱི་དགོང་མོར་སླར་སྐུ་བསྙུན་འཕར་ཚུལ་མཛད་དེ།ད་མྱུར་མོར་བཀྲ་ཤིས་རྩེར་འགྲོ་དགོས།འཕྲོ་ནས་འགྲོ་མ་ཐུབ་ན་གྲོང་བ་ཚོས་དཀའ་ལས་མང་བོ་བྱས་པའི་འདུན་པ་མི་རྫོགས་གསུངས།སྐུ་ཕྱོགས་སྐུ་མཆེད་རིན་པོ་ཆེ་དང་རྒན་པ་རགས་བསྡུས་སྐུ་མདུན་དུ་སོང་ནས་ཞབས་བརྟན་ཞིག་བསྒྲུབ་རྒྱུའི་ཞལ་བཀོད་ཞུས་པར་རྩོད་པ་གཅོད་མི་ཉན་ཞེས་ཞབས་རིམ་ཆུང་ཆུང་ལས་ཞལ་བཀོད་མ་གནང་།བཀྲ་ཤིས་རྩེའི་གཟིམ་ཁང་གསར་དུ་གྲུབ་པ་ཡིན་སྟབས་རླན་ཆེ་བས།རྒན་པ་རྣམས་ཀྱིས་བཀྲ་ཤིས་རྩེར་ཅིས་ཀྱང་མི་ཕེབས་པར་ཞག་ཤས་བཞུགས་ནས་དྷཱིཿཚར་ཕེབས་ན་ཞེས་ཨུ་ཚུགས་ཀྱིས་ཞུས་པར།ཞལ་ནས་ང་བཀྲ་ཤིས་རྩེར་སོང་ན་མི་ལེགས་པ་དང་།གཞན་དུ་སོང་ན་ལེགས་པའི་གཏན་ཚིགས་ཅི་ཞིག་ཡོད།འགྲོ་རྒྱུ་ཡིན།སང་ཉིན་བཀྲ་ཤིས་རྩེར་མ་སོང་བའི་ཐབས་མེད།བཀྲ་ཤིས་རྩེ་མིང་ལེགས་པས་ཅིས་ཀྱང་འགྲོ་བ་ཡིན་གསུངས་པ་བཞིན་ཚེས་བཅུ་དགུའི་ཉིན་ཕེབས་བྱམས་ལ་བཞུགས་པ་རི་ཁྲོད་པ་རྣམས་ཀྱིས་གདན་དྲངས་ཤིང་སྐྱེལ་མ་ཞུས་ཏེ་བཀྲ་ཤིས་རྩེའི་གཟིམ་ཁང་དུ་ཕེབས་ཏེ་ཁྱམས་སུ་བཞུགས་ནས་གནས་འདི་ནི་ཤིན་ཏུ་སྐྱིད་པ་རེད་གསུངས། ཉེར་བདུན་ལ་སྐུ་མཆེད་རིན་པོ་ཆེ་མདུན་དུ་ཕེབས་ཏེ། བསྙེན་སོང་ཚོས་ཁྲོ་བཅུ་ཞིག་བཙུགས་ན་ཞུས་པར། ངའི་ཚེ་གང་བོར་བཀའ་གདམས་གོང་མའི་རྣམ་ཐར་བཞིན་དུ་དམིགས་བརྩེ་མ། མདོ་གདུགས་སྒྲོལ་མ་སོགས་གསུང་དུ་བཅུག གུང་རུ་མཁའ་འགྲོ་མའི་ལྗགས་བཀོད་བཞིན་རྟ་མགྲིན་འདི་ང་དྲིན་ཅན་ཡིན་པས་མང་བོ་གསུངས། ངས་མ་ཎི་དུང་ཕྱུར་གཉིས་དང་བྱེ་ཆེན་དྲུག་བཏོན་ཟིན་པས་དེའི་ཁ་ཡང་བསྐང་ཆོག མ་ཁ་ཁྱེད་ཀྱིས་བཀོད་པ་གྱིས་དང་དེ་ཡིན། ང་ལ་འདྲི་མི་དགོས། ཁྲོ་བཅུ་འཛུག་ན་ཡང་ཚུགས། མང་མ་ཚོགས་ན་ཡང་ཚོགས་ཆོག ཅེས་རྒྱལ་ཚབ་ཏུ་དབང་བསྐུར་བའི་གསུང་གནང་། དེ་སྐབས་ཀུན་མཁྱེན་འཇམ་དབྱངས་བཞད་པ་ཚང་སྒོ་མེ་གསང་སྔགས་བདེ་ཆེན་དགོན་དུ་བཞུགས་པས་བརྟན་བཞུགས་ཀྱི་ཕྱག་བྲིས་བསྩལ་པ་དྲུང་ཆེན་པས་སྙན་དུ་ཕུལ།

དེ་ལྟར་རྗེ་བཙུན་བླ་མ་མཆོག་གི་སྐུ་དངོས་ཀྱིས་གདུལ་བར་བྱ་བ་རྣམས་རེ་ཞིག་རྫོགས་པ་ན་རྟག་འཛིན་གྱི་འཆིང་བ་དམ་པོས་བཅིངས་པའི་སྐྱེ་བོ་རྣམས་ཆོས་ལ་བསྐུལ་ཕྱིར། ཆུ་བྱི་སྤྱི་ལོ་༡༩༡༢ལོའི་ཧོར་ཟླ་༧་ཚེས་༦ཉིན་ཏེ་གྲོ་ཞུན་ཟླ་བའི་དཀར་ཕྱོགས་ཀྱི་རྫོགས་པ་དང་བོའི་མཚན་གུང་ཡོལ་ཏེ་སྐྱ་རེངས་དང་བོ་ཤར་བའི་དུས་སུ་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན་ཏོ། །

དེ་ནས་ཞབས་དྲུང་དུ་འཁོད་པ་རྣམས་འཇིགས་སར་སྐྱེལ་མས་བོར་བ་བཞིན་མགོན་སྐྱབས་དང་བྲལ་བས་ཅི་བྱ་གཏོལ་མེད་དུ་གྱུར་ཀྱང་བསྲན་བཙུགས་ཏེ། ཉེ་འཁོར་བྱི་དོར་དང་། སྐུ་གདུང་རིན་པོ་ཆེའི་མདུན་དུ་མཆོད་འབུལ་དགོངས་རྫོགས་རྒྱ་ཆེར་བསྒྲུབས། དུས་ཚེས་དགེ་བར་ཀུན་སྤངས་པ་ཆེན་པོ་ཁ་གྱ་འཇམ་དབྱངས་དཔལ་ལྡན་གཙོས་རི་ཁྲོད་པའི་རྒན་པ་རྣམས་དང་ཞམ་རིང་བ་ཐུན་མོང་ནས་རྟེན་འབྱུང་དངོས་འབུལ་བཅས་ཀུན་སྤངས་འདུས་སྡེ་རིན་པོ་ཆེའི་མཚན་ཐོ། ལུང་རྟོགས་ཡོན་ཏན་གྱི་མངའ་བདག་སྐུ་མཆེད་དགེ་འདུན་བསྟན་པ་རབ་རྒྱས་དཔལ་བཟང་བོའི་ཕྱག་ཏུ་ཕུལ་ཏེ་ཡབ་གཅིག་དང་བོའི་མགོན་པོ་བླ་མ་རྡོ་རྗེ་འཆང་གི་རྒྱལ་ཚབ་ཏུ་མངའ་གསོལ་ཏོ། །

ཚེས་བཅུ་གསུམ་གྱི་དགོང་མོར་སྐུ་གདུང་རིན་པོ་ཆེ་ཟ་མ་ཏོག་མཆོད་བསུས་དང་བཅས་སྤུར་ཁང་དུ་གདན་དྲངས་ཤིང་།སྙན་བརྒྱུད་རྒྱ་མཚོའི་མངའ་བདག་ཨ་རིག་ཡོན་ཤུལ་སྤྲུལ་པའི་སྐུ་བློ་བཟང་རྒྱ་མཚོས་རྡོ་རྗེ་སློབ་དཔོན་དང་།བཤེས་གཉེན་ཆེན་པོ་རྡོ་འཕོངས་མཁས་གྲུབ་བཟང་བོ་དང་།བཤེས་གཉེན་ཆེན་པོ་མཛོད་དགེ་ཚུལ་ཁྲིམས་རྒྱ་མཚོ་སོགས་ཆོག་གྲྭ་བཅོ་ལྔ་སྐོར་གྱིས་རྒྱུད་སྡེ་དང་མཐུན་པའི་ཕྱག་ལེན་བཞིན་ཞུགས་མཆོད་ཕུལ་པའི་ཚེ།མེ་ལྕེ་ཁ་དོག་ལྔ་བ་འཇའ་ཚོན་གྱི་རང་བཞིན་དུ་འབར་བ་དང་།དྲི་བཟང་བོས་ཁྱབ་པ་སོགས་ངོ་མཚར་བའི་ལྟས་མང་དུ་བྱུང་ཞིང་།ཚེས་བཅོ་ལྔའི་ཉིན་ལཱ་མོ་བདེ་ཆེན་གྱི་སྐུ་ཕྱོགས་གཡོན་རུ་རིན་པོ་ཆེ་སོགས་བླ་གྲྭ་མང་བོ་བྱོན་ཡོད་པ་རྣམས་དང་། རི་ཁྲོད་པའི་བླ་མ་གྲྭ་རྒན་ཐམས་ཅད་གདན་འཛོམས་པའི་དབུས་སུ་གདུང་ཁང་ཞལ་ཕྱེས་ཚེ་ཐུགས་ལྗགས་སྤྱན་གསུམ་ཞུགས་ཀྱིས་མ་གོས་པར་བྱོན་པ་སོགས་རིང་བསྲེལ་རྣམས་ལེགས་པར་གདན་དྲངས། སྐབས་དེར་བདེ་ཆེན་ནས་ད་རེས་སྐུ་གདུང་ངེས་ཅན་དུ་བདེ་ཆེན་དུ་བཞུགས་དགོས་ཚུལ་གྱི་གསུང་བཙན་བརྗིད་ཅན་དང་། ལ་ལས་ཁ་ཤ་ཞོ་སྙིང་གི་རྣམ་འགྱུར་ཅུང་ཟད་བསྟན་ཀྱང་བློ་གཟུ་བོར་གནས་པ་མང་བོ་དང་། གུས་ཞབས་པ་དག་བླ་མ་མ་བཞུགས་པའི་མྱ་ངན་གྱིས་གདུངས་དྲགས་ཤིང་ཅི་མི་སྙམ་པར་བཞག་པས་རང་ཞིར་སོང་། 

ཕྱི་ལོ་ཆུ་གླང་སྤྱི་ལོ་༡༩༡༣ལོའི་ཟླ་གཉིས་པའི་ཡར་ཚེས་ལ་རི་ཁྲོད་པ་ཐམས་ཅད་ཞལ་འཛོམས་ཏེ་སྔར་བཞིན་མཆོད་འབུལ་རྒྱ་ཆེར་ཕུལ་ཏེ་གདུང་མཆོད་ཟླ་ངོ་གཅིག་གི་རིང་མཛད། སྔར་ནས་གསོལ་དཔོན་སྦྱིན་པ་དང་ཉེ་གནས་བྱ་ཁྲ་འོད་ཟེར་གཉིས་ནང་མ་མཐུན་པའི་རྐྱེན་གྱིས་བྱ་ཁྲ་འོད་ཟེར་གྱིས་བདེ་ཆེན་ལ་བརྡ་བཏང་བས་བདེ་ཆེན་ནས་བསྟན་པའི་གསལ་བྱེད་རྐ་ཕུག་ཞབས་དྲུང་རིན་པོ་ཆེས་གཙོས་བླ་གྲྭ་སུམ་བརྒྱར་ཉེ་བ་གློ་བུར་དུ་ཕེབས་ཏེ།ཞི་དྲག་གི་རྣམ་འགྱུར་བསྟན་པའི་གཟི་བྱིན་མ་བཟོད་པའི་རྐྱེན་གྱིས་རི་ཁྲོད་པའི་གྲྭ་དཔོན་སློབ་རྣམས་ཅི་བྱ་གཏོལ་མེད་པ་ལྟ་བུར་གྱུར་ཡང་།སྐུ་ཕྱོགས་སྐུ་མཆེད་རིན་པོ་ཆེ་དང་།བླ་རྒན་གཙོས་དགེ་འདུན་ཕལ་ཆེ་བ་ནི།ཡབ་རྗེ་རྡོ་རྗེ་འཆང་གིས་ལམ་རིམ་ཁྲིད་ཀྱི་ལེགས་གསུང་བདུད་རྩིའི་བཅུད་ཀྱིས་ཡིད་རྟག་ཏུ་བརླན་པ་དང་།དུལ་ཞིང་ཞི་བའི་དགེ་སྦྱོང་དུ་བྱེད་པའི་ཆོས་བཞི་ཉམས་བཞེས་མཛད་བཞིན་པའི་མུར།གསར་བུ་བ་རྣམས་ལ་རེ་རེ་ནས་དམ་ཚིག་ལ་བཀར་ཏེ་ཚུལ་མཐུན་དུ་བཞུགས་སུ་བཅུག་ཅིང་། ཉིན་འགའི་འཕྲོར་ཀུན་སྤངས་རི་ཁྲོད་འཛིན་པ་རྣམས་མཆོད་འབུལ་ལ་བསྙད་དེ་ ༧ རྡོ་རྗེ་འཆང་ལ་སྔར་ནས་ཞུས་འདུག་པ་ལྟར་སྒོ་མེ་ཧོར་གྱའི་གྲྭ་ཚང་དུ་ཕེབས། དེའི་ཤུལ་ནས་གདུང་རྟེན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེས་གཙོས་སྐུ་གསུང་ཐུགས་རྟེན། མཆོད་ཆ་ནང་ནོམ་ཐམས་ཅད་བདེ་ཆེན་དུ་བཙན་འཕྲོགས་ཀྱིས་ཞུས་པ་བྱུང་བས་ཀུན་གྱི་ཐུགས་སྐྱོ་བའི་གནས་སུ་ལྷུང་ངོ་། །འོན་ཀྱང་ཉེ་གནས་ཆེན་པོ་རྣམས་ཀྱིས་ལས་མཇུག་མ་བཏང་བར་བརྩོན་པ་ལྷུར་བཞེས་མཛད་པས་མ་འགྱངས་པར་འདི་ཀར་ཡང་སྐྱབས་མགོན་མཆོག་གི་ཐུགས་སྲས་བསྔགས་འོས་ཡོན་ཏན་དུ་མའི་མཛོད་འཛིན་སྐུ་འབུམ་ཆེ་ཤོས་མཁན་ཆེན་བྱང་ཆུབ་བསྟན་པའི་སྒྲོན་མེ་ནས་གསེར་ཟངས་ལས་གྲུབ་པའི་རྣམ་རྒྱལ་མཆོད་རྟེན་བཟོ་ཁྱད་ཕུན་སུམ་ཚོགས་པ་ཞིག་བསྩལ་པའི་གཟུངས་སུ།སྐྱབས་མགོན་རྡོ་རྗེ་འཆང་གི་ཚེམས།གདུང་རུས་དུམ་བུ་འགའ།དབུ་ལོ་བུབས་བཅུ་གསུམ།ཕྱག་ ཏིང་།ཕྱག་ཕྲེང་།མཎྜལ།སྤྱན་ཤེལ།ན་བཟའ་སོགས་སྐུའི་ཉེར་སྤྱད་བྱིན་ཆགས་པ་མང་བོ་དང་།རིང་བསྲེལ་རྣམ་པ་བཞི་སོགས་ས་གསུམ་ན་རྙེད་པར་དཀའ་བའི་བྱིན་རླབས་ཀྱི་རྟེན་དུ་མས་བྱུར་བུར་གཏམས་པའི་གསེར་གྱི་མཆོད་སྡོང་བྱིན་རླབས་ཀྱི་གཟི་འོད་འབར་བ་སྐྱེ་རྒུའི་ལེགས་བྱས་ཀྱི་དཔལ་དུ་ལྷུན་གྱིས་གྲུབ་པ་ནི་འདུ་ཁང་ཆེན་མོའི་སྦུག་ཏུ་གཡས་ཀྱི་གྲལ་མགོའི་ཀུན་དགའ་ར་བར་བཞུགས་པ་འདི་ལགས་སོ།

རྡོ་རྗེ་འཆང་གི་གསུང་འབུམ་སྤྱིའི་དཀར་ཆག

༼ ཀ ༽ཡོངས་རྫོགས་བསྟན་པའི་མངའ་བདག་བཀའ་དྲིན་མཉམ་མེད་རྗེ་བཙུན་བློ་བཟང་ལུང་རིགས་རྒྱ་མཚོ་དཔལ་བཟང་བོའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་བ་མདོ་ཙམ་བརྗོད་པ་དད་ལྡན་རྣ་བའི་བཅུད་ལེན་ལ། ༡༩༩ སྐྱབས་རྗེ་ཀིརྟི་རིན་པོ་ཆེ་བློ་བཟང་འཕྲིན་ལས་ཀྱི་རྣམ་ཐར་འཕྲོ་ཅན་ལ། ༢༢༨ ༼ ཁ ༽ཁྱབ་བདག་འཁོར་ལོའི་མགོན་པོ་བཀའ་དྲིན་ཟླ་མེད་རྗེ་བཙུན་བློ་བཟང་བསྟན་པའི་དབང་ཕྱུག་ཚུལ་ཁྲིམས་ཕུན་ཚོགས་དཔལ་བཟང་བོའི་རྣམ་པར་ཐར་བ་ཀུན་བཟང་སྤྱོད་ཚུལ་གསལ་བའི་མེ་ལོང་ལ། ༡༦༠ སྐུ་གསུང་ཐུགས་རྟེན་གསར་བཞེངས་ཀྱི་དཀར་ཆག་དང་ཞལ་བྱང་པར་སྨོན་བཤད་པ་འགའ་ཟུང་བཅས་ཕྱོགས་བསྡེབས་སུ་བཀོད་པ་བདེ་ལེགས་དགོས་འདོད་ཀུན་སྩོལ་ནོར་བུའི་གན་མཛོད་ལ། ༡༣༨ མཉམ་མེད་ཐུབ་པའི་དབང་བོ་བསྐལ་བཟང་རྣམ་འདྲེན་སྟོང་དང་ལྷག་ལྷ་དུ་མས་བསྐོར་བའི་སྣང་བརྙན་གཙུག་ལག་ཁང་བཅས་གསར་བཞེངས་ཀྱི་དཀར་ཆག་ལེགས་བྱས་ཟད་མི་ཤེས་པའི་བང་མཛོད་ལ། ༢༩ བཀའ་དྲིན་མཉམ་མེད་ཡོངས་འཛིན་པཎྜི་ཏ་ནོ་མོན་ཧན་རྗེ་བཙུན་དགེ་འདུན་བསྟན་འཛིན་རྒྱ་མཚོ་དཔལ་བཟང་བོའི་རིང་བསྲེལ་སྙིང་བོར་བཞུགས་པའི་གསེར་སྡོང་ནོར་འཛིན་མཛེས་རྒྱན་གྱི་དཀར་ཆག་དུང་གི་སྒྲ་དབྱངས་ལ། ༡༨ སྒར་སྡེའི་དགོན་གསར་དགའ་ལྡན་བཤད་སྒྲུབ་དར་རྒྱས་གླིང་གི་བཅའ་ཡིག་སྐལ་བཟང་འཇུག་ངོགས་སོགས་བཅའ་ཡིག་འགའ་ཞིག་ལ། ༣༦༼ ག ༽རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་ཐོབ་ཡིག་ནོར་བུའི་ཕྲེང་མཛེས་ལ། ༩༡ རྗེ་བཙུན་བླ་མ་མཆོག་ནས་མཁས་པ་དང་གྲུབ་པའི་ཡོངས་འཛིན་དུ་མ་ལས་མདོ་སྔགས་ཟབ་རྒྱས་ཀྱི་གདམས་པའི་བདུད་རྩི་ཇི་སྙེད་ཅིག་གསན་བཞེས་མཛད་ཚུལ་ཕན་བདེའི་རིན་ཆེན་འབྱུང་གནས་ལ། ༢༠༢ བཤེས་གཉེན་དམ་པས་རྗེས་འཛིན་གྱི་སྨོན་ཚིག་སྐོར་འདོད་རྒུའི་གྲུ་ཆར་འཇོ་བའི་སྤྲིན་ཕུང་ལ། ༡༤ སྐྱེས་ཆེན་དམ་པ་རྣམས་ཀྱི་ཡང་སྲིད་མྱུར་བྱོན་གསོལ་འདེབས་སྐོར་ཉམ་ཆུང་ཡིད་ཀྱི་གསོས་སྨན་ལ། ༢༤ ལྷག་ལྷ་དུ་མའི་འདོད་གསོལ་བརྒྱུད་འདེབས་སྨོན་ལམ་སྣ་ཚོགས་ཕྱོགས་གཅིག་ཏུ་བསྡེབས་པ་བྱིན་རླབས་ནོར་བུའི་གཏེར་མཛོད་ལ། ༢༠ སྐྱེས་ཆེན་དམ་པ་རྣམས་ཀྱི་ཞབས་བརྟན་གསོལ་འདེབས་སྐོར་དྲང་སྲོང་རྒན་པོའི་བདེན་ཚིག་ལ། ༡༨ རང་གཞན་ཆོས་ལ་བསྐུལ་བའི་མགུར་དབྱངས་ཀྱི་རིམ་པ་ཕྱོགས་གཅིག་ཏུ་བཀོད་པ་སྐལ་བཟང་ཡིད་ཀྱི་གདུང་སེལ་ལ། ༡༢ ༼ ང ༽བྱང་ཆུབ་བདེ་ལམ་གྱི་ཁྲིད་དམིགས་སྐྱོང་ཚུལ་ཤིན་ཏུ་གསལ་བར་བཀོད་པ་དགེ་ལེགས་འོད་སྣང་འགྱེད་པའི་ཉིན་བྱེད་ལ། ༢༡༠ ལྷག་མཐོང་ཆེན་མོའི་དཀའ་གནད་རྣམས་བརྗེད་བྱང་དུ་བཀོད་པ་དགོངས་ཟབ་སྣང་བའི་སྒྲོན་མེ་ལ། ༡༡༠བློ་སྦྱོང་ཚིགས་བརྒྱད་མའི་ཁྲིད་ཀྱི་ཟིན་བྲིས་སྐལ་བཟང་སྤྱི་ནོར་ལ།༡༣ལྟ་ཁྲིད་དྲན་པ་བཞི་ལྡན་གྱི་ཟིན་བྲིས་ལེགས་བཤད་རིན་ཐང་མེད་པའི་རྒྱན་ཕྲེང་ལ།༡༢མེ་ཏོག་བཅུད་ལེན་གྱི་ཟིན་བྲིས་མདོར་བསྡུས་དཀའ་ཐུབ་སྤྱོད་པའི་རྒྱན་ལ།སྦྱོར་བའི་ཆོས་དྲུག་གི་དམིགས་ཁྲིད་མདོར་བསྡུས་གནད་དོན་རབ་གསལ་ལ།༡༠སྤྱོད་འཇུག་ཆེན་མོའི་ས་བཅད་འཕྲོ་ཅན་སོགས་གསུང་རྩོམ་སྣ་ཚོགས་པའི་སྐོར་ལ།༢༨༽མཁས་གྲུབ་བྱེ་བའི་གཙུག་ནོར་རྡོ་རྗེ་འཆང་པྲཛྙཱའི་མཚན་ཅན་ལས་མི་ཏྲའི་དབང་གསན་སྐབས་ཀྱི་ཟིན་བྲིས་དང་། རྡོར་ཕྲེང་གི་ཟིན་བྲིས་འཕྲོ་ཅན་ཉིད་ཀྱི་ཕྱག་བྲིས་ལས་བཤུས་པ་ལ། ༦༡ རིན་འབྱུང་སོགས་རྗེས་གནང་དང་ལུང་འགའ་ཞིག་གསན་དུས་ཀྱི་རེག་ཟིག་ཕྱག་བྲིས་ལས་བཤུས་པ་ལ། ༣༧ རྔོག་དཀྱིལ་བདུན་ལས་མ་རྒྱུད་དཀྱིལ་འཁོར་དྲུག་དང་རྡོར་དབྱིངས་དབང་གི་བརྗེད་བྱང་གདུང་སེལ་བདུད་རྩིའི་ཁྲུས་རྫིང་ལ། ༢༥ སྣར་ཐང་བརྒྱ་རྩའི་རྗེས་གནང་གི་ཆོ་གའི་མཚམས་སྦྱོར་ནག་འགྲོས་སུ་བཀོད་པ་སོགས་བྱིན་རླབས་ཅན་འགའ་ཞིག་གི་ཁ་སྐོང་ལ། ༢༧ བླ་མཆོད་དང་ཕྱག་ཆེན་སྦྲགས་པའི་ཁྲིད། སྒྲོལ་དཀར་ཚེ་ཁྲིད། མ་ནིང་ཧ་འདོན་ཁྲིད། མདོ་སྡེའི་རྒྱན་གྱི་བཤད་ལུང་བཅས་གསན་པའི་རེག་ཟིག་ལ། ༣༣ བླ་མ་མཆོད་པའི་ཆོ་ག་མདོར་བསྡུས་བསམ་འཕེལ་ནོར་བུའི་དོ་ཤལ་ལ།རྗེ་བཙུན་རིག་བྱེད་མ་ལ་བརྟེན་ནས་ཚེ་ཡི་དངོས་གྲུབ་སྒྲུབ་པའི་ཆོ་ག་དགེ་ལེགས་ཆུ་གཏེར་སྤེལ་བའི་ཟླ་ཤེལ་ལ།དཔལ་གསང་བའི་བདག་པོ་འཁོར་ལོ་ཆེན་པོའི་སྒྲུབ་ཐབས་མདོར་བསྡུས་བདུད་སྡེ་ཟིལ་གྱིས་གནོན་པའི་བཞད་སྒྲ་ལ།འཁོར་ཆེན་གྱི་བརྒྱུད་འདེབས་དང་སྨོན་ཤིས་མདོར་བསྡུས་ལ།དཔལ་མོའི་ལུགས་ཀྱི་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་རྒྱུན་ཁྱེར་དང་།སྒྲོལ་མའི་མཎྜལ་བཞི་བའི་ཆོ་ག་མདོར་བསྡུས་ལ།རྡོ་རྗེ་མི་འཁྲུགས་པ་གཙོ་རྐྱང་གི་སྒྲུབ་ཐབས་མདོར་བསྡུས་ལ།སྒྲོལ་མ་དཀར་མོའི་སྒོ་ནས་ཞབས་བརྟན་འབུལ་བའི་ཆོ་ག་ལ།སྙན་ངག་གི་བསྟན་བཅོས་ཆེན་པོ་མེ་ལོང་ལས་བྱུང་བའི་རྒྱན་རྣམས་ཀྱི་དཔེར་བརྗོད་ལེགས་བཤད་བདུད་རྩིའི་མཆོད་ཡོན་ལ།༣༩སྙན་ངག་གི་བསྟན་བཅོས་ཆེན་པོ་མེ་ལོང་གི་རྒྱན་རྣམས་ཀྱི་དོགས་གཅོད་འཕྲོ་ཅན་ལ།༣༧རྒྱལ་དབང་སྲིད་ཞིའི་གཙུག་རྒྱན་མཆོག་ལ་སྔ་ཕྱིར་ཕུལ་པ་སོགས་ཆབ་ཤོག་གི་སྐོར་འགའ་ཞིག་ལ། ༢༤ ཡུལ་ལྷའི་རྒྱལ་བོ་གུར་ཁང་གི་གསོལ་མཆོད་དྲེགས་ལྡན་དགྱེས་པའི་དབྱངས་སྙན་སོགས་ལ། ༥ གཤེད་དམར་ལྷ་བཅུ་གསུམ་གྱི་དབང་ཟིན་ལ། ༢༡ བླ་མཆོད་ཁྲིད་དང་མདོ་རྒྱན་གྱི་བཤད་ལུང་གསན་པའི་ཟིན་བྲིས་ལ། ༣༣ པར་བྱང་སྨོན་ཚིག་ལ། ༩༼ ཆ ༽དྲིན་ཅན་བླ་མ་མཆོག་གིས་མཛད་པའི་ཕར་ཕྱིན་ཟིན་ཐོ་གཞུང་ལུགས་རབ་འབྱམས་གསལ་བའི་མེ་ལོང་ལས་སྐབས་དང་བོའི་སྐོར་ལ། ༢༢༢ སྐབས་གཉིས་པའི་སྐོར་ལ། ༣༥ སྐབས་གསུམ་པའི་སྐོར་ལ། ༢༡ སྐབས་བཞི་བའི་སྐོར་ལ། ༡༢༢༼ ཇ ༽རྨ་ལུང་རྡོ་རྗེ་བྲག་ཏུ་སྡེ་སྣོད་རྒྱ་མཚོའི་མངའ་བདག་དགེ་བའི་བཤེས་གཉེན་ཆེན་པོ་སངས་རྒྱས་ཆོས་གྲགས་རིན་པོ་ཆེ་དང་བགྲོས་པའི་དབུ་མའི་ཐོ་དཀའ་གནད་སྦུབས་རྒྱ་བཀྲོལ་བའི་ཉིན་བྱེད་བྱིན་རླབས་སྣང་བའི་གཏེར་མཛོད་ལ། ༡༨༤ ཕན་ཕྱིན་སྐབས་དང་བོའི་དཀའ་གནད་འགའ་ཞིག་ལ་དགོངས་གཞིགས་ཞིབ་ཏུ་མཛད་པའི་དཔྱད་ཐོ་མི་བསྙེལ་དྲན་གསོའི་ཐོ་ཡིག་རྨོངས་པའི་དྲི་མ་དག་བྱེད་བདུད་རྩིའི་བུམ་བཟང་ལ། ༤༣ དྲང་ངེས་ལེགས་བཤད་སྙིང་བོའི་དཀའ་གནས་ལས་བརྩམས་པའི་ཟིན་བྲིས་དཔྱོད་ལྡན་ཡིད་ཀྱི་མུན་སེལ་ལ། ༡༡༣ ཕར་ཕྱིན་ཟུར་བཀོལ་ལས་དགེ་འདུན་ཉི་ཤུ། རྟེན་འབྲེལ། དྲང་ངེས་ཞལ་ཐོ་ཧོར་ཁོང་ཅན་རྣམས་ཀྱི་རེག་ཟིག་དཀའ་གནད་གསལ་བའི་རིན་ཆེན་སྒྲོན་མེ་ལ། ༨༣༼ ཉ ༽ཆེ་བ་བཞི་ལྡན་བྱང་ཆུབ་ལམ་རིམ་ཆེན་མོའི་ཟིན་བྲིས་དང་། ཆེ་འབྲིང་གི་དཀའ་གནད་གཞུང་གུང་བསྒྲིགས་ཀྱིས་དགོངས་དཔྱད་དང་དགེ་བཤེས་མཁས་པ་དུ་མར་འཕྲོས་པ་གནང་བའི་ཞལ་ཐོ་ནོར་བུའི་གཏེར་མཛོད་ལ།༣༡༦བདེན་གཉིས་ཀྱི་ཞལ་ཐོ་གྲུབ་མཐའ་རྣམ་བཞིའི་ལམ་བཟང་གསལ་བའི་རིན་ཆེན་སྒྲོན་མེ་ལ།༤༨རྒྱུད་བླ་དར་ཊཱིཀ་དང་ཀུན་བཏུས་དར་ཊཱིཀ་གཉིས་ཀྱི་ཟིན་བྲིས་དགོས་འདོད་གཏེར་གྱི་བུམ་བཟང་ལ།༥༧ཟབ་ལམ་དབུ་མའི་ལྟ་བ་རྟོགས་པའི་མན་ངག་གསལ་བའི་ཉིན་བྱེད་ལ།༦༼༽པྲཛྙཱ་ཞབས་ལས་བདེ་ལམ་རྒྱས་བསྡུས་གཉིས་དང་། འཇམ་དཔལ་ཞལ་ལུང་། རྗེ་ཨ་རོལ་ལས་མྱུར་ལམ་དང་། བླ་མཆོད་ཁྲིད་གསན་པའི་ཞལ་ཐོ་བཅས་ལ། ༡༠༡ལྷག་མཐོང་ཐོ་སྔ་མ་ཤོག་དྲིལ་གསུམ་དང་། དཀའ་གནས་ལ་དཔྱད་པའི་ཐོ་གསར་ཤོག་དྲིལ་གཅིག་བཅས་ལ། ༣༠ གཞུང་ཐོ་ཐར་ཐོར་དང་བཤད་ལུང་དང་ཁྲིད་ཀྱི་སྐོར་ཕྱོགས་བསྡེབས་བྱས་པ་ལ། ༡༠༩ གཤེད་དམར་ལྷ་བཅུ་གསུམ་མ་སོགས་ཟུར་བཀའི་དབང་འགའ་དང་། སྦྱོང་རྒྱུད་དཀྱིལ་འཁོར་བཅུ་གཉིས་ཀྱི་དབང་གི་གསན་ཐོ་ལ། ༦༠ དབྱངས་ཅན་སྒྲ་མདོའི་ཐོ་ཤོག་དྲིལ་ཕྱེད་དང་ལྔ། དཔྱད་ཐོ་ཤོག་དྲིལ་ཕྱེད། སྙན་ངག་དཔེར་བརྗོད་ཤོག་དྲིལ་ལྔ། ཉིད་ཀྱི་སྒྲ་རྒྱན་བཀྲོལ་ཐོའི་ཤོག་དྲིལ་བཅས་ལ། ༨༠ སྡེ་སྲིད་སངས་རྒྱས་རྒྱ་མཚོའི་མན་ངག་ལྷན་ཐབས་ཀྱི་ཟིན་བྲིས་ལ། ༦༥ བཅས་པར་དུ་བཀོད་ཟིན་པ་པོད་དགུ་བཞུགས།

ཁོང་གི་གསུང་འབུམ་ཀྱི་ཁྲོད་ན་བཞུགས་པའི་མེ་ལོང་མའི་ལེའུ་གཉིས་པའི་རྒྱན་རྣམས་ཀྱི་དོགས་གཅོད་ཅེས་བྱ་བའི་སྙན་ངག་ཟིན་བྲིས་དང་། རྒྱལ་དབང་བཅུ་གསུམ་པའི་གསུང་འབུམ་དུ་བཞུགས་པའི་ཁ་བྱང་ལ། གནས་ལྔ་རིག་པའི་པཎྜི་ཏ་ཆེན་པོ་སྐྱབས་རྗེ་དཔའ་རིས་པ་བློ་བཟང་རབ་གསལ་མཆོག་གི་ཞལ་སྔ་ནས་སྙན་ངག་གི་བསྟན་བཅོས་མེ་ལོང་མའི་སྟེང་ནས་བཀའ་ཁྲིད་ནོད་སྐབས་ལེའུ་བར་བའི་དཀའ་གནད་བརྗེད་བྱང་དུ་བཀོད་པ་བཞུགས་སོ། །ཞེས་བྱ་བའི་སྙན་ངག་ཟིན་བྲིས་གཉིས་རིང་ཐུང་ཙམ་ལས་ཚིག་དོན་གཉིས་ཀ་གཅིག་ཡིན་འདུག་ཀྱང་། རྒྱལ་དབང་གསུང་གི་ཟིན་བྲིས་དེར་བསྡུས་བརྗོད་མན་ཆད་མེད་ལ། རྡོ་རྗེ་འཆང་གི་དེར། དགའ་བའི་རྒྱན་ཡན་ཆད་ཡོད་པ་ཙམ་ཁྱད་པར་ཏེ། རྡོ་རྗེ་འཆང་གི་སྙན་ངག་ཟིན་བྲིས་རྒྱལ་དབང་གི་ཕྱག་དཔེའི་ཁྲོད་ན་ཡོད་སྟབས། རྒྱལ་དབང་གིས་མཛད་པར་གཞིར་བཞག་གིས་ཁ་བྱང་བཏབ་སྟེ་གསུང་འབུམ་གྲས་སུ་བཞག་པ་ཡིན་འདུག་སྟེ། དཔེ་རྒྱན་ལས་འགལ་བའི་དཔེའི་དཔེར་བརྗོད་དུ། ཟིན་བྲིས་དེར། འདི་ལ་བསམ་ནས་ཁོ་བོའི་དཔེར་བརྗོད་དུ། ཡིད་འོང་མཚམས་སྤྲིན་གསར་བའི་ཕུང་བོ་དང་། །པདྨ་རཱ་གའི་རྡུལ་མང་བརྩེགས་པའི་རི། །རྣལ་འབྱོར་དབང་མོ་ཁྱོད་ཀྱི་མཛེས་སྐུ་རྣམས། །ཕན་ཚུན་རྣམ་པ་འགལ་བ་ཙམ་དུ་ཟད། །ཅེས་སྨྲས་སོ། །ཞེས་རྡོ་རྗེ་འཆང་གི་བདུད་རྩིའི་མཆོད་ཡོན་གྱི་ཚིག་དྲངས་སྐབས། ཁོ་བོའི་དཔེར་བརྗོད་ཅེས་པས་ཤེས་ལ། རྒྱལ་དབང་བཅུ་གསུམ་པའི་དཔེར་བརྗོད་ལས་འགལ་བའི་དཔེར། སྙན་དང་ལེགས་པར་སྨྲ་བའི་རྗེས་མཐུན་ལས། །དཔུང་མགོ་ཟླུམ་ཞིང་ལེགས་པར་འབྲེལ་བ་དང་། །རབ་མཛེས་གསེར་གྱི་བུམ་པའི་མགྲིན་པ་དག །མཚུངས་ཀྱང་ཕན་ཚུན་རྣམ་པར་འགལ་བ་ཉིད། །ཅེས་དེ་དང་མི་འདྲ་བར་འབྱུང་བས་སོ། །དེ་བཞིན་དུ་གཟུགས་བརྙན་གྱི་དགའ་བའི་དཔེར་བརྗོད་ཐད་དུ། ཟིན་བྲིས་དེར། འདི་ལ་བསམ་ནས་ཁོ་བོའི་དཔེར་བརྗོད་དུའང་། མཐའ་ཀླས་ཞིང་ཁམས་ཡངས་པོར་འཚོ་གཞེས་པའི། །རྒྱལ་ཀུན་རང་གཟུགས་དྲིན་ཅན་བླ་མའི་ཞལ།།དེང་འདིར་མཇལ་བ་ལས་ལྷག་སྤངས་རྟོགས་ཆ།།རྫོགས་པའི་སངས་རྒྱས་གཞན་དགའ་ལྟར་ཅི་འཚལ།།ཞེས་སྨྲས་པ་ཡིན་ནོ།།ཞེས་གསུངས་པ་འདི་ཡང་།རྡོ་རྗེ་འཆང་གི་བདུད་རྩིའི་མཆོད་ཡོན་ལས་འབྱུང་གི།རྒྱལ་དབང་བཅུ་གསུམ་པའི་དཔེར་བརྗོད་ལས།གཟུགས་བརྙན་གྱི་དགའ་བའི་དཔེར་བརྗོད་དུ།གཟུང་འོས་གདེང་ཅན་དབང་བོའི་སྙན་འགྱུར་གྱིས།།ལེགས་པར་བཤད་པའི་བརྡ་སྤྲོད་བརྩོན་པ་ཡིས།།སྐྱོ་ངལ་མེད་པར་རྣམ་པར་དཔྱོད་པའི་མཐུས།།ཚད་མེད་བདེ་བ་མཆོག་གི་རྣམ་པར་རོལ།།ཅེས་གསུངས་པ་ལྟར་རོ།།དེས་སྙན་འགྲེལ་ཡང་གསལ་སྣང་མཛོད་དུ་མཚུངས་གསལ་སྐབས་ཆ་ལ་སོགས་པ་བཅུ་གཅིག་གི་དཔེར་བརྗོད་འཇོག་སྐབས།རྒྱལ་དབང་བཅུ་གསུམ་པའི་དཔེར་བརྗོད་ལས།ཞེས་དྲངས་པའང་སྒྲ་ཇི་བཞིན་པར་གཟུང་དུ་མི་རུང་བ་ཐ་སྙད་རིག་གནས་སྨྲ་བ་རྣམས་ཀྱིས་ཤེས་དགོས་པ་ཞིག་ཏུ་སྣང་བས་འདིར་གསལ་བར་བཤད་དོ། །

གདན་རབས་ཚིགས་བཅད་མ་ལས། 

 དེ་ཚེ་དད་ལྡན་བུ་སློབ་ཚོགས་རྣམས་ཀྱིས། །

མཆོག་སྤྲུལ་མྱུར་འབྱོན་གསོལ་བ་བཏབ་པ་ཡིས། །

གོང་ས་རྒྱལ་བའི་དབང་བོ་བཅུ་གསུམ་པས། །

རང་གི་རིགས་ཀྱི་བདག་པོའི་མཆོག་སྤྲུལ་དུ། །

གསལ་བར་ངོས་འཛིན་མཛད་པ་ཆོས་ཀྱི་རྗེ། །

མཐོང་ཐོས་དྲན་པ་དོན་ལྡན་འགྲོ་བའི་མགོན། །

བློ་བཟང་བཤད་སྒྲུབ་བསྟན་འཛིན་རྒྱ་མཚོ་ཞེས། །

བདག་གི་དཔལ་ལྡན་བླ་མ་འདི་ལགས་སོ། །ཞེས་བྱུང་། 

བླ་མ་རྡོ་རྗེ་འཆང་གི་དགོངས་པ་གཞན་དུ་གཏད་ཟིན་པ་དེའི་ཚེ་ན་དད་ལྡན་བུ་སློབ་འདུས་པ་རྒྱ་མཚོའི་ཚོགས་རྣམས་ཀྱིས་གདུང་མཆོད་དང་འབྲེལ་ནས་གང་གི་མཆོག་སྤྲུལ་ཉི་མ་གཞོན་ནུ་མྱུར་དུ་འབྱོན་པའི་གསོལ་བ་ཡང་ཡང་བཏབ་པའི་མཐུ་ལ་བརྟེན་ནས།ལྷ་མིའི་འདྲེན་པ་ གོང་ས་རྒྱལ་བའི་དབང་བོ་བཅུ་གསུམ་པ་ཆེན་པོ་མཆོག་གིས་ཁོང་རང་གི་རིགས་ཀྱི་བདག་པོའི་མཆོག་སྤྲུལ་དུ་སྒྲིབ་མེད་སྤྱན་གྱིས་གསལ་བར་གཟིགས་ནས་ངོས་འཛིན་མཛད་པ་ལགས་ན།ཆོས་ཀྱི་རྗེ་མཐོང་ཐོས་དྲན་པ་དོན་དང་ལྡན་པའི་འགྲོ་བའི་མགོན་པོ་དེ་ཉིད་ལ་བློ་བཟང་བཤད་སྒྲུབ་བསྟན་འཛིན་རྒྱ་མཚོ་ཞེས་པའི་མཚན་གསོལ་བ་ནི་བདག་གི་དཔལ་ལྡན་བླ་མ་འདི་ཉིད་ལགས་སོ་ཞེས་པའོ།

སྨྲས་པ། 

དགེ༷་ལེགས་འོ་མའི་ཆུ་གཏེར་ལས་ཐོན་འདུན༷་ལྡན་གསེར་རིའི་དཀྱིལ་འཁོར་ན། །

བསྟན༷་པའི་སྡེ་བཞི་བང་རིམ་བརྩེགས་པ་སྲིད་ཞིའི་བླ་ན་མངོན་པར་འཕགས། །

བླ་གོས་ཐུན་མཚམས་ཆུ་འཛིན༷་འཁྱུད་བཞིན་འཕྲིན་ལས་གཟི་འོད་རྩེ་དགའ་ཅན། །

གདུལ་བྱ་རྒྱ༷་མཚོ༷་སྐྱོང་བར་མཛད་པའི་འདྲེན་མཆོག་སྨྲ་བའི་ལྷུན་པོ་རྒྱལ། །

སྤྲོས་བྲལ་ཆོས་དབྱིངས་མི་ཟད་ཀློང་དུ་ཡེ་ཤེས་གཟི་འོད་འབུམ་དཀྲིགས་པ།

སྲིད་ཞིའི་མཛེས་སྡུག་གཅིག་ཏུ་སྨིན་པའི་རྒྱལ་ཡུམ་སྒེག་པའི་འཛུམ་དཀར་ཅན།

སོར་མོའི་འདུ་བྱེད་གར་མཁན་མ་ཡིས་རྟོགས༷་བརྗོད༷་དད༷་གསུམ༷་ངག༷་གི༷་དཔལ། །

རྒྱུད་སྟོང་དབྱངས་སུ་གྱེར་བའི་རོལ༷་མོ༷་བདག་མགྲིན་སྦུབས་སུ་དཀྲོལ་བར་མཛོད། །

རྒྱལ་ཀུན་སྙིང་རྗེའི་ཞུན་མའི་ཐིག་ལེ་འཛུམ་པའི་ཟླ་ཤེལ་དཀྱིལ་འཁོར་ལས། །

སྤྲུལ་པ་ཡང་སྤྲུལ་འོད་རིས་རླབས་ཕྲེང་མཁའ་ཁྱབ་སྤྲོས་པ་སུ་ཞིག་གཞལ། །

སྟོན་པའི་ཀུན་འཁོར་ཆོས་ཀྱི་བློ་གྲོས་གནས་བརྟན་དགེ་བསྙེན་དྷརྨའི་མཚན། །

དབྱིག་གཉེན་ལ་སོགས་པཎ་གྲུབ་དུ་མས་འཕགས་ཡུལ་ཆོས་ཀྱི་ཚལ་དུ་བསྒྲུབས། །

པུར་རྒྱལ་བསྟན་དང་འགྲོ་བའི་དཔྱིད་དཔལ་སྤྱན་སྔ་གྲགས་པ་བྱང་ཆུབ་དཔལ། །

རྒྱལ་སྲས་བློ་གྲོས་བརྟན་པའི་སྡེ་དང་སྟག་ཕུ་རིམ་བྱོན་གསེར་རིའི་ཕྲེང་།

དགེ་ལྡན་བཤད་སྒྲུབ་རིང་དུ་མཛད་པས་ཆོས་ཚུལ་རིན་ཆེན་བརྡལ་བའི་གཞིར། །

རྒྱལ་རྣམས་འོག་མིན་འཁྲུལ་བར་འཛིན་པ་ཡིད་སྲུབས་དཔུང་སྡེ་འཁྲུགས་པར་རྩོམ། །

དབུས་ལྗོངས་ཐུབ་བསྟན་གངས་ཀྱི་རི་བོར་མདོ་རྒྱུད་གཞུང་མང་གཡུ་རལ་གསིག །

ང༷ག་གི་རོལ་རྩེད་ཕྲ་མོ་ཡིས་ཀྱང་ཐུབ་དབ༷ང་གསུང་གི་མཆེ་སྡེར་གཡོ། །

འཕྲིན༷་ལས༷་ལུས་རྩལ་དར་བའི་སེང་ཆེན་རྩོད་ངག་ང་རོའི་དབྱངས་གཅིག་གིས།

ཀུན་མཁྱེན་ཞེས་གྲགས་གཉིས་འཐུང་ལ་ཡང་འཇིགས་པ་བྱིན་པའི་དཔའ་རྟགས་ངོམ། །

འཇམ་དཔལ་ང༷ག་རིག་གསང་བའི་མཛོད་ལ་དབ༷ང་འབྱོར་ཐུགས་རྗེའི་མཁའ་དབྱིངས་སུ།

འཕྲིན༷་ལ༷ས་ཆུ་འཛིན་འཁྲིགས་པའི་ཀློང་ལས་དགེ་ལེགས་ཆོས་ཀྱི་སྦྲང་ཆར་ཕབ།

ཐུབ་བསྟན་ཆུ་སྐྱེས་དཔ༷ལ་ཡོན་རྒོད་པའི་སྐལ་བཟ༷ང་བུང་བ་འཕྲོ་འདུའི་གཞི།

སྤེལ་བའི་སྙིང་སྟོབས་འོ་མའི་མཚོ་ཆེན་དབྱིངས་སུ་འཕྱོ་བའི་རྩེ་དགའ་འཛིན། །

ཐུགས་རྗེ་སྤྱན་སྟོང་བགྲད་པའི་འོད་ཞགས་སྙིགས་མའི་འགྲོ་ལ་རྟག་ཏུ་བཅིངས། །

མཛད་འཕྲིན་མཁའ་ཁྱབ་སྤྲོས་པའི་ཕྱག་སྟོང་བསྟན་འགྲོའི་དཔྱིད་དུ་གཡོ་བའི་གར། །

ང༷ག་གི་དབ༷ང་ཕྱུག་བསྟན༷་འཛི༷ན་རིམ་བྱོན་ཕྱག་ན་པདྨ་དཀར་བོའི་ཕྲེང་། །

ཞིང་འདིར་མཛད་པའི་ཕྱག་རིས་འོད་སྟོང་ཕན་བདེའི་རྒྱ༷་མཚོ༷འི་དཔྱིད་དུ་སྤྲོས།

ཟླ་གཞོན་ལང་ཚོའི་སྟོད་གོས་བཀླུབས་པའི་དབྱིག་འཛིན་དཔལ་མོའི་སྤྱི་གཙུག་ཏུ། །

བཻཌྰུར་ཞུན་ཆེན་འཁྱིལ་བའི་མཚོ་མོར་ལན་བུའི་རྦ་རླབས་བསྐྱོད་པའི་འདབས། །

དགེ་བཅུ་སྨིན་པའི་མདའ་བཞིའི་ཚལ་ཡངས་རླུང་གི་རྒྱལ་མཚན་བསྒྲེངས་དང་ལྷན། །

ཧྲཱིཿཡིག་གཞི་ལས་འཛུམ་པའི་པད་དཀར་སྲིད་པའི་རྒྱན་དུ་ཅི་ཡང་བཞད། །

དགེ༷་ལ་འདུན༷་པའི་ཆོས༷་ཚུལ་སྐྱོང༷་མཛད་ཐུགས་རྗེ་རྒྱ༷་མཚོ༷འི་ཆུ་སྒྲོགས་མས།

ལྷ་སྲས་ལྷན་སྐྱེས་སྤྱོད་པའི་དྲི་ངད་ལྡང་བའི་མ་ལ་ཡར་སྐྱེས་ལྗོན། །

བག་ཡོད་བསླབ་ཁྲིམས་བདུད་རྩིའི་ཆར་ཕབ་ལི་ཁྲིའི་ཆུ་འཛིན་མདངས་འཁྱུད་པས། །

བསླབ་གསུམ་རིན་ཆེན་ཡལ་འདབ་རྒྱས་པ་ཐུབ་བསྟན་མཛེས་པའི་དཔལ་དུ་གྲུབ། །

ན་ཚོད་བདེ་འབྱུང་མེ་ཏོག་བཞད་ཚེ་ལཱ༷་མོ༷འི་འཕྲིན་ལས་གཟི་འོད་ཀྱིས། །

ཕན་བདེ༷་རིན་ཆེན༷་འགྲེམ་པའི་གླིང་དུ་འཁོར་ཚོགས་སྤྲིན་གྱི་རླབས་བཞིན་འཕྱུར། །

འཕགས་མཆོག་རིམ་བྱོན་གོང་མའི་རྒྱལ་ཐབས་མི་འཇིགས་གདོང་ལྔས་བཏེགས་པའི་ཁྲིར།

གང་ཞབས་གསེར་གྱི་འཁོར་ལོས་མཚན་པས་རྫོགས་ལྡན་གསར་བའི་དཔལ་ལ་བཀོད། །

བློ་བཟང་རིང་ལུགས་སྨྲ་བའི་ཉི་མ་སྤྱི་གཙུག་རྒྱན་དུ་འཆར་བའི་མོད། །

ཕྱོགས་གླང་ཆོས་གྲགས་རྟོག་གེའི་གཞུང་ལུགས་གངས་སེང་འོ་མས་བསྐྱེད་བསྲིངས་པས།

ལུང་རིགས་གཡུ་རལ་གནམ་དུ་འཕྱོ་བ་རྩོད་ངག་མི་བཟད་ང་རོའི་སྒྲས། །

ཕས་རྒོལ་གླང་བོ་སྟོང་ཕྲག་འགྱེལ་བ་མ་ཐེག་དབྱིག་འཛིན་འགས་སྙམ་བྱེད།

བློ༷་བཟ༷ང་ཐུབ་བསྟན་པདྨའི་ཚལ་དུ་ལུང༷་རི༷གས་རླབས་ཕྲེང་གཡོ་བ་ཡི། །

ལེགས་བཤད་རིན་ཆེན་བརྡོལ་བའི་རྒྱ༷་མཚོ༷ར་དེད་དཔོན་ནོར་ལ་གཉེར་བ་བཞིན། །

དགུང་གྲངས་ཚེས་ཀྱི་ལང་ཚོ་རྫོགས་དུས་གསེར་ལྗོངས་རིག་པའི་དགའ་ཚལ་དུ། །

པད་དཀར་འཆང་གཉིས་ལྷན་དུ་མཇལ་བས་ཐོས་པ་དགའ་བའི་རྣམ་ཐར་སྒྲོག

གང་གི་ཞབས་སྐྱེས་ནོར་བུའི་ཅོད་པན་ཟུར་ཕུད་རྩེ་ལ་བཏེགས་པ་ཡིས། །

བརྩེ་ཆེན་ཐུགས་རྗེའི་ལྗགས་ཡངས་བརྐྱངས་ཏེ་སྨིན་བྱེད་བདུད་རྩིའི་ཀ་ལ་ཤས།

རྡོ་རྗེའི་རིགས་ཀྱི་སྲས་སུ་དབང་བསྐུར་རང་རྒྱུད་ཟབ་རྒྱས་བཅུད་རྫོགས་ཏེ།

སྟོན་པའི་རྒྱལ་ཐབས་ཉིད་ལ་དབང་ཕྱིར་ཐུབ་སྐུ་ཐུགས་དམ་རྟེན་དུ་བསྩལ། །

བཤེས་གཉེན་དེད་དཔོན་དུ་མ་ལ་བརྟེན་གསང་ཚིག་རིགས་པའི་རླབས་ཕྲེང་གིས། །

ཚད་མའི་གཞུང་ལུགས་རྒྱ་མཚོ་ལས་བརྒལ་ཕ་རོལ་རིན་ཆེན་གླིང་དུ་ཕྱིན།

གཞུང་ལམ་འབྲས་བུ་ལེགས་པར་བཤད་པའི་དགོས་འདོད་ནོར་བུ་བརྒྱ་རྩ་བརྒྱད། །

རྣམ་དཔྱོད་གསེར་གྱི་སྲད་བུར་བརྒྱུས་པའི་ཕྲེང་མཛེས་མགུལ་བའི་རྒྱན་དུ་བསྟར།

ཀླུ་སྒྲུབ་གཞུང་གི་ཟབ་དོན་ནོར་བུ་གུས་རྟག་རྒྱལ་མཚན་རྩེར་མཆོད་པས།

དབུ་མ་ལྟ་བའི་དབྱིག་གི་ཆར་ཕབ་སྟོང་ཉིད་དགའ་མར་དམ་དུ་འཁྱུད། །

སྣང་སྟོང་བདེ་ཆེན་རོལ་བའི་ངང་ལས་ཆོས་མངོན་མཛོད་ཀྱི་མཁའ་དབྱིངས་སུ། །

གཞི་ལྔའི་རང་སྤྱིའི་དབང་གཞུ་བཀྲ་བ་མ་འདྲེས་ལག་མཐིལ་རྫས་བཞིན་གཟིགས། །

དགུང་གྲངས་བུག་གཟུགས་ལང་ཚོ་རྒྱས་ཚེ་བཀའ་ལུང་ནོར་བུ་ཕོག་པ་བཞིན།

བཤད་སྒྲུབ་དབྱིག་གི་ཐང་མ་བརྡལ་བའི་བ༷ཀྲ་ཤིས༷་གཡས་སུ་འཁྱིལ༷་བའི་གླིང་། །

ཤེས༷་བྱར་མཁྱེན་དཔྱོད་རླབས་ཀྱིས་རབ༷་འགྲེམ་རྒྱ༷་མཚོ༷འི་ཞབས་སེན་མུ་ཏིག་ཕྲེང་། །

སྤྱི་བོར་མཆོད་པའི་རྩེ་དགའ་ལ་རོལ་གསང་གསུམ་སྒྲོམ་གྱི་སྒོ་བརྒྱ་གྲོལ། །

འཕགས་ཡུལ་གྲུབ་མཆོག་མི་ཏྲ་ཛོ་ཀིའི་ཐུགས་བཅུད་དབང་མཆོག་བརྒྱ་རྩའི་རྒྱུན། །

རིན་ཆེན་འབྱུང་གནས་མྱུར་མཛད་མགོན་དང་རྣམ་ཐོས་བུ་ཡི་བཀའ་ཆེན་སོགས། །

བགྲང་ཡས་སྨིན་བྱེད་བདུད་རྩིའི་སྙིང་བོ་ཐོག་མའི་སྐྱེས་སུ་ལེགས་བསྟབས་ནས།

གཙང་དབུས་བརྒྱུད་པའི་ལམ་རིམ་ཁྲིད་ཀྱིས་རང་རྒྱུད་སེམས་མཆོག་བརླན་པར་བྱས། །

མཁའ་མིག་བགྲང་བྱའི་མཚར་སྡུག་རྫོགས་པ་ས་གའི་ཟླ་ཤེལ་ཉ་གང་བར། །

ཤེས༷་བྱར་མཁྱེན་རབ༷་རྩལ་གྱིས་འཇལ་བའི་མདོ་རྒྱུད་རྒྱ༷་མཚོ༷འི་མངའ་བདག་གང་། །

མཚན་ལྡན་དགེ་འདུན་གྲངས་ཚང་དབུས་སུ་སྤོང་བདུན་བསླབ་གཞིའི་ཆབ་རྒྱུན་གྱིས། །

སྒོ་གསུམ་ཉེས་སྤྱོད་ལྷག་མེད་བཀྲུས་ཏེ་ཐུབ་བསྟན་མངའ་བདག་ཁྲི་ལ་བཀོད། །

སྟོན་པའི་ཐུགས་བཅུད་འདུལ་བ་འབུམ་སྡེའི་སྙིང་བོ་ཕྱོགས་སུ་བསྡུས་པའི་མདོ།

འདུལ་འཛིན་མཁས་མང་ལེགས་པར་བཤད་པའི་གཞུང་དོན་ཇི་བཞིན་གཟིགས་པའི་མོད།

དགག་སྒྲུབ་གནང་བའི་བཅས་ཁྲིམས་ཐབས་ཀྱིས་དྲན་ཤེས་བག་ཡོད་བརྟན་པོ་ཡིས། །

བསླབ་གསུམ་དབྱིག་གི་རྒྱལ་མཚན་བསྒྲེངས་མཛད་ཨུ་པ་ལི་ཡི་སྙན་པ་འཕྲོགས། །

རབ་འབྱམས་ཤེས་བྱའི་མཁའ་དང་མཉམ་འཇུག་མཁྱེན་བརྩེ་འོད་ཀྱི་ཐིག་ལེ་ཡིས། །

བསྟན༷་པ༷་རྒྱས་པའི་པདྨའི་ཚལ་ཡངས་རྒྱ༷་མཚོ༷འི་མཐའ་ལ་སྤེལ་བའི་གཉེན། །

ངག་གི་དབང་ཕྱུག་དམ་པ་དུ་མའི་ཞབས་སེན་ནོར་བུ་འོད་འབར་བ། །

སྤྱི་གཙུག་ཆུ་སྐྱེས་ཟེའུ་འབྲུའི་དབུས་སུ་བསམ་དང་སྦྱོར་བས་འགྱུར་མེད་བསྟེན། །

ཐུབ་པ་ཆེན་པོ་གངས་རི་ལས་བབས་བརྒྱུད་ལྡན་དམ་པའི་ཡུར་ལམ་དུ། །

ལེགས་དྲངས་སྨིན་བྱེད་དབང་བཞི་རྗེས་གནང་ལུང་ཁྲིད་ཆོས་རྒྱུན་གངྒཱ་མ།

རྒྱལ་སྲས་ཛ་ཧུའི་ལྟོ་བར་བསྐྱིལ་བས་ཡང་དག་ཆོས་ཆབ་ཀློང་བརྡོལ་ཏེ། །

སྲིད་ན་སྐོམ་པས་གདུངས་པའི་གསོས་སུ་སླར་ཡང་འབེབས་པའི་མོས་འདོད་སྐོང་། །

ཐོན་མིའི་སྙིང་བཅུད་བརྡ་སྤྲོད་སུམ་རྟགས་དབྱངས་ཅན་བཞད་པའི་སྒྲ་རིག་པ། །

ས་རིས་སྡེབ་སྦྱོར་སྐར་རྩིས་འབྱུང་རྩིས་ཚེ་ཡི་རིག་བྱེད་གསོ་དཔྱད་སོགས། །

ཐུན་མོང་ཐུན་མིན་རིག་པའི་གནས་རྣམས་སྒྱུ་རྩལ་མཐའ་ལ་བྱང་ཆུབ་པས།

གཙུག་ལག་རིན་ཆེན་སྟོབས་ཀྱིས་དྲེགས་པས་མཁས་མང་ཕལ་གྱི་ཁེངས་པ་བསྙིལ། །

ངག་དབང་ཚང༷ས་སྲས༷་དགྱེས༷་པ༷འི་ཟློས་གར་བློ༷་གྲོས་དཔལ་དང་ལྡན༷་པ་ལས།

ཉམས་འགྱུར་འབུམ་སྡེ་མེ་ལོང་དགྱེས་གླུའི་སྙན་ཚིག་རོ་མངར་འཐུངས་པའི་དཔྱིད། །

མཁས་ཀུན་རྣ་བའི་བདུད༷་རྩིའི༷་སྙིང་བོ་བཤེས་གཉེན་དགྱེས་པའི་མཆོད༷་ཡོན༷་དུ། །

སྤྲོས་པའི་ཚིག་གི་དཔག་བསམ་མེ་ཏོག་དྲན་དབང་འཆི་མེད་ཚལ་དུ་རྒོད།

སྐྱེ་དགུའི་རེ་འདོད་སྐོང་བའི་ལྗོངས་སུ་བློ༷་བཟ༷ང་རིང་ལུགས་ཡིད་བཞིན་ནོར། །

ལུང༷་རིག༷ས་རླབས་ཀྱི་རྩེ་དགས་འགྲེམ་པའི་ཐུགས་རྗེ་མུ་མེད་རྒྱ༷་མ༷ཚོ་གང་།

མི་ཟད་ཆོས་ཀྱི་ཆབ་རྒྱུན་མཆིས་སོ་ཕངས་མེད་ཕ་ནོར་བུ་ལ་བཞིན། །

བུམ་པ་གང་བྱོའི་ལས་ལ་ཞུགས་ཀྱང་མི་ངོམས་འཚོལ་བའི་སྲེད་འདི་ཅི། །

ལུང་རིགས་མཚན་སྙན་གཡོ་བའི་མཁའ་ལས་སྟོད་གོས་མཚམས་སྤྲིན་ཟོལ་གྱིས་བསྒྱུར། །

ཆོས་རྗེ་གསེར་ཁང་ཡབ་སྲས་རྣམ་ཐར་ལྷུར་བཞེས་ཆོ་ག་སྙན་དུ་སྒྲོན། །

ཆོས་བརྒྱད་འདུ་འཛི་སྲིད་འབྱོར་མཚོ་ལས་ཆོག་ཤེས་ནོར་བུ་གཙུག་ཏུ་འཛིན། །

དབེན་པའི་ཁྲོད་དུ་ཐོས་དོན་བསྒྲུབ་པར་ཏིང་འཛིན་ཞི་བའི་མནལ་དུ་བསྲེལ། །

ཚ་གྲང་དཀའ་ཐུབ་གོས་སུ་བཀླུབས་ཏེ་བཀའ་བསྟན་བྱེ་བའི་བཅུད་ཕྱུང་བ།

ཆེ་བ་བཞི་ལྡན་ལམ་གྱི་རིམ་པར་དཔྱད་འཇོག་སྒོམ་གྱིས་ཉམས་བཞེས་པས།

བསྟན་པ་ཐམས་ཅད་འགལ་མེད་ཚུལ་དང་གསུང་རབ་གདམས་པར་འཆར་བའི་གཟིས།

ཉམས་རྟོགས་ཀློང་དུ་བརྡོལ་བའི་སྤྲིངས་ཡིག་ཕྱོགས་ཀྱི་བུ་མོས་སྒྲོག་ལ་བྲེལ།

བཤད་སྒྲུབ་གསེར་གྱི་རི་མོ་འབུམ་གྲོལ་སཱ་ལའི་སྨན་ལྗོངས་མཛེས་པའི་རྒྱན།

རོང་སྟོན་བྱིན་རླབས་འོད་བརྒྱས་སྨིན་པའི་སྐྱེ་དགུའི་པད་དཀར་ཚལ་ཡངས་སུ། །

ལེགས་བྱས་དད་གུས་རླུང་གིས་རབ་འཁྲིགས་ཐུགས་རྗེའི་ཆུ་འཛིན་གདེངས་ཀ་ལས། །

ཟབ་རྒྱས་བདུད་རྩིའི་གྲུ་ཆར་འཇོ་བས་རྫོགས་ལྡན་དཔལ་མོ་མགྲོན་དུ་བཀུག །

དགུང་གྲངས་ཕར་ཕྱིན་ཡོན་ཏན་རྒྱས་དུས་སྔོན་གྱི་རླབས་ཆེན་ཐུགས་བསྐྱེད་བཞིན། །

ལུང་བསྟན་བདེན་པའི་རྟེན་འབྲེལ་ཚོགས་ཀྱིས་བྱང་རྒྱུད་སྐྱེས་རིའི་ཆོས་སྡིངས་སུ། །

གང་ཞབས་ཨུཏྤལ་རི་མོ་གྲོལ་བས་ཕྱོགས་ཀྱི་བུ་མོའི་དཔལ་སྙེམས་པར། །

དཔྱོད་ལྡན་སྐལ་བཟང་ངང་གིས་འདུས་ལ་བརྒྱ་བྱིན་མཚར་བའི་མིག་སྟོང་བགྲད། །

གྲུབ་པའི་བསྟི་གནས་མཚེར་མོ་ཆེ་རུ་བློ་གསལ་དོན་གཉེར་དྲི་བཞོན་མས།

ཐུགས་རྗེའི་རྒྱ་མཚོ་བསྲུབས་པའི་སྙིང་བཅུད་ཆེ་བ་བཞི་ལྡན་རྫིང་བུའི་ངོགས། །

བྱ་བཏང་ངང་མོ་བདེ་བར་ཞུགས་པས་འཆར་ཅན་མཆོད་མེའི་རླབས་ཕྲེང་གཡོ།

ལུང་རིགས་སིལ་སྙན་འཁྲོལ་བའི་རྩེ་དགས་མངོན་དགའི་ཞིང་ལ་ཅོ་ཡང་འདྲི།

འཇམ་མགོན་ཐུགས་ཀྱི་ཟིལ་དངར་འབུམ་ཕྲག་བཅུད་དུ་རྫོགས་པའི་ལམ་རིམ་ཆེ། །

རྡུལ་མང་བརྩེགས་པའི་པདྨའི་སྦུབས་སུ་ནུབ་པའི་མངར་ཁུ་ལྕི་བའི་ཕོན། །

དགེ༷་ལེག༷ས་ལུང་རིགས་འོད༷་ཀྱི་སྣང༷་བ་འགྱེད༷་པ༷འི་ལེགས་བཤད་ཉིན༷་བྱེད༷་ཀྱིས།

བཞད་པའི་ཡོ་ལང་མཁའ་ལ་འཕྱུར་བ་སྐལ་བཟང་བྱེ་བའི་དཔལ་དུ་བསྐྲུན། །

མིག་མདའ་བགྲང་བྱའི་དཀྱིལ་འཁོར་བཟླུམས་ཚེ་ཙོང་ལར་ཆུ་འཛིན་འཁྱུད་པའི་བྱིན། །

རྗེས་ཆགས་རྨ་ཀླུང་སྒེག་ཉམས་གར་གྱིས་བཀྲ་ཤིས་དགེ་མཚན་འགུགས་པའི་སར། །

གང་ཐུགས་རིན་ཆེན་འབྱུང་གནས་ཀློང་ལས་ལུང་རིགས་རྦ་རླབས་དགུང་ལ་རེག །

འཇམ་དབྱངས་མཚམས་སྤྲིན་གསར་བའི་གཟུགས་ཀྱིས་ཀླུང་བརྒྱ་འཐུང་བའི་ཟློས་གར་རྩེན།

དྷཱི༷ཿཡིག་ཁམས་ཀྱི་དཀྱིལ་འཁོར་ངོས་སུ་ཐུགས་རྗེའི་ཚ༷་རླབས་གཟི་འོད་ཀྱིས།

སྡོམ་བརྩོན་གུར་ཀུམ་བཞད་པའི་སྙེ་མ་མཁའ་ལ་སྤུངས་པའི་དགའ་ཚལ་བསྐྲུན། །

བཀྲ༷་ཤིས༷་ཆོས༷་ཚུལ་མཛད་ཕན་སྟོང་གི་རྫོགས་ལྡན་གསར་བའི་རོལ་རྩེད་ཅན།

བྱང་རྒྱུད་ཙོང་ཁའི་ས་འཛིན་སྡིང༷ས་སུ་ནཱ་ལེནྡྲ་ཡི་སྙེམས་པ་འཛིན། །

སྲིད་ན་ཟབ་རྒུའི་མན་ངག་ཟེར་བརྒྱ་མཁྱེན་དཔྱོད་ཆུ་སྐྱེས་འཐུང་དྲགས་པས།

ལེགས་བཤད་དྲི་བསུང་ཆུ་མཐོངས་འགོག་མིན་མ་བོས་འདུས་ཚོགས་སྤྲིན་ལ་འཐབ། །

བློ་གསལ་རྐང་དྲུག་འཕྲོ་འདུའི་ཉེར་འཚོ་ཐུབ་བསྟན་དཔྱིད་དཔལ་སྤེལ་བའི་གཉེན། །

པཎ་ཆེན་མཚན་སྙན་གཡོ་བའི་ཅོད་པན་སྤྱི་བོར་གསོལ་བའི་མེ་ཏོག་འཛུམ། །

ཕྱོགས་ཀྱི་དྲེགས་མྱོས་འབུམ་རྒུའི་གཙུག་ཏུ་ཞབས་སེན་འོད་ཚོགས་ངལ་གསོ་བ། །

རྒྱལ༷་བ༷་ཀུན་གྱི་བརྩེ་བའི་རང་གཟུགས་ཐུབ༷་བསྟན༷་རྒྱ༷་མཚོ༷འི་མངའ་བདག་ཀྱང་།

རལ་བའི་འདབ་བརྒྱ་བརྩེགས་པའི་ཁྲི་ལ་གང་ཞབས་འཁོར་ལོའི་མཚན་རིས་ཅན། །

གཡོ་མེད་བརྟན་པར་བཞུགས་སུ་གསོལ་བས་བཀའ་ཡི་རྩེད་འཇོ་རོལ་བར་རྩོམ།

འཇམ་དཔལ་མི་རུ་ཟློས་པའི་ལྟེ་མཚལ་བདུད་རྩི་ས་ལ་འཕོ་བ་ལས། །

རྒྱལ་སྐུ༷་མེ་ཏོག་འབུམ༷་སྡེ་བཞད་པའི་ཙན་དན་མཆོད་སྡོང་གྲུབ་པའི་སར།

རྒྱལ་བའི་དབང་བོ་འཁོར་ཚོགས་དབུས་སུ་ཐུགས་རྗེའི་ལྗགས་ཡངས་ཀུན་གསལ་ལས། །

དགེ་ལེགས་འོད་སྣང་འགྱེད་པའི་ཉིན་བྱེད་བློ་ཚལ་བཞད་པའི་སྐྱེས་སུ་སྤྲོས།

མཁྱེན་དཔྱོད་ལུས་རྩལ་སྟོབས་ཀྱིས་རབ་དྲེགས་སྒྲ་ཚད་སྡེར་སེན་གཡོ་བའི་གར།

མ་མཐོང་ན་ཡང་མི་བཟད་ང་རོས་ཕྱོགས་ཀྱི་རྒོལ་ངན་གླང་བོའི་ཚོགས། །

མྱོས་བུམ་དུམ་བུར་བཀས་པའི་འཐོར་རུས་ས་ལ་ཀུན་དའི་ཕོན་པོར་འཁྲུལ། །

ཕྱོགས་གླང་མཚན་སྙན་འདར་བར་སེམས་པས་འཕགས་ཡུལ་མྱ་ངན་ཚལ་དུ་བཀོད། །

སྙན་རྒྱུད་འབུམ་གྱི་རྦ་རླབས་ཕྱོགས་རྫོགས་དབྱངས་ཅན་རིག་པའི་ལན་གསུམ་ཆབ། །

མགྲིན་པའི་གཤོང་དུ་འཁྱིལ་བ་ལས་སྐྱེས་མདོ་རྒྱུད་དགོངས་དོན་བཀྲལ་བའི་འདབ། །

གྲོལ་བའི་མེ་ཏོག་རྒྱུ་སྐར་ཚོམ་བུ་བདུད་རྩིར་འགྲེམ་པའི་ཆ་རེ་ཡང་། །

མཁས་རྒུའི་བཞིན་གྱི་འཛུམ་དཀར་འོད་བརྒྱས་དགེ་དབང་དཔལ་གྱི་པདྨོ་བཅོམ། །

དགེ༷་ལེགས་འདུན༷་ཆེན་བྱེ་བའི་ཕུང་བོ་རྒྱལ་བསྟན༷་སྲིད་པའི་མིག་གཅིག་པུ།

ཐུགས་བསྐྱེད་རྟ་བདུན་ཤིང་རྟས་ཉེར་དྲངས་རིན་ཆེན་འཛིན༷་མའི་ཐིག་ལེའི་གཞིར། །

ཟབ་རྒྱས་ལེགས་བཤད་སྣང་བའི་ཟེར་ཕྲེང་རྒྱ༷་མཚོ༷འི་སྲིད་མཐར་བརྡལ་བ་ལས།

འཚོ་བའི་ཀུན་རིག་བུ་སློབ་ཚོགས་ཀྱིས་རྒྱུ་སྐར་གྲངས་ཀྱི་དཔལ་ལ་འཁུ། །

གཅིག་ལས་གཅིག་ལྷག་འགྲན་པའི་རྩེ་དགའ་སྒྱུ་མའི་གར་གྱི་དགྲ་ཟླར་རྩེན།

སྡེ་བཞིའི་ཕུན་ཚོགས་དབྱར་གྱི་དགེ་མཚན་གཡེར་མོ་ཐང་ལ་མངོན་འཕོས་པས།

རྒྱལ་རྣམས་སྐུ་བཞིའི་བང་མཛོད་བོར་ནས་མཁའ་ལ་སྤྲིན་དཀར་ཟོལ་གྱིས་འཁྲིགས། །

ཚད་མེད་ལེགས་བྱས་ཟོང་གིས་རྙེད་པའི་མགོན་ཁྱོད་གཙུག་རྒྱན་དུ་མས་ཀྱང་།

ཁྱོད་ཡོན་ལུས་ཀྱི་ལང་ཚོ་ལ་ཆགས་ཟླ་སེན་ཟུར་ཕུད་མཛའ་བས་བཅིངས། །

ཟབ་རྒྱས་བཅུད་ལྡན་གཏང་རག་ཡོན་གྱིས་དགའ་བདེས་མྱོས་པའི་དཔལ་ཐོབ་པས། །

གསེར་ལྡན་མཛེས་མའི་འཛུམ་པ་ཤོར་བས་གངས་རིའི་མཆེ་བར་རང་འོད་འབར། །

ལས་ཉོན་ལྕེ་གཉིས་ཁ་རླངས་འཁོལ་བའི་འཇིགས་རུང་སྲིད་པའི་དུག་ཅན་མཚོར། །

བྱིང་བའི་བུ་ལ་སྙོམས་པའི་བྱམས་བརྩེ་གྲུ་འཛིན་བདག་པོར་ཆེས་མཉམ་ཡང་། །

ཤེས་བྱ་མཁྱེན་པའི་ཆ་ཤས་ལ་ནི་བློ་གཏེར་ར་བ་ལས་འགོངས་པས། །

རིགས་གསུམ་ནོངས་པས་ཙོང་ཁའི་ཡུལ་དུ་བྱིས་པའི་གཟུགས་ཀྱི་ཟོལ་ལ་བརྟེན། །

ཆེར་སྙིགས་རྟ་ལྗང་ཅན་གྱིས་འདྲེན་པའི་འཇམ་མགོན་རྒྱལ་བསྟན་ཨཱ་དིའི་བུ།

ཆུ་ལྷའི་ཕང་བར་མནལ་ཐབས་ཆགས་ཀྱང་གང་ཐུགས་མཁྱེན་བརྩེའི་རླུང་ཤུགས་ཀྱིས། །

སླར་ཡང་ཤར་རིའི་ཕྲག་ལ་བསུས་པས་ཕན་བདེའི་དགའ་ཚལ་རྒོད་པའི་གཟིས། །

བསྟན་པ་འཇིག་པའི་བཀའ་ལུང་ས་མོས་བསླུ་བའི་ཆོས་ཀྱི་གནས་སུ་དོགས། །

ཁྱོད་ཞབས་གུར་ཀུམ་འཛུམ་པའི་རི་མོ་མ་བྲིས་དབྱིག་འཛིན་གང་ཞིག་མཆིས། །

དགེ་ལེགས་མེ་ཏོག་གྲོལ་བའི་རྡུལ་རེར་ལྔ་ལྡན་ཞིང་གི་དཔལ་རྫོགས་པས།

སྐྱེ་དགུའི་ལེགས་བྱས་མཆོད་སྡོང་ལྗིད་ཀྱིས་འཛིན་མས་ཐེག་པའི་ངོ་མཚར་སྙན།

ན་དར་གཞོན་ནུ་མྱོས་པའི་གར་གྱིས་ཀུན་གསལ་བུ་མོའི་མཐའ་ལ་འཁྱུད། །

ཆོས་སྲིད་འབྱོར་བས་སྲིད་ན་དྲེགས་ཀྱང་དད་རྫས་ལོངས་སྤྱོད་སྒྱུ་མའི་ནོར།

དབུལ་ཕོངས་སྦྱིན་གཏོང་ཞིང་སར་བསྔོས་ཏེ་བྱ་བྲལ་དམན་པའི་བརྟུལ་ཞུགས་ཀྱིས། །

ལྟོ་སྐྱ་གོས་ཧྲུལ་གཉོམ་ཆུང་མཛད་རྣམ་འདི་སྣང་སྐུ་ཚེའི་མཐའ་འཁྱོལ་བས།

མཛད་འཕྲིན་འོད་དཀར་ཡོངས་ལ་བསིལ་བར་བསམ་གྱིན་དད་པའི་འོ་འཚོ་འཕྱུར། །

ལས་ཉོན་ཆུ་སྲིན་ཁྲོས་པའི་གྲོང་འཇོམས་མི་ཤིགས་རྡོ་རྗེའི་སྐུ་བརྙེས་ཀྱང་།

རྟག་འཛིན་བསླུ་བྲིད་རང་མཚང་སྟོན་སླད་སྙུན་ཚུལ་སྤྲིན་གྱི་སྒྲིབ་གཡོགས་བསྟེན། །

ཀུན་འདུས་རྟག་བརྟན་གསོལ་བའི་སྙིང་བོ་སྤྲིན་གྱི་སྒྲ་ཡིས་མཆོད་ན་ཡང་།

དགེ་ལེགས་བྱེ་བའི་མཛོད་ཀྱི་ཟླ་ཤེལ་ཆུ་ལྷའི་མལ་དུ་མནལ་བར་བརྩོན། །

དགུང་གྲངས་ཟླ་མཚམས་དཀྱིལ་འཁོར་རྒྱས་པ་གྲོ་ཞུན་ཟླ་བའི་དགའ་གཉིས་པར། །

དབེན་གནས་རི་ཁྲོད་བཀྲ་ཤིས་རྩེ་རུ་རགས་པའི་སྐྱེ་མཆེད་ཉེར་བསྡུས་ཏེ།

རེ་ཞིག་དགོངས་པ་སྤྱན་རས་གཟིགས་ཀྱི་ཐུགས་ཀྱི་དྲ་བར་ཡོངས་སིམ་པས།

མྱ་ངན་སྲིན་མོ་དྲག་ཏུ་ཁྲོས་པས་ཀུན་གྱི་སྙིང་རྩ་རིམ་གྱིས་ཟོས། །

ཀྱེ་ཧུད་ལེགས་བཤད་གཏེར་གྱི་ནོར་བུ་ཞིང་གཞན་ཀླུ་དབང་རྒྱལ་བོས་ཞུས།

རྔ་མོང་རྔེའུ་སྟོར་བ་ཇི་བཞིན་སློབ་ཚོགས་མྱ་ངན་བརྩེགས་པའི་སྟེང་། །

ཐུགས་ལྗགས་སྤྱན་གསུམ་བབས་པའི་གདུང་རྟེན་རྗེས་འཛིན་བུ་ལ་བསྩལ་ན་ཡང་། །

བདེ༷་ཆེན༷་དབང་ཤེད་བཙན་གྱིས་འཕྲོགས་པའི་ལས་འདི་བརྩེ་ལྡན་སུ་ཞིག་ཕོད།

གདུལ་ཞིང་གངས་རི་མཛེས་པའི་ལྗོངས་ན་བཤད་སྒྲུབ་དབུལ་བའི་དུཿཁས་མྱོས།

གོང་ས་པད་དཀར་འཆང་བ་མཆོག་གི་ཐུགས་ལ་མྱ་ངན་བྱེ་བས་མནར། །

བཀའ་སློབ་ཉི་ཟེར་རྡུལ་དུ་འཁྲིགས་པས་དགོངས་པ་རྫོགས་པའི་སྲི་ཞུའི་ནོར།

མཆོད་ཚོགས་སྤྲིན་ཕུང་འཛུམ་པའི་ཀློང་ལས་གསང་གསུམ་འཛུམ་ཞལ་སྟོན་ལ་རེ། །

སྐྱེ་དགུའི་ལེགས་བྱས་ཡངས་པའི་མཁའ་ལ་ཡང་སྤྲུལ་ཟླ་གཞོན་འཛུམ་གྲོལ་བ།

བློ༷་གྲོས་མཁྱེན་བཟ༷ང་ཆ་ཤས་ཡོངས་གང་བཤ༷ད་སྒྲུབ༷་ལེགས་མཛད་འོད་དཀར་སྤྲོ། །

བསྟན༷་འཛིན༷་ཀུ་མུད་རྒྱ༷་མཚོ༷འི་དགའ་ཚལ་ལྷུག་པར་གྲོལ་བའི་བྱིན་ཆགས་པས།

བསྟན་དང་འགྲོ་བའི་དཔུང་གཉེན་གཅིག་པུ་རྒྱལ་རྣམས་ཁྱོད་ལ་གཅིག་ཏུ་བདམས། །

གང་ཞིག་སྐུ་ཐུགས་གྱེས་པའི་དབྱིངས་ལས་མྱ་ངན་སྨག་ཆེན་མཐའ་རུ་ཟིན།

གདུང་རྟེན་ཞུགས་ཀྱི་མཆོད་པར་ཕུལ་ཀྱང་བརྩེ་ཞགས་འོད་ཀྱིས་བཅིངས་པའི་བརྡར། །

རང༷་བྱུང༷་མཁ༷འ་སྤྱོད༷་དབ༷ང་མོ༷འི་སྐུ་བརྙན་ཐུགས་ལྗགས་སྤྱན་གྱི་ཟ་མ་ཏོག

རྟེན་དུ་འཕོས་པའི་མཆོད་སྡོང་ཆེན་པོས་གདན་ས་མཁའ་སྤྱོད་ཞིང་དུ་བསྒྲུབས། །

སྐྱེ་ཕྲེང་ཕར་ཕྱིན་ས་ལ་སྤྱོད་པའི་ཕྱག་ན་པདྨོའི་རྩེ་དགའ་ཅན། །

བློ༷་བཟ༷ང་སྲིད་ལ་འཇི༷གས་བྲལ་མཚུངས་མེ༷ད་དགེ་ལེགས་སྨྲ་བའི་ཉི་མ་བཞིན། །

འཇམ་མགོན་བསྟན༷་པའི་གོས་བཟང་ཡུག་གཅིག་ནོར་འཛི༷ན་དཔལ་མོའི་ལུས་མཛེས་པས།

ཡང་དར་མཛའ་བོར་གཉེན་དུ་བསྡེབས་པས་རྫོགས་ལྡན་རྒྱ༷་མཚོ༷འི་དུས་སྟོན་བསུས། །

སྤྲུལ་རབས་ཐུབ་པའི་རྒྱལ་ཐབས་ལ་རོལ་བསྟ༷ན་ལ་མཛའ་བའི་མེ་ཏོག་སྤེལ།

འཛིན༷་མར་དགེ༷་མཚན་སྤེལ་ལ་འདུན༷་པའི་ཕུལ༷་བྱུང༷་ཐུགས་བསྐྱེད་མཐུ་བརྟས་པས། །

ཕ་རྒོད་གོང་མའི་མཛད་ཆེན་གདུགས་དཀར་གྱེན་དུ་འདེགས་པའི་གྲིབ་བསིལ་སྨན། །

ལུས་ཅན་རྒྱ༷་མཚོ༷འི་དཔྱིད་དུ་སྨིན་པའི་འཕྲིན་ལས་ནམ་མཁའི་མཐར་ཁྱབ་ཤོག

ཚུལ་འདིས་སྤྱན་རས་གཟིགས་ཀྱི་སྤྲུལ་རབས་ཕྱག་མཚན་བཞེས་པའི་བསྟི་གནས་སུ། །

འཇམ་དཔལ་ལི་ཁྲིའི་མཚོ་མོར་ཞུགས་ནས་སྡོམ་ལྡན་བྱུ་རུ་འཁྲིགས་པའི་ཚལ།

རིག་པ་རིན་ཆེན་སྣ་ལྔའི་འོད་འཁྱུད་བཀྲ༷་ཤིས༷་ཆོས༷་ཀྱི་ཚོང་རྡལ་ཆེ། །

འདུན་ལྡན་དོན་མཐུན་ཁྱུ་ཚོགས་སྡིང༷ས་སུ་སྣ་ཚོགས་འབྱོར་བས་ཚིམ་གྱུར་ཅིག

གང་ཞིག་རྟོག༷ས་པ་ཀློང་དུ་བརྡོལ་བའི་རྒྱ་མཚོའི་ཆུ་ཐིགས་ཟགས་པའི་ཆར།

བསྔགས་བརྗོད༷་དད༷་གསུམ༷་འདྲེན་པའི་བདུད་རྩི་དབྱངས་ཅན་ང༷ག་གི༷་རོལ༷་མོ༷་གང་། །

ཐོས་འཛིན་དཔྱིད་དུ་ལྷུང་བ་ཇི་སྙེད་དགྱེས་འཛུམ་ལང་ཚོ་འཕེལ་བའི་མོད།

རང་སེམས་ཐར་བའི་ལམ་ལ་བཀྲི་བར་བླ་མ་ལྷ་ཡིས་བྱིན་ཕོབས་ཤིག །

ཁྱོད་ཡོན་བསྔགས་པའི་ག་བུར་རྒྱུན་བཟང་སྲས་བཅས་ལེགས་བྱས་མ་དྲོས་ཀླུང་། །

གཅིག་ཏུ་གཡས་སུ་འཁྱིལ་བའི་ངོགས་སུ་ཡིད་ཅན་དྲི་མ་ཀུན་བཀྲུས་ཏེ། །

དོན་གཉེར་ཕུན་ཚོགས་དཔལ་ལ་སྤྱོད་ཅིང་བདག་གི་ཚེ་རབས་པདྨོའི་ཕྲེང་།

གང་ཞབས་འོད་ཀྱི་རོལ་རྩེད་དང་འགྲོགས་གསང་གསུམ་ཟིལ་དངར་འབྲལ་མེད་ཤོག །

ཕན་བདེ་འབྱུང་གནས་རྒྱལ་བསྟན་སྤྱི་དང་ཁྱད་པར་བྱང་རྒྱུད་གྲྭ་གཅིག་ན།

སཾ་གྷའི་ཞབས་ཀྱི་རིག་པའི་ཚལ་ལས་བློ་གྲོས་རྩལ་གྱིས་རྩེན་པའི་ཁྱུ། །

ཐུགས་མཐུན་ཁྲིམས་གཙང་ཆོས་སྤྱོད་ཉམས་བཞེས་བཤད་སྒྲུབ་སྲིད་ལ་སྤྱོད་པ་ཡིས། །

དགེ་ལྡན་ལུགས་བཟང་འོད་ཀྱི་དྲ་བ་སྲིད་ཞིའི་མཐའ་ལ་རེག་གྱུར་ཅིག །

ཅེས་བྱ་བ་ནི་བར་སྐབས་ཀྱི་བསྡུ་བའི་ཚིགས་སུ་བཅད་པའོ། །

ཞེས་གདན་རབས་དཔག་བསམ་འཁྲི་ཤིང་གི་ཐོག་མར་དགེ་བ་སྔོན་རབས་གཏམ་གྱི་ཆོས་སྡེ་ཆེན་པོའི་ས་བོན་གསར་དུ་འཛུམ་པའི་ཚུལ་ལས་ཐོག་མར་ཕྱག་འདེབས་མཛད་པ་བོའི་རྣམ་པར་ཐར་བ་བརྗོད་པའི་ཡལ་འདབ་སྟེ་དང་བོའོ། །

ཞེས་པ་འདི་ནི་དྷཱིཿཚ་བཀྲ་ཤིས་ཆོས་སྡིངས་ཀྱི་གྲྭ་རིགས་སེང་གཤོང་དགེ་འདུན་འཇིགས་མེད་ཀྱིས་བྲིས་པ་དགེའོ།།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།