ཡོངས་ཀྱི་དགེ་བའི་བཤེས་གཉེན་དམ་པ་ཐེ་བུའི་ཤེས་རབ་ལགས།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2019-10-17 18:22:23     རྩོམ་པ་པོ།   བློ་གྲོས།    ཀློག་ཐེངས།  

དམ་པ་འདི་ཉིད་མགར་རྩེ་ཐེ་བར་ཞེས་བྱ་བའི་ཡུལ་དུ་རིགས་རུས་ཆོ་འབྲང་ཕུན་སུམ་ཚོགས་པར་སྐུ་འཁྲུངས། ཆུང་ངུའི་དུས་ནས་མགར་རྩེ་དགོན་དུ་རབ་ཏུ་བྱུང་ནས་བློར་འཛིན་སོགས་ལ་གཞོལ་ཏེ་བཞུགས། ཕྱིས་སུ་ན་ཚོད་རིམ་གྱིས་སྨིན་པ་ན་བླ་བྲང་དུ་དཔེ་ཆ་བལྟ་རུ་འགྲོ་དགོས་སྙམ་དུ་ཐུགས་ལ་དགོངས་ནས་མགོན་ཁང་དུ་ཁྲིམས་བཅོལ་ཕུལ་ཞིང་སློབ་གཉེར་རྡོ་རུས་ཐུག་པ་ཞིག་མ་ཡོང་ན་ཕྱིར་མི་ལྡོག་པའི་དམ་བཅའ་བཞག

དེ་ནས་བླ་བྲང་དུ་ཕེབས་ཏེ་དཔེ་ཆ་བལྟ་བའི་དབུ་ཚུགས། ཨ་ལགས་རིན་པོ་ཆེ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟན། ཨ་ཁུ་བློ་བཟང་བསྟན་པ་ཚང་ལ་ཆོས་འབྲེལ་ཡོད་པར་བཤད། སྐུ་གཟུགས་རིང་ཤིང་ཞལ་ངོ་དང་སྤྱན་འབྲས་སོགས་ཧ་ཅང་ཆེ་བར་མ་ཟད། རྒྱ་གར་གྲུབ་ཆེན་གྱི་རྣམ་པ་འདྲ་བོ་ཉམས་དོད་པོ་ཞིག་ཡོད་ཅེས་ཨ་ཁུ་ཚང་གིས་བཀའ་ཆོས་ཀྱི་སྐབས་ནས་གསུངས་པ་ལེན་གཅིག་མ་ཡིན་པར་ཐོས། 

བཤད་ཚུལ་ལ་ང་བརྒྱད་སྔོན་ལ་མཚན་སྙན་ཀྱི་རྔ་བོ་ཆེ་ཟླ་མེད་པར་སྒྲོགས་པའི་རྭ་ཕུག་ཅོང་གསུམ་དང་འཛིན་གྲྭ་གཅིག་པར་བཤད་སྲོལ་ཡང་ཡོད་དེ། ཉིན་ཞིག་ཁོ་ཚོ་འཛིན་གྲྭ་གཞན་ལ་གཏུགས་སྐབས་དགེ་བཤེས་ཆེན་པོ་རབ་ཕྲུག་བསྟན་རྒྱམ་པ་སོགས་ཁོ་ཚོའི་དགེ་བཤེས་རྣམ་པ་ཚོས་བགྲོ་གླེང་གཏོང་སྐབས་རིགས་ལུང་གི་གནོད་བྱེད་མ་ཐོན་པའི་སྐབས་ཤིག་ན། དགེ་བཤེས་འདི་བ་རླུང་ལངས་ནས་ཁྱེད་ཚོས་མི་ཐུབ་ན་རྟགས་གསལ་གང་གཏོང་རྒྱུ་ཡིན་པ་ངེད་ལའང་བཤད་དགོས་ཡོད་མོད་ཞེས་བཤད་པ་ན། རབ་ཕྲུག་པས་ཁྱེད་ཀྱིས་ཀྱང་བལྟས་ན་ཆོག་ནི་རེད་གང་འཕེན་རྒྱུ་ཡིན་པ་ལོས་ཤེས་ཞེས་ལན་བཏབ་པས་ཁོ་ཡང་ཁ་རོགས་གར་བཞུགས་འདུག་དགོས་བྱུང་། 

 དགེ་བཤེས་འདི་བས་དུས་རྒྱུན་བཞུགས་ཤག་གི་ཚ་ཐབ་སྟེང་དུ་རྡོ་བསྒྲིགས་ཏེ་དེའི་སྟེང་པགས་གདན་རེ་འདིང་ནས་ཐུ་བ་མནབས་ཏེ་བཞུགས་པ་ལས་ཉལ་ཐུབ་སོགས་གང་ཡང་མེད་ལ། ཐ་ན་བཞུགས་ཤག་གི་སྒེའི་ཁུང་སྟེང་ལ་ཤོག་བུ་སོགས་ཀྱང་མ་སྦྱར་བར། རླུང་དང་བསེར་བུ་ཡོང་ན་དཔེ་ཆ་ལྟ་སྐབས་གཉིད་མི་འབབ་པ་ལ་ཕན་ཞེས། དགུན་ཁར་བཙག་ནང་ལ་ཡང་དེ་ལྟར་དུ་བཞུགས་ཡོད་གསུངས། དེ་ལྟར་བརྩོན་པ་དྲག་པོ་སྤྱད་པས་རྐང་འཐུལ་སོགས་སུ་སྦ་ཆགས་ཡོད་པས་གདུང་མདུན་དུ་ཕྱག་འཚལ་བའི་སྐབས་དང་།བཞུགས་ཤག་གི་འཐུལ་ཤིང་སྟེང་ནས་རྐང་རྗེན་དུ་ཕེབས་ཚེ་རྐང་འོག་ཏུ་ཆོག་སྒྲ་གྲགས་པ་ཞིག་ཡོད་ཅེས་གསུང་། 

འདི་ལྟར་གསུངས་པའི་སྐབས་སུ་ཨ་ཁུ་ཚང་གིས་དགེ་བའི་ཆོས་ལ་འདུན་པ་ཆིག་དྲིལ་གྱིས་གཞོལ་བའི་རྣམ་སྨིན་དུ་གདོས་བཅོས་ཀྱི་ཕུང་བོ་འདིའི་སྟེང་དུ་ཕྱིའི་ཚ་གྲང་གི་རེག་བྱ་དང་བཀྲེས་སྐོམ་གྱིས་མི་བཏུབ་པའི་རྒྱས་བྱུང་གི་འབྱུང་བའི་རྡུལ་བསོད་ནམས་ལས་གྲུབ་པ་ཞིག་ཡོད་ཅེས་དམ་པ་འདིའི་སྤྱོད་ཚུལ་ལ་སྦྱར་ནས་བསླབ་བྱ་སྙིང་ལ་སྨན་པ་ཐེངས་གཅིག་མ་ཡིན་པར་གསུངས་པའི་བཀའ་དྲིན་ཀྱང་ཇི་ལྟར་བསབས།

གཞན་ཡང་དམ་པ་འདིའི་རྣམ་ཐར་གྱི་ཆེ་བ་ལས་སྐུ་ཚེ་གང་བོར་ཧ་ལམ་ཉིན་རེར་ཤོ་ལོ་ཀ་གཅིག་རེ་ཆག་མེད་ཀྱི་ཐུགས་འཛིན་གནང་བའི་སྲོལ་བཞུགས་ཤིང་། དེ་ནི་དགུང་ལོ་ཧ་ཅང་སྨིན་པའི་དུས་ནའང་བློ་ལ་སྐྱོར་བ་དང་གསར་དུ་འཛིན་གྱིན་ཡོད་པ་ཉེ་གནས་པ་ཞིག་གིས་གླེང་། 

ཐུགས་གཉེར་ལ་གཅིག་ཏུ་འདྲེས་པས་ཤག་མཚེ་གཡས་གཡོན་ལ་ཞལ་ཏ་ཙམ་གྱི་གཡེང་བའང་བཤོལ་ཏེ་བཞུགས་པ་ནི། ཉིན་ཞིག་ཤག་མཚེའི་ཨ་ཁུ་ཞིག་ཡོད་པས་ཚོགས་ལ་འགྲོ་ཁར་རྒྱ་སྒོ་ཁའི་རྡོ་རྡུང་མ་བརྡུང་བར། ཁོང་ལ་ཨ་ཁུ་ཚོགས་ལ་འགྲོ་རན་ཞེས་ཞུས་པར་ཁོང་གིས་ཤག་མཚེས་ལ་ཁོ་བོའི་རྣ་འོན་མེད་ཅེས་བཀྱོན།

ཡང་ཁོང་ལ་རྒྱུན་དུ་གསོལ་ཞོ་སྐྱེལ་མཁན་གྱི་སྔོན་འཁྱོག་གི་ཡོན་བདག་རྒད་པོ་ཞིག་ཡོད་པས། རྒན་པོས་དེའི་རྒྱུན་ཞོ་བསྐྱེལ་ན་ཡོང་ཐེངས་རེར་ཁ་བརྡ་བྱས་ནས་ཅུང་ཟད་འགོར་འགྲོ་བས། ཉིན་ཞིག་རྒད་པོས་ཞོ་བསྐྱེལ་ནས་ཐོན་པ་ན་ཁོང་གིས་ཞལ་ནས་ཅི་ཡང་མི་གསུང་བར། ཞོ་དང་བཅས་པའི་རྫ་མ་ཐང་ལ་བརྡེབ་ནས་བཅག་པ་དང་། ཁྱེད་ཀྱིས་འདི་ལྟར་ཁྱེར་མ་ཡོང་ནའང་ང་ལྟོགས་ནས་འཆི་ནི་མ་རེད་ཅེས་བཀའ་བཀྱོན་གནང་བས། ཕྱིས་སུ་རྒན་པོས་ཀྱང་ནང་དུ་ཁྱེར་མི་ཡོང་བར་སྒོའི་ནང་རོལ་དུ་བཞག་འཇོག  ཁོང་གིས་ཀྱང་བཞེས་ཚར་འཕྲལ་རྫ་མ་སྒོ་ནང་དུ་བཞག་ནས་འཇོག  ཡོན་བདག་རྒན་པོ་ཡང་ཁོང་ལ་དད་འདུན་ཧ་ཅང་ཆེ་བས་ཞལ་ཏ་ཙམ་གྱི་གཡེང་བའང་མི་རུང་བས་ཁོང་གི་ཐུགས་འགོར་དུ་འཇུག་མི་ཉན་སྙན་དུ་བསམ་ནས་དད་གུས་ལྷག་པར་འཕེལ་བ་ཞིག་ཡོད་གསུང་། 

དགེ་བཤེས་ཁོང་ནི་རྩོད་པའི་རིགས་ལམ་ལ་ཧ་ཅང་རྣོ་ཐག་ཆོད་པ་ཞིག་ཡིན་མིན་གྱི་གསུང་རྒྱུན་ད་ལྟ་ཁོ་བས་མ་ཐོས་མོད། དེ་དུས་ཀྱི་སློབ་གཉེར་པ་དག་གི་ཁྲོད་ན་ཐུགས་གཉེར་ལ་གཅིག་ཏུ་འདྲིས་པའི་བརྩོན་འགྲུས་ཀྱིས་རི་བོ་ཕུགས་པའི་ཚོད་དུ་འཛིན་པ་ཞིག་ཡིན་པར་ནི་ཡོངས་སུ་གྲགས་པ་ཞིག་ཏུ་འདུག་པ་ནི། ཨ་ཁུ་ཚང་གི་ཞལ་ནས་བཀའ་ཆོས་ཀྱི་སྐབས་དང་སྐབས་སུ་དུས་རྒྱུན་དུ་གསུང་། 

ཡང་ཨ་ཁུ་ཚང་གི་ཞལ་ནས། ཁོ་རང་ལོ་ན་གཞོན་པའི་དུས་སུ་དགེ་རྒན་ནང་དུ་དཔེ་ཁྲིད་ལ་འགྲོ་སྐབས་ཤིག་ལ། ཉིན་ཞིག་ཨ་ཁུ་ཐེ་བུའི་ཤེས་རབ་ཚང་གི་སྒོ་ཕྱེ་འདུག་པས་ཁ་རོགས་གེར་ཨ་ཁུ་དགེ་བཤེས་ཁོང་ལ་བལྟ་རུ་སོང་བ་ཡིན་གསུང་། ནང་དུ་ཁ་རོག་གེར་སོང་ནས་སྒེའུ་དྲུང་ནང་ནས་ཕར་བལྟས་པ་ན་ཨ་ཁུས་དཔེ་ཆ་གཟིགས་ནས་བཞུགས་འདུག་ལ་དཔེ་ཆ་ནི་ཁོང་གི་མདུན་ཐད་ནས་ཅུང་ཐག་རིང་སར་བཞག་ནས་སྐུ་ཀྲོང་ངེར་བཞུགས་ཤིང་སྤྱན་བགྲད་དེ་གཟིགས་འདུག་གསུངས།

ང་བརྒྱད་ལོར་རྒྱ་མིའི་འགོ་བ་དག་གིས་ཀྱང་ཐེ་བུའི་ཤེས་རབ་འདི་ནི་གྲྭ་བ་གྲྭ་རྐྱང་གཉོམ་ཆུང་ཚུལ་མཐུན་དང་ཆོས་པ་རྣམ་དག་ཟེར་ན་འདི་འདྲ་ཞིག་ད་ཡིན་རྒྱུ་རེད་ཅེས་བསྔགས་བརྗོད་འདྲ་བྱས་ནས་གཞན་ལ་དཔེ་མཚོན་གྱི་ཚུལ་དུ་སྐྱོན་ཡོན་གྱི་དབྱེ་མཚམས་ལྟ་བུར་བགྲངས། དུས་རྒྱུན་དཔེ་ཁྲིད་གནང་ཤིང་དཔེ་ཁྲིད་ཀྱི་སྐབས་སུ་གང་བཤད་པར་བྱ་བ་དེ་ཧ་ཅད་ཞིབ་ཚགས་མོས་ནན་ཏན་དུ་ཡང་དང་བསྐྱར་དུ་སྐུ་ངལ་ལ་འཛེམ་པར་གསུངས་གནང་བ་ཞིག་ཡོད་གསུངས།

ཡང་དམ་པ་འདིའི་རྣམ་ཐར་གྱི་གལ་བོ་ཆེ་ལ་ནན་ཏན་དུ་ཞུ་བར་བྱ་བ་ཅིག་ནི་ཁོང་གི་མ་རྒན་དྲིན་ཆེན་མ་དེ་ཉིད་ཁོམ་སྐབས་དང་བསྟུན་ནས་དགུང་ཁའི་ས་སྲོད་ཀྱི་དུས་སུ་སེ་བོ་ནང་དུ་བཞུགས་སུ་གསོལ་ནས་ཁོང་གིས་རྒྱབ་ལ་འཁུར་ནས་ཕྱི་སྐོར་ལ་ཐེངས་རེར་ཕེབས་ཤིང་མ་དྲིན་ཆེན་མ་ལ་སྲི་ཞུ་ལྷག་པར་འཕེལ་བ་ཞིག་ཡོད་གསུངས།

                    ༢༠༡༩/༨/༢༤/ དགུང་མོ་ཟིན་བྲིས་སུ་ཕབ་པ་དགེའོ།།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།